རྣམ་རབ་ལུང་པའི་གནས་དང་གནའ་ཤུལ་ཁག་གི་ངོ་སྤྲོད་མདོར་བསྡུས།

 རྣམ་རབ་ལུང་པའི་གནས་དང་གནའ་ཤུལ་ཁག་གི་ངོ་སྤྲོད་མདོར་བསྡུས།

 

             རྣམ་རབ་མཁན་མིང་ངག་ཐུབ་ནས།

རྣམ་རྒྱལ་རབ་བརྟན་གཡང་ཆགས་འཛིན་མའི་གཞིར།  །

རྒྱུ་བའི་ལུས་ཅན་ཀུན་སྐྱོང་དྲེགས་པ་ཆེ།   །

ལྷ་མཆོག་འོད་ལྡན་དཀར་པོ་འཁོར་བཅས་ལ།  །

གསོལ་བ་འདེབས་སོ་མཆོག་མཐུན་དངོས་གྲུབ་སྩོལ།  །

རྣམ་རབ་དྭགས་གྲྭའི་གསེར་སྐྱེམས་ལས་བཏུས་ནས་བཅོས།

དེ་ཡང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་འདིར་སྔོན་དུས་སྐྱེས་ཆེན་གྲངས་ལས་འདས་པ་བྱོན་ཕེབས་གནང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པ་སྤྱི་དང་།   བྱེ་བྲག་རང་རང་སོ་སོའི་ལྟ་གྲུབ་དྲི་མ་མེད་པ་དར་སྤེལ་གནང་སའི་དགོན་གནས་དུ་མ་ཡུལ་འདིའི་སྟོད་སྨད་བར་གསུམ་གང་སར་ཕྱག་བཏབ་སྟེ་བྱིན་གྱིས་རློབས་པར་མཛད་པ་རྣམས་ཀྱི་ནང་ནས་འདིར་སྐབས་སུ་བབས་པ་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ།   བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ།   སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་སྟེ་ས་དུམ་བུ་གསུམ་དུ་ཕྱེ་བའི་ནང་ཚན་བར་དབུས་གཙང་རུ་བཞིར་གཙང་ན་གཡས་རུ་དང་།   གཡོན་རུའམ་རུ་ལག་གཉིས།   དབུས་ན་དབུ་རུ་དང་གཡོ་རུ་གཉིས་སུ་གྲགས་པའི་གཡོ་རུའི་ས་ཆར་གཡོར་པོ་འཕྱིང་རུ་དང་།  གཡོར་པོ་གཞུང་།   གཡོར་པོ་དོལ་སོགས་ནང་གསེས་ལུང་ཚན་དུ་མ་ཡོད་པ་ལས་འདིར་གཡོར་པོ་གཞུང་ངམ་རྣམ་རབ་ལུང་པ་ཞེས་ལུང་གཤོངས་ཁ་བྱང་ལྷ་ལྡན་ཡུལ་ལ་ཕྱོགས་ཤིང་དེའི་ནང་རྣམ་རབ་ཕུ་མདའ་བར་གསུམ་གཙོ་བོར་གྱུར་པ་ལུང་ཆུང་འགའ་ཞིག་དང་།   གྲོང་ཚོ་བཅུ་ཕྲག་ལྷག་ཙམ་གཞིས་ཆགས་པ་སྟེ་རྣམ་རབ་ཕུར་ཁ་ལྷོར་བལྟས་ནས་བརྩིས་པའི་དབུས་ལྷ་རིའི་གཡས་ཕྱོགས་སུ་ཟངས་དཀར་དང་རྫིང་ཁ་སྟེ་རང་བྱུང་གྲོང་ཚོ་གཉིས་དང་།   གཡོན་ཕྱོགས་སུ་བློ་རྩ་དང་རི་ཆུང་སྒང་གི་གྲོང་ཚོ་ཆུང་བ་གཉིས།   དེའི་འོག་ཏུ་ཆོས་ཁང་དང་ལྷ་ཡུལ།   རྣམ་རབ་ལུང་པའི་དབུས་ཀྱི་སྟོད་ཕྱོགས་སུ་སྨོན་གྲོང་དང་དེའི་འོག་རྣམ་རབ་ཞོལ།

 

གཡས་ཕྱོགས་ཀྱི་ལུང་ཆུང་ནང་སྤྲེ་ཤིང་གྲོང་ཚོ་སྟོད་སྨད་གཉིས།   ཤར་ངོས་ཀྱི་རི་འདབས་སུ་རིམ་པར་ཤར་འབྲས་༼    ཁྲིས་  ༽  དང་རི་གཤོངས།   གཡོན་ཕྱོགས་ཀྱི་ལུང་ཆུང་ནང་བོག་གྲོང་ཚོ་དང་།   དེའི་འོག་གི་རི་འདབས་སུ་རིམ་པར་གྲོང་རྙིང་སྟོད་སྨད་གཉིས།   རྣམ་རབ་ལུང་པའི་མདའི་གཡས་ཕྱོགས་སུ་འབོལ་སྣང་གྲོང་ཚོ་དང་།   གཡོན་ཕྱོགས་སུ་ཐར་པ་གླིང་།   དབུས་སུ་རྣམ་རྒྱལ་གླིང་དང་སྒང་བརྒྱུད་གྲལ་དུ་བསྟར་པ་བཞིན་གནས།   ཡུལ་འདིར་ཤིང་སྣ་ཕུན་སུམ་ཚོགས་པས་ཡལ་འདབ་ཅི་དགར་ལྡེམ་པ།   འབྲུ་རིགས་དང་ཡུལ་ཟོག་སྣམ་བུའི་རིགས་ཐོན་ཁུངས་ཅུང་བཟང་བ།   ཕ་མེས་དང་ཡང་མེས་ཀྱི་སྲོལ་ལུགས་བཟང་པོ་ས་ཁྱབ་རྡོ་ཁྱབ་ཏུ་དར་བ།   ཡུལ་མི་རྣམས་རྣམ་དཀར་དགེ་ལས་ལ་འབད་འབུངས་ཆེ་བ་མ་ཟད་ཕན་ཚུན་བརྩི་བཀུར་ཆེ་བའི་ཐོག་རྒྱུན་དུ་སྙན་འཇེབས་ལྡན་པའི་གླུ་གཞས་སྤྱི་དང་།   ལྷག་པར་དུ་སྲོལ་རྒྱུན་གྱི་སྒོར་གཞས་དང་རྟ་ཐུང་གཞས་ཆེན་སོགས་ལ་ཅི་དགར་རོལ་བ།   སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་སློབ་དཔོན་པདྨ་འབྱུང་གནས་དང་།   མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།   སེར་ལུང་གི་དགེ་བཤེས་སྒྱེར་ཆུང་བ།   རྗེ་བཙུན་མི་ལ་རས་པ།   རྔོག་ཆོས་སྐུ་རྡོ་རྗེ།   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།   རྭ་ལོ་ཙཱ་བ་རྡོ་རྗེ་གྲགས།   དྭགས་སྟོན་བཀྲ་ཤིས་རྣམ་རྒྱལ།   དཔལ་ས་སྐྱའི་བདག་ཆེན་གོང་མ་རིམ་བྱོན།     གོང་དཀར་རྡོ་རྗེ་གདན་པ།   ཆོས་རྒྱལ་གདུང་བརྒྱུད་ཨེ་ལྷ་རྒྱ་རི།   སྡེ་སྲིད་སངས་རྒྱས་རྒྱ་མཚོ།   རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན།   གཟིམ་འོག་རིན་པོ་ཆེ་དང་བཅོ་བརྒྱད་ཁྲི་པ་རིམ་བྱོན།   ངོར་མཁན་ཆེན་རིམ་བྱོན།   འབྲུག་ཆེན་རིན་པོ་ཆེ།   ཆོས་འཁོར་རིན་པོ་ཆེ།   འཇམ་དབྱངས་མཁྱེན་བརྩེ་དབང་པོ།   འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།   ཡར་ཀླུང་དབོན་རིན་པོ་ཆེ།   མཁན་ཆེན་ངག་བློ་རིན་པོ་ཆེ།   འཇམ་དབྱངས་བློ་གསལ་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་བྱོན་ཕེབས་མཛད་ནས་བྱིན་གྱིས་བརླབས་གནང་བའི་ཡུལ་མཆོག་འདིར་དགོན་གནས་གཙུག་ལག་ཁང་དང་གནས་ཤུལ་ཁག་མང་པོ་ཡོད་པ་རྣམས་ཀྱི་ངོ་སྤྲོད་ཅུང་ཟད་ཞུ་ན།

དེ་ཡང་ལུང་པ་འདིའི་བྱང་ཤར་མཚམས་ན་ཆགས་པའི་གོང་དཀར་རྫོང་གསར་པའམ་སྐྱིད་གཤོངས་རྭ་བ་སྨད་དགོན་ནས་ལྷོ་ནུབ་མཚམས་སུ་སྤྱི་ལེ་གསུམ་བཞི་ཙམ་བསྐྱོད་པའི་གནས་འབོལ་སྣང་གྲོང་ཆུང་༼    ཧུང་ཤིང་གྲོང་ཚོ་  ༽  ནས་ཤར་ལྷོའི་ཕྱོགས་སུ་ཅུང་ཟད་སོང་ན་ནག་སྒོར་ཕུ་ཚན་ཆེན་མོ།   གཡས་ཕྱོགས་སུ་ནག་སྒོར་དགོན་གསར།   རི་སྟེང་དུ་བཙུན་དགོན་བཅས་སུ་སྔོན་དུས་བོད་མིའི་ཁ་རྒྱུན་དུ་བོད་ཕྱེད་འབྲུག   འབྲུག་ཕྱེད་སྤྲང་།   སྤྲང་ཕྱེད་གྲུབ་པ་ཞེས་འབོད་སྲོལ་ཡོད་པ་ལྟར་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་བའི་སྐབས་བཞེངས་གནང་མཛད་པའི་དཔལ་ལྡན་འབྲུག་པའི་བཞེད་སྲོལ་དྲི་མ་མེད་པ་ཉམས་བཞེས་གནང་སའི་དགོན་གནས་གསུམ་ཡོད་པ་དེ་དག་སྔོན་དུས་སོག་པོ་ཇུན་གར་བའི་དམག་གིས་ཡུལ་འདིའི་ནང་གི་བཀའ་བརྒྱུད་པའི་དགོན་པ་ཕལ་མོ་ཆེ་མེར་བསྲེགས་བཏང་ནས་བྱེ་རག་ལ་བརྒྱུད་ལྷ་སར་ལོག་འགྲོ་བའི་ལམ་བར་ནས་ཡུལ་འདིར་ཕྱིར་མིག་བལྟ་སྐབས་ནག་སྒོར་བཙུན་མོའི་དགོན་པ་ནས་དུ་བ་ནམ་མཁའ་ལ་འཕྱུར་བ་མཐོང་འཕྲལ་དེ་མ་ཐག་ཇུན་དམག་རྣམས་ཀྱིས་ཕྱིར་ལོག་བརྒྱབ་ནས་དགོན་པ་མེར་བསྲེགས་བཏང་བའི་གནས་ཤུལ་དང་།   དེ་ནས་ལྷོ་ནུབ་ཕྱོགས་སུ་ལ་བརྒྱབ་ནས་སྤྱི་ལེ་གཉིས་ཙམ་རྣམ་རབ་ལུང་པའི་ནང་དུ་ཚུར་ཡོང་བ་ན་རོག་རོག་ཅེས་པའི་ལུང་གཤོངས་ནང་ས་འབུམ་དཀར་པོ་ཡོད་པའི་འོག་ནས་རྭ་ལོ་ཙཱ་བའི་ཕྱག་ཚྭ་ཡིན་པར་གྲགས་པའི་བྱིན་ཅན་གྱི་སྭཙྪ་འགའ་ཞིག་ཐོན།

