རྗེ་བཙུན་མི་ལ་འཁྲུངས་འདས་ཀྱི་ལོ་ཟླའི་དུས་ཚིགས་ཅུང་ཟད་དཔྱད་པ།

རྗེ་བཙུན་མི་ལ་འཁྲུངས་འདས་ཀྱི་ལོ་ཟླའི་དུས་ཚིགས་ཅུང་ཟད་དཔྱད་པ།

རྗེ་བཙུན་མི་ལ་འཁྲུངས་འདས་ཀྱི་ལོ་ཟླའི་དུས་ཚིགས་ཅུང་ཟད་དཔྱད་པ།

དེ་ཡང་སྤྱིར་བཞེད་པ་མི་འདྲ་བ་དུ་མ་ཡོད་ཀྱང༌། ཡོངས་གྲགས་སུ་གསུམ་ཙམ་མཐོང་སྟེ། དེ་ཡང་དེབ་སྔོན་ལས་མར་པའི་ཉི་ཤུ་རྩ་དགུ་པ་ལྕགས་འབྲུག་༼༡༠༤༠༽ལོར་རྗེ་བཙུན་མི་ལ་དང་བ་རི་ལོ་ཙཱ་བ་གཉིས་འཁྲུངས། རྗེ་བཙུན་འདི་དགུང་ལོ་བརྒྱད་ཅུ་རྩ་བཞིའི་བར་དུ་བཞུགས། ཆུ་མོ་ཡོས་བུའི་༼༡༡༢༣༽ལོ་ལ་བྲིན་དུ་སྐུ་གཤེགས་ཞེས་གསུངས། བྲག་དཀར་གདན་རབས་ལས་ནི། ཀརྨ་པ་རང་བྱུང་རྡོ་རྗེ་དང་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་རྗེས་སུ་འབྲངས་ནས་དེབ་སྔོན་ལས་ལོ་སྐོར་གཅིག་གི་སྔོན་ས་ཕོ་འབྲུག་གི་༼༡༠༢༨༽ ལོར་འཁྲུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ལྕགས་མོ་ཡོས་ཀྱི་༼༡༡༡༡༽ལོར་མྱ་ངན་ལས་འདའ་ཚུལ་བསྟན་ཞེས་གསུངས། སི་ཏུ་པཎ་ཆེན་གྱི་གསེར་ཕྲེང་ལས་ཀྱང་དེ་བཞིན་བཤད། འོན་ཀྱང་དེར་དྭགས་པོ་སོ་གཉིས་པར་རབ་ཏུ་བྱུང་བར་གསུངས་པ་དང་དུས་མི་འགྲིག་པའི་སྐྱོན་ཡོད། གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མི་ལའི་རྣམ་ཐར་ལས་ནི། དེབ་སྔོན་ལས་ལོ་སྐོར་གཅིག་གི་རྗེས་ཆུ་ཕོ་འབྲུག་གི་༼༡༠༥༡༽ལོ་སྟོན་ཟླ་ར་བའི་ཉེར་ལྔ་སྐར་མ་རྒྱལ་ལ་བབ་པའི་ཉིན་འཁྲུངས་ནས། ཤིང་མོ་ཡོས་ཀྱི་༼༡༡༣༥༽ལོའི་དགུན་ཟླ་ཐ་ཆུང་སྐར་མ་སྐག་ལ་བབ་པའི་ཚེས་བཅུ་བཞི་ལ་གཤེགས་པར་གསུངས། རྒྱལ་དབང་རྗེས་ཀྱང་དེ་བཞིན་བཞེད་དོ། །

