རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་།

རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་།

རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་།

རྒྱལ་སྡེ་སྐར་ཆུང་རྡོ་རིང་ཡོད་ས་ནི་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་ར་མ་སྒང་སྟེ་ད་ལྟའི་མེ་འཁོར་འབབ་ཚུགས་ཀྱི་ཉེ་འཁྲིས། སྤྱི་སྤྱོད་རླངས་འཁོར་ལས་བབས་རྗེས་གཡས་ཕྱོགས་ནས་རྒྱབ་ཕྱོགས་སུ་ཅུང་ཙམ་བསྐྱོད་པས་སླེབས་འདུག ལྷ་སའི་ཡུལ་མི་ཚོར་མཚོན་ན་ར་མ་སྒང་ཞེས་པ་དེ་ས་ཆ་རྒྱུས་མེད་ཅིག་ཏུ་གྱུར་འདུག  ཞིབ་ཏུ་རྩད་གཅོད་བྱས་ཡོང་དུས། ས་དེར་སྔོན་ཆད་ར་མ་སྒང་ཟེར་ཡང་ཕྱིས་སུ་གྲོང་ཁྱེར་རྒྱ་བསྐྱེད་ཀྱིས་གྲོང་ཚོ་ཡུལ་གཞན་དུ་སྤར་སོང་བར་བཤད།

དུས་རབས་ཉི་ཤུའི་དཀྱིལ་དུ་མཁས་དབང་དགེ་འདུལ་ཆོས་འཕེལ་གྱིས་བཀའ་ཤག་གཞུང་ལ་ཕུལ་བའི་རྡོ་རིང་སྐོར་གྱི་སྙན་ཞུ་ལས།① “ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་གནའ་ཤུལ་ལྷ་སའི་ཉེ་འགྲམ་ར་མ་སྒང་དུ་ད་ལྟ་མ་ཎི་དགོན་པ་སངས་རྒྱས་དགོན་ཞེས་ཡོད་པ་དེ་དག་འཕྲུལ་མེད་ཡིན་ཞིང་། དེར་བྱེ་མས་ཕྱེད་ཙམ་ནུབ་པའི་རྔོ་རིང་སྤུས་དག་འདིའི་སྟེང་དུ་ཆོས་རྒྱལ་ཉིད་ཀྱི་སྐུ་དུས་སུ་བྲིས་པའི་ཡི་གེ་གསལ་བར་བཞུགས་པ་དེ་དག་ད་ལྟ་བྱེ་དཀྱིལ་དུ་བདག་མེད་ལྟ་བུར་འདུག་པ་འདི་བཞིན་ཆགས་སྐྱོན་མ་བྱུང་གོང་བྱེ་བསང་གི་ལྕགས་རི་ཆུང་ངུ་ཞིག་བརྩིགས་ཐུབ་ན་ཧ་ཅང་ཡག་པོ་ཡོང་བ་འདུག་པས་གཞུང་ས་མཆོག་ནས་ཐུགས་འགབས་ཀྱིས་ཨར་པོའི་ལས་ཁུངས་ཤིག་ཏུ་བཀའ་ཁྱབ་ཐུགས་རེ་ཆེ་བ་དང་། ད་དུང་ལོ་ཤས་ཀྱི་སྔོན་དུ་ད་ལྟ་ཡོད་པའི་རྡོ་རིང་དེའི་ཏོག་ཇི་ལྟ་བ་གཅིག་བྱེ་འོག་ནས་མ་ཎི་དགོན་པར་རྙེད་འདུག་པས་འདིའི་རྡོ་རིང་མ་མོ་ད་ལྟ་བྱེ་འོག་ཏུ་གཟིམ་གཟིམ་པར་ངེས་ཡོད་སྟབས་དེ་ཡུལ་གྱི་བྱེ་འོག་ཏུ་བཙལ་འཚོལ་གནང་ཚེ་གལ་སྲིད་རྙེད་ན་རྒྱལ་རབས་རྩོམ་འཕྲོ་ལ་ཕན་ཐོགས་པར་ངེས་ཤིང་།” ཞེས་པ་སྟེ། སྐར་ཆུང་རྡོ་རིང་ཡོད་པའི་གནས་ནི་ར་མ་སྒང་མ་ཎི་དགོན་པ་ཡིན་པ་ལ་རྩོད་པ་མེད་ཅིང་། གཞན་སྐབས་དེ་དུས་ཤིག་ལ་རྡོ་རིང་གི་ཏོག་ཅིག་ས་འོག་ནས་ཐོན་པ་དང་། དེའི་རྡོ་རིང་མ་མོ་ས་འོག་ན་ཡོད་པར་ཁོང་གིས་ཚོད་དཔག་བྱས་འདུག ཕྱིས་སུ་གྲོང་ཁྱེར་བཟོ་སྐྲུན་སོགས་ཅི་ཙམ་བྱས་ཀྱང་དེ་འདྲའི་རྡོ་རིང་ཞིག་ཐོན་པར་མ་ཐོས་པས་ཅིག་ཐང་ན་རྡོ་རིང་དེ་འདྲ་ཞིག་ད་དུང་ས་འོག་ན་གཟིམས་སྲིད་ན་ཐང་། ཡང་མིན་ན་གྲོང་ཁྱེར་བཟོ་སྐྲུན་པ་སོགས་རིག་དངོས་སྲུང་སྐྱོབས་ཀྱི་བསམ་བློ་དབུལ་བ་དག་གིས་ཐལ་བའི་རྡུལ་དུ་བརླགས་བཞག་པ་ཡིན་ནམ་སྙམ་པའི་སོམ་ཉི་ཡང་འདུག

