རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དགོན་གྱི་བཅའ་ཡིག

རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དགོན་གྱི་བཅའ་ཡིག

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྩལ།

༼ས་འབྲུག སྤྱི་ལོ། ༡༩༢༨༽

ཨོཾ་སྭསྟི།
ཀུན་གཟིགས་སྨྲ་བའི་ཉི་མ་ཟས་གཙང་སྲས།  །
ཀུན་རྨོངས་གདུང་བ་ཞི་མཛད་དམ་པའི་ཆོས།  །
ཀུན་ཕན་བསླབ་གསུམ་རྒྱན་མཛེས་རིག་གྲོལ་སྡེ།  །
ཀུན་ནས་དང་བའི་ཡིད་ཀྱིས་ལན་བརྒྱར་བསྔགས།  །

ལྔ་རིག་ནོར་བུའི་འོད་རྣོན་འབར་བའི་གཟིས།  །
གངས་ཅན་འཛིན་མའི་ཁོངས་ནས་ལྷམ་མེ་བ།  །
འཇིག་རྟེན་མིག་གྱུར་རྔོག་ལོ་ཁུ་དབོན་ཞེས།  །
སྙན་པའི་བ་དན་སྲིད་ཞིའི་བླ་ན་གཡོ།  །

ངོ་མཚར་དཔག་ཡས་ཕན་བདེ་སྦྲང་རྩིའི་མཛོད།  །
འདུལ་ཁྲིམས་པུཎྜ་རི་ཀ་འདིར་འབྱེད་ཀྱི།  །
འཇིགས་མཛད་དམར་གསུམ་བསེ་ཡི་ཁྲབ་ཅན་སོགས།  །
ལྷ་དང་སྲུང་མས་བྱ་ར་མ་གཡེལ་ཅིག  །

