རྗེ་བཙུན་མི་ལ་རས་པ་དེ་ཉིད་ངོ་མ་སྨྱོན་པ་ཡིན་ནམ།

རྗེ་བཙུན་མི་ལ་རས་པ་དེ་ཉིད་ངོ་མ་སྨྱོན་པ་ཡིན་ནམ།
རྗེ་བཙུན་མི་ལ་རས་པ་དེ་ཉིད་ངོ་མ་སྨྱོན་པ་ཡིན་ནམ།
རྩོམ་འབྲི་བ། ར་སེ་དཀོན་རྒྱམ།
ད་ལྟ་བོད་འདིར་རྟོགས་སད་པ་དང་བསམ་བློ་བ། མི་ཆོས་འཚོ་གནས་སྨྲ་བར་རློམ་པ་དག་གིས་དྲྭ་ཚོམས་སོགས་སུ་བགྲོ་གླེང་བྱེད་པར་རློམ་ཞིང་། ནང་ཆོས་དང་ཚན་རིག་གླེང་སྟེགས་ཞེས་པའི་དྲྭ་ཚོམས་སོགས་སུ་ཁ་ཅིག་གིས་སྔོན་བྱོན་མི་སྣ་དག་ལ་དཔྱད་བརྗོད་བྱེད་སྐབས། རྗེ་བཙུན་མིད་ལ་རས་པ་ནི་རྩ་མ་ཚང་བའི་མི་དང་། མི་སྨྱོན་པ་ཅིག་ཡིན་ལུགས་ཡང་ཡང་བརྗོད་ཅིང་། བོད་ཀྱི་སྤྱི་ཚོགས་ནང་དུ་མི་བུ་རྣལ་མ་འཚོ་གནས་པའམ། འཇིག་རྟེན་པ་རྣལ་མ་ཅིག་མ་གནང་བར་མི་ཚེ་ཆོས་ལ་བསྐྱལ་བའི་བསམ་པའམ་འདུ་ཤེས་དེ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་ལུགས་ཡང་ཡང་བཤད་གནང་འདུག

ང་ཚོའི་གཤིས་རྒྱུད་ལ་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་བའམ། མི་ཚེའི་རིན་ཐང་གི་འདུ་ཤེས་སོགས་ཤ་ཐིམ་རུས་ཐིམ་དུ་གྱུར་པས། དེང་དུས་སུ་ལུགས་གཉིས་ཀར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། དེ་ནི་མེས་པོའི་སློབ་གསོ་དང་འབྲེལ་ཡོད་པས། རང་རེས་དེ་ཡི་ཕན་གནོད་ལ་དཔྱད་ཞིབ་ཡང་དག་དང་། དེ་ནས་ལེགས་སྤེལ་ཉེས་འགོག་བྱ་དགོས་པ་ནི་དུས་རབས་ཀྱི་འགྲོས་ཡིན་ནའང་། རྗེ་བཙུན་མིད་ལ་རས་པའི་མཛད་ལུགས་སམ་མི་ཚེ་སྐྱེལ་ལུགས་ལ་བརྟེན་ནས། བོད་ཀྱི་ལུགས་གཉིས་ཉམས་རྒུད་དང་རྗེས་ལུས་སུ་གྱུར་པའི་ཤུགས་རྐྱེན་ངན་པ་འམ། འཐུས་ཤོར་གསབ་ཐབས་མེད་པ་གང་ཞིག་ཐེབས་ཡོད་མེད་གསལ་པོར་མ་ཤེས་པར། རྗེ་མིད་ལ་དེ་ཉིད་ནི་བོད་ཀྱི་འཇིག་རྟེན་མི་ཆོས་འཚོ་གནས་ཉམ་རྒུད་ཀྱི་རྐྱེན་རྩ་དངོས་ཡིན་པར་བརྩིས་ཏེ། སྨྱོན་པ་སོགས་གང་དྲན་སྨྲ་བ་ནི་དེང་གི་མི་བུ་གཟུ་བོ་ཅིག་ག་ལ་ཡིན་སྲིད།
རྗེ་བཙུན་མིད་ལ་རས་པའི་མི་ཚེ་རི་ཁྲོད་ལ་བཞུགས་པའི་ལུགས་དེ་ནི་དེའི་གོང་གི་བོད་མི་འཇིག་རྟེན་པའམ་ཁྱིམ་པའི་འགྲོ་ལུགས་གཏན་ནས་མ་ཡིན་ནའང་། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་འགྲོ་ལུགས་དང་མཐུན་པ་ཅིག་རེད། འཁོར་བའི་བྱ་བར་སྐྱོ་སྣང་ངམ་ངེས་འབྱུང་བརྟན་པོ་སྐྱེས་ཏེ། དེ་ཉིད་ལས་ཐར་པའི་ལམ་དུ་འགྲོ་བ་དང་། མི་ཚེ་ནགས་ཁྲོད་དུ་བསྟི་བ་དང་། ཟས་སློང་མོའམ་བསོད་སྙོམས་ལ་བརྟེན་པ་དང་། གནས་ཁང་དང་གསོག་འཇོག་གང་ཡང་མེད་པར་མི་ཚེ་བྱ་བཏང་མཛད་པ་ནི་ནང་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་འགྲོ་ལུགས་དངོས་ཡིན་པ་ནི། ནང་པའི་ཡིག་ཆ་ཀུན་ན་གསལ་གསལ་ཐིང་ཐིང་བཀོད་འདུག
