རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས།

རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས།

དགོན་འདི་ནི་མཚོ་ངོས་ལས་རྨིད་ ༤༡༠༠ ཡོད་པ། རྟ་ནག་རིན་ཆེན་རྩེ་ཞེས་པའི་གྲོང་ཚོར་ཆགས་ཡོད། ཡུལ་འདི་ནི་སློབ་དཔོན་པདྨས་ལུང་གིས་བསྔགས་པ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨའི་གསུང་ལས། ལྗི་ཉུག་གཉིས་ཀྱི་བར་མཚམས་སུ། །མདོ་སྔགས་བསྟན་པ་སྤྲིན་ཙམ་དར་། །

ཞེས་ལུང་པའི་ཕུར་ལྗི་ཕུ་ཞེས་པ་དང་། ལུང་པའི་མདར་ཉུག་ཅེས་པའི་གྲོང་སྡེ་རྟ་ནག་རྫ་ཡི་ཐོན་ཁུངས་ཏེ། ལྗི་ཉུག་གཉིས་ཀྱི་བར་དུ་གནས་པའི་ཆོས་སྡེ་འདི་ཉིད་ལུང་གིས་བསྔགས་ཡོད་པ་མ་ཟད། དཔལ་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་སྐྱེས་ཆེན་མང་པོས་རྟ་ནག་ཡུལ་གྱི་ས་བཅུད་ལ་ཕན་ཕྱིར་རྟ་ནག་གི་ལུང་པར་ཟབ་གཏེར་མང་པོ་སྦས་ཡོད་ཅིང་། རྟ་ནག་གུ་རུ་རྣོན་རྩེ་དང་། རྟ་ནག་འགོས་ལོ།རྟ་ནག་རྒྱལ་དབང་དགེ་འདུན་རྒྱ་མཚོ། རྟ་ནག་རྒྱང་དཀར་གྲོང་གི་ཇོ་བོ་སྨྲི་ཏི་ཛྙནའི་ལོ་རྒྱུས། རྟ་ནག་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་བྱུང་བ། གླིང་རྗེ་གེ་སར་རྒྱལ་པོས་བདུད་འབྲོང་ནག་པོ་དམ་ལ་བཏགས་པའི་གཏམ་བརྒྱུད། རྟ་ནག་སྒྲོལ་མ་ཕུག་གི་སྒྲོལ་ཆེན་རིམ་བྱོན་སོགས་རྟ་ནག་ཡུལ་གྱི་བྱུང་བ་ཤིན་ཏུ་མང་། དགོན་གནས་འདི་ཕྱག་འདེབས་པ་པོ་ནི། བདེ་བ་ཅན་གྱི་རྒྱུད་ལས། ཉན་ཐོསཔདྨ་ཅན་འདི་མ་འོངས་དུས།། མདོ་རྒྱུད་ཀུན་མཁྱེན་བསོད་ནམས་སེངྒེ་ཞེས།། འབྲེལ་བ་ཐོབ་ཚད་ཆོས་ལ་བསྒྱུར་ཏེ་བཀོད།། བདེ་བ་ཅན་སོགས་ཞིང་ཁམས་མཐའ་དག་མཐོང་།། ཞེས་རྒྱལ་བས་ལུང་གིས་བསྔགས་པ། དཔལ་ས་སྐྱའི་མཁས་པ་འཛམ་གླིང་མཛེས་པའི་རྒྱན་དགུའི་ཡ་གྱལ། ཀུན་མཁྱེན་གོ་རམ་པ་བསོད་ནམས་སེངྒེས་བོད་རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་གྱི་༼སྤྱི་ལོ་ ༡༤༧༣༽ ལོར་ཕྱག་བཏབ། ཀུན་མཁྱེན་གོ་རམས་པ་མཆོག་ནི། འཕགས་པ་འཇམ་དཔལ་དབྱངས་ཉིད་གདུལ་བྱ་འདུལ་ཕྱིར་བསམ་བཞིན་དུ་སྐུའི་སྐྱེ་བ་མི་འདྲ་བ་དུ་མ་བཞེས་པ་ཡིན་ཏེ།རྒྱལ་བའི་མདུན་ན་གནས་བརྟན་རབ་འབྱོར་དང་། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཆེན་བཻ་རོ་ཙ་ན། བསྟན་པ་ཕྱི་དར་གྱི་དུས་སུ་རྡོ་འཛིན་བྱེ་བའི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཉིད་སླར་ཡང་རང་གི་བསྟན་པ་སྤེལ་ཕྱིར་ཀུན་མཁྱེན་ཆེན་པོའི་སྐུར་བཞེངས་པ་ཡིན། ཆགས་འཇིགས་ལོ་རྒྱུས་ཀྱི་ཁུག་སོ་མང་པོ་ནས་ད་ལྟ་རང་རེའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པའི་ཀུན་མཁྱེན་གོ་རམས་པའི་གསུང་འབུམ་པོད་བཅུ་གསུམ་ཡོད་པ་ནི། དཔལ་ས་སྐྱའི་ཆོས་གྲྭ་ཁག་གི་ཡིག་ཆའི་གཙོ་བོ་ཡིན་ཅིང་། གྲུབ་མཐའི་གཞན་ཀུན་གྱི་ཡང་གཙོ་གནད་དུ་འཛིན་པའི་ཡིག་ཆའི་གཙོ་བོ་ཞིག་ཡིན།

