རྗེ་མར་པ་ལོ་ཙཱ་བ་ཆེན་པོའི་རྣམ་ཐར།

རྗེ་མར་པ་ལོ་ཙཱ་བ་ཆེན་པོའི་རྣམ་ཐར།

འཕྲིན་ལས་རྡོ་རྗེ།

༄ །རྗེ་མར་པ་ལོ་ཙཱ་བ་ཆེན་པོའི་རྣམ་ཐར་ནི།  ལྷོ་བྲག་ཆུ་ཁྱེར་དུ། ཡབ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་སྐལ་ལྡན་སྐྱིད་གཉིས་ཀྱི་སྲས་སུ་ཆུ་བྱི་༼༡༠༡༢༽ལོར་འཁྲུངས། གཞོན་ནུ་ནས་བྲི་ཀློག་མཁས་པར་མཁྱེན། སྤྱོད་པ་ཤིན་ཏུ་གྱོང་བས་མི་ཆེ་ཆུང་མེད་པ་ལ་འཐབ། ཀློག་སློབ་པའི་སློབ་དཔོན་དང་གྲོགས་པོ་གཅིག་མིན་པ་སུའི་ཁྱིམ་དུ་ཡང་མི་ཚུད། གླང་ལ་རྡོ་བརྒྱབ་པས་སྣ་ཁྲིད་པའི་མགོ་ལ་ཕོག་ནས་བསད་པ་སོགས་ཤིན་ཏུ་གདུག་རྩུབ་ཆེ་བར་གྲགས། ཕ་མས་ཤེད་མ་བྱེ་བ་ནས་ཆོས་ལ་གཏང་བར་གྲོས་ནས་ཡབ་ཡུམ་གྱིས་ཀ་ཅ་མང་དུ་བསྐུར་ཏེ་དགུང་ལོ་བཅུ་གཉིས་ལོན་པ་ན་ཆོས་ལ་བརྫངས། ལོ་བཅུ་གཉིས་ལོན་ནས་ཆོས་དང་འཕྲད། །དེ་སྔོན་སྦྱངས་ཀྱི་བག་ཆགས་སད་པ་འདྲ། །ཞེས་གསུང་། དེར་བླ་མ་སུ་གྲགས་ཆེ་བ་རྩད་བཅད་པས། དེའི་དུས་འབྲོག་མི་ལོ་ཙཱ་བ་སྐད་ཆེ་བར་འདུག་ནས་མྱུ་གུ་ལུང་གི་དགོན་པར་མཇལ། ཕྱག་རྟེན་ཀྱང་ཆེ་བར་བྱས། ཆོས་སྒོར་ཞུགས། སྒྲ་སྐད་ལོ་ཙཱ་མཁས་པའི་ཚད་དུ་བསླབས་ཏེ་ལོ་གསུམ་ཙམ་བཞུགས། དེར་གསང་སྔགས་ཀྱི་ཆོས་འདོད་ཀྱང་ཡོན་ཆེ་ལ་བཀའ་དོག་པས་མ་ཐོབ་སྟེ། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །གསང་སྔགས་ཆོས་ཀྱི་མུ་གེ་ལ། །སེམས་ཡི་དྭགས་བྱེད་ཅིང་ལོ་གསུམ་བསྡད། །ཅེས་གསུང་།