 

ད་ལྟ་ནི་སྐར་ཆུང་ལྷ་ཁང་གི་ཉེ་འཁོར་ཐམས་ཅད་དེང་རབས་ཀྱི་ཁང་བརྩེགས་ལས་གྲུབ་པའི་གཞིས་ཁུལ་དག་གིས་བསྐོར་འདུག་ཅིང་། སྐར་ཆུང་ལྷ་ཁང་སྐྱིད་ཆུའི་ལྷོ་ཕྱོགས་སུ་ཡོད་པར་བཤད་པ་བཞིན་བདག་ཀྱང་དེ་ཕྱོགས་ལ་བསྙེག་པ་ཡིན། འོན་ཀྱང་རླངས་འཁོར་འབབ་ཚུགས་ནས་མི་རེ་འགའ་ལ་ར་མ་སྒང་དང་སྐར་ཆུང་ཞེས་ཇི་ལྟར་དྲིས་ཀྱང་དེ་འདྲ་ཞིག་མེད་པར་བཤད་ནའང་ཁོ་བོ་ཨུ་ཚུགས་ཀྱིས་དེ་ཕྱོགས་སུ་བསྐྱོད། མཐར་ལམ་ནས་འཕྲད་པའི་ཕོ་སར་ཞིག་གིས། ཕར་ཅུང་ཙམ་སོང་ན་ལྷ་ཁང་ཞིག་ཡོད་པས་དེ་ཨེ་ཡིན་ནམ་ཟེར། དག་དག་རེད་འདུག ལམ་འཁྲིས་སུ་ལྷ་ཁང་ཞིག་འདུག་ལ། འགྲམ་ལ་གཅར་ཡོང་དུས་རྒྱལ་སྡེ་སྐར་ཆུང་ལྷ་ཁང་ཞེས་སྒོ་ཁར་ངོ་སྤྲོད་བྲིས་འདུག   ཁོ་བོ་ར་སྐོར་ནང་དུ་སླེབས་མཚམས་ཐོག་མར་མཐོང་ན་འདོད་པ་ནི་ཆག་དུམ་དུ་གྱུར་པའི་རྡོ་རིང་ཡིན། དེ་ཡང་ལོས་ཡིན་ཏེ་དེ་རིང་འདིར་རྡོ་རིང་ཆག་དུམ་རྣམས་ལ་ལྟ་རུ་ཡོང་བ་ལས་གཞན་དོན་དག་གང་ཡང་མེད། སྐར་ཆུང་ལྷ་ཁང་ནི་རིག་གསར་སྐབས་ཤུལ་མེད་དུ་བཏང་ཟིན་པས་ད་ལྟ་ཡོད་པ་དེ་ཉེ་བའི་ཆར་གསར་དུ་བཞེངས་པ་ཞིག་རེད། ཆག་རལ་དུ་གྱུར་པའི་རྡོ་དུམ་རྣམས་ཕྱོགས་གཅིག་ཏུ་གཙུག་ལག་ཁང་གསར་བའི་ར་སྒོར་དུ་བཞག་འདུག་ཅིང་། ཆག་གྲུམ་དུ་གྱུར་པའི་རྡོ་བ་ཆེ་གྲས་དག་གི་ངོས་སུ་ ༄། །འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་་་་་་སོགས་ད་དུང་ཡང་ཡི་གེ་མང་པོ་དོད་འདུག འཛམ་གླིང་འདིར་རིགས་དངོས་གཅེས་སྐྱོང་གི་ཚ་རླབས་འཕྱུར་བཞིན་པའི་སྒང་ལ་འདི་ལྟར་མི་ལོ་སྟོང་ལྷག་བརྒལ་བའི་ལོ་རྒྱུས་ཀྱི་ས་རྟགས་རྣམས་ཆག་གྲུམ་བདག་མེད་དུ་བཞག་འདུག་པ་ནི་ཅི་འདྲའི་ཕངས་པ་ཞིག་ཡིན། ནང་ལོག་ཏུ་དུ་རྫ་མ་ཆག་རོ་ཞིག་ལ་མི་དམངས་སྒོར་མོ་དུང་ཕྱུར་མང་པོ་རིན་གོང་ཡོད་པར་བཤད་ན་བཅོས་བསླད་དང་། རྫུན་བཟོ་གཏན་ནས་མེད་པའི་རིག་དངོས་འདི་དག་ནི་དེ་ལས་ལྡབ་བརྒྱ་འགྱུར་གྱིས་རིན་ཐང་ཡོད་པ་སྨོས་ག་ལ་དགོས། འོན་ཀྱང་ལེ་ལན་ཚང་མ་གཞན་གྱི་མགོར་བཀལ་རྒྱུ་མེད་ཅིང་། གཙོ་བོ་ཆོས་ལུགས་སྲིད་ཇུས་ཇེ་ཡངས་སུ་སོང་ཕྱིན་ནས་དགོན་འདིར་བཞུགས་པའི་དགེ་འདུན་པ་སོགས་བོད་པ་རང་གིས་གཅེས་ཉར་བདག་སྲུང་ལེགས་པོ་ཞིག་མ་ཐུབ་པ་ཡང་ཡིན་ངེས་ཏེ། ཐ་ན་ད་ལྟ་ཡང་རྡོ་རིང་ཆག་གྲུམ་རྣམས་ལ་བདག་སྲུང་ལེགས་པོ་ཞིག་མེད་པས་སོ།།