རྟ་ནག་ཐུབ་བསྟན་ནི་དཔལ་ས་སྐྱའི་བཤད་གྲྭ་ཀུན་གྱི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཞིག་ཡིན་པ་མ་ཟད། གསང་བདག་བློ་གཏེར་དབང་པོ་དང་། ཀོང་སྟོན་དབང་ཕྱུག་གྲུབ་པ། མུས་ཆེན་ཐུགས་རྗེ་དཔལ་བཟང་སོགས་དཔལ་ས་སྐྱའི་མཁས་གྲུབ་མང་པོ་ཞིག་གནས་འདི་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་པ་ཡིན། དགོན་གནས་འདི་ལ་ལོ་རྒྱུས་ཀྱི་ཐོག་དགེ་འདུན་བརྒྱད་སྟོང་ཙམ་གྱི་ཆོས་སྡེ་རྒྱས་མྱོང་བ་དང་། རིག་གསར་སྔོན་དུ་དགེ་འདུན་པ་སུམ་བརྒྱ་བརྒྱད་ཅུ་ཙམ་དང་། བཤད་གྲྭ་ཁང་དང་། བླ་བྲང་། དགོན་གཞུང་གཙོ་བོ་བྱས་པའི་དགོན་སྡེ་མི་ཚན་དང་།

༼ཆོས་གྲྭ་གཞན་གྱི་ཞལ་རྒྱུན་ལ་ཁང་ཚན་ཡང་ཞུའོ༽སེ་རིག་པ་མི་ཚན།ཕྱིན་པ་མི་ཚན། གློ་བོ་མི་ཚན་། ཁང་མོ་ཆེ་མི་ཚན། ཁམས་པ་བྲང་མི་ཚན།  ཉག་རེ་མི་ཚན། ཤག་ཀག་མི་ཚན། དོལ་བོ་མི་ཚན། རུ་ཐོག་སྒང་མི་ཚན། ཀོང་པོ་མི་ཚན། འབུམ་པ་མི་ཚན། ཞེལ་མི་ཚན་བཅས་མི་ཚན་བཅུ་གསུམ་ཡོད་པ་ལ་གཞིགས་ན་བལ་ཡུལ་དོལ་བོ་དང་། ལ་དྭགས་གློ་བོ།མངའ་རིས་རུ་ཐོག མདོ་སྨད་སྨར་ཁམས། ཀོང་ཡུལ་རོང་སོགས་བོད་ཡུལ་གང་སར་དགོན་འདིའི་ཆོས་བརྒྱུད་ཀྱིས་ཁྱབ་ཡོད་པ་མཚོན། དེ་ཡང་ཕར་ཕྱིན་གྲྭ་ཚང་དང་། རྣམ་འགྲེལ་གྲྭ་ཚང་ཞེས་གྲྭ་ཚང་གཉིས་སུ་གནས་ཡོད་པ་དང་། སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་བཞུགས། རིག་གསར་སྐབས་ཉམས་གུད་ཚབ་ཆེར་བྱུང་བ་སྤྱི་ལོ༡༩༨༤ལོར་སྐྱེས་ཆེན་ཀུན་དགའ་དོན་གྲུབ་སོགས་ནས་ཉམས་གསོ་གནང་བ་དང་། མཁན་རབས་ལྔ་བཅུ་པ་ཁམས་བླ་རིན་པོ་ཆེ་འཇམམ་དབྱངས་བློ་གྲོས་སོགས་དམ་པ་མང་པོས་སྐུ་ཚེ་ཧྲིལ་པོ་དགོན་འདིའི་ཆེད་ལེགས་སྐྱེས་སུ་ཕུལ་བ་དང་།