དེ་ནས་ལྷོར་ཅུང་ཟད་བསྐྱོད་པ་ན་རི་གཤོངས་གྲོང་གི་དཀྱིལ་དུ་གཞིས་ཆགས་པའི་འབྲུག་བདེ་ཆེན་ཆོས་འཁོར་གྱི་དགོན་ལག་ཡིན་པའི་ལྷ་མོ་ཁང་ཞིག་དང་།   དེའི་ཤར་ཕྱོགས་རི་བོ་གནམ་ལ་འགྱིང་བའི་ཉེ་འགྲམ་དུ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་ཉམས་བཞེས་མཛད་པའི་སྐྱེད་ཚལ་དགོན་འདི་བཞིན་སྔོན་དུས་རྣམ་རབ་དྭགས་གྲྭའི་དགོན་ལག་ཏུ་གཏོགས་ཀྱང་ད་ལྟ་གནའ་ཤུལ་ཙམ་ལས་མི་སྣང་།   དེ་ནས་ཡང་ལྷོ་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་བསྐྱོད་ན་ཤར་འབྲས་༼    ཁྲིས་  ༽    ལུང་པའི་ཤར་ཕྱོགས་ཀྱི་རི་ལྡེབས་སུ་ལྕང་ལོ་ཅན་ཞེས་ཆོས་རྗེ་བཀའ་བརྒྱུད་པའི་དགོན་གནས་རྒྱ་ཆེན་པོ་ཡོད་པ་ལ་སོག་པོ་ཇུན་གར་བའི་དམག་གིས་མེར་བསྲེགས་བྱས་པ་ད་ལྟ་དགོན་ཤུལ་རྒྱ་ཆེན་པོ་ཡོད།   ལྕང་ལོ་ཅན་གྱི་རྒྱལ་པོ་ཤར་འབྲས་༼    ཁྲིས་  ༽ ཡུལ་ལྷའི་ཉེ་འདབས་སུ་གནས་སྤོས་བྱས་ནས་ཡུལ་དེ་གའི་མི་སེར་རྣམ་པས་ལོ་ལྟར་བོད་ཟླ་བདུན་པའི་ཚེས་བཅོ་ལྔར་ཡུལ་མི་ཚང་མ་ལྷན་འཛོམས་ཐོག་བསང་གསོལ་རྒྱ་ཆེར་བྱས་ཟིན་རྗེས་རྒྱུ་ཟན་ནམ་སྤགས་ལས་གཡག་གི་གཟུགས་བཟོས་ནས་དགོང་དྲོ་དེ་ཉིད་དུ་གཏུབས་ཏེ་ཡུལ་མི་ཚོར་བགོ་བཤའ་བྱེད་པ་སོགས་མེས་པོ་གོང་མའི་སྲོལ་ལུགས་བསྐྱངས་ནས་དུས་ཆེན་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད།

དེ་ནས་ཤར་ལྷོའི་མཚམས་སུ་ལུང་ཆུང་ཁ་ནུབ་བྱང་ཕྱོགས་སུ་བལྟས་པ་དཔེ་ཤིང་ངམ་སྤྲེའུ་ཞིང་ལུང་པའི་བྱང་ངོས་སུ་སྤྱི་ལེ་གསུམ་ཙམ་བསྐྱོད་པ་ན་ཟླ་ལུང་གྲོག་རོང་ནང་སྤ་ཤིང་ཞེས་པའི་དགོན་ཤུལ་ཆུང་ངུ་ཞིག་དང་།   དེའི་ཉེ་འདབས་ཐུབ་པ་རིའི་རྐེད་མཚམས་སུ་རྔོག་ཆོས་སྐུ་རྡོ་རྗེའི་རིགས་བརྒྱུད་ཀྱི་སྲས་བཅུ་གསུམ་ཡོད་པའི་ནང་གི་སྲས་གཅིག་གི་ཞབས་རྗེས་དང་དེ་ནས་ཕུར་ཡར་ཅུང་ཟད་སོང་བ་ན་བག་ག་ཆེའམ་བྲག་དཀར་ཆེར་སྔོན་དུས་ཆོས་རྗེ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་པ་རྒྱ་ཆེན་པོ་ཡོད་ཀྱང་ད་ལྟ་དགོན་ཤུལ་ཙམ་ལས་ལྷག་མེད།   དེའི་ལྷོ་ཕྱོགས་གཞུང་རི་བོ་ཁྱུང་ལྡིང་ངམ་གཞུང་གདང་༼    སྟེང་  ༽ སྟེ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་གཙོ་བོ་བཞིའི་ཡ་གྱལ་གཞུང་གི་རྔོག་སྟོན་ཆོས་རྡོར་ཏེ་རྔོག་ཆོས་སྐུ་རྡོ་རྗེའི་༼   ༡༠༢༢་་་་་་་་༡༠༩༠ ༽ བཞུགས་གནས་ཁྱད་པར་ཅན་འདིར་ཐོག་མར་རྔོག་སྟོན་གང་ཉིད་སྐུ་འཁྲུངས་ས་དང་ཕྱིས་སུ་དམ་པ་ཉིད་ནས་བླ་མ་མར་པ་མཆོག་གནས་འདིར་སྤྱན་དྲངས་པའང་རྔོག་སྟོན་གྱི་རྣམ་ཐར་ལས་གསལ།