བདག་གིས་ཞིག་རལ་དུ་གྱུར་པའི་རྡོ་རིང་གི་ལྷག་མ་རྣམས་ལ་སྐར་མ་འགའི་ཡུན་ལ་མིག་གིས་འབུར་ཚུགས་སུ་བལྟས་ཤིང་། བཙན་པོ་ཁྲི་ལྡེ་སྲོང་བཙན། ཁྲི་ལྡེ་སྲོང་བཙན་ཞེས་ལན་འགར་སྣང་མེད་དུ་ངག་སྒོ་ནས་བུད།

རྡོ་རིང་འདི་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་རྒྱལ་སྡེ་སྐར་ཆུང་ལྷ་ཁང་བཞེངས་པ་དང་ཆབས་ཅིག་རྒྱལ་བློན་དག་གིས་སངས་རྒྱས་ཀྱི་ཆོས་ལ་ནམ་ཞར་བློ་མི་ལོག་པར་མནའ་བསྒགས་པའི་བཀའ་གཙུགས་ཀྱི་མདོ་རྡོ་རིང་ལ་བྲིས་པ་ཞིག་རེད།

དུང་དཀར་རིན་པོ་ཆེས། རྡོ་རིང་འདིས་གསལ་བཤད་བྱས་པའི་གནད་དོན་ཁག་ལྔ་ཡོད་པར་བཤད་ཅིང་དེ་དག་ནི། ༡ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་མུ་མཐུད་དུ་སངས་རྒྱས་ཀྱི་ཆོས་སྲུང་སྐྱོབ་བྱས་པ། ༢ ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྲག་དཀར་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་པ། ༣ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་རང་ཉིད་ཀྱིས་རྒྱལ་སྡེ་སྐར་ཆུང་ལྷ་ཁང་བཞེངས་པ། ༤ རབ་བྱུང་གི་ནང་ནས་ཆོས་ལ་མཁས་པ་ཞིག་སངས་རྒྱས་ཀྱི་ཚབ་ཏུ་བསྐོ་ཞིང་། ཁོང་ལ་ཆོས་ལུགས་ལས་དོན་ཐད་དབང་ཆ་ཆེན་པོ་ཡོད་པ། ༥ ཡབ་མེས་ཀྱི་དུས་སུ་དཀོན་མཆོག་གི་མཆོད་རྒྱུན་དུ་ཕུལ་བའི་ལྷ་འབངས་དང་རྒྱུ་ནོར་རྣམས་མུ་མཐུད་སྲུང་སྐྱོབ་དང་འགན་ལེན་བྱ་རྒྱུ་བཅས་རེད།