༢༠༠༦ལོ་ནས་རྒྱ་བསྐྱེད་དུ་གཏོང་བའི་དབུ་བརྩམས་ཏེ། ད་ལྟ་བཤད་གྲྭ་ལྷ་ཁང་དང་། དགོན་གཞུང་བཅས་ཀྱི་ལྷ་ཁང་བཅུ་བརྒྱད་ཙམ་གྱི་ནང་རྒྱལ་ཁབ་རིམ་པའི་རིག་དངོས་དང་། གསར་དུ་བཞེངས་པའི་སྐུ་གསུང་ཐུགས་རྟེན་མི་ཉུང་བ་ཞིག་དང་།

བུ་སྟོན་ཐམས་མཁྱེན་པའི་ཕྱི་རྟེན་རྟ་ནག་བདུད་འདུལ་མཆོད་རྟེན་སྤྱི་ཁྲེ་ཉེར་གསུམ་གྱི་མཐོ་ཚད་ཅན།

ཀོང་སྟོན་ཆེན་པོའི་ཕྱི་རྟེན་རྟ་ནག་སྐུ་འབུམ་མཆོད་རྟེན་སྤྱི་ཁྲེ་བཞི་བཅུའི་མཐོ་ཚད་ཅན་ནང་དུ་ལྷ་ཁང་བཅུ་བདུན་ཡོད་པ། རྡོ་ཀརྨ་རུ་པའི་ཆ་བརྒྱད་མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་སྐྱེས་འགྲོ་སྤྱི་དང་གཡས་རུ་གཙང་གི་བསོད་ནམས་ཀྱི་ཞིང་དུ་ཞུགས་ཡོད་པ་དང་། ཀུན་མཁྱེན་ཆེན་པོའི་ཆིབས་རྟའི་ཞབས་རྗེས་དང་། ཀུན་མཁྱེན་བླ་མའི་ཕྱག་རྗེ་སོགས་མཇལ་རྒྱུ་ཡོད། དེང་དུས་ཕུ་ཡི་ཞལ་གཟིགས་རི་ཁྲོད་ཐར་པ་ཆེན་པོའི་ཕོ་བྲང་དང་། མདའ་ཡི་གདན་ས་ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་དུ་དགེ་འདུན་བཅུ་ཕྲག་བཞི་ལྷག་བཞུགས་ཡོད།གནའ་གྲོང་གཞིས་རྩེ་ནས་ཡར་ལུང་གཙང་པོའི་ནུབ་བྱང་བརྒྱུད་ཆུ་ཆེན་པོ་རྟ་ནག་ཕུ་ཆུའི་གྱེན་དུ་སྤྱི་ལེ  ༥༥   ཙམ་བསྐྱོད་ན་གནས་འདིར་འབྱོར་ཐུབ།། དེང་དུས་གནས་ཡུལ།རྟ་ནག་རིན་ཆེན་རྩེ་ཡུལ་ཤོག་གི་སྲིད་གཞུང་གནས་སའི་ལྟེ་བར་ཡོད་པའོ། རྟ་ནག་ངག་དབང་ཤེས་རབ་ནས།

ཡོང་ཁུངས། བསམ་བློའི་སྤྱི་སྟེགས་ཀུན་ཕན་གླིང་།

བརྒྱུད་སྐུལ།

མཆན་སྤེལ།