དེ་རྗེས་རྔོག་པའི་གདུང་རབས་རིམ་བྱོན་རྣམ་པས་གནས་འདིར་རྔོག་ལུགས་ཀྱི་དཔལ་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་འཆད་ཉན་རྒྱ་ཆེར་མཛད་པ་དང་འབྲེལ་ཕྱིས་སུ་རྙིང་མའི་དབུས་ཀྱི་གདན་ས་རྡོ་གླིང་དཔལ་གསུམ་གྱི་ཡ་གྱལ་རྡོ་རྗེ་བྲག་དགོན་གྱི་རིན་པོ་ཆེ་མཚམས་བསྙེན་སྒྲུབ་མཛད་ས་དང་གང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་གོས་དཀར་ལྕང་ལོ་ཅན་གྱི་འདུས་ཚོགས་ཆེ་ཆུང་བར་མར་གནས་པ་ཞིག་ཀྱང་དུས་འགྱུར་མ་བྱུང་བར་དུ་བཞུགས།   དེའི་འོག་གི་གྲོང་དཀྱིལ་དུ་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས་གསུངས་པ་ལྟར་རྔོག་ཀུན་དགའ་རྒྱལ་མཚན་གྱིས་སྦྱིན་བདག་སྤྲེའུར་འབོད་པ་དེའི་ཞིང་དཀྱིལ་དུ་ཕྱག་བཏབ་པའི་གཞུང་སྤྲེའུ་ཞིང་དུ་སྔོན་དུས་གཙུག་ལག་ཁང་རྒྱ་ཆེན་པོ་ཡོད་པའི་རྟེན་གཙོར་ལྷོ་བྲག་མར་པའི་སྐུ་དམར་གདུང་དང་།   ད་དུང་རྔོག་སྟོན་ཆོས་རྡོར་གྱི་རིགས་བརྒྱུད་ཀྱི་སྲས་གཅིག་གི་སྐུ་དམར་གདུང་ཡང་དུས་འགྱུར་མ་བྱུང་བར་གནས་འདིར་བཞུགས་ཀྱང་རིག་གསར་སྐབས་སྐུ་འབུམ་མཆོད་རྟེན་བཤིག་ནས་དམར་གདུང་ཕྱིར་འདྲེན་པའི་ཚེ་སྐུ་གདུང་ལ་རིང་བསྲེལ་དུ་མ་འཁྲུངས་པ་རྣམས་མི་མང་པོའི་ལག་ཏུ་སོན་སྐབས་སྐྱེ་བོ་དུ་མས་ཡ་མཚན་བྱེད་བཞིན་འདུག་ཅེས་རྒན་རབས་རྣམ་པས་གླེང་བར་མཛད།   དུས་འགྱུར་སྐབས་སྐུ་གདུང་དེ་ཉིད་རྣམ་རབ་དྭགས་པོ་གྲྭ་ཚང་གི་སྐུ་ཞབས་སྐལ་བཟང་རྣམ་རྒྱལ་མཆོག་ནས་སྦས་འཇོག་མཛད་ཀྱང་ཡུལ་དམག་གིས་ཤེས་ནས་གང་ཉིད་ལ་བརྡུང་བརྡེག་དང་།   དམར་གདུང་འཕྲོག་ནས་ལྷུ་ལག་སོ་སོར་ཕྲལ་བས་ད་ལྟ་ཡུལ་འདིའི་ཁྱིམ་ཚང་འགའ་ཞིག་ལ་སྐུ་སྟོད་གཡས་པའི་སྐུ་རུས་དང་།   རང་དགོན་རྣམ་རབ་དྭགས་གྲྭའི་དགེ་འདུན་པ་ཞིག་ལ་ཕྱག་མཛུབ་གཅིག་བྱུང་བ་དེ་ད་ལྟ་རང་དགོན་གྱི་རྟེན་དུ་བཞུགས་སུ་གསོལ།   དེ་ལྟ་བུའི་གཞུང་སྤྲེའུ་ཞིང་གི་དགོན་པ་འདི་ཉིད་སྔོན་དུས་རྔོག་སྟོན་ཆོས་རྡོར་མཆོག་གང་ཉིད་ཞལ་བཞུགས་པའི་སྐབས་བླ་མ་མར་པ་མཆོག་བྱོན་ཕེབས་མཛད་ནས་དབང་ཁྲིད་མན་ངག་དུ་མ་གནང་ས་དང་།   རྗེ་བཙུན་མི་ལ་རས་པ་སོགས་གྲུབ་བརྙེས་སྐྱེས་ཆེན་མང་དུ་བྱོན་ནས་ཆོས་འཆད་ཉན་དང་སྒོམ་ཉམས་ལེན་ལ་བརྩོན་པར་མཛད་པའི་མཁས་གྲུབ་དུ་མས་གང་བའི་ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་བའི་དགོན་པ་ཞིག་ཡིན་པ་མ་ཟད།   དེ་རྗེས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་སྐབས་སུའང་འཆད་ཉན་སྐོར་ལའང་དར་རྒྱས་ཆེན་པོ་ཡོད་པར་སྣང་སྟེ།   མངའ་རིས་པཎ་ཆེན་པད་མ་དབང་རྒྱལ་མཆོག་གིས་གཞུང་སྤྲེའུ་ཞིང་དུ་རྔོག་སྟོན་བསོད་ནམས་བསྟན་འཛིན་ལས་གཤིན་རྗེ་གཤེད་དམར་སོགས་རྡོ་རྗེ་ཐེག་པའི་ཟབ་ཆོས་བླ་ན་མེད་པ་གསན་པའང་པཎ་ཆེན་གང་ཉིད་ཀྱི་རྣམ་ཐར་དུ་གསལ་བར་འཁོད།   དེ་རྗེས་རྔོག་སྟོན་བྱང་ཆུབ་དཔལ་གྲུབ་དང་།   དེའི་དབོན་པོ་རྔོག་བྱང་ཆུབ་གྲགས་པ།   རྔོག་སྟོན་བསོད་ནམས་ལྷུན་པོ་བཅས་ཀྱིས་རིམ་པར་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་མཆོག་སྤྱི་བོའི་གཙུག་ཏུ་བསྟེན་ནས་དབང་ལུང་མན་ངག་སོགས་གཟབ་རྒྱས་ཀྱི་ཆོས་སྐོར་མང་པོ་གསན་ཏེ་ཕན་ཚུན་ཐུགས་འདྲིས་ཆེན་པོ་བྱུང་བའི་རྗེས་གཞུང་སྤྲེའུ་ཞིང་དུ་རྔོག་ལུགས་ཀྱི་བསྟན་པར་ཉམས་རྒུད་ཆེན་པོ་བྱུང་བའི་སྐབས་སུའང་རྡོ་རྗེ་གདན་པ་སྐུ་ཕྲེང་རིམ་བྱོན་རྣམ་པས་གཟིགས་སྐྱོང་གང་ལེགས་མཛད་པར་བརྟེན་ཆོས་རྗེ་བཀའ་བརྒྱུད་པའི་དགོན་གནས་འདི་བཞིན་རྫོང་ལུགས་བསྟན་པའི་འབྱུང་གནས་གོང་དཀར་ཆོས་སྡེའི་མངའ་ཁོངས་སུ་གཏོགས་རྗེས་དུས་རྒྱུན་ཆོས་སྡེའི་དགེ་འདུན་པ་རེ་གཉིས་ཙམ་བཞུགས་ནས་ཡུལ་དེ་གའི་དད་ལྡན་པའི་ཞབས་བརྟན་རིམ་གྲོ་གནང་བ་མ་ཟད།   ལོ་ལྟར་བོད་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་ཡུལ་འདིའི་ཕུ་མདའ་བར་གསུམ་གྱི་སེར་སྐྱ་གྲངས་ལས་འདས་པ་འདུས་པ་རྣམས་ལ་གོང་དཀར་ཆོས་སྡེའི་མཁན་སློབ་ཐུན་མོང་ནས་དབང་ཆེན་བསྩལ་བར་མཛད་པར་བརྟེན་དུས་ཆེན་འདི་ཉིད་ལ་སྤྲེའུ་ཞིང་མི་དབང་   དཔེ་ཤིང་མི་དབང་།  ༽  ཞེས་གལ་ཆེའི་དུས་ཆེན་ཞིག་ཏུ་བརྩི་སྲོལ་ཡོད།   དུས་འགྱུར་གོང་ཙམ་ལ་དགོན་དེའི་རྟེན་གཙོར་ལྷོ་བྲག་མར་པའི་སྐུ་བརྙན་ཡིད་འཕྲོག་པ་དང་།  སངས་རྒྱས་རྡོ་རྗེ་འཆང་གི་སྐུ་བརྙན་མི་ཚད་མ།  ད་དུང་བཟོ་བཀོད་ལེགས་པའི་མཆོད་རྟེན་དང་།  གསེར་ཡིག་དང་དངུལ་ཡིག་གི་གསུང་རབ་གླེགས་བམ་དུ་མ་བཞུགས་པ་ནི་ད་ལྟའི་བགྲེས་སོང་རྣམ་པས་གསུང་གསལ་ལ་རིག་གསར་སྐབས་སྤྲེའུ་ཞིང་དགོན་པའི་དཔེ་ཆ་རྣམས་གླེགས་བམ་ལས་བཤིག་ནས་རྡོ་གཅལ་ནང་དུ་བཀྲམ་དུས་རྡོ་གཅལ་ཁེངས་ནས་གོམ་པ་སྤོ་མི་ཐུབ་པའི་གནས་སུ་གྱར་བའི་ལོ་རྒྱུས་གསུངས།  དུས་འགྱུར་རྗེས་སུ་ཡུལ་མིའི་རྒྱབ་སྐྱོར་འོག་ཆོས་སྡེ་དགོན་ནས་གཙུག་ལག་ཁང་རྒྱ་མི་ཆུང་བ་དང་སྐུ་གཉེར་བཞུགས་སའི་གནས་ཁང་སོགས་ཉམས་གསོ་མཛད་ཡོད་ཀྱང་དུས་ཀྱི་འགྱུར་བས་ཞིག་རལ་དུ་འགྱུར་ལ་ཉེ་བར་བརྟེན་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་སྟེ་སྤྱི་ལོ་༼    ༢༠༡༢   ༽  ལོར་གོང་དཀར་ཆོས་སྡེ་དགོན་པའི་གཙོ་བོའི་གཟིགས་སྐྱོང་འོག་སྤྲེའུ་ཞིང་གི་དབུ་ཆེན་བློ་གྲོས་ལགས་ནས་མེས་པོ་གོང་མའི་ཕྱག་རྩལ་གྱི་རྒྱུན་དང་དུས་རབས་དང་འཚམས་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བཟོ་བཀོད་ཧ་ཅང་ལེགས་པའི་གཙུག་ལག་ཁང་ཉེ་འཁོར་གྱི་གྲྭ་ཤག་དང་བཅས་པ་བཞེངས་སྐྲུན་མཛད་པའང་རྒྱ་ཆེའི་དད་ལྡན་པའི་མིག་ལམ་དུ་གསལ་བར་སྣང་།  དགོན་འདིའི་ཉེ་འདབས་སུ་གཞིས་ཆགས་པ་ནང་ཆུང་ཞེས་སྔོན་དུས་རྔོག་ཆོས་སྐུ་རྡོ་རྗེའི་བླ་བྲང་དུ་གྲགས་པའི་རྟེན་གཙོར་སངས་རྒྱས་རྡོ་རྗེ་འཆང་གཟི་འོད་འབར་བ་དང་།  བཀའ་སྲུང་འདོད་ཁམས་ལྷ་མོ་བཞུགས་སུ་གསོལ།  དེའི་སྨད་ཙམ་དུ་རྒྱ་ཁྱོན་ཀ་བ་བཞི་ཙམ་བྱས་པའི་གསེར་འབུམ་སྟེང་འོག་གཉིས་ཀར་སྐོར་བ་བརྒྱབ་སའི་སྐོར་ལམ་ཡོད་པ་དེ་ད་ལྟ་ཤུལ་ཙམ་ལས་ལྷག་མེད།   ད་དུང་ལུང་པ་འདིའི་ཕུར་སྔོན་དུས་ཀྱི་སྒོམ་ཆེན་པ་མང་པོའི་བཞུགས་གནས་བྲག་ཕུག་ཀྱང་འགའ་ཞིག་སྣང་།  ད་ལྟའི་ཡུལ་འདིའི་མིའི་ངག་རྒྱུན་ལ་ལུང་པ་འདིར་དཔེ་ཤིང་དང་དགོན་པ་འདི་ལ་དཔེ་ཤིང་གི་དགོན་པ་ཞེས་འབོད་སྲོལ་ཡོད།  དེའི་རྒྱུ་མཚན་ཡང་སྔོན་དུས་དགོན་པ་འདིའི་ནང་དུ་དཔེ་ལ་མེད་པའི་ཤིང་ཞིག་ཡོད་པས་དེའི་དབང་གིས་ལུང་པ་འདིར་དཔེ་ཤིང་ཞེས་བཏགས་ཞེས་བརྗོད་སྲོལ་ཡོད་ཀྱང་གོང་ཞུས་ལྟར་རྔོག་ཀུན་དགའ་རྒྱལ་མཚན་གྱིས་སྦྱིན་བདག་སྤྲེའུར་འབོད་པ་དེའི་ཞིང་སྟེང་དུ་དགོན་པ་འདི་ཕྱག་བཏབ་པར་བརྟེན་ལུང་པ་འདིར་སྤྲེའུ་ཞིང་དང་དགོན་པ་འདིར་སྤྲེའུ་ཞིང་གི་དགོན་པ་ཞེས་བཏགས་པའང་ལོ་རྒྱུས་ལས་གསལ་པོར་རྟོགས།  འོན་ཀྱང་དུས་ཀྱི་འགྱུར་བའི་དབང་གིས་ཡིག་སྐད་མང་པོ་ཟུར་ཉམས་ནས་ཕལ་སྐད་དམ་ཡང་ན་ཡུལ་སྐད་དུ་སོང་བའི་དབང་གིས་ད་ལྟའི་གནས་སུ་སྤེ་ཞིང་ཞེས་ཟུར་ཆགས་པ་ནི་ལྷོ་ཁའི་ཁ་སྐད་དུ་སྤྲེའུ་ལ་སྤེའུ་དང་།   བྲང་ཁོག་ལ་བང་ཁོག  འབྲོག་པའི་སྦྲ་གུར་ལ་སྦ་གུར།  བྲོས་པ་ལ་བོས་པ་ཞེས་ར་བཏགས་ཉམས་ནས་བརྗོད་པའི་མིང་དུ་མ་ཡོད་པ་ལྟ་བུའོ།   །