    དེ་ཡང་གཞུང་ལུགས་རབ་འབྱམས་སྨྲ་བ་རོང་སྟོན་ཤཱཀྱ་རྒྱལ་མཚན་པའི་སྲོལ་སྐྱོང་བཀྲ་ཤིས་རྣམ་རྒྱལ་སོགས་དམ་པ་དུ་མའི་གདན་ས་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་གི་དགེ་འདུན་རྣམས་ཀྱི་བླང་དོར་ཁྲིམས་སུ་བཅའ་བའི་རིམ་པ་ལ།     ཐོག་མར་སྡེ་འདིར་འཇུག་པ་པོའི་རྟེན་ལ་ཁང་ཚན་དགེ་རྒན་སོ་སོས་ལེགས་པར་བརྟགས་ཏེ་རུང་བར་ངེས་པ་ན་མཁན་པོར་ཞུ་རྟེན་ཁ་བཏགས་དང་དངུལ་ཞོ་གསུམ།   བཟང་ཇ་སྤོར་བརྒྱད།   མར་ཀོ་མེད་སྤྱི་ཉག་བཅུ་དྲུག   དབུ་ཆོས་ལ་སྣེ་བཞག་དངུལ་སྐར་ལྔ་རེ།   གཉེར་པར་ཤིང་རིན་དངུལ་ཞོ་གསུམ་འབུལ་ཞིང་སླར་བསྟན་བཤིག་སྒྲིག་འགལ་མི་བྱེད་པའི་གན་རྒྱ་ཁག་འབྲེལ་མཐའ་བཙན་ལེན།   དགེ་ཚུལ་སློང་གི་སྡོམ་པ་མ་བླངས་པར་ཟླ་གསུམ་ལྷག་བསྡད་མི་ཆོག   བསྟན་པའི་གཞི་རྩ་ཟླ་བ་ཡར་ངོ་དང་མར་ངོའི་དུས་འབྲེལ་གྱི་གསོ་སྦྱོང་མ་ཆག་པར་བྱ་ལ་དབྱར་དགག་གཉིས་ཀྱང་གདན་ས་ཆེན་པོའི་སྲོལ་བཞིན་གཞུང་མཐུན་བྱེད།   ལོ་གཅིག་རིང་གསང་ཕུ་དབྱར་ཆོས་ཐེ་བའི་ཆོས་ཐོག་དགུ་ལ་གཞུང་ཆེན་གྱི་རྩོད་སྒྲ།   དཀྱིལ་འཁོར་སྒྲུབ་མཆོད།   མ་ཎི་རིལ་སྒྲུབ།  ཟོར་འཕེན།   ཆོ་འཕྲུལ་སྨོན་ལམ་དང་འབྲེལ་བའི་བཅོ་ལྔ་མཆོད་པ་བཅས་ཀྱི་དུས་མཆོད་རིགས་སྔར་ལམ་ཉམས་ལད་མེད་པ་དུས་ཐོག་སོ་སོར་ཕྱག་ལེན་མ་འཆུག་པ་སྨིན་ཚུགས་འབད་ཅིང་།   གཞི་གསུམ་ཕྱག་ལེན་གྱི་སྐབས་སུ་གཎྜིའི་བརྡ་དང་བསྟུན་ཏེ་མཉམ་པར་ཚོགས་པ་ལས་སྔ་ཤོར་ཕྱི་ལུས་མི་རུང་།   གལ་སྲིད་དེ་འདྲ་བྱུང་ཚེ་དགེ་བསྐོས་ནས་སྡོད་ཚོད་མ་བྱས་པར་ཕྱག་འཚལ་དུ་འཇུག   སློབ་གྲལ་སྟོན་གྲལ་གཉིས་ཀྱི་སྲོལ་ཇི་ལྟར་འོས་པར་བཀའ་རམས་པ་རྣམས་མིང་བཏགས་དང་།   བསྡུས་རྭ་བ་རྣམས་འཛིན་གྲྭ་རྒན་རིམ་གྱིས་སྡོད་པ་ལས་རྐང་པ་སུ་མགྱོགས་མི་བྱེད་པར་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུར་སྤྱོད་ལམ་ཞི་དུལ་བག་ཡོད་ཀྱི་ངང་ནས་འདུ།   གདིང་བ་མེད་པར་ཚོགས་གདན་ལ་ལོངས་མི་སྤྱོད།   ངར་སྣབས་མཆིལ་མ་ཁ་ལུད་སོགས་གཙང་ཁང་དུ་འདོར་བ་ཉེས་དམིགས་ཤིན་ཏུ་ཆེ་བས་ནམ་ཡང་མི་བྱ།    ལྷག་པར་དུ་འདུལ་བའི་ཀུན་སྤྱོད་དང་འགལ་ཞིང་།   ཁྱིམ་པ་སུན་འབྱིན་གྱི་ཆ་ལུགས་ཆས་གོས་ཡ་མ་ཟུང་གྱོན་བཅངས་མི་ཆོག   རྣམ་ཀུན་ལྕགས་རི་གཡས་གཡོན་རྡོ་གཅལ་སོགས་སུ་གཟན་ཤམ་མེད་པ་དང་།   ཀུ་ཅོའི་སྒྲ།   ཕན་ཚུན་དབྱེན་དཀྲུག་སོགས་ཀྱི་རྩིང་སྤྱོད་གཏན་ནས་མི་ཆོག  དབོན་ཆོས་མཛད་སོགས་གཏོང་བ་ལ་ཇ་ཐུག་བདུན།   སློབ་དཔོན་ལ་དགུ་ཚན་དོད།   དབུ་ཆོས་ལ་འགྲོ་ཁུངས་སྣེ་གཞག   སྤྱི་འབུལ་དངུལ་སྲང་སུམ་ཅུ་སྐོར་དང་འགྱེད་དངུལ་ཚ་གྲྭ་གང་རིགས་དགོས།   ལག་བདེ་གྲལ་འགོ་གོ་མཚུངས་ཤིག་ཏུ་འཇོག   ཆོས་གྲྭའི་གཎྜི་བརྡུང་འཕྲལ་བླ་གྲྭ་མཉམ་ཚོགས་ཀྱིས་ལོ་བསྟོད།   བླ་བརྒྱུད་གསོལ་འདེབས་རྣམས་འདོན།   སློབ་དཔོན་པས་རོང་བཀྲས་གཉིས་ཀྱི་ཡིག་ཆའི་ཐོག་བཀའ་རམས་པ་ནས་བསྡུས་ཆུང་བར་འཛིན་ཆོས་ཅི་ནུས་སུ་གཏོང་།   གཞུང་པ་དང་བསྡུས་རྭ་བས་རྩོད་པ་རྒྱུན་འཁྱོངས་བྱེད།   གུང་ཆོས་ལ་བརྒྱད་སྟོང་དང་གསེར་འོད་པོད་རེ་འགྲོ་ངེས་བཀླག   དགོང་ཆར་སྒྲོལ་འདོན་འདི་བསྟན་འགྲོ་སྤྱི་སྒེར་གྱི་གེགས་བར་ཞི་བྱེད་དུ་གནད་ཆེ་བས་སྐྱབས་སེམས།   སྒྲོལ་བསྟོད་ཉི་ཤུ་རྩ་གཅིག   མཚན་བརྗོད།  གདུགས་དཀར།  ལོ་བསྟོད།   