རྗེ་མི་ལའང་སྟོན་པ་ཤཱཀྱའི་ལམ་ལུགས་དེ་བཞིན་རི་ཁྲོད་དུ་བསྒོམས་པར་མཛད་དེ། འདུ་འཛི་དང་ཟང་ཟིང་ལ་གཡོལ་བ་ཁོ་ན་མཛད་པས། ཁ་ཆེ་པཎ་ཆེན་གྱིས་ཀྱང་མིད་ལ་དེ་ལ་ལས་ཆོག་ཅིག་ཡོད་ན་དགེ་སློང་ཚད་ལྡན་ཡིན་པར་སྣང་ཞེས་གདེང་འཇོག་གནང་བའི་ལོ་རྒྱུས་ཡོད་པ་དང་། མཁས་དབང་དགེ་ཆོས་ལའང་སིང་ག་ལ་པའི་གྲ་པས་ཀྱང་དགེ་བསྙེན་བཟང་པོ་ཅིག་ཡོད་འདུག་ཅེས་བསྔགས་པ་བརྗོད་ལུགས་ལས་ཀྱང་ཆོས་པ་ཚད་ལྡན་ཞིག་ཡིན་པ་གསལ་པོར་གྱུར་འདུག
སྐུ་ཞབས་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་ངོས་༡༢༡ལས། ཋ་ཕི་སི་དགོན་པར་བལྟ་སྐོར་གནང་ཚུལ་དང་། ཡེ་ཤུ་གྲ་པ་བདུན་ཅུ་ཙམ་ཡོད་པ་དེ་དག་གིས་དགོན་པའི་ཞིང་ཀར་ལས་ཀ་བྱས་ནས་འཚོ་བ་རང་མགོ་རང་ཐོན་སྐྱེལ་གནང་ཚུལ་དང་། ཁུ་སིམ་པའི་དགོན་པ་དེའི་ཆོས་དཔོན་སེ་ཊེན་ལེ་ཡིས་མགྲོན་འབོད་གནང་ཞིང་། ཁོང་ནི་དུས་རབས་བཅུ་གཅིག་པའི་ནང་སྐུ་ཚེ་ཧྲིལ་པོ་སྒྲུབ་པ་བསྐྱོན་ཏེ་བཞུགས་མཁན་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་མི་ལ་རས་པའི་རྣམ་ཐར་གྱིས་ཡིད་འཕྲོག་འདུག ཆོས་དཔོན་སེ་ཊན་ལེས་གཏམ་རྒྱུད་མང་པོ་གསུངས་ཤིང་། དེ་ལ་ང་རང་ཧ་ཅང་དགའ་པོ་བྱུང་། ཞེས་བཀོད་གནང་འདུག་གོ།།
དེས་ན་རང་རེའི་གནའ་གཏམ་ལའང་། མིད་ལས་བལྟས་དུས་འཁོར་བ་སྨྱོ།།འཁོར་བས་བལྟས་དུས་མིད་ལ་སྨྱོ།།ཞེས་སྡོམ་ཚིག་ཅིག་གསལ་པོར་བཀོད་འདུག་པས། དེ་ཡིས་བོད་མི་སྤྱི་དང་མིད་ལ་རས་པའི་འཚོ་བ་སྐྱེལ་ལུགས་ཙམ་གྱི་ཁྱད་པར་མ་ཡིན་པར། ཚེ་ཕྱི་མ་དོན་གཉེར་བའི་ནང་པའི་ཆོས་པ་ཡང་དག་དང་། ཚེ་འདིའི་བདེ་ལེགས་དོན་དུ་གཉེར་བའི་མི་བུའི་བསམ་སྤྱོད་ཀྱི་འགལ་བའམ། ཆོས་དང་འཇིག་རྟེན་ཐ་དད་ཡིན་པའམ་ལམ་ཕྱོགས་ཡོངས་སུ་ཐ་དད་པ་ཅིག་ཡིན་པ་གསལ་པོར་མཚོན་པ་ཡིན་པའི་ཕྱིར་རོ།།