གྲོང་གི་ལྷོར་གྲོག་ཤུར་ཁ་ལྷོར་བལྟས་པའི་ལྡེབས་སུ་རྗེ་བཙུན་མི་ལའི་རྣམ་མགུར་ལས་སྔོན་དུས་རྗེ་བཙུན་གང་ཉིད་ལྷོ་བྲག་ནས་རྗེ་རྔོག་སྟོན་གྱི་དྲུང་དུ་བྲོས་བྱོལ་དུ་ཕེབས་ཏེ་དེའི་སྤྱན་སྔ་ནས་དཔལ་ཀྱེ་རྡོ་རྗེའི་དབང་སྐུར་ཞུས་ཏེ་བླ་མ་རྔོག་པའི་བཞུགས་གནས་མཇལ་སའི་བྲག་ཕུག་ཁ་ལྷོར་བསྟན་པའི་ནང་དུ་ཀྱེ་རྡོ་རྗེའི་སྒོམ་བཟླས་ལ་བརྩོན་པར་མཛད་ཀྱང་རྟགས་མ་ཐོན་ཞེས་གསུངས་པའི་བྲག་ཕུག་བྱིན་ཅན་དེ་ཉིད་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྨད་ཙམ་དུའང་བཞུགས་ཡོད་པ་ལ་དུས་དེ་ཙམ་ན་དཔལ་ནཱ་ལེནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གཞུང་སྤྲེའུ་ཞིང་དང་བྲག་ཕུག་དེ་ཉིད་ལ་གནས་གཟིགས་གནང་བར་ཕེབས་སྐབས་ཁོ་བོ་ཕྱག་ཕྱིར་བསྐྱོད་པས་མཁན་ཆེན་མཆོག་ནས་ཕྱིས་ཀྱི་བསམ་གཏན་སྒྲུབ་སྡེའི་བསྐྱར་བཞེངས་ཀྱི་འགན་འཁུར་བ་སྐལ་བཟང་སངས་རྒྱས་ལགས་དང་བཙུན་མ་རྣམས་ལ་བྲག་ཕུག་ལ་སྲུང་སྐྱོབ་བྱེད་ཆེད་རགས་རྒྱག་དགོས་པའི་བཀའ་གནང་དོན་བཞིན་ཁོང་རྣམ་པས་ཆུ་རགས་བརྒྱབ་ནས་སྲུང་སྐྱོབ་མི་དམན་ཙམ་གནང་ཡང་དུས་རབས་ཉེར་གཅིག་པའི་འགོ་སྟོད་དུ་ཆུ་ལོག་ཤུགས་ཆེ་བ་རྒྱུགས་ནས་བྲག་ཕུག་ཆུས་འཁྱེར་ཏེ་ལོ་རྒྱུས་ཡུན་རིང་ལྡན་པའི་བྱིན་ཅན་གྱི་གནས་མཆོག་བཟང་པོ་དེ་མ་ཉིད་དུ་བརླགས་པར་བྱས་པ་ནི་ཤིན་ཏུ་ཡིད་ཕངས་པའི་གནས་སོ།  །དེའི་ལྷོ་ཕྱོགས་རི་སྟེང་དུ་རྔོག་ཆོས་སྐུ་རྡོ་རྗེ་མཆོག་དགུང་གྲངས་རེ་བརྒྱད་ཐོག་དབེན་ཚ་ལ་སྐོར་བ་ལན་གསུམ་བསྐྱོན་ནས་རྡོ་ཕ་བོང་ཞིག་གི་སྟེང་དུ་ཞབས་རྗེས་འཇོག་གནང་མཛད་དེ་ཀུན་གྱིས་མཐོང་སར་ན་བུན་གྱི་གསེབ་ནས་ཅང་ཏེའུ་ཁྲོལ་བཞིན་མཁའ་སྤྱོད་དུ་འཇའ་ལུས་སུ་ཕེབས་སའི་གནས་དབེན་གནས་རྙིང་པར་སྔོན་དུས་དགོན་པ་རྒྱ་ཆེན་པོ་ཡོད་ཀྱང་ད་ལྟ་དགོན་ཤུལ་གྱིས་གང་།  དེའི་ཉེ་འདབས་སུ་ཐུགས་ཀྱི་མཆོད་རྟེན་ཆུང་ངུ་དུ་མ་མཆིས་པའི་ནང་གཅིག་གི་འོག་ཏུ་རྔོག་ཆོས་སྐུ་རྡོ་རྗེའི་བསམ་གཏན་འབོལ་ཆུང་སྟེ་མཚམས་བསྙེན་སྒྲུབ་མཛད་པའི་སྐབས་ཀྱི་བཞུགས་གདན་ཡོད་པར་གྲགས།   གནས་འདིའི་སྟོད་ཙམ་དུ་གོང་དཀར་རྡོ་རྗེ་གདན་པ་མཆོག་ནས་ཕྱག་འདེབས་པར་མཛད་པའི་དབེན་གནས་གསར་པར་བཟོ་བཀོད་ཤིན་ཏུ་ལེགས་པའི་དགོན་ཆུང་འདིའི་ནང་གོང་དཀར་རྡོ་རྗེ་གདན་པ་མཆོག་དང་།   བླ་མ་ངག་དབང་བློ་གྲོས་རིན་ཆེན།   འབྲས་སྤུངས་མི་ཉག་སྐྱོར་དཔོན།   རྭ་བ་སྨད་ཀྱི་མཁན་ཆེན་དཔལ་འབྱོར་ཡེ་ཤེས་ལགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མས་མཚམས་བསྙེན་སྒྲུབ་མཛད་པ་མ་ཟད།  བླ་མ་ངག་བློ་རིན་པོ་ཆེས་དཔལ་ས་སྐྱ་པའི་སྔོན་འགྲོའི་ཁྲིད་ཡིག་གི་མཇུག་རྩོམ་གནང་སའི་གནས་མཆོག་ཁྱད་པར་བ་ཞིག་ཀྱང་ལགས།  དབེན་གནས་རྙིང་པ་ནས་ནུབ་ཀྱི་རི་སྟེང་དུ་གོམ་པ་བཅུ་ཕྲག་དྲུག་བདུན་ཙམ་བསྐྱོད་ན་ད་ལྟ་གནའ་ཤུལ་ལས་མེད་པའི་ཕྱག་འཚལ་སྒང་དུ་སྔོན་དུས་རྗེ་བཙུན་མི་ལ་རས་པ་མཆོག་པཎ་ཆེན་ནཱ་རོ་པའི་སྐུ་རྒྱན་དང་ཐུགས་དམ་པདྨ་རཱ་ག་བསྣམས་ནས་རྗེ་རྔོག་པའི་དྲུང་དུ་བྲོས་བྱོལ་ལ་ཕེབས་པའི་སྐབས་བླ་མ་རྔོག་པར་ཐོག་མར་ཕྱག་འཚལ་ས་ཡིན་པ་མ་ཟད།  རྗེ་བཙུན་གྱི་ཕྱག་ཏུ་བླ་མ་མར་པའི་བྱིན་ཅན་གྱི་རྟེན་ནཱ་རོའི་སྐུ་རྒྱན་དང་ཐུགས་དམ་པདྨ་རཱ་ག་བསྣམས་ཡོད་པར་བརྟེན་གནས་འདི་ནས་རྗེ་རྔོག་སྟོན་གྱིས་རྗེ་བཙུན་ལ་ཕེབས་བསུའི་སེར་སྦྲེང་ཐོག་མར་གནང་ས་ཡང་ཡིན་པར་གྲགས།

ད་དུང་ཡུལ་འདིར་རྔོག་ཆོས་རྡོར་གྱིས་རྗེ་བཙུན་མཆོག་མཐུ་བརྒྱབ་ཏུ་བཅུག་གནང་རྗེས་རྗེ་བཙུན་གྱིས་མཐུ་བསྐྱོན་ནས་སེར་བ་དྲག་ཏུ་བབས་པས་རྐྱེན་བྱས་སེམས་ཅན་མང་པོ་ཤི་བའི་རོ་རྣམས་རྗེ་བཙུན་གྱིས་པང་སྟེང་དུ་བསྣམས་ཏེ་རྔོག་ཆོས་སྐུའི་སྐུ་མདུན་དུ་སྤུངས་ནས་སྙིང་རྗེ་བའི་སྐོར་གསུངས་ཕྲལ་བླ་མ་རྔོག་པའི་ཞལ་ནས་ཁྱེད་སེམས་སྡུག་མི་དགོས་ང་ལ་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པའི་གདམས་པ་ཡོད་ཅེས་གསུངས་ནས་སེ་གོལ་གཏོགས་གནང་རྗེས་སེམས་ཅན་ཤི་རོར་སླར་རྣམ་ཤེས་ཞུགས་ཏེ་འགའ་ཞིག་ས་ལ་འཛུལ་བ་དང་།   འགའ་ཞིག་གནམ་ལ་འཕུར་བ་སོགས་གནང་སའི་གནས་སུ་ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་གིས་མཛད་པའི་ཧུ་ལན་དེབ་ཐེར་ལས་རྔོག་མདོ་སྡེ་མཆོག་གིས་ལྡོམ་ཆུང་བཏབ་ཅེས་གསུངས་པའི་ལྡོམ་ཆུང་གི་གནས་དེར་སྔོན་དུས་རྡོ་སྟེང་དུ་བྱ་དང་དུད་འགྲོའི་རྐང་རྗེས་ཀྱང་གསལ་པོར་སྣང་།  གཞན་ཡང་རྔོག་ཆོས་སྐུ་རྡོ་རྗེས་བླ་མ་མར་པར་ར་མ་རྐང་ཆག་མ་གཏོགས་ཕྱི་ནང་གི་ལོངས་སྤྱོད་རྣམས་དབང་ཡོན་དུ་ཕུལ་གནང་མཛད་པའི་སྐབས་ར་མ་རྐང་ཆག་འཇོག་གནང་མཛད་ས་ཡང་དེར་ཡོད་པ་སོགས་མདོར་ན་གཞུང་སྤྲེའུ་ཞིང་འདི་ཉིད་ནི་གཞུང་གི་རྔོག་སྟོན་ཆོས་རྡོར་མཆོག་མཛད་ཕྲིན་རླབས་པོ་བསྐྱངས་གནང་ས་ཡིན་པ་མ་ཟད།སྐུ་ཚེའི་རིང་ཕལ་ཆེ་བ་བཞུགས་གནས་མཛད་ས་ཡང་ཡིན།  དེ་ལྟ་བུའི་གཞུང་སྤྲེའུ་ཞིང་གི་དགོན་པ་འདི་ཉིད་དུ་དགེ་འདུན་གྱི་སྡེ་རྒྱ་མི་ཆུང་བ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་བཞུགས་ཡོད་པར་སྣང་སྟེ།   དེ་ཡང་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་སོ་བཞི་པ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་༼    ༡༧༠༢་་་་་་འདས་ལོ་མི་གསལ  ༽  མཆོག་ལྷོ་གནས་སུ་ཞིབས་བསྒྱུར་མཛད་ནས་དགོན་སྡེ་ཁག་ལ་མང་འགྱེད་བསྙེན་བཀུར་མཛད་པའི་སྐབས་གཞུང་སྤྲེའུ་ཞིང་དུ་ཡང་མང་འགྱེད་མཛད་པའི་སྐོར་རྗེ་ཉིད་ཀྱི་རང་རྣམ་ལས་གསལ་བར་གསུངས།