ས་སྐྱ་གོང་མ་རྣམ་ལྔའི་བསྟོད་པ།   ངོས་རིང་འཚོའི་སྨོན་ཚིག  བཀྲས་རྣམ་པ་སོགས་དེ་གའི་བླ་བརྒྱུད་གསོལ་འདེབས།   སྲུང་མའི་བསྟོད་འཕྲིན།   ཤེར་སྙིང་།  ཚེ་གཟུངས་བཅས་འགྲོ་ཆེ་ཚང་མས་ཐེག་པ་འཁུར་བླང་གིས་འུར་འདོན་དགོས་རྒྱུ་ལས་ཁྲལ་མངོན་སླ་ཆོས་རིགས་མི་ཆོག   སློབ་གཉེར་ལ་འཇུག་ཚུལ་ཡང་ཁ་དོག་དཀར་དམར་ནས་ཡས་རིམ་མ་འཆོལ་བར་བྱ།   བསྡུས་ཆེན་ནས་མཁན་པོས་བསྡུས་གྲྭ་དང་ཆོས་སྤྱོད་ཡོང་ཚད་བརྟགས་ཏེ་སུ་ཡོང་གཞུང་རྒྱུག་ཏུ་བསྐྱུར་བཅུག་པའི་གླིང་བསྲེ་བཀའ་བཅུའི་མིང་བཏགས་སྟེར།   བཀའ་རམས་གྲལ་སྟོན་དང་ཚོགས་གསོག་པ་སྔར་རྒྱུན་ཉམས་མེད་བྱེད།   ཀློག་འདོན་ཆོས་སྤྱོད་ཀུན་རིག་ཆོ་གའི་རྒྱུགས་སྤྲོད་རིགས་སྤོས་རིང་ཚད་ཀྱིས་ལེན།   རྒྱུགས་མ་སྤྲད་པར་ཀུན་རིག་ཆོ་ག་ཆོས་འདོན་བཞི་སྡེ་བཅས་ལ་རྒྱུགས་སྤྲད་པས་མ་འདང་ན་མ་གཏོགས་སྒེར་འབོད་ཞུ་གཏོང་གང་ཡང་མི་ཆོག   ཆོས་འདོན་བཞི་སྡེ་དགེ་བསྐོས་ནས་ཤག་སྐོར་གྱིས་གཏོང་།   གྲོང་ཆོག་སོགས་ལ་དགེ་བསྐོས་མེད་སྐབས་དེ་གའི་རྒན་པ་ཚབ་བྱས་ནས་གུང་གསེང་ལོག་ཚོད་སྔ་ཕྱིའི་འགྲོ་སྡོད་སོགས་ལ་ཡོན་བདག་མི་མོས་པའི་རིགས་མི་བྱེད།   ཕོགས་འགྱེད་ཚ་གྲ་སོགས་སློབ་དཔོན་ལ་སུམ་སྐལ།   དབུ་ཆོས་སྨོན་ལམ་དམ་བཅའ་ཇ་མ་གསུམ་ལ་ཉིས་སྐལ།   དུང་མཁན་ཚ་གྲ་གཅིག་ཉིས་སྐལ།   བླ་བྲང་སྐྱོགས་ཚད་བརྒྱད།   སྤྱི་གཉེར་སྐྱོགས་ཚད་ལྔ་རེ།   ལས་སྣེ་གཏོང་གཞི་འཛིན་མི་མ་གཏོགས་ཁེ་ཚོང་བུན་སྐྱེད་རྟ་བོང་སོགས་བསྟེན་གསོ་མི་རུང་།   དགོན་ནང་དུ་བུད་མེད་ཞག་སྡོད་ལྟ་ཅི་ཐོ་ཁོངས་ཚུན་ཡོང་མི་ཆོག   སྐྱ་བོ་ཡང་དགོངས་པ་ཞུ་སྟེར་གྱིས་འགྲོ་དགོས།   རྩ་བཞི་ཆང་གི་ཉེས་སྐྱོན་བྱུང་ཚེ་ནོངས་པ་ངོས་ལེན་ལ་གནས་དབྱུང་དང་འབྲེལ་ཉེས་ཆད་དང་།   གསར་ཇ་ཆོས་ཚབ་འཕྲལ་འཛུགས་བཅས་སྔར་ལམ་ལྟར་བྱ།   གྲི་མཚོན་རྡོ་རྒྱུག་སོགས་ཀྱིས་རྨ་ཁ་ཁྲག་ཤོར་སོགས་ལ་བརྐྱང་ཕྱག   རྒྱབ་ལང་ཚོ་འཛིན་བྱེད་མིར་གསེར་ཞོ།   ཤོ་སྦག་རྩེད་འཇོའི་བག་གཡེང་བྱེད་མི་རྣམས་འཕྲལ་འཕྲལ་བཅུན་ཐོག་བསྐུམ་ཕྱག་ཁྲི་ཚར་འགེལ།   གཙང་ཁང་སྟེང་ཤོད་བར་གསུམ།   ལྷ་ཁང་ལེ་ལག   མགོན་ཁང་ཁག   གྲྭ་ཤག་རྡོ་གཅལ་ཤར་ནུབ་བཅས་ལ་གཙང་སྦྲ་གང་ཆེའི་འཛིན་སྤྲས་ལེ་ཤོར་མེད་པ་དགོས།   ད་ཕན་འཛིན་ཞིང་བདག་པའི་འབྱེད་གསལ་ཆོས་ཐེབས་འཛིན་དབང་གིས་མཚོན་ཕྱི་ནང་སྤྲོད་རིགས་ཆེ་ཕྲ་མཐའ་དག་སློབ་དཔོན་ལས་སྣེ་འཕོས་མཚམས་སོ་སོར་དེབ་གཞི་རྩ་འཛིན་གྱིས་རྩིས་སྤྲོད་ལེན་ཚུལ་བཞིན་དགོས་རྒྱུ་མ་ཟད།   ཞིབ་པ་ས་སྦྲུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནང་བའི་བཅའ་ཡིག་དང་།   ཤིང་སྟག་མཐུན་གྲུབ་བཅའ་ཡིག་ལ་ཕོ་ལྷ་བའི་འགོ་མཆན་གྱིས་ཟུར་བརྒྱན་ཏེ་ལེགས་སྤེལ་ཉེས་བསུབ་བསྲེགས་བཅད་བརྡར་གསུམ་གྱིས་བསྟན་འགྲོའི་ཕན་བདེའི་ལམ་དུ་ལྷོངས་པ་བཅས་ཆོས་སྲིད་བླང་དོར་འཛོལ་མེད་ཡོང་བ་གྱིས།  །
ཞེས་པ་འདི་ཡང་པད་དཀར་འཆང་བའི་སྐྱེ་ཕྲེང་བཅུ་གསུམ་པ་ཤཱཀྱའི་དགེ་སྦྱོང་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ་ ༡༩༢༨ ཟླ་ ༡༡ པའི་ཚེས་ ༡༥ དགེ་བར་ནོར་གླིང་བདེ་སྐྱིད་ཀུན་དགའ་འཁྱིལ་བའི་སྐལ་བཟང་ཕོ་བྲང་ནས་བྲིས།  ཞེས་གོས་སེར་ཐོག་བྲིས་ཏེ་བོད་ལྗོངས་ལྷ་མིས་ཕུལ་བའི་བསྩལ་རྒྱུ་ཞུས་ན་འཐུས་མིན་སྙན་ཞུ།།   །།

རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དགོན་གྱི་བཅའ་ཡིག་ཁ་སྐོང་།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྩལ།

         མཐོང་སྨོན་དྭགས་པོ་གྲྭ་ཚང་གི་བཅའ་ཡིག་བསྐྱར་ཞུའི་ས་བོན།

        ༼ དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ།༽

                  ཨོཾ་སྭསྟི་པྲ་ཛ་བྷྱ།
ཀུན་རྨོངས་འཁྲི་ཤིང་གཅོད་ལ་རལ་གྲིའི་གཉེན། །
ཀུན་གཟིགས་དྲང་སྲོང་ཆེན་པོ་ཟས་གཙང་སྲས།  །
ཀུན་ཏུ་དང་བའི་ཡིད་ཀྱིས་ལན་བརྒྱ་རུ།  །
ཀུན་མཁྱེན་མ་ཐོབ་བར་དུ་ཕྱག་བགྱི་འོ།   །

འཁོར་བའི་ཉེས་པས་མ་ཕམ་མི་ཕམ་མགོན།  །
མི་ཤེས་མུན་པའི་གཤེད་པོ་འཇམ་དཔལ་དབྱངས། །
རྒྱལ་ཀུན་བསྐྱེད་དང་རོལ་མཛད་དབྱངས་ཅན་ལྷ། །
རྣམ་གསུམ་ཡིད་ཀྱི་པད་མཚོར་དགྱེས་པར་རོལ།  །

རྣམ་དཔྱོད་ཞོ་འཐུང་རུས་པའི་རྩེ་བརྒྱ་ཡང་།  །
ཡང་དག་ལྷ་ལ་རྒོལ་བའི་རི་བོའི་རྐང་།  །
སྤྱོད་མཛོད་འཕགས་ཡུལ་མཛེས་བྱེད་རྒྱན་དྲུག་པོ།  །
སྙིང་དབུས་འོད་ལྔའི་ཀློང་དུ་རྟག་བཞུགས་གསོལ།  །

སྐྱེ་བར་གོམས་པའི་རྣམ་དཔྱོད་གོམ་གཅིག་གིས།  །
རབ་འབྱམས་ཤེས་བྱའི་མཐའ་ཀུན་གཞལ་བའི་ཚེ།  །
རྒྱ་བོད་མཁས་རློམ་ཕལ་གྱི་ཁེངས་པའི་རི།  །
བསྙིལ་མཛད་རྔོག་ལོ་ཁུ་དབོན་ཕྱག་གི་གནས།  །

སྲིད་པའི་ཕུན་ཚོགས་སྟོང་གིས་མི་ཁུག་པའི།  །
སྲིད་པའི་འགྲོ་ལ་རྗེས་བརྩེའི་སྙིང་རྗེའི་གཏེར།  །
སྲིད་གསུམ་འགྲོ་བའི་འདྲེན་མཆོག་ས་སྐྱ་པར།  །
སྲིད་པ་ཀུན་ཏུ་གུས་པས་ཕྱག་བགྱི་འོ།  །

མཚན་དཔེའི་གཟི་བྱིན་འབར་བའི་གཟུགས་སྐུའི་ཟླ།  །
འཇམ་མགོན་ཐུགས་རྗེའི་ཉ་རྒྱས་ཡོངས་གང་བ།  །
བློ་གསལ་ཀུན་དའི་གཉེན་གཅིག་ལོ་ཙཱ་བ།  །
ཀུན་དགའ་རྒྱལ་མཚན་ཞབས་ཟུང་གཙུག་ཏུ་རོལ།  །

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི།  །
ཐུགས་རྗེའི་བདུད་རྩི་རྒྱ་མཚོ་ལས་འཁྲུངས་པའི།  །
པད་མ་དཀར་འཆང་གངས་ཅན་འགྲོ་བའི་མགོན།  །
བློ་བཟང་རྒྱ་མཚོའི་ཞབས་ལ་གུས་པས་འདུད།  །