དེ་ནས་རྒྱ་གར་དུ་འགྲོ་བའི་སྤོབས་པ་སྐྱེས་ཏེ། ཡུལ་ནས་ཀ་ཅ་བླངས། གསེར་དུ་བསྒྱུར། སྔར་གྱི་ཀ་ཅ་རྣམས་སྟག་རིས་སུ་གསེར་དུ་བཙོངས་ནས་བལ་ཡུལ་དུ་ཕེབས། བདག་བལ་ཡུལ་གྱི་ལམ་དུ་ཞུགས་ཙ་ན། །གཅན་འཕྲང་ཆུ་ལ་ཐར་དུས་མེད། །ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད། །ལམ་རིང་པོ་ཞིག་ལ་བགྲོད་དུས་མེད། །ལམ་དེ་ཀུན་གྱི་བདེ་དོག་མཐོང་ཙ་ན། །བྱ་དགུང་ལ་འཕུར་བ་གཤོག་པ་འདར། །འོན་ཀྱང་ངལ་དུབ་བྱ་རིན་ཆོག །ཅེས་གསུང་། དེར་ལོ་གསུམ་ཚད་པ་ལ་འདྲིས་སུ་བཅུག །དེའི་རིང་ལ་བལ་པོ་ཕམ་ཐིང་པས་རྣམ་རྒྱལ་དབང་པོའི་སྡེ་ལ་གསན་པའི་གདན་བཞིའི་བཤད་པ་གསན། སྒྲ་དང་ཚད་མ་གསོ་བ་ལ་ཞར་ཆོས་མཛད། དེ་ནས་བརྟུལ་ཞུགས་སྤྱོད་པ་པེནྟ་པ་ཆེན་པོས་རྒྱ་གར་དུ་ཁྲིད། དེ་ནས་རྒྱ་གར་འགྲོ་ཙ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པ་ཅུང་མ་བསམས། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ཡིད་བརྟན་པར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །ལམ་དེ་ཀུན་གྱི་བདེ་དོག་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཆུ་གྲགས་པ་ཅན་གྱི་གངྒཱ་བརྒལ། །འོན་ཀྱང་དཀའ་བ་སྤྱད་རིན་ཆོག །ཅེས་གསུང་། ལྗོངས་མེ་ཏོག་རྒྱས་པ་རི་བོ་གསེར་གླིང་གི་དགོན་པར་དཔལ་ནཱ་རོ་པ་དང་མཇལ། དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་དབང་བསྐུར་བས། དབང་དུས་དེར་མཐོང་ལམ་གྱི་རྟོགས་པ་སྐྱེས། ལྗོངས་མེ་ཏོག་རྒྱས་པའི་དགོན་པ་དེར། །དབང་བཞིའི་ཆུ་བོ་རྫོགས་པར་བསྐུར། །མ་སྐལ་བ་བཟང་མོས་རྗེས་གནང་བ། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པས། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་སྐྱེས། །ཞེས་གསུང་། དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ། དབང་ལུང་མན་ངག་བསྲེ་འཕོ་བཀའ་སྲུང་དང་བཅས་པ་ཞུས། གཞན་ཡང་པཎྜི་ཏ་ཡེ་ཤེས་སྙིང་པོ་ལ་ཕ་རྒྱུད། ཞི་བ་བཟང་པོ་ལ་མ་རྒྱུད། ཁྱད་པར་མཻ་ཏྲི་པ་ལ་མཚན་བརྗོད་སྙིང་པོའི་སྐོར་ཐམས་ཅད་གསན། དེས་སྒོམ་པའི་ལམ་ལ་བོགས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བ་རྟོགས། ས་དྲུག་པ་བརྙེས། ཤར་དངོས་གྲུབ་ཀྱི་ཆུ་བོ་གངྒཱ་བརྒལ། །རི་རབ་ཏུ་འཁྲུགས་པའི་དུར་ཁྲོད་ཀྱི། །དངོས་གྲུབ་ཅན་གྱི་དགོན་པ་རུ། །རྗེ་མངའ་བདག་མཻ་ཏྲིའི་ཞབས་ལ་གཏུགས། །རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་ཐོས།། ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས། །སེམས་དངོས་པོའི་བཞུགས་ཚུལ་གཏན་ལ་ཕབ། །ཅེས་གསུང་། གཞན་རྣལ་འབྱོར་མ་མི་རུས་ཀྱི་རྒྱན་ཆ་ཅན་ནམ་ལྕམ་ནི་གུ་མ་དང་། དཔལ་སིངྒ་ལི་པ་སོགས་ཡོངས་གྲགས་དང་ཀུ་སཱ་ལི་སོགས་མང་དུ་བསྟེན་པས། ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་དང་། །ཁྱད་པར་གྲུབ་ཐོབ་ཞལ་ལྔ་བཞུགས། །རྗེ་འགྲན་གྱི་དོ་མེད་རྣམ་གཉིས་ཏེ། །གཙོ་བོ་པཎ་ཆེན་ནཱ་རོ་པ། །དེ་འོག་རྒྱལ་སྲས་མཻ་ཏྲི་པ། །ཞེས་གསུང་། དེ་དག་ལས་གདམས་ངག་རྩིས་ལས་འདས་པ་ཐོབ། དཀའ་སྤྱད་ཆེན་པོས་བལ་པོར་ལན་ལྔ་དང་རྒྱ་གར་དུ་སྔོན་བར་རྗེས་བཅས་ལན་གསུམ་ཕེབས། འབྱོན་ཐེངས་དང་པོ་ལ་ལོ་དགུ། བར་པ་ལ་དྲུག །ཕྱི་མ་ལ་གཅིག་སྟེ། སྔ་ཕྱིར་བསྡོམས་པས་ལོ་བཅུ་དྲུག་ལྷག་ཙམ་དཔལ་ནཱ་རོ་པ་སོགས་ལ་བསྟེན། ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི། །ཚེ་སུམ་གཉིས་རྒྱ་གར་ཡུལ་དུ་བསྐྱལ། །ཞེས་གསུང་།