དེ་ནས་ལྷོ་ནུབ་ཕྱོགས་སུ་ཅུང་ཟད་བསྐྱོད་ན་བསམ་གཏན་རྩེ་མོའི་རིའི་ནང་ཁུལ་དུ་ཆོས་རྗེ་བཀའ་བརྒྱུད་པའི་ཕྱག་ལེན་བསྐྱངས་སའི་གནས་དགོན་པ་དཀར་པོའི་གནས་ཤུལ་དང་།  དེའི་འོག་གི་བྱང་བརྒྱུད་བན་དེ་ཕུག་གི་རིའི་ལྡེབས་སུ་བྲག་དཀར་པོའི་སྟེང་སྔོན་དུས་བདེ་བར་གཤེགས་པའི་སྣང་བརྙན་གྱི་འབུར་བརྐོས་རི་མོ་དང་།  དེ་ནས་ནུབ་ཕྱོགས་སུ་རི་དེ་བརྒྱུད་ནས་ཅུང་ཟད་སོང་ན་རི་ཁའི་རི་ཟུར་གྱི་དཀྱིལ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཕྱག་ཚྭ་རྒྱུ་ས་དམར་ལས་གྲུབ་ཅིང་རྒྱབ་ཏུ་ཕྱག་རྗེས་གསལ་པོ་དང་།  མདུན་གྱི་དབུས་སུ་སྤྱན་རས་གཟིགས་ཁར་ས་པ་ཎི་དང་སེམས་ཉིད་ངལ་གསོ་སོགས་ཀྱི་སྐུ་བརྙན་འབུར་དུ་དོད་པ་དང་།   མཐའ་སྐོར་དུ་རྒྱ་གར་གྱིས་ཡི་གེས་བསྐོར་བ་སོགས་བྱིན་ཅན་གྱི་རྟེན་ཁག་བཞུགས་སུ་གསོལ།  རི་ཟུར་དེ་ནས་ལྷོར་སྤྱི་ལེ་གསུམ་ཙམ་བསྐྱོད་ན་གྲོག་ཤུར་ཁ་ནུབ་ཏུ་ཕྱོགས་པའི་ནང་སེ་ལུང་པའི་དགེ་བཤེས་སྒྱེར་ཆུང་བའི་བཞུགས་གནས་སུ་དགོན་ཤུལ་རྒྱ་ཆེན་པོ་ད་ལྟའང་གསལ་བར་སྣང་།   རིག་གསར་གོང་ཙམ་དུ་ད་ལྟའི་རྒན་རྒོན་རྣམ་པས་གཟིགས་མྱོང་བ་ཤུལ་དེའི་གྱང་ལྡེབས་སུ་དགོན་པའི་ལྡེབས་རིས་དང་།  རྒྱལ་སྒོ་ཆེན་མོར་ཤིང་བརྐོས་རི་མོས་བརྒྱན་པའི་གནས་མཆོག་འདི་བཞིིན་རྔོག་ཆོས་སྐུ་རྡོ་རྗེ་གང་ཉིད་དགུང་གྲངས་ཆུང་ངུའི་སྐབས་སེ་ལུང་གི་དགེ་བཤེས་སྒྱེར་ཆུང་བའི་ཞལ་སྔ་ནས་གསང་སྔགས་རྙིང་མའི་ཆོས་སྐོར་གང་མང་གསན་ས་ཡིན་པ་མ་ཟད།   དགེ་བཤེས་མཆོག་ནས་རྔོག་སྟོན་གང་ཉིད་བླ་མ་མར་པའི་སྤྱན་སྔར་ཕེབས་དགོས་པའི་ཐོག་མའི་ལུང་བསྟན་མཛད་གནས་ཀྱང་ཡིན་པ་རྗེ་རྔོག་སྟོན་གྱི་རྣམ་ཐར་ལས་གསལ།   གཞུང་སྤྲེའུ་ཞིང་ནས་ད་ལྟའི་སེ་ལུང་བར་རི་ལྡེབས་སུ་ལམ་ཁ་གསལ་པོ་དེ་ཡང་རྔོག་སྟོན་མཆོག་སེ་ལུང་དུ་ཕེབས་པའི་ཕེབས་ལམ་ཡིན་པར་ཡང་རྒན་རྒོན་རྣམ་པའི་གསུང་གྲོས་ལས་ཐོས།  སེ་ལུང་དགོན་པའི་གནའ་ཤུལ་གྱི་ཉེ་འདབས་སུ་གྲོང་མིའི་སྡོད་ཁང་གི་ཤུལ་དུ་མ་ཡོད་པ་དེ་དག་ཀྱང་སྔོན་དུས་རྣམ་རབ་ཞོལ་འདི་བཞིན་སེ་ལུང་གི་ཡུལ་འདིར་གཞིས་ཆགས་པ་ལ་ཕྱིས་སུ་ད་ལྟའི་གནས་ཡུལ་དེ་ཉིད་དུ་སྤོས་ཞེས་གནའ་མི་རྒན་པོས་གསུངས་པ་ལ་རྒྱུ་མཚན་ཆེར་སྣང་སྟེ།   སེ་ལུང་གི་ལྷོའི་ཉེ་འདབས་སུ་རྒྱལ་པོ་དཔེ་ཧར་གྱི་རྒྱལ་ཁང་འདི་ཉིད་ལ་ད་ལྟའི་རྣམ་རབ་ཞོལ་གྱི་ཡུལ་མི་ཚོས་ལོ་གསར་དང་དབྱར་གསོལ་སྐབས་དམིགས་བསལ་གྱིས་གསོལ་མཆོད་འབུལ་སྲོལ་ཡོད་པ་ལ་གཞིགས་ན་སྔོན་དུས་ཡུལ་འདིའི་ཕ་མེས་ཡང་མེས་ཀྱི་སྐབས་སེ་ལུང་དུ་གནས་སྡོད་བྱས་ནས་རྒྱལ་པོ་དཔེ་ཧར་ལ་གསོལ་མཆོད་འབུལ་གནང་མཛད་བཞིན་པ་ལ་ཕྱིས་སུ་ད་ལྟའི་གནས་སུ་གནས་སྤོས་བྱས་རྗེས་སུའང་མི་རབས་གོང་མའི་ལུགས་སྲོལ་གྱི་རྒྱུན་བསྐྱངས་ནས་གསོལ་མཆོད་མཛད་བཞིན་པ་ཡིན་པ་ནི་གོར་མ་ཆག   དེས་ན་སྔོན་དུས་རྣམ་རབ་ཅེས་པའི་ལུང་པ་དངོས་སམ་ངོ་མ་དེ་ད་ལྟའི་སེ་ལུང་ཡོད་སའི་གནས་དེ་ཡིན་ཀྱང་ད་ལྟའི་གནས་ཡུལ་རྣམ་རབ་ཞོལ་ནི་རྣམ་རབ་དངོས་མ་ཡིན་པར་རྣམ་རབ་ཀྱི་མདའ་ཞེས་གོ་དགོས་ཏེ་བོད་ཀྱི་གནའ་མིའི་ངག་རྒྱུན་དུ་ཞོལ་ནི་མདའ་ཞེས་པར་ངོས་འཛིན་པར་མཛད་པས་སོ།  །

སེ་ལུང་ནས་ཤར་ལྷོའི་ཕྱོགས་ཀྱི་རི་སྟེང་དུ་རྗེ་རྔོག་པའི་རིགས་བརྒྱུད་ཀྱི་སྲས་ཤིག་གི་བཞུགས་གནས་བླ་བྲང་དང་དེའི་ཉེ་འདབས་སུ་མཆོད་རྟེན་ཆེན་པོ་ད་ལྟའང་ཕྱེད་ཙམ་བཞུགས།   དཀྱིལ་ལྡིང་གི་བྱང་ཕྱོགས་རི་ལྡེབས་སུ་བྲག་ཕུག་བྱིན་རླབས་ཅན་ཞིག་དང་།  དེ་དང་ཐག་མི་རིང་བའི་སར་མཆོད་རྟེན་ཆུང་ངུ་ཡང་དུ་མ་སྣང་།