དེ་གསུམ་ཀའང་དབང་ཐང་ལ་ཁྱད་པར་བྱུང་བ་མ་གཏོགས་དགུང་སྙིང་འབྲུག་ཡིན་པ་དང་ཡོས་ལོ་ལ་གཤེགས་པ་ཀུན་ཞལ་འཆམ་མོ། །ཀུན་མཁྱེན་ཆོས་འབྱུང་ལས། སྲས་མྱ་ངན་ལས་འདའ་བའི་གོང་དུ་རྗེ་བཙུན་མི་ལས་གཏུགས་ནས། ལོ་བཞི་ཙམ་ཡི་ཆད་བརྒྱད་ཀྱི་སྒོ་ནས་ཚར་བཅད། སྲས་ཀྱི་ཆེ་འདོན་མཛད་པའི་དུས་ནས་རྗེས་སུ་བཟུང༌། ཆེ་འདོན་མཛད་ནས་ལོ་གཉིས་ཙམ་ལ་སྲས་གཤེགས། དེ་དུས་རྗེ་མར་པ་དགུང་ལོ་དོན་དྲུག་ཙམ་མོ། །ཞེས་དང༌། རས་ཆུང་པ་ལ་ཡོས་བུའི་ལོ་རྟ་ཟླ་བའི་བཅུ་བཞི་ཚུན་ལ་འདིར་སླེབས་པར་ཤོག་ཅེས་པ་ཙམ་ལས་གསལ་པོ་མ་གསུངས་ཀྱང༌། དེབ་སྔོན་ལྟར་བཞེད་པའི་དབང་དུ་བཏང་ནས་སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོས་མཛད་པའི་བླ་རྒྱུད་རྣམ་ཐར་ལས། དེ་ལྟར་ན་མི་ལ་དགུང་ལོ་ཞེ་གཉིས་པ་ལ་མར་པའི་དྲུང་དུ་ཕེབས་པར་གྲུབ་ཅེས་གསུངས་སོ། །རྗེ་བཙུན་འདས་པའི་ཟླ་ཚེས་ལ། མཁས་པ་ཁ་ཅིག་སྔོན་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་མྱང་མཆོད་འཚོགས་པར་བཤད་པས། དེ་ཉིད་འཐད་ཕྱོགས་ཆེ་བར་བཤད་ཀྱང་། དེའི་རྗེས་ཐོག་ཏུ་ཆོ་འཕྲུལ་ཟླ་བའི་དུས་ཆེན་ལ་ཁེལ་བས་དུས་མཆོད་གཞན་དང་མཉམ་ཁེལ་གྱིས་སྟབས་མ་འགྲིག་ནས་མྱང་མཆོད་སྔ་བསྣུར་བྱས་པ་ཡིད་སྲིད་དེ། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ནི་ཡར་ངོ་དང་མར་ངོ་སྔོན་འགྲོའི་ཟླ་བ་གང་གི་དབང་བྱས་ཀྱང་རྟ་པའམ་མཆུ་ཟླ་བར་ཡོང་ཐབས་མེད་དོ། །རྗེ་བཙུན་དགུང་ལོ་གྱ་བཞི་བཞུགས་པར་ཡོངས་གྲགས་ཡིན་པས་སྟག་གི་ལོ་མཇུག་ལ་གཤེགས་པ་མི་འཐད་པ་ཤེས་སླ་མོད། གལ་ཏེ་གཙང་སྨྱོན་རྣམ་ཐར་ལས་ཤིང་ཡོས་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བཞི་བཤད་པ་དེ། ཡོས་བུའི་ལོ་མཇུག་གི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཡིན་ནོ་སྙམ་ན། གཙང་སྨྱོན་གྱིས་དགུན་ཟླ་ཐ་ཆུང་གསུངས་པ་ནི་རྒྱུ་སྐར་དང་སྦྱར་ནས་ར་འབྲིང་ཐ་གསུམ་ཕྱེ་བའི་ཟླ་བ་སྟེ། དེའི་དགུན་ཟླ་ཐ་ཆུང་ནི་བོད་ཟླ་བཅུ་གཉིས་པའི་བཅུ་དྲུག་ནས་ཟླ་བ་དང་པོའི་བཅོ་ལྔའི་བར་ཡིན་ནོ།།

དེ་བཞིན་ཀུན་མཁྱེན་པད་དཀར་གྱིས་མཛད་པའི་རྒྱ་རས་རྣམ་ཐར་ལས། ཆོས་རྗེའི་འཁྲུངས་ཟླ་དབྱར་ར་སྣྲོན་ཟླ་བ་དང་། འདས་ཟླ་སྟོན་འབྲིང་ཐ་སྐར་ཟླ་བ་ལ་བཞག་པར་མཛད་དོ། །རྒྱུ་སྐར་དང་སྦྱར་བའི་ཟླ་དེ་དག་འཇིག་རྟེན་པའི་ལུགས་ལྟར་གྱི་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ཚེ་ཟླ་བ་སོ་སོའི་ཡར་ངོའི་ཚེས་གཅིག་ནས་མགོ་བཟུང་དགོས་ཏེ། དཔེར་ན། དགུན་ཟླ་ཐ་ཆུང་དེ་བོད་ཟླ་དང་པོའི་ཚེ་གཅིག་ནས་ཟླ་བ་གཅིག་གི་བར་ལྟ་བུའོ། །གསོ་དཔྱད་པས། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། །ཞེས་པ་ལྟར་སྐར་མ་རྟ་པའི་ཟླ་བ་ནི་དཔྱིད་ཟླ་དང་པོ་སྟེ། དེ་ལ་ཆོ་འཕྲུལ་ཟླ་བ་ཞེས་ཡོངས་སུ་གྲགས་ཤིང་། རྟ་ཟླའི་བཅུ་བཞི་ཚུན་ལ་རས་ཆུང་པ་སླེབས་པར་གྱིས་ཤོག་གསུངས་པའི་རྟ་ཟླའང་དེ་ཉིད་དོ། །དེས་ན་འཇམ་མགོན་ཀོང་སྤྲུལ་སོགས་བླ་མ་གོང་མ་རྣམས་ནས། བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་མར་མིའི་འདས་མཆོད་ངོས་བཟུང་བའང་རང་དགར་མ་ཡིན་པར་ཁུངས་དང་དགོས་པ་ཆེན་པོ་ཡོད་ངེས་ལ། ད་ལྟ་ཀར་འབྲུག་འབྲི་སྟག་སོགས་བཀའ་བརྒྱུད་པ་ཕལ་མོ་ཆེས་དེའི་ཉིན་རང་འཁོས་དཔག་པའི་རྗེས་དྲན་དང་འདས་མཆོད་འབུལ་བཞིན་པ་ལྟར། སླད་མར་ཡང་བཀའ་བརྒྱུད་པ་ཡོངས་གཅིག་གྱུར་ཡོང་བའི་རེ་བ་བཅས།

སྤྲིན་དཀར་ཕོ་ཉས། ས་ཁྱི་བོད་ཟླ་ ༡༢ ཚེས་ ༡༨ ཉིན་བྲིས།  

བརྒྱུད་སྐུལ།

མཆན་སྤེལ།