དེ་ནས་མངའ་བདག་མཻ་ཏྲི་པ་དང་ནཱ་རོ་པ་གཉིས་ཀས་ལྗོངས་ཁ་བ་ཅན་ན་གདུལ་བྱ་སྣོད་ལྡན་ཡོད་པར་ལུང་བསྟན་ཅིང་། སྐུ་ཚེའི་སྨད་དུ་ལྷོ་བྲག་གྲོ་བོ་ལུང་དུ་གདན་ཆགས་ཏེ། བདག་མེད་མ་སོགས་ཇོ་མོ་བརྒྱད་ཁབ་ཏུ་བཞེས་པར། གཙོ་མོའི་སྲས་སུ་དར་མ་མདོ་སྡེ་དང་། གཞན་འཁོར་གྱི་བུད་མེད་བཞི་ཙམ་ལ་སྲས་ཕོ་མོ་བདུན་ཙམ་འཁྲུངས་ཤིང་། ནོར་ཞིང་སོགས་བསྲེལ་ནས་དངོས་ཞེན་ཆེ་ཆེ་ལྟར་མཛད་པས། ཕལ་ཆེར་གྱིས་མོ་སྲེད་སོགས་ཞེན་འཐས་ཅན་གྱི་ཐ་མལ་པ་ལྟ་བུར་རྟོགས་ཤིང་། ལས་ཅན་རྣམས་ཀྱིས་ནི་རྡོ་རྗེ་ཐེག་པའི་གསེང་ལམ་སྟོན་པའི་བླ་མ་དམ་པར་ཤེས་ནས། དྲི་བཟང་ལ་བུང་བ་འཁོར་བ་བཞིན་འདུས་པ་རྣམས་ལ་ནི་སོ་སོའི་སྐལ་བ་ཇི་ལྟ་བུའི་ལམ་སྟོན་པར་མཛད་པ་ལས། རྔོག་ཆོས་སྐུ་རྡོ་རྗེ་ལ་དགྱེས་རྡོར། གུར། མ་ཧཱ་མཱ་ཡ། གདན་བཞི་རྩ་བཤད་འགྲེལ་པ་མན་ངག་དང་བཅས་པ་གནང་། མེས་སྟོན་ཚོན་པོ་བསོད་ནམས་རྒྱལ་མཚན་ལ་བདེ་དགྱེས་གསང་གསུམ། མཱ་ཡ། སངས་རྒྱས་ཐོད་པ་མན་ངག་དང་བཅས་པ་གནང་། དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ་ལ་གསང་བ་འདུས་པ་ལུགས་གསུམ། རྩ་རྒྱུད་སྒྲོན་གསལ། རྒྱུད་ཕྱི་རྩ་འགྲེལ། བསྐྱེད་རྫོགས་ཀྱི་མན་ངག་དགྱེས་རྡོར་སོགས་གནང་། འདི་གསུམ་ལ་བཤད་རྒྱུད་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའི་བཀའ་བབས། མི་ལ་ལ་བདེ་དགྱེས་གསང་འདུས། གདན་བཞི། སངས་རྒྱས་ཐོད་པ། མཱ་ཡ་རྣམས་ཀྱི་རྒྱུད་དབང་སྒྲུབ་ཐབས་རིམ་པ་གཉིས་དང་བཅས་པ་སྙིང་པོ་དོན་གྱི་སྐོར་རྣམས་མཐར་ཕྱིན་པ་གནང་ཡང་། སྒྲུབ་བརྒྱུད་ཀྱི་བཀའ་བབས་པས་བརྒྱུད་འཛིན་རྒྱས་ཀྱང་བཤད་རྒྱུན་བདེ་མཆོག་ལས་མ་དར། དེ་ལྟ་བུའི་རྗེ་བཙུན་དེ་རྒྱུད་མན་ངག་གི་རྒྱ་མཚོར་བཞུགས་པ་ལ་བོད་རྣམས་ཀྱི་བསོད་ནམས་ལ་བུམ་པ་གང་བ་ཙམ་ཞིག་དར་བ་ཡིན། སྐུ་ཚེ་འདིར་བཅོམ་ལྡན་འདས་ཀྱཻའི་རྡོ་རྗེའི་གོ་འཕང་མངོན་པར་གྲུབ་པས། ཚོགས་ཀྱི་འཁོར་ལོའི་དུས་སུ་ཉིད་གཙོ་བོ་དང་། ཇོ་མོ་བརྒྱད་འཁོར་གྱི་ལྷ་མོ་བརྒྱད་དེ། ཀྱཻ་རྡོར་སྤྲུལ་པའི་ལྷ་དགུར་ལས་ཅན་རྣམས་ལ་དངོས་སུ་སྣང་བ་དང་། གཞན་ཡང་གྲོང་འཇུག་མཛད་པ་སོགས་ངོ་མཚར་ཆེ་བའི་ཡོན་ཏན་མཐའ་ཡས། ས་ཐམས་ཅད་རྫོགས་ཀྱང་ས་བཅུ་པའི་ཚུལ་འཛིན།