དེ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་ཕྱིན་པའི་གནས་རི་ཆུང་སྒང་ངམ་རི་ཆུང་གདངས་ཀྱི་ཕུར་བསམ་གཏན་གླིང་ཞེས་པ་འདི་ཉིད་ཀྱང་རྔོག་ཆོས་སྐུའི་རིགས་བརྒྱུད་ཀྱི་སྲས་བཅུ་གསུམ་གྱི་ཡ་གྱལ་སྲས་གཅིག་གི་བཞུགས་གནས་དང་།  དེའི་སྟོད་ཙམ་དུ་ཚིལ་ཕུའི་གནས་སུ་རྔོག་ཆོས་སྐུའི་རིགས་བརྒྱུད་ཀྱི་སྲས་གཞན་ཞིག་གི་བཞུགས་གནས་དགོན་པ་ཆུང་ངུའི་ཤུལ་དང་།   དེའི་ཉེ་འདབས་སུ་མཆོད་རྟེན་འགའ་ཞིག་དང་རྡོའི་སྟེང་དུ་གཡག་སོགས་དུད་འགྲོའི་རྐང་རྗེས་ཀྱང་གསལ་བར་མཆིས།   དེའི་ཕུར་སྤོས་ཀོང་ནང་དུ་མཆོད་རྟེན་ཆེན་པོ་ཞིག་དང་སྟོད་ཀྱི་རི་སྟེང་དུ་བྲག་ཕུག་གཅིག་བཞུགས་སུ་གསོལ་བ་འདིའི་ནང་དུ་སྔོན་དུས་རྣམ་རབ་དྭགས་གྲྭའི་དགེ་འདུན་པ་ལོ་ལྟར་ཆར་འབེབས་ལ་ཕེབས་སྲོལ་ཡོད།

དེ་ནས་ལྷོ་ཕྱོགས་སུ་ཅུང་ཟད་བསྐྱོད་མཚམས་བྲག་རླུང་ཞེས་པའི་ནང་བྲེ་གཤོངས་དགོན་པ་ཆགས་པའི་ཤུལ་དང་།  ད་དུང་ལྷོར་གང་ཙམ་སོང་ན་རུབ་ལུང་པའི་ནང་དུ་དགོན་པ་ཆུང་ངུ་ཞིག་གི་ཤུལ་ཡོད།   དགོན་ཤུལ་འདི་དག་ཕལ་ཆེ་བ་ཆོས་རྗེ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་གནས་ཀྱི་ཤུལ་ཡིན་པ་མ་ཟད་དུས་འགྱུར་མ་བྱུང་གོང་ནས་འཐོར་བཤིག་ཏུ་སོང་ཚར་བའི་གནས་ཤུལ་ཁོ་ན་ལགས།   རུབ་ལུང་པ་ནས་ཤར་ཕྱོགས་ཀྱི་རི་ལྡེབས་སུ་དུས་ཡུན་གང་ཙམ་བསྐྱོད་པའི་རི་སྟེང་དུ་དབུས་ཀྱི་བྱུ་རུ་དམར་རྩེར་མཚོ་དང་དེའི་ནང་དུ་བྱུ་རུའི་སྡོང་པོ་ཡོད་པར་གྲགས།  གནས་འདི་ཉིད་སློབ་དཔོན་པདྨ་འབྱུང་གནས་མཆོག་ཁ་བའི་ལྗོངས་ཀྱི་གདུལ་བྱའི་དོན་གང་ཙམ་འགྲུབ་ནས་ལྷོ་ནུབ་ཡུལ་དུ་གཤེགས་པའི་གནས་ཁྱད་པར་བ་ཞིག་ཡིན་པ་དང་།   དེར་སྔོན་བྱོན་སྐྱེས་ཆེན་དུ་མ་མཚམས་བསྙེན་སྒྲུབ་ལ་བརྩོན་པར་མཛད་ནས་བཞུགས་པའི་སྐབས་ཀྱི་རྫ་ཐོག་གིས་ཐོག་བཀབ་པའི་ཕུག་པ་མང་པོ་མཆིས་པ་མ་ཟད།   ལྷག་པར་དུ་ཡ་མཚན་པ་ཞིག་ལ་རི་དེའི་སྟེང་གི་བྲག་རྡོ་རིང་ལ་ཁ་ལྷོ་ནུབ་ཏུ་ཕྱོགས་ནས་འགྱིང་ངེར་གནས་པའི་བྲག་རྡོ་དེ་དག་རྡོས་བརྡུངས་ན་བྲག་སོ་སོ་ནས་སྐད་མི་འདྲ་བ་སྒྲོག་པ་བཅས་ནི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་རྭ་བ་སྨད་ཀྱི་མཁན་ཆེན་དཔལ་འབྱོར་ཡེ་ཤེས་ལགས་མཆོག་གནས་འདིར་མཚམས་བསྙེན་སྒྲུབ་མཛད་ནས་བཞུགས་པའི་སྐབས་ཁོ་བོ་གྲོགས་པོ་གསུམ་དང་ལྷན་དུ་ཡུལ་འདིར་ཆེད་བསྐྱོད་བྱེད་པའི་སྐབས་མིག་མཐོང་ལག་ཟིན་གྱི་ཚུལ་དུ་ཤེས།   དེ་ནས་ཡར་ཅུང་ཟད་སོང་ན་རྡོའི་བཞུགས་ཁྲིའི་སྟེང་དུ་སློབ་དཔོན་རིན་པོ་ཆེས་བྲག་ལ་སྐུ་རྒྱབ་བསྙེས་ནས་བཞུགས་པའི་སྐབས་ཀྱི་སྐུ་རྒྱབ་ཀྱི་རྗེས་གསལ་པོ་ཞིག་དང་ལྡེབས་སུ་སློབ་དཔོན་རིན་པོ་ཆེ་ཐུགས་དམ་ལ་བཞུགས་པའི་ཕུག་པ་བྱིན་རླབས་ཅན་རྫ་ཐོག་གིས་སྟེང་གཡོགས་བཀབ་པའི་གནས་བཟང་འདིར་ཞི་བྱེད་གཅོད་ཀྱི་རྣལ་འབྱོར་མ་གཅིག་ལབ་ཀྱི་སྒྲོལ་མ་ཡང་བཞུགས་མྱོང་བར་གྲགས།   ཟངས་བ་རིའི་ནུབ་ཀྱི་ཉེ་འདབས་སུ་སྒྲོལ་མ་ཉེར་གཅིག་གི་གནས་རི་ཚོམ་བུའི་ཚུལ་དུ་ཆགས་པ་རི་ཕྲན་ཉེར་གཅིག་ཡོད་པར་སྣང་།   རྣམ་རབ་ལུང་པའི་ཕུའི་དཀྱིལ་དུ་ཆགས་པའི་གནས་བཟང་ལྷ་རི་འདི་ཉིད་དེའི་ཉེ་འདབས་སུ་གནས་པའི་ཟངས་དཀར་བདུད་རིའི་ཁ་གནོན་གྱི་ཚུལ་དུ་བཞུགས་ཞེས་རྒན་རྒོན་རྣམ་པས་རྒྱུན་དུ་གླེང་གནང་མཛད།  ལྷ་རི་ནས་གཡོན་དུ་ཅུང་ཟད་སོང་བའི་ལ་མཚམས་སུ་སློབ་དཔོན་པདྨའི་གཟིམས་ཕུག་དང་དེའི་འོག་ཏུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམས་ཕུག་བྱིན་རླབས་ཅན་དང་།   དེའི་འོག་ཏུ་ཁ་ཆེན་རི་བོ་དཔལ་འབར་གྱི་དགོན་ཤུལ་རྒྱ་ཆེན་པོ་དང་དེའི་ཉེ་འཁོར་དུ་སྔོན་བྱོན་སྐྱེས་བུ་དམ་པ་མང་པོ་བསྙེན་སྒྲུབ་མཛད་སའི་ཕུག་པ་རྫ་ཐོག་གིས་བཀབ་པ་བརྒྱ་རྩ་བརྒྱད་ཡོད་པར་སྣང་།  དེའི་གཤམ་དུ་ཟངས་དཀར་ལུང་པའི་གཡས་ཕྱོགས་སུ་སྤང་གདང་༼ སྟེང་༽འབུམ་པ་དང་།   དེ་ནས་མར་སྤྱི་ལེ་གཅིག་ཙམ་ཡོང་བའི་གྲོང་དཀྱིལ་དུ་ཡབ་རྔོག་ཆོས་སྐུ་རྡོ་རྗེ་དང་།  ཡུམ་དཔལ་མོ་ཆོས་མོ་གཉིས་ཀྱི་སྲས་རྔོག་མདོ་སྡེ་གྲགས་སམ་ཞེ་སྡང་རྡོ་རྗེ་༼   ༡༠༧༨་་་་་༡༡༥༤ ༽  མཆོག་བཞུགས་སུ་གསོལ་བའི་སྲས་ཐོག་བླ་བྲང་དུ་གདུང་རྟེན་བྱིན་རླབས་ཅན་གྱིས་མཚོན་པའི་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས་པ་དང་།  དགོན་སྡེ་འདི་ཉིད་འབྲུག་བདེ་ཆེན་ཆོས་འཁོར་དང་འདྲ་བར་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་ཕྱག་ལེན་ཉམས་བཞེས་མཛད་པའི་གནས་མཆོག་ཅིག་ཡིན་པ་མ་ཟད་སྔོན་དུས་ལྷ་ས་ལྷ་ཀླུའི་རི་མཚམས་སུ་གཞིས་ཆགས་པའི་དགོན་པ་གསར་པའི་དགོན་ལག་ཡིན་པར་སྣང་།