རིག་གསར་ཞེས་པའི་ངན་དགུ་ཚང་བའི་སྣ་ནག་མས་རྒྱལ་སྡེ་སྐར་ཆུང་ལྷ་ཁང་ཤུལ་མེད་དུ་བཤིག་ཅིང་། ཤིན་ཏུ་རྩ་ཆེ་བའི་རྡོ་རིང་འདི་ཡང་ཞིག་རལ་དུ་བཏང་། འོན་ཀྱང་རླུང་རྟ་རྒྱུག་པ་ཞིག་ལ་རྒྱལ་སྡེ་སྐར་ཆུང་རྡོ་རིང་གི་ངོ་བཤུས་ནི་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་མི་ལོ་ཉིས་བརྒྱ་ལྷག་གི་སྔོན་བྱུང་བའི་མཁས་པ་དག་གིས་ཉར་ཚགས་གནང་ཞིང་། དེའི་ཕྱིས་དེང་གི་རྒྱ་གར་གྱི་མངའ་ཁོངས་འབྲས་ལྗོངས་གི་རྙིང་ཉར་ཚགས་པ་བཀྲ་ཤིས་དགྲ་འདུལ་ཞེས་པས་ཕྱག་དཔེ་དེ་གཅེས་ཉར་གནང་ཡོད་པ་དུས་རབས་ཉི་ཤུ་པའི་ནང་ཕྱི་གླིང་གི་བོད་རིག་པའི་མཁས་པ་རི་ཆར་སིན་གྱི་ལག་ཏུ་ཡང་སོན། རིམ་པར་འཛམ་གླིང་བོད་རིག་པ་སྨྲ་བ་དག་གི་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དོན་དངོས་པོར་ཡང་བོད་རིག་པར་ཞིབ་འཇུག་བྱ་བའི་ཐད་རྡོ་རིང་འདི་དག་ལ་རིན་ཐང་བླ་ན་མེད་པ་ལྡན་ཡོད།

དགོན་པ་འདི་ནི་གསར་དུ་བཞེངས་གྲུབ་མ་ཐག་པ་ཞིག་རེད་ལ། ནང་གི་ལྷ་རྟེན་སོགས་ལ་བལྟས་ན་ད་ལྟའི་ཆོས་རྒྱུན་ས་སྐྱ་བར་གཏོགས་པ་ཞིག་རེད། སྔོན་ཆད་འདིར་སྐར་ཆུང་ལྷ་ཁང་དང་། ཕྱིས་སུ་སངས་རྒྱས་དགོན་ནམ་མ་ཎི་དགོན་སོགས་བཏབ་ཀྱང་ད་ལྟ་རྗེས་ཤུལ་ཙམ་ཡང་འཚོལ་མི་བཏུབ། གསར་དུ་བཞེངས་གྲུབ་པའི་ལྷ་ཁང་འདི་ནི་སྐར་ཆུང་ལྷ་ཁང་གི་མིང་ཐོག་ནས་བསྐྲུན་པ་ཞིག་རེད། དེ་རིང་འདིར་དགེ་འདུན་པ་དྲུག་བདུན་ཞིག་གིས་ཆོས་ཀྱི་སྒྲ་དབྱངས་སྙན་མོ་ཞིག་གདངས་ལྷོད་པོས་གསུང་གི་འདུག་པས་དགའ་དད་གཡོ་བ་ཞིག་བྱུང་།

 

ཕྱི་ལོ། ༢༠༡༨/༡༢/༣༡   ཤར་མཚམས་སྤྲིན།

① མཁས་དབང་དགེ་འདུལ་ཆོས་འཕེལ་གྱིས་བཀའ་ཤག་གཞུང་ལ་ཕུལ་བའི་རྡོ་རིང་སྐོར་གྱི་སྙན་ཞུ། སྙན་ཞུ་འདིའི་ཕྱི་མོ་ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་གཅེས་ཉར་བྱས་ཡོད།

 

ཡོང་ཁུངས། སུམ་པའི་རིག་གནས།

 

བརྒྱུད་སྐུལ།

མཆན་སྤེལ།