རྣམ་བཅུ་དབང་ལྡན་གྱི་འགྲེལ་བཤད།

རྣམ་བཅུ་དབང་ལྡན་གྱི་འགྲེལ་བཤད།

སྤྱིར་རྣམ་བཅུ་དབང་ལྡན་ཞེས་པ་ནི། འཇམ་དཔལ་མཚན་བརྗོད་ལས།

རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག།

སྣ་ཚོགས་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །

ཞེས་གསུངས་པ་ལྟ། དོན་ནི་སངས་རྒྱས་ཀྱི་སྟོབས་བཅུ་སོགས་ཡིན་ན་ཡང༌། བྱེ་བྲག་ཏུ་གཉིས་མེད་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་ཐུན་མོང་མ་ཡིན་པའི་ཕྱི་ནང་གཞན་གསུམ་དག་པ་མཉམ་པར་སྦྱོར་བའི་ཁྱད་ཆོས་དང་འབྲེལ་བའི་རང་ལུགས་སུ་གྲགས་པའི་རྣམ་བཅུ་དབང་ལྡན་ནི། དུས་འཁོར་ལས།

ཕྱི་ནང་གཞན་གསུམ་དབྱེར་མེད་དུས་ཀྱི་འཁོར་ལོའི། །

ཞེས་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་སྟེ། ལཛྙཱའི་ཡི་གེ་ཧཾ་ཀྵ་མ་ལ་ཝ་ར་ཡ་ཞེས་པའི་ཡིག་འབྲུ་བདུན་དང༌། ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་བྱེད་ནཱ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པར་བཀོད་པ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་དབུ་ཅན་ལྟར་བྲིས་པ་ཞིག་ཡིན།

ཡང་ན། འབྱུང་བ་རླུང་མེ་ཆུ་ས་རི་རབ་སྟེ་བརྟེན་པ་རྣམ་པ་ལྔ་དང༌། འདོད་པའི་གཟུགས། གཟུགས་མེད་ཉི་ཟླ་གཉིས་བཅས་གཡོ་བ་རྣམ་པ་བཞི། ཀུན་ཁྱབ་སྒྲ་གཅན་ནམ་མཁའ་དང་བཅས་པ་བཅུ་པོ་དེ་འཇིག་རྟེན་གྱི་སྣོད་དུ་གྲུབ་པས་དེ་ཁང་བཟང་གི་རྒྱན་དུ་སྤྲས་པ་དེས་ཕྱིའི་སྣོད་བཅུད་རང་བྱུང་ཁམས་དང༌། ནང་གི་འབྱུང་ཁམས་བཅས་རང་གི་དབང་དུ་བསྡུས་ཐུབ་པའི་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ཡོད་པར་མཚོན་ཞིང༌། འདི་ནི་སྣ་ཚོགས་པདྨའི་གདན་བཞི་དང་བཅས་པ་སྟེ། དེའི་རིམ་པ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་ཀྱི་གདན་བཞིར་འབྱུང་བ་རིམ་བརྩེགས་ཀྱི་རང་མདོག་ཡིན་ནོ།།

         མཚོན་དོན་ནི་ཕྱི་ལ་སྦྱར་ན། ཕྱི་འཇིག་རྟེན་གྱི་སྣོད་བཅུད་མཚོན་ཞིང༌། གཞི་ནམ་མཁའ་འབྱུང་བཞི་རི་རབ་དང་བཅས་པའི་སྣོད་ཆགས་པ་དང་ཆོས་མཐུན་པའི་ཡ་རླུང་གི་ཁམས་ནག་པོ་དང༌། ༼འདི་ལ་ལྗང་གུ་ཞེས་ཀྱང་གསུངས།༽ར་མེའི་ཁམས་དམར་པོ། ཝ་ཆུའི་ཁམས་དཀར་པོ། ལ་སའི་ཁམས་སེར་པོ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་མཚོན་པའམ། མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནགལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗང་གུའོ།།