འདིར་གནའ་མི་རྒན་པོའི་གསུང་གྲོས་སུ་སྲས་ཐོག་བླ་བྲང་འདི་བཞིན་རྔོག་ཆོས་སྐུ་རྡོ་རྗེར་སྲས་བཅུ་གསུམ་ཡོད་པའི་ནང་གི་སྲས་ཐོག་མས་བཞེངས་གནང་མཛད་དེ་དམ་པ་གང་ཉིད་བཞུགས་སའི་བླ་བྲང་ཡིན་པར་ཡོངས་སུ་གྲགས་ཀྱང་རྔོག་ཆོས་སྐུ་རྡོ་རྗེའི་གསུང་རྣམ་དུ་ཡབ་ཡུམ་གཉིས་ལ་སྲས་ཞེ་སྡང་རྡོ་རྗེ་འདི་ཉིད་མ་གཏོགས་སྲས་གཞན་ཡོད་པའི་སྐོར་མི་སྣང་བས་དེ་བདེན་པ་མིན་པར་སྣང་།  འོན་ཀྱང་རྔོག་ལུགས་འདི་བཞིན་གདུང་བརྒྱུད་འཛིན་པའི་རིགས་སུ་གཏོགས་པས་རིགས་བརྒྱུད་ཀྱི་སྲས་བཅུ་གསུམ་ཡོད་པར་གོ་བ་བླངས་ཀྱང་འགལ་བ་མེད་སྙམ།  དེ་ནས་མར་ཅུང་ཟད་ཡོང་བའི་ནུབ་ཀྱི་རི་ཁུག་ཏུ་ཤེལ་དཀར་ལུང་པའི་ནང་སྔོན་དུས་ཀྱི་དགོན་པ་ཆགས་པའི་གནས་ཤུལ་དང་།   དེའི་ཉེ་འདབས་ཀྱི་མཆོད་རྟེན་ཆེན་པོ་ཞིག་གི་ནང་སྐུ་དམར་གདུང་བཞུགས་སུ་གསོལ་བའི་རྫ་མ་ཆེན་པོ་གཅིག་གི་ནང་དུ་བླ་མའི་ན་བཟའ་ཆ་ཚང་ཡོད་པའི་རྫ་མ་དེ་ཉིད་སྔོན་དུས་རྣམ་རབ་དྭགས་གྲྭ་དགོན་གྱི་ལས་མི་གནང་མྱོང་བའི་ཡུལ་མི་རྡོ་རྗེ་རྒྱལ་མཚན་ལགས་ནས་འབུལ་གནང་མཛད་པ་བཞིན་ད་ལྟ་རྣམ་རབ་དགོན་དུ་མཆིས།   དེའི་བྱང་ངོས་ཀྱི་འདབས་སུ་རྔོག་ཆོས་སྐུའི་རིགས་བརྒྱུད་ཀྱི་སྲས་ཕྱིང་བ་རྡོ་རྗེ་མཆོག་སྐུ་བཞུགས་གནང་སའི་སྲས་མགོན་བླ་བྲང་རྙིང་པ་དང་དེའི་ནང་སྔོན་དུས་སྲས་ཀྱིས་བེད་སྤྱོད་མཛད་མྱོང་བའི་ཐབ་རྙིང་པ་ད་ལྟའང་ཡོད།  བླ་བྲང་ཆགས་སའི་ཡུལ་དེའི་ཕུར་སྲས་མགོན་རི་ཁྲོད་དུ་བྲག་ཕུག་སྟེང་འོག་གཉིས་ཅན་ཞིག་དང་།   དེའི་ཉེ་འདབས་སུ་བྲག་ཕུག་ཆུང་ངུ་དུ་མ་ཡོད་པའི་གནས་སུ་རྔོག་སྟོན་ཆོས་རྡོར་གྱི་རིགས་བརྒྱུད་ཀྱི་སྲས་གཞན་རྣམས་བཞུགས་མྱོང་ཞེས་ཡོངས་སུ་གྲགས།

དེ་ནས་ནུབ་ཀྱི་རི་བརྒྱུད་དུ་མར་ཅུང་ཟད་ཡོང་བའི་ཆོས་ཁང་ལུང་པའི་ལྷོའི་རི་སྟེང་དུ་སྲས་ཐོག་བླ་བྲང་གི་དགོན་ལག་ཏུ་གཏོགས་པ་བཙུན་དགོན་མེ་ཏོག་སྦུག་དེ་ཉིད་དུ་སྔོན་དུས་བཙུན་མ་བཅུ་ཕྲག་གཅིག་ཙམ་ཡོད་པ་རྣམས་ཀྱིས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་ཕྱག་ལེན་གྱི་རྒྱུན་བསྐྱངས་བཞིན་མཆིས།   བཙུན་དགོན་འདི་ཉིད་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྐབས་ནས་ཡོད་པར་སྣང་སྟེ།   དེ་ཡང་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་སོ་བཞི་པ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་༼   ༡༧༠༢་་་་་་འདས་ལོ་མི་གསལ།  ༽ མཆོག་ལྷོ་གནས་སུ་ཞིབས་བསྒྱུར་མཛད་ནས་དགོན་སྡེ་ཁག་ལ་མང་འགྱེད་བསྙེན་བཀུར་མཛད་པའི་སྐབས་བཙུན་དགོན་འདི་ཉིད་ལ་ཡང་མང་འགྱེད་མཛད་པའི་སྐོར་རྗེ་ཉིད་ཀྱི་རང་རྣམ་ལས་གསལ་བར་གསུངས།

ཆོས་ཁང་གྲོང་ཚོ་ནས་མར་ཅུང་ཟད་ཡོང་ན་ལྷ་ཡུལ་ལུང་པར་སླེབས་ཉེའི་མཚམས་སུ་འབྲོམ་ཆུ་འགོ་ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ས་འོག་ནས་འདོན་གནང་མཛད་པའི་ཆུ་མིག་ཏུ་ད་ལྟའང་ཆུ་རྒྱུན་མི་ཆད་པར་སྣང་།  འོན་ཀྱང་ཡུལ་མིའི་ཁ་རྒྱུན་དུ་རོང་ཆུ་འགོ་ཞེས་འབོད་སྲོལ་མཆིས།  འདིར་སྔོན་དུས་བོད་ཟླ་གསུམ་པའི་ནང་དྭགས་དགོན་གྱི་དགེ་འདུན་རྣམ་པས་ཆར་འབེབས་ཀྱི་ཚུལ་དུ་གཏོར་མ་དང་ཀླུ་གཏོར་ཀླུ་བསང་སོགས་ལོ་ལྟར་གནང་སྲོལ་ཡོད།  རོང་ཆུ་འགོའི་བྱང་ངོས་ཀྱི་གྲོང་ཤུར་ཁ་ཤར་ལ་བལྟས་པའི་མདོར་ཆགས་པའི་ལྷ་ཡུལ་ལུང་པའི་ཕུར་བྱིན་ཅན་གྱི་བྲག་ཕུག་གཅིག་དང་དེའི་བྱང་བརྒྱུད་རི་འདབས་སུ་གནས་པའི་ཁང་ཆང་ཁྱིམ་གྱི་རི་སྟེང་དུ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་ཆུང་སྙེ་མ་ཚེ་རིང་དང་།   དེའི་ཉེ་འདབས་སུ་བཙུན་དགོན་ལྷ་ཁང་སྒང་སྐྱིད་ཅེས་པའི་དགོན་ཤུལ་དང་།   དེའི་གཤམ་དུ་ལྕགས་ཕུར་ཞེས་པའི་ཁྱིམ་ཚང་ནང་སྔོན་དུས་སློབ་དཔོན་རིན་པོ་ཆེའི་ལྕགས་ཀྱི་ཕུར་པ་བཞུགས་སུ་གསོལ་བར་བརྟེན་ཁྱིམ་དེར་མིང་དེ་སྐད་ཐོགས་ཞེས་ཡུལ་མི་རྒན་རབས་རྣམ་པས་གླེང་།  ལྷ་ཡུལ་གྲོང་ཚོའི་བྱང་གི་རི་སྟེང་དུ་གདེངས་ཕྱི་དགོན་པའི་ཤུལ་དང་།   དེ་ནས་མར་ཡོང་བའི་ལམ་བར་གུང་ཐང་ནང་དུ་སྔོན་དུས་སློབ་དཔོན་རིན་པོ་ཆེ་དབུས་ཀྱི་བྱུ་རུ་དམར་རྩེར་བྱོན་པའི་སྐབས་ཀྱི་ཕེབས་ལམ་དང་ཞབས་རྗེས་ཀྱང་ཡོད་པར་སྣང་།

ལྷ་ཡུལ་ནས་མར་སྤྱི་ལེ་གཉིས་ཙམ་ཡོང་བའི་སྨོན་གྲོང་གི་ནུབ་ཕྱོགས་ཀྱི་རི་འདབས་སུ་ཆོས་རྗེ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་བཙུན་དགོན་སྨོན་གྲོང་དགོན་གསར་འདི་ཉིད་སྔོན་དུས་དགོན་པ་གཞི་རྒྱ་ཤིན་ཏུ་ཆེ་བ་ཞིག་ཡོད་ཀྱང་ཇུན་གར་བའི་དམག་གིས་མེར་བསྲེགས་བཏང་ནས་ད་ལྟ་དགོན་ཤུལ་ཙམ་ལས་མེད།   ཁོ་བོས་ལོ་འགའི་གོང་ཙམ་ལ་གནས་འདིར་ཆེད་བསྐྱོད་བྱས་ནས་ལྟ་སྐབས་དགོན་དེའི་གཙུག་ལག་ཁང་ཆེན་མོའི་གནས་ཤུལ་རིའི་འདབས་སུ་ཆགས་པ་དང་རྒྱབ་རི་མཐོན་པོའི་ལྡེབས་སུ་བཙུན་མ་རྣམས་བཞུགས་སའི་གྲྭ་ཤག་གམ་མཚམས་ཁང་འདོམ་གང་གྲུ་བཞི་རྩིག་པ་སྤུས་ལེགས་པས་བརྩིགས་པ་དུ་མ་བཞེངས་སྐྲུན་བྱས་པའི་ཤུལ་དང་།  དེའི་གཤམ་གྱི་ཞིང་དཀྱིལ་དུ་ཡང་དགོན་པའི་གནའ་ཤུལ་མཆིས།   དེ་ནས་མར་ཅུང་ཟད་ཡོང་བའི་ནུབ་ཀྱི་རི་སྟེང་དུ་སྨོན་འགྲོ་ལྷ་ཁ་ཞེས་ཡུལ་མི་རྣམ་པའི་རྒྱུན་གཏན་གྱི་བསང་གསོལ་བྱེད་ས་ཡིན་པ་མ་ཟད།   ལོ་རེའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་སྤགས་ལས་གཡག་གཟུགས་བཟོས་ནས་གཏུབས་ཏེ་ཡུལ་མི་ཚོར་བགོ་བཤའ་བྱེད་པའི་སྲོལ་ཡང་སྣང་།