མཐར་དགུང་ལོ་གྱ་དྲུག་པ། རབ་བྱུང་གཉིས་པའི་མེ་གླང་༼༡༠༩༧༽ལོའི་རྟ་པ་ཟླ་བའི་ཚེས་བཅོ་ལྔ་ལ་བབས་པ་ན། ནཱ་རོ་པ་བསུ་བ་ལ་ཕེབས་འདུག །མཆོད་པ་ཤོམས་གསུངས་ནས། བདག་མེད་མ་འོད་ཀྱི་གོང་བུར་གྱུར་པ་ཐུགས་ཁར་བསྡུས་ཤིང་། སྤྱི་བོ་ནས་འོད་དང་བཅས་ཏེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་གདུགས་རྒྱལ་མཚན་རོལ་མོ་སྒྲ་མཆོད་པའི་སྤྲིན་དང་ལྷན་དུ་གཤེགས། སྐུ་གདུང་གི་གདུང་རྣམས་རྔོག་མདོ་སྡེས་སྲས་བྱ་རིགས་འཁོར་ལོ་ལས་བསླུས་ཏེ་གཞུང་སྤྲེ་ཞིང་ན་གསེར་དངུལ་གྱི་གདུང་རྟེན་བཞེངས་སོ། །དེ་ལ་སློབ་མ་ནི་མེས་རྔོག་མཚུར་གསུམ། མི་ལ་ཐོས་པ་དགའ་སྟེ་ཀ་ཆེན་བཞི་དང་། སྲས་དར་མ་མདོ་སྡེ་འབུམ། མར་པ་མགོ་ཡགས། དོལ་པ་གག་སྟོན། གྲའི་མེའུ་ཆུང་། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད། མཇལ་བ་ལ་སྔ་བ་ཀློག་སྐྱ། གཉལ་གྱི་ཤུད་ཀྱི་ལྦ་བ་ཅན། ལ་ཡག་པ། བ་རང་ལྦ་བ་ཅན། འཕྲང་གི་རྒྱ་སྟོན་ཞིག་པོ། གཙང་རོང་རྒྱ་མཁར་གྱི་ཞང་སྟོན། ལྷོ་པ་ཏེ་སྒོམ་དང་། ཆོས་འབྲེལ་ཙམ་གྱི་སློབ་མ། ཙ་མི་ལོ་ཙཱ། མར་དོ། སྤུ་རེངས་ལོ་ཆུང་སོགས་མང་ངོ་། །

གནས་གྲོ་བོ་ལུང་གི་གདན་ས་རུ། །

མངའ་བདག་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །

བདེ་སྟོང་ལྷན་ཅིག་སྐྱེས་པའི་དོན་རྟོགས་ནས། །

ཧེ་རུ་ཀ་དཔལ་འགྲུབ་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་གདབ་པར་བྱའོ། །

 

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།