རྣམ་དཔྱོད་དགེ་མཚན་གཡས་སུ་འཁྱིལ་བའི་དཔལ།  །
བཀྲ་ཤིས་དབྱངས་སུ་ལེན་པ་སྐྱ་ལྔའི་དུང་།  །
ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་བོ་ཆེ།  །
མཚུངས་མེད་དཔལ་ལྡན་བླ་མ་གཏན་གྱི་སྐྱབས།  །

ངེས་འབྱུང་ཁྲིམས་ཀྱི་རྩ་བ་རབ་བརྟན་ཅིང་།  །
ཐོས་བསམ་སྒོམ་པའི་ཡལ་འདབ་ཁུར་གྱིས་ལྕི།  །
ཟབ་དོན་འབྲས་བུའི་དོག་པ་གཡུར་ཟ་བའི།  །
འདུས་ཚོགས་དཔག་བསམ་དབང་པོ་ཕྱག་གི་གནས།  །

དམ་ཉམས་ཁྲག་གིས་མྱོས་པའི་བཞད་སྒྲ་དང་།  །
ཞིང་བཅུའི་དགྲ་བོར་ཁྲོས་པའི་འཇིགས་པའི་ཉམས།  །
མཐོང་ཚེ་ཁྲོ་ཚོགས་གཞན་གྱི་ལག་གི་མཚོན།  །
འཆོར་ནུས་མཧཱ་ཀཱ་ལས་འདི་དོན་སྒྲུབས།  །

བསམ་པས་འདོད་པའི་དོན་སྒྲུབ་རིག་བྱེད་མ།  །
བསམ་འཕེལ་དབང་གི་རྒྱལ་པོ་ཚོགས་ཀྱི་བདག  །
བསམ་དོན་ཡིད་བཞིན་སྒྲུབ་མཛད་འདོད་པའི་རྒྱལ།  །
དམར་ཆེན་གསུམ་གྱིས་འདོད་རྒུ་ཆར་དུ་བསྙིལ།  །

དམར་པོ་བྱས་པ་ཁྱོད་ཀྱི་གདོང་དང་ལག  །
ཞིང་བཅུའི་དགྲ་བོ་བསད་པའི་ཁྲག་རྒྱུན་གྱིས།  །
བརྟུལ་ལོ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ།  །
བསྟན་སྲུང་བསེ་ཁྲབ་ཅན་གྱིས་མཐུ་སྟོབས་སྩོལ།  །