དེས་ན་མིད་ལའི་བྱ་སྤྱོད་དེ་ཡིས་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་ལ་མི་གྲལ་བསྙེགས་མི་ཐུབ་པ་གང་དང་གང་བཟོས་ཡོད་དམ། མིད་ལ་རས་པས་ཆོས་ལུགས་ཁ་ལ་འཁྱེར་བའམ། ཆོས་འབག་གྱོན་ཏེ་དད་ལྡན་མང་ཚོགས་ལ་མགོ་བསྐོར་དང་བསླུ་བྲིད་བཏང་བའམ། དབང་བསྒྱུར་དང་གཉའ་གནོན། བཤུ་གཞོགས། བྲན་དུ་བཀོལ་ནས་སྡུག་སྦྱོང་སྤྲད་པ་གང་དང་གང་འདུག སྤྱི་ཚོགས་ཉམ་རྒུད་དང་ལོག་ལམ་ལ་སྦྱར་བ་སོགས་བྱས་ཡོད་དམ་མེད། ཡོད་ན་ལོ་རྒྱུས་དངོས་གཙོ་དཔང་པོར་བཞག་ནས་གསལ་འགྲེལ་དང་བཅས་དགག་པའམ་སྐྱོན་འདོགས་ན་དོན་མཐུན་ལོས་ཡིན།
གལ་ཏེ་མིད་ལ་རས་པ་ལ་རྩ་མ་ཚང་བ་དང་སྨྱོན་པ་ཞེས་འདོགས་དགོས་ན། དེ་ནི་མིད་ལ་རས་པས་འཇིག་རྟེན་བྱ་བཞག་བློས་བཏང་ནས། ནང་ཆོས་ཀྱི་སྒོ་ནས་སངས་རྒྱས་
སྒྲུབ་ཀྱི་ཡོད་ཟེར་བཞིན་དུ་དོན་ལ་ནང་ཆོས་ཀྱི་མི་ཚེའི་འགྲོ་ལུགས་ལྟར་མ་ཕྱིན་པར། ཆོས་འབག་གོན་ནས་དད་ཅན་གྱི་སེམས་པ་དབང་དུ་བསྒྱུར་ཏེ། ཆོས་པའི་མིང་ཐོགས་ནས། ཕུ་ན་འབྲོག་ས་བཟུང་། མདའ་ན་ཞིང་ས་བཟུང་། བར་ན་གཞིས་ཀ་བཟུང་། ལྷོ་ཚོང་བྱང་ལ་སྐྱེལ། བྱང་ཚོང་ལྷོ་ལ་བསྐྱལ་ནས་ཚོང་གཉེར། འཁོར་དང་གཡོག་མང་པོ་བསྲེལ། རིམ་པས་མི་ཆེན་ལ་རྒྱབ་བརྟེན་བཅོལ་བ་མ་ཟད།
སྲིད་གཞུང་ནང་ཞུགས་ནས་ཆབ་སྲིད་གླེང་། ནང་འཁྲུགས་མང་པོ་བསླངས། ཆོས་སྲིད་རྟ་གཡག་མགོ་སྦྲེལ་གྱི་བྱ་བ་གཉེར་ནས། དོན་དམ་པར་ནང་ཆོས་དང་འཇིག་རྟེན་གཉིས་ཀ་ལ་གསབ་ཐབས་བྲལ་བའི་གནོད་པ་བཟོས་ཡོད་ན། དེ་ནི་ཆོས་ཆོས་ཀྱི་ལམ་དུ་མ་བཏང་། འཇིག་རྟེན་འཇིག་རྟེན་གྱི་འཚོ་ལམ་དུ་མ་བཏང་བ་ཅིག་ཡིན་པས་ན། དེས་ན་རྩ་མ་ཚང་མ་དང་སྨྱོན་པ་ཟེར་ན་མི་འཚམས་པ་གང་ཡང་མེད།
འདིར་མིད་ལ་རས་པར་ཞེན་འགོག་གི་སྐད་ཆ་མིན་ལ། དཔྱད་བརྗོད་པར་མི་དགའ་བས་ཀྱང་མིན། གལ་ཏེ་མིད་ལ་རས་པ་ཡིན་ནའང་འདྲ། གཞན་དམ་པའམ་སྐྱེས་བུ་ཆེན་པོ་གང་དང་གང་ཡིན་ནའང་འདྲ། བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྗེས་ངན་བཞག་ཡོད་ན་དེ་ནི་ནམ་ཡང་བསུབ་ཐབས་བྲལ་བ་ཅིག་ཡིན་པས། དེ་ལ་དད་པ་དང་དག་སྣང་གིས་སྒྲིབ་ཐབས་གང་ཡང་མེད་ལ། དེའི་ཤུགས་རྐྱེན་ངན་པ་དག་མེད་པར་བཟོ་དགོས་ན། བྱུང་ཁུངས་འཕེལ་རིམ་དང་བཅས་པའི་སྒོ་ནས་སྐྱོན་བརྗོད་ངེས་པར་དུ་བྱ་དགོས་པ་ནི་གཡོལ་དུ་མེད་ལ། དེ་འདྲའི་གནས་ལུགས་གང་ཡང་སྟོན་རྒྱུ་མེད་པར་གང་བྱུང་སྒྲོ་སྐུར་ཞུ་བ་ནི་གཟུ་བོའི་བློ་ཅན་གཏན་ནས་མ་ཡིན་པར་ཤེས་པར་བྱོས་ཤིགས། ༢༠༢༠༡/༧/༡༥/

བརྒྱུད་སྐུལ།

མཆན་སྤེལ།