དེ་ཡང་རྡོ་རྗེ་ནི་མི་ཕྱེད་པ་དང༌། མི་ཆོད་པ། མི་ཤིགས་པ། སྲ་ཞིང་བརྟན་པ། གཞོམ་དུ་མེད་པའི་དོན་དང༌། རྒྱ་གྲམ་ནི། ཀུ་རུ་ཁའི་རྟགས་ཏེ་བསྣོལ་མའི་མིང་སྟེ། དབྱིབས་ཀྱི་ཆ་ནས་བཏགས་པའི་མིང་ཞིག་ཡིན། དེ་ལྟར་རྡོ་རྗེ་རྒྱ་གྲམ་ནི་ལས་བཞི་མཚོན་བྱེད་ཀྱི་ལྷའི་ཕྱག་མཚན་ཞིག་ཡིན་ལ། མཚན་གྱི་རྣམ་གྲངས་སུ་སྣ་ཚོགས་རྡོ་རྗེ་ཞེས་ཀྱང་གྲགས།
རྡོ་རྗེ་རྒྱ་གྲམ་ནི། ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་འགྲུབ་པའི་མཚོན་རྟགས་ཏེ། མཚོན་བྱེད་ཀྱི་རྭ་དཀར་པོ་ནི། གནོད་སྦྱིན་དྲི་ཟ་སོགས་ཀྱི་གདོན་རྣམས་ལས་ཐར་བ་དང༌། དུས་མ་ཡིན་པར་འཆི་བ། སྡིག་སྒྲིབ་ཐམས་ཅད་ཞི་བའི་མཚོན་རྟགས་ཡིན།
མཚོན་བྱེད་ཀྱི་རྭ་སེར་པོ་ནི། ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། མངའ་རིས་ཆོས་སྲིད་དར་ཞིང་རྒྱས་པ། དགེ་ལེགས་ཇི་སྙེད་པ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་ཞིང་རྒྱས་པའི་མཚོན་རྟགས་ཡིན།
མཚོན་བྱེད་ཀྱི་རྭ་དམར་པོ་ནི། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་སོགས་མཐུ་བོ་ཆེ་རྣམས་རང་དབང་མེད་པར་དབང་དུ་འདུ་བའི་མཚོན་རྟགས་ཡིན།
མཚོན་བྱེད་ཀྱི་རྭ་ལྗང་གུ་ནི། གཟུགས་ཅན་དང་གཟུགས་མེད། དགྲ་བགེགས་ལོག་འདྲེན་འབྱུང་པོ་དམ་སྲི་སོགས་ཀྱི་གནོད་པ་ལས་གྲོལ་ཞིང༌། མ་རུངས་གདུག་ཅན་བསམ་ངན་སྦྱོར་རྩུབ་འཆང་བ་ཚར་གཅོད་པའི་དྲག་པོའི་ལས་བཞི་ཐོགས་མེད་དུ་ཐམས་ཅད་ཡོངས་སུ་འགྲུབ་པའི་མཚོན་བྱེད་ཡིན་ནོ། །