ཧཾ་ཀྵ་མ་གསུམ་གྱིས་རིམ་པ་བཞིན་གཟུགས་མེད་ཁམས་དང༌། གཟུགས་ཁམས། འདོད་ཁམས་ཏེ་ཁམས་གསུམ་གྱི་ནང་བཅུད་ཀྱི་སེམས་ཅན་མཚོན། ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་གྱིས་སེམས་ཅན་གྱི་སྲོག་དང་དྲོད་དང༌། སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་ཁམས་མཚོན་པ་དང༌། ཡང་ན། ནམ་མཁའ་རླུང་མེ་ཆུ་ས་རི་རབ། པདྨ། ཟླ་ཉི། སྒྲ་གཅན་སོགས་ཀྱང་མཚོན་ནོ། །

ཡང་ན། གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ། ༼དཀར་པོར་ཡང་གསུངས།༽གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ་ཟླ་ཚེས་སྣ་ལྡན་སྲོག་ཟླ་བའི་ས་བོན་དཀར་པོ། ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ། ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚན་པའོ།།

         ནང་ལ་སྦྱར་ན། གཞི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་སྤྱི་བོ་ནས་དཔྲལ་བའི་བར་གྱི་རླུང་དཀྱིལ་མཚོན་པ་ཡ། དེ་ནས་མགྲིན་པའི་མེ་དཀྱིལ་མཚོན་པ་ར། དེ་ནས་སྙིང་གའི་བར་གྱི་ཆུའི་དཀྱིལ་འཁོར་མཚོན་པ་ཝ། དེ་ནས་ལྟེ་བའི་བར་གྱི་ས་དཀྱིལ་མཚོན་པ་ལ། དེ་ནས་གསང་བའི་བདེ་སྐྱོང་མཚོན་པ་མ། ཁམས་ལྔ་འདུས་པའི་རགས་པའི་ལུས་མཚོན་པ་ཀྵ། སྤྱི་བོའི་བྱང་སེམས་མཚོན་པ་ཧཾ། ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་ནི། ཟླ་ཉི་སྒྲ་གཅན་གསུམ་སྟེ། རོ་རྐྱང་དབུ་མ་གསུམ་གྱི་རྩ་གསུམ་མཚོན་པའམ་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་ཡ་ར་ལ་ཝ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་བརྟེན་པའི་ལྷ་ཚོགས་མཚོན་པར་བྱེད་པ་སོགས་དཔག་མེད་འབྱུང༌།

         གཞན་ཡང༌། བསྐྱེད་རིམ་གྱི་ལམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད་དང༌། ལུས་ཁམས་སོགས་སྒྲིབ་བྲལ་དུ་བྱེད་པའི་རྫོགས་རིམ་གྱི་ལམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད། སྦྱངས་འབྲས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཐུགས་མཚོན་ཚུལ་སོགས་མང་ངོ༌།།

         ཚོན་མདོག་ནི། འོག་གི་འབྱུང་བཞི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་པོ། ཝ་དཀར་པོ། ལ་སེར་པོ། མ་འདོད་ཁམས་ཀྱི་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན། ཀྵ་གཟུགས་ཁམས་མཚོན་པའི་དཀར་པོ། ཧཾ་གཟུགས་མེད་ཁམས་མཚོན་པའི་སྔོན་པོ། ཟླ་ཚེས་ཟླ་བའི་ཁམས་མཚོན་པའི་དཀར་པོ། ཐིག་ལེ་ཉི་མའི་ཁམས་མཚོན་པའི་དམར་པོ། ནཱ་ད་ནམ་མཁའི་ཁམས་མཚོན་པས་སྔོན་པོའོ།།

         ཡང་ན། རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་འདིས། ཕྱི་ནང་གཞན་གསུམ་མམ། གཞི་ལམ་འབྲས་གསུམ་མཚོན་ཏེ། སྦྱང་གཞི་ཕྱིའི་སྲིད་པ་བཅུ། ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས། དེ་གཉིས་སྦྱོང་བྱེད་བསྐྱེད་རྫོགས་གཉིས། སྦྱངས་པའི་འབྲས་བུ་ཡེ་ཤེས་རྣམས་མཚོན་པར་བྱེད་ཅིང༌། ཡིག་འབྲུ་རྣམས་གཅིག་སྟེང་གཅིག་བརྩེགས་པ་ནི། ཕྱི་ནང་གི་སྣོད་བཅུད་ཆགས་ཚུལ་གྱི་རིམ་པ་སོགས་སྟོན་པའི་ཆེད་དུ་ཡིན། དེར་བརྟེན་འདིའི་སྐབས་སུ་སྔགས་ཀློག་པ་ན་འོག་ནས་སྟེང་དུ་བཀླགས་ནས་འགྲེལ་བཤད་བྱེད་དགོས།