དེ་ནས་ལྷོ་ནུབ་ཏུ་གཞིས་ཆགས་པའི་ལུང་པ་ཁ་བྱང་ཤར་ཕྱོགས་སུ་གཏད་པ་བོག་ལུང་པའི་བར་སྤྱིི་ལེ་གསུམ་བཞི་ཙམ་བསྐྱོད་ན་ནུབ་ཀྱི་རི་སྟེང་དུ་ཆོས་རྗེ་བཀའ་བརྒྱུད་པའི་དགོན་ཆུང་དགའ་ལྡན་བསྐྱངས་དང་།  དེའི་ཕུར་ཆུ་མཛོད་ནང་དགོན་པའི་གནས་ཤུལ་འགའ་ཞིག་མཆིས།  དེའི་ཤར་ཕྱོགས་ཀྱི་རི་འདབས་སུ་བོག་ལུང་པའི་ལྷ་ཁ་དང་དེའི་ཕུར་ཀླུ་ནང་ཞེས་པའི་གྲོག་ཤུར་གྱི་ལྡེབས་སུ་ཀླུའི་གནས་ཤུལ་སོགས་སྔོན་དུས་ཀྱི་གནས་བྱིན་རླབས་ཅན་དུ་མ་དང་།   བོག་ནས་ནུབ་བྱང་ཕྱོགས་སུ་ཅུང་ཟད་བསྐྱོད་པའི་འབུ་གདང་ནང་རྔོག་ཆོས་སྐུ་རྡོ་རྗེའི་འཁྲུངས་ཁང་ཡོད་པ་རྒན་རྒོན་ཚོས་གསུངས་ཀྱང་རྔོག་སྟོན་རྣམ་ཐར་ལས་གཞུང་རི་བོར་སྐུ་འཁྲུངས་ཞེས་གཞུང་རི་བོ་ཁྱུང་ལྡིང་ངམ་གཞུང་གདང་དུ་སྐུ་འཁྲུངས་པ་གསལ་པོར་གསུངས།   དེའི་ཉེ་འདབས་སུ་དགོན་ཤུལ་གྱི་དབུས་སུ་གཙུག་ལག་ཁང་དང་མཐའ་སྐོར་དུ་གྲྭ་ཤག་གིས་བསྐོར་བའི་གནའ་ཤུལ་དང་དེ་དང་ཐག་མི་རིང་བའི་སར་མཆོད་རྟེན་ཆུང་ངུ་འགའ་ཞིག་ཀྱང་བཞུགས་སུ་གསོལ།  འབུ་གདང་ནང་ནས་བྱང་གི་རི་བརྒྱུད་དེ་གྲོང་རྙིང་གི་ཕུར་སོང་ན་རི་ལྡེབས་སུ་འབྲུག་བདེ་ཆེན་ཆོས་འཁོར་གྱི་དགོན་ལག་ཏུ་གཏོགས་ཤིང་ཆོས་འཁོར་རིན་པོ་ཆེ་མཆོག་དབྱར་ཁ་བཞུགས་གནས་མཛད་སའི་ཆོས་འཁོར་གླིང་དགོན་དུ་གཙུག་ལག་ཁང་བཟོ་བཀོད་ལེགས་པ་དང་དེའི་ཉེ་འདབས་སུ་དགེ་འདུན་པ་བཞུགས་སའི་གྲྭ་ཤག་འགའ་ཞིག་དང་།  མཐའ་སྐོར་དུ་ཁམ་སྡོང་སོགས་ཤིང་སྣས་བསྐོར་ཏེ་ཡུལ་ལྗོངས་ཕུན་སུམ་ཚོགས་པ།   དགོན་འདིའི་རྟེན་གཙོར་ལྷ་མོ་འདོད་ཁམས་དབང་ཕྱུག་གམ་ལྷ་མོ་དུད་སོལ་མ་གཙོ་བོར་གྱུར་པའི་བྱིན་གྱི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞུགས་པའི་ནང་ནས་ལྷ་མོ་འདི་ཉིད་སྐྱེ་འགྲོ་ཀུན་གྱི་བར་ཆད་སེལ་ཞིང་དངོས་གྲུབ་སྩོལ་བ་ལ་ཕྲིན་ལས་མྱུར་ཞེས་ཡུལ་འདིའི་ཕུ་མདའ་བར་གསུམ་དུ་ཡོངས་སུ་གྲགས་པ་མ་ཟད།    ལྷ་མོའི་སྐུ་དམར་གདུང་སྔོན་དུས་དགོན་འདིར་བཞུགས་སུ་གསོལ་ཡང་རིག་གསར་སྐབས་བོར་བརླག་ཏུ་སོང་ཞེས་རྒན་རབས་འགའ་ཞིག་ནས་གླེང་།

དེ་ནས་མར་ཡོང་བའི་བྱང་ཕྱོགས་སུ་ཅུང་ཟད་སོང་བའི་རི་སྟེང་དུ་བདེ་གདང་དགོན་གྱི་གནས་ཤུལ་རྒྱ་ཆེ་བ་དང་།  ད་དུང་བྱང་ངོས་ལ་སྤྱི་ལེ་གཅིག་ཙམ་བསྐྱོད་མཚམས་སུ་ན་གཤོལ་སྦུག་གི་རི་ལྡེབས་སུ་རྗེ་བཙུན་བསོད་ནམས་དཔལ་སྒྲོན་གྱིས་ཕྱག་བཏབ་པར་མཛད་པའི་དབེན་གནས་བསམ་གཏན་སྒྲུབ་སྡེར་གཙུག་ལག་ཁང་གྲྭ་ཤག་སོགས་དང་ད་དུང་དེའི་ནང་སྐུ་གསུང་ཐུགས་ཀྱི་རྟེན་ཁག་མང་པོ་དང་ཕྱི་རོལ་དུ་མཆོད་རྟེན་ཆེན་པོ་ད་ལྟའང་བཞུགས།  གཞིས་གནས་བཙུན་མ་རྣམས་ཀྱིས་རྣམ་རབ་དྭགས་གྲྭའི་ཕྱག་ལེན་ཉམས་བཞེས་དང་སྔོན་དུས་དྭགས་དགོན་གྱི་དགེ་འདུན་བགྲེས་སོང་རྣམས་སྐུ་ཚེའི་སྨད་དུ་ཕལ་ཆེ་བ་གནས་འདིར་བཞུགས་ནས་མཚམས་བསྙེན་སྒྲུབ་ལ་འབད་བརྩོན་གང་ལེགས་གནང་།   དབེན་གནས་བསམ་གཏན་སྒྲུབ་སྡེའི་སྐྱབས་སྦྱིན་རིན་པོ་ཆེ་སྐུ་ཕྲེང་གསུམ་བྱོན་པའི་སྐུ་ཕྲེང་གསུམ་པས་གསང་ཡུམ་བསྟེན་པར་མཛད་རྗེས་རིགས་སྲས་སུ་སྒྲུབ་སྡེའི་ཨ་ཎི་བདེ་སྐྱོང་ཞེས་པ་དེ་འཁྲུངས།  ད་ལྟ་ཉམས་གསོ་ཅུང་ཟད་ཐུབ་ཀྱང་འགལ་རྐྱེན་ཅི་རིགས་པའི་དབང་གིས་རྒྱུན་གཏན་བཙུན་མ་བཞུགས་རྒྱུའི་གོ་སྐབས་བྲལ།   བསམ་གཏན་སྒྲུབ་སྡེའི་ཉེ་འདབས་སུ་དགོན་ཤུལ་གཅིག་ཡོད་པ་དེ་རྒན་པོའི་གསུང་གྲོས་ལྟར་ན་ཕོ་དགོན་གྱི་གནའ་ཤུལ་ཡིན་པར་གསུངས།   དབེན་གནས་འདི་ཉིད་ནས་བྱང་དུ་སོང་བའི་ལུང་ཆུང་ཁ་ཤར་དུ་ཕྱོགས་པའི་ནང་ཆགས་པའི་ཐར་པ་གླིང་གྲོང་ཚོའི་རྒྱབ་ཀྱི་རི་སྟེང་དུ་སྔགས་འཆང་གི་དགོན་པ་གདེངས་ཕྱིའི་ཤུལ་དང་།  ཐར་པ་གླིང་གྲོང་ཚོའི་སྟོད་ཙམ་དུ་གདེངས་ཕྱི་དགོན་པ་ཡུལ་འདིར་གནས་སྤོ་བྱས་རྗེས་གཞུང་སྤྲེའུ་ཞིང་གི་གདན་ས་འོག་མར་གྱུར་ཅིང་ཆོས་རྗེ་བཀའ་བརྒྱུད་པའི་ཟབ་ལམ་སྔགས་ཀྱི་གཞུང་དང་མན་ངག་དར་ཁྱབ་ཆེ་བར་གྱུར་པར་བརྟེན་དཔལ་ལྡན་ས་སྐྱའི་སྙན་བརྒྱུད་བསྟན་པའི་བདག་པོ་ཚར་ཆེན་བློ་གསལ་རྒྱ་མཚོ་མཆོག་ཀྱང་ཆེད་ཕེབས་མཛད་ནས་འཕྲིན་ལས་བསྐྱངས་གནང་བའི་གནས་ཁྱད་པར་ཅན་འདུ་ཁང་རྙིང་པར་གཙུག་ལག་ཁང་དང་དེའི་ནང་རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་དུ་མ་དང་འདུ་ཁང་རྙིང་པར་རྒྱུན་གཏན་སྔགས་འཆང་རྣམས་སྒྲུབ་མཆོད་ཁག་ཚོགས་ས་ཡིན་པ་མ་ཟད།  དེའི་ཉེ་འཁོར་དུ་དགོན་དེའི་བླ་མ་རྣམས་བཞུགས་སའི་གཟིམས་ཁང་དང་།  གཟིམས་ཤོད།  གཟིམས་སྤྱིལ་ནོར་བུ་སོགས་བླ་བྲང་བཞེངས་སྐྲུན་བྱས་པ་ལ་ཕྱིས་སུ་བླ་བྲང་ཁག་འཐོར་བཤིག་ཏུ་སོང་ཡང་དེ་དག་གི་མིང་ད་ལྟའི་གྲོང་མིའི་ཁྱིམ་ཚང་ཁག་ལ་འབོད་སྲོལ་མཆིས།   དེའི་ཉེ་འདབས་སུ་དཔལ་ལྡན་ལྷ་མོ་འདོད་ཁམས་མའི་བཞུགས་གནས་ལྷ་མོ་ཁང་དུ་ལྷ་མོའི་སྐུ་བརྙན་ཁྲོ་ཉམས་ཅན་བཞུགས་སུ་གསོལ།  ཕྱིས་སུ་གནས་འདི་ཉིད་རྔོག་པའི་གདན་ས་གོང་མ་གཞུང་སྤྲེའུ་ཞིང་དང་འདྲ་བར་གོང་དཀར་ཆོས་སྡེའི་དགོན་ལག་ཏུ་གཏོགས་རྗེས་ཆོས་སྡེའི་སྐུ་གཉེར་རིམ་བྱོན་ཕེབས་