   ཅེས་མཆོད་པར་བརྗོད་ནས་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་དེ་ཉིད་འཛིན་སྐྱོང་སྤེལ་བ་དགེ་འདུན་གྱི་སྡེ་ལ་རག་ལུས་པས།     འདིར་སྐབས་སུ་བབས་པ་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གསང་ཕུ་ནེའུ་ཐོག་རྔོག་ལོ་ཁུ་དབོན་གྱི་རྗེས་སུ་ཉེ་བར་བརྒྱུད་པའི་ཆོས་རྗེ་དཀོན་མཆོག་བཟང་པོ།    རྗེ་ཤེས་རབ་སེང་གེ    དྭགས་སྟོན་བཀྲ་ཤིས་རྣམ་རྒྱལ།     ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་བཅས་ཀྱིས་ཞབས་བཅག་བྱིན་རླབས་ཕྱག་ནས་འཐོར་བའི་ནང་ཚན།    རིག་འཛིན་པདྨ་ཀ་རས་ལུང་བསྟན་པའི་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་ནས་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོས་བསྐུལ་བའི་དགོན་འདི་ལེགས་པར་བསྐྱངས་ནས་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་ཞེས་མིང་བསྩལ་འབྲེལ་བཞིན་སྔར་སྲོལ་ལུགས་བཟང་མི་ཉམས་གོང་འཕེལ་ཆེད་འདུས་སྡེའི་ཚོགས་ལ་སྡེ་སྣོད་རིན་པོ་ཆེ་རྣམ་གསུམ་དང་འབྲེལ་བའི་བླང་དོར་གྱི་བཅའ་སྒྲིག་ཡི་གེར་སྤེལ་བ་ལ།
ཐོག་མར་དགོན་འདིར་སོ་ཐར་སྡོམ་པ་ཐོབ་པའི་རྟེན་རུང་མིན་ཁང་ཚན་སུ་ཡིན་གྱི་དགེ་རྒན་ནས་ལེགས་པར་བརྟགས་ཏེ་རུང་ཚེ་མཁན་པོར་བསྔོ་རྟེན་ཁ་བཏགས་དང་དངུལ་ཞོ་གསུམ་བཟང་ཇ་སྤོར་བརྒྱད་དང་།    མར་ཀོ་མེད་སྤྱི་ཉག་བཅུ་དྲུགདབུ་ཆོས་སྣེ་བཞག་དངུལ་སྐར་ལྔ་རེ།    གཉེར་པར་ཤིང་རིན་དངུལ་ཞོ་གསུམ།  སླར་བསྟན་བཤིག་མི་བྱེད་པའི་སྤྱི་སྒྲིག་གན་རྒྱ་ཁག་འབྲེལ་གྱི་མཐའ་འདོམས།    སྔོན་ནས་སྡོམ་པ་ཐོབ་ཟིན་པ་ཡིན་ན་མ་གཏོགས་དགེ་ཚུལ་སློང་གི་སྡོམ་པ་མ་ཐོབ་པར་ཟླ་བ་གསུམ་ལྷག་བསྡད་མི་ཆོག    བཅའ་ཁྲིམས་དམ་ཆོས་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་བཞིན་མཁན་སློབ་དགེ་བའི་བཤེས་གཉེན་ཚད་ལྡན་ནས་སློབ་སྟོན་ལེགས་པར་བྱས་པ་རྣམས་ཐར་པ་དོན་གཉེར་ཤ་སྟག་བྱེད་དགོས་རྒྱུ་ལགས།    བསྟན་པའི་རྩ་བའམ་ས་གཞི་ལྟ་བུ་གཞི་གསུམ་གྱི་ཆོ་ག་དང་འབྲེལ་ཆོས་ཐོག་བརྒྱད།   གསང་ཕུ་དབྱར་ཆོས་ཐེ་བའི་ཆོས་ཐོག་དགུ་ལ་གཞུང་ལུགས་བགྲོ་གླེང་དང་།    སྔགས་ལུགས་རྒྱུད་སྡེ་གོང་འོག་སྟེ་དཀྱིལ་འཁོར་སྒྲུབ་མཆོད།    མ་ཎི་རིལ་སྒྲུབ།    རྒྱལ་བའི་བཀའ་འགྱུར་སྒྲོག་རྒྱུ།   སྒྲོལ་མ་འབུམ་ཐེར།   ཆོས་སྲུང་གི་སྒོ་ནས་གཏོར་སྒྲུབ་ཟོར་འཕེན།    ཆོ་འཕྲུལ་ཟླ་བར་སྨོན་ལམ་དང་འབྲེལ་བའི་བཅོ་ལྔ་མཆོད་པ་བཅས་ཀྱི་དུས་མཆོད་ཚོགས་དགོས།   གཎྜི་འཁར་རྔ་དུང་བཅས་ཀྱི་བརྡ་བྱུང་འཕྲལ་མཉམ་ཚོགས་ལས་སྔ་ཕྱི་མི་ཆོག    གལ་སྲིད་མཇུག་ལུས་ཚེ་དགེ་བསྐོས་ནས་སྡོད་ཚོད་མ་བྱས་བར་ཕྱག་འཚལ།   འདུག་སྟངས་སློབ་གྲྭ་སྟོན་བྲལ་གཉིས་ཀྱི་སྲོལ།  བཀའ་རམས་པའི་མིང་བཏགས།  བསྡུས་གྲྭ་བ་རྣམས་འཛིན་གྲྭ་མཐོ་དམའི་རྒན་རིམ་གྱིས་སྡོད་པ་ལས་རྐང་པ་སུ་མགྱོགས་མི་བྱེད་པའི་རྣམ་སྣང་ཆོས་བདུན་གྱིས་ཚུལ་མཚུངས་འདུག་དགོས།  ཟས་གོས་འདུལ་བའི་བཅའ་གཞི་ལས་འགལ་བའི་ལོག་ཟས།  གོས་ཡ་མ་ཟུང་།  གྲི་རིང་།  སྐྲ་རིང་།  ལྕགས་རི་གཡས་གཡོན་རྡོ་གཅལ་ནང་བཅས་པར་གཟན་ཤམ་མེད་པ་དང་།  ཀི་སྭོའི་ཅ་ཅོ།  ཕན་ཚུན་དབྱེན་འཁྲུགས་སོགས་ཀྱི་རྩིང་སྤྱོད་དང་།  འགྲོ་ལུགས་དགེ་སྦྱོང་ཁྱུ་འགྲོས་ལྟར་ལས་ཕར་སྤྱང་ར་ལུག་ལྟ་བུའི་འགྲོ་ངན་མི་ཆོག     བཅང་བྱའི་གཙོ་བོར་གསུངས་པའི་ཚོགས་ཕྱི་ནང་གང་སར་གདིང་བ་མེད་པ་དང་།   ངར་སྣབས་མཆིལ་མ་ཁ་ཞག་སོགས་གཙང་ཁང་དུ་བོར་བ་འདི་ཉེ་ཚེའི་དམྱལ་བར་སྐྱེ་བའི་ཉེས་པ་ལྕི་ཆེ་གསུངས་པ་མ་ཟད།  དྲི་ངན་ཞིང་ཚོགས་གདན་མཆོད་རྫས་སོགས་ཆུད་ཟ་བར་འགྲོ་གཞིར་མ་སོང་བས་ཁ་ཤལ་མཛེས་ཞལ་མངོན་ཆུང་གིས་བླུགས་ནས་ཁུ་བ་གཙང་ཁང་དུ་མི་བོར་བ་དང་།  གདིང་བ་ངེས་པར་བཅངས་དགོས་པ་བཅས་གོང་གསལ་འགལ་རིགས་བྱུང་ཚེ་མཁན་ལས་ཆོས་ཁྲིམས་ནས་འཕྲལ་འཕྲལ་བབས་བཀོད་དགོས་རྒྱུ།  དབོན་ཆོས་མཛད་སོགས་ལ་ཇ་ཐུག་བདུན།  སློབ་དཔོན་དགུ་ཚན་དོད།     དབུ་ཆོས་འགྲོ་ཁུངས་སྣེ་བཞག    སྤྱི་འབུལ་དངུལ་སྲང་སུམ་ཅུ་སྐོར་དང་འགྱེད་དངུལ་ཚར་གང་རིགས།  ལག་བདེ་གྲལ་འགོར་གོ་མཚུངས་ཞིག་ལ་འཇོག   ཆོས་རའི་གཎྜི་བརྡུང་འཕྲལ་བླ་གྲྭ་མཉམ་ཚོགས།  ལོ་བསྟོད།  ཕར་ཚད་བརྒྱུད་པའི་གསོལ་འདེབས་རྣམས་མཉམ་འདོན་དང་སློབ་དཔོན་པས་ཀུན་མཁྱེན་རྣམ་གཉིས་ཀྱི་ཡིག་ཆ་གཙོར་བཟུང་ནས་གཞུང་བཀའ་པོད་རང་གཞན་གྱི་གྲུབ་མཐའི་ཐོག་ནས་མ་རྨོངས་པར་བློ་འཛིན་བཀའ་རམས་ནས་བསྡུས་ཆུང་བར་འཛིན་ཆོས་ནན་ཏན་སྐྱེས་ནས་གཏོང་།  གཞུང་པ་དང་བསྡུས་རྭ་བས་བགྲོ་གླེང་གིས་བརྒལ་བརྟག་སོགས་མང་པོ་བྱེད།  གུང་ཆོས་ལ་བརྒྱད་སྟོང་དང་གསེར་འོད་པོད་རེ་འགྲོ་ངེས་གཏོང་དགོས།   དགོང་ཆར་སྒྲོལ་འདོན་འདི་བསྟན་འགྲོ་སྤྱི་སྒོས་ཀྱི་བགེགས་བར་ཞི་བྱེད་གཙོ་ཆེ་བས་སྐྱབས་སེམས་སྔོན་འགྲོ།  སྒྲོལ་མ་ཉི་ཤུ་རྩ་གཅིག  མཚན་བརྗོད།  གདུགས་དཀར།ལོ་བསྟོད།   གོང་མ་རྣམ་ལྔའི་བསྟོད་པ།  གོང་ས་མཆོག་གི་ཞབས་བརྟན།  དྭགས་སྟོན་བཀྲ་ཤིས་རྣམ་རྒྱལ་སོགས་དེ་གའི་བླ་བརྒྱུད་གསོལ་འདེབས།  སྲུང་མའི་བསྟོད་ཕྲིན།  ཤེར་སྙིང་།  ཚེ་གཟུངས་བཅས་འགྲོ་ཆེ།  ཚོགས་ཕྱི་ནང་བར་གསུམ་ཐ་ར་ཐོ་ཆོས་བགྲོ་གླེང་བར་སྒྲིག་སྣ་དྲུག་ལ་ཚང་མས་ཐེག་པ་ཁུར་བླངས་ལས་ཁྲལ་མངོན་སླ་བཅོས་མི་ཆོག  སློབ་གཉེར་ལ་འཇུག་ལུགས་ཀྱང་ཁ་དོག་དཀར་དམར་ནས་བཟུང་སྔ་མ་སྔ་མ་སྔོན་སོང་ནས་ཕྱི་མ་ཕྱི་མར་འཇུག་པ་ལས་རྩ་བ་མེད་པའི་རྩེ་མོ་མི་སྙེགས།  བསྡུས་ཆེན་ཐོག་ནས་མཁན་པོས་བསྡུས་རྭ་དང་ཆོས་སྤྱོད་ཡོང་ཚད་བརྟགས་ནས་སུ་ཡོང་གཞུང་རྒྱུགས་སུ་བསྐྱུར་བཅུག་པའི་གླིང་སེ་བཀའ་བཅུའི་མིང་བཏགས།  