         ཕྱིའི་སྲིད་པ་མཚོན་ཚུལ་ནི། ནཱ་དས་བདེ་སྟོང་གི་དེ་བཞིན་ཉིད། རྣམ་བཅད་དང༌། ཐིག་ལེས་ཟླ་ཉི་གཉིས་མཚོན། ཧས་གཟུགས་མེད་ཀྱི་གནས་མཚོན། ཀྵས་འདོད་གཟུགས་ཀྱི་ལྷའི་གནས། མ་ཡིག་གིས་ལྷུན་པོ། ལ་ཡིག་གིས་པདྨ། ཝས་ཆུའི་དཀྱིལ་འཁོར། རས་མེ། ཡས་རླུང༌། སྲོག་ཏུ་ཞུགས་པའི་ཨས་ནམ་མཁའ་བཅས་མཚོན་པའམ། ཡང་ན། ཕྱི་ལྟར་ཡ་ཡིག་ནག་པོ་རླུང་གི་དཀྱིལ་འཁོར། ར་ཡིག་དམར་པོ་མེའི་དཀྱིལ་འཁོར། ཝ་ཡིག་དཀར་པོ་ཆུའི་དཀྱིལ་འཁོར། ལ་ཡིག་སེར་པོ་སའི་དཀྱིལ་འཁོར། དེའི་སྟེང་མ་ཡིག་སྔོན་པོ་ཁ་དོག་ལྔ་ལྡན་ལྷུན་པོ། ཀྵ་ཡིག་སྔོན་པོ་འདོད་གཟུགས། ཧ་ཡིག་ལྗང་གུ་གཟུགས་མེད་པ་རྣམས་ལ། ཉི་མ་དམར་པོ་ཟླ་ཚེས་དང༌། ཐིག་ལེ་དཀར་པོ་ཟླ་བ། ནཱ་ད་སྒྲ་གཅན་གྱི་ངོ་བོ་ནག་པོ་བཅས་སོ།།

         ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས་མཚོན་ཚུལ་ནི། འདིས་ནི་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་གནད་ཆེ་ས་དག་ཀྱང་མཚོན་པར་བྱེད་ཅིང༌། ནཱ་དས་གཞི་དུས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས། ཧྃ་ཡིག་གིས་རྩ་དབུ་མ་དང་རོ་རྐྱང་གཉིས་མཚོན། ཀྵས་གསང་གནས་ཀྱི་པདྨ། མས་ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ། སྒལ་ཚིགས། ལ་ཡིག་གིས་ལྟེ་བའི་འཁོར་ལོ། ཝས་སྙིང་གར་ཡིག་གིས་མགྲིན་པ། ཡ་ཡིག་གིས་དཔྲལ་བ་བཅས་མཚོན་ཞིང༌། ཡང་ན། ནང་དུ་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་ལ་རྐང་མཐིལ་ནས་ཉི་ཕྱེད་བར་རླུང༌། དེ་ནས་པུས་མོ་བར་མེ། དེ་ནས་གསང་གནས་བར་ཆུ། དེ་ནས་རྐེད་པ་བར་ས། དེ་ནས་དཔུང་བར་ལྷུན་པོ། དེ་ནས་དཔྲལ་མཚམས་བར་འདོད་གཟུགས། དེ་ནས་གཙུག་གཏོར་བར་གཟུགས་མེད་པ་ཉི་ཟླ་སྒྲ་གཅན་གསུམ། ཡང་ནང་གི་རོ་རྐྱང་དབུ་མ་བཅས་ཀྱི་རླུང་བཅས་སོ་སོའི་ངོ་བོ་མཚོན་བྱེད་དམ་ས་བོན་ཡིན།

         སྦྱོང་བྱེད་བསྐྱེད་རིམ་མཚོན་ཚུལ་ནི། ཡི་གེ་རྣམས་བརྩེགས་པའི་གོ་རིམ་གྱིས་བསྐྱེད་རིམ་གྱི་རྟེན་དང་བརྟེན་པ་བསྐྱེད་པའི་གོ་རིམ་ཀྱང་མཚོན། ནཱ་དས་དཀྱིལ་འཁོར་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་དང༌། འཁོར་གྱི་ལྷ་ཐམས་ཅད་མཚོན། ཧྃ་ཡིག་གིས་ཟླ་ཉི་སྒྲ་གཅན་གྱི་གདན་དང༌། གཞལ་ཡས་ཁང་མཚོན། ཀྵས་པདྨ། ལ་ཡིག་གིས་ས་དཀྱིལ། ཝས་ཆུ་དཀྱིལ། རས་མེ་དཀྱིལ། ཡ་ཡིག་གིས་རླུང་དཀྱིལ། ཡ་ཡིག་གི་སྲོག་ཏུ་ཞུགས་པའི་ཨས་ཆོས་འབྱུང་བཅས་མཚོན་ནོ།།

         རྫོགས་རིམ་མཚོན་ཚུལ་ནི། ཧྃ་དེས་ཡས་རིམ་བཞིན་གཏུམ་མོ། ཁུ་བ། སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། དེ་ཡང་རྣམ་བཅད་ཀྱིས་གཏུམ་མོའི་འོག་ནས་འབར་བ་མཚོན། ཐིག་ལེས་ཁུ་བ་སྟེང་ནས་འབབ་པ་དང༌། ནཱ་དས་སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། ཀྵས་གསང་བའི་རྩ་འཁོར་གྱི་པདྨ། མ་ཡིག་གིས་ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ། སྒལ་ཚིགས། ལ་ཡིག་གིས་ལྟེ་བའི་རྩ་འཁོར། ཝས་སྙིང་གའི་རྩ་འཁོར། རས་མགྲིན་པའི་རྩ་འཁོར། ཡས་དཔྲལ་བའི་རྩ་འཁོར་བཅས་མཚོན་ནོ།།

         འབྲས་བུ་ལ་སྦྱར་ན། ཧྃ་དེས་བདེ་བ་ཆེན་པོའི་ཡེ་ཤེས། ཀྵ་མ་ལ་ཝ་ར་ཡ་རྣམས་ཀྱིས་ཁམས་དྲུག་པོ་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་ཡི་གེ་ལྔ་དང༌། ཡིག་དྲུག་མཚོན། མདོར་ན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྔགས་འདིས་ཕྱི་ནང་གཞན་གསུམ་མམ། ཡང་ན། གཞི་ལམ་འབྲས་གསུམ་རྫོགས་པར་མཚོན་པའི་ལཛྙའི་ཡི་གེ་རྨད་དུ་བྱུང་བ་ཞིག་གོ།

         རྣམ་བཅུ་དབང་ལྡན་འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། འདི་ཁང་པའམ། གཙུག་ལག་ཁང་ནང་འབྲི་བའམ་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན་ཞིང༌། ལུས་ལ་འཆིང་ན་གཟའ་སྐར་ངན་པ་དང་བཙན་གྱིས་གནོད་པ་སྲུང༌། ཐོག་དང་ཤྭ་འོད་ཀྱི་འཇིགས་པ་དང༌། དུག་དང་མཚོན་གྱི་འཇིགས་པ་སོགས་མདོར་ན་རྐྱེན་ངན་བར་ཆད་ཐམས་ཅད་སེལ་ཞིང༌། ཁྱིམ་དུ་འཆང་ན་རྐྱེན་ངན་བར་ཆད་བཟློག་ནས་བཀྲ་ཤིས་པ་དང༌། བསམ་དོན་བདེ་བླག་ཏུ་འགྲུབ་པའི་དགེ་མཚན་དང་ཕན་ཡོན་མང་དུ་ཡོད་ལ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་འདིར་བསྡུས་ཡོད་པས་ཆ་ཚང་འབྲི་བར་མི་ནུས་ཤིང༌། འདིར་ཅུང་ཟད་བྲིས་པའི་དགོས་དོན་ཡང་མཐོང་ཐོས་དྲན་པ་ཐམས་ཅད་གནས་སྐབས་བཀྲ་ཤིས་པར་བྱེད་པ་དང༌། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་གྱུར་བའི་ཆེད་དུ་ལགས་སོ།།

བརྒྱུད་སྐུལ།

མཆན་སྤེལ།