བཀའ་རམས་གྲལ་སྟོན་དང་ཚོགས་གསོག་པ་བཅས་སྔར་རྒྱུན་ཉམས་མེད།  ཀློག་འདོན་ཆོས་སྤྱོད་ཀུན་རིག་ཆོ་གའི་རྒྱུགས་སྤྲོད་ཆོས་རྒྱུགས་བརྒྱད་སྟོང་སྤོས་རིང་ཚད་ཀྱི་ལེན་པ་དང་།  རྒྱུགས་མ་སྤྲད་བར་ཀུན་རིག་ཆོ་ག་ཆོས་འདོན་བཞི་སྡེ་བཅས་ལ་རྒྱུགས་སྤྲད་པས་མ་འདང་ན་མ་གཏོགས་སྒེར་འབོད་གཞུང་གཏོང་གང་ཡང་མི་ཆོག  ཆོས་འདོན་བཞི་སྡེ་དགེ་བསྐོས་ནས་ཤག་སྐོར་གྱིས་གཏོང་།  གྲོང་ཆོག་སོགས་དགེ་བསྐོས་མེད་སྐབས་དེ་གའི་རྒན་པས་དགེ་ཆོས་བྱས་ནས་གུང་སེང་ལོག་ཚོད་སྔ་ཕྱི་འགྲོ་སྡོད་ཡོན་བདག་མི་མོས་པའི་ལས་མི་བྱེད།  ཕོགས་འགྱེད་ཚ་ར་སོགས་སློབ་དཔོན་ལ་སུམ་སྐལ།  དབུ་ཆོས་སྨོན་ལམ་དམ་བཅའ་ཇ་མ་བཅས་ལ་འགྱེད་ཚ་ར་ཉིས་སྐལ།  དུང་མཁན་ཚ་ར་ཉིས་སྐལ།  བླ་བྲང་སྐྱོགས་ཚད་བརྒྱད།  སྤྱི་གཉེར་སྐྱོགས་ཚད་ལྔ་རེ།  ལས་སྣེ་གཏོང་གཞི་འཛིན་མི་མ་གཏོགས་ཁེ་ཚོང་བུན་སྐྱེད་རྟ་བོང་སོགས་གཏན་གསོས་མི་ཆོག  ནག་མོའི་རྒྱུ་འཕྲུལ་འདི་དགོན་ནང་དུ་ཞག་སྡོད་ལྟ་ཅི་ཐོ་ཁུངས་ཚུན་ཡོང་མི་ཆོག་པས་སྐྱ་བོ་ཡང་དགོངས་པ་ཞུ་སྦྱིན་དགོས།  བསྟན་པའི་རྩ་བ་འདུལ་བ་ནས་གསུངས་པའི་གཞི་ཚུལ་ཁྲིམས་ཀྱི་གཙོ་བོར་གྱུར་པའི་རྩ་བ་བཞི་ལས་འགལ་ཚེ་ཉེས་པ་ངོས་ལེན་ལ་གནས་དབྱུང་གིས་ཉེས་འབབ་གསེར་སྲང་དང་།  གསར་ཇ་འགྲོ་ལམ་ཆོས་ཚབ་འཕྲལ་འཛུགས་ཕལ་ཆེན་སྡེ་ལུགས་རྩ་བར་གསུངས་པའི་ཆང་འདི་ཉེས་ཚབས་ཆེ་བར་བརྟེན་སྔོན་ནས་ཧྭ་སྐོར་དམ་ར་ཚག་བསྣན་བྱེད་རྒྱུ་རྣམས་ཉམས་མེད་དེ་ལས་འགལ་ཚེ་ཉེས་འབབ།  གྲི་མཚོན་རྡོ་རྒྱུག་སོགས་ཀྱི་རྨ་ཁ་ཁྲག་ཤོར་སོགས་ལ་བརྐྱང་ཕྱག  རྒྱབ་ལང་འཚོ་འཛིན་བྱེད་མིར་གསེར་ཞོ།  ཤོ་སྦག་རྩེད་འཇོའི་གྲོང་ནང་བག་གཡེང་བྱེད་མི་རྣམས་འཕྲལ་འཕྲལ་བཅུན་ཐོག་བསྐུམས་ཕྱག་ཁྲི་ཚར་བཅས་སྒྲུབ་འགེལ་དགོས་རྒྱུ་མ་ཟད།  གཙང་ཁང་སྟེང་ཤོད་བར་གསུམ།   ལྷ་ཁང་ལེ་ལག  མགོན་ཁང་ཁག  གྲྭ་ཤག་རྡོ་གཅལ་ཤར་ནུབ་བཅས་ལ་གཙང་སྦྲ་གང་ཆེའི་འཛིན་སྤྲས་ལེ་ཤོར་མེད་པ་དགོས་རྒྱུ།   ད་ཕན་འཛིན་བཞིན་བདག་པའི་འབྱེད་གསལ་ཆོས་ཐེབས་འཛིན་དབང་གིས་མཚོན་དགོན་གྱི་ཕྱི་ནང་སྤྲོད་རིགས་ཆེ་ཕྲ་མཐའ་དག་ལ་སློབ་དཔོན་ལས་སྣེ་འཕོ་མཚམས་སོ་སོར་དཔེ་གཞི་རྩ་འཛིན་གྱིས་སྤྲོད་ལེན་ཚུལ་བཞིན་དགོས་རྒྱུ་མ་ཟད།   ཞིབ་པ་ས་སྦྲུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྩལ་བའི་བཅའ་ཡིག་དང་།  ཤིང་སྟག་མཐུན་སྒྲུབ་བཅའ་ཡིག་ལ་མི་དབང་ཕོ་ལྷས་བསྩལ་བའི་འགོ་མཆན་སོགས་ཀྱིས་ཟུར་བརྒྱན་ཏེ་དཀར་ནག་བདེན་འཛིན་གྱིས་གཉེར་བཀའ་གུར་མགོན་ལྕམ་དྲལ།   གཉན་མགོན་ཞལ་བཞི་པ། རྒྱལ་ཆེན་བསེ་ཁྲབ།  ཆོས་རྒྱལ་སྐུ་ལྔ་ལ་སོགས་པ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལས་བཞིའི་གདོང་གྲོགས་དགོས་པ་བཅས་ཀྱི་བཅའ་ཡིག་ཞུ་སོན་དུ་ཕུལ།།   །།

རྣམ་རབ་ངག་མིང་པ།

བརྒྱུད་སྐུལ།

མཆན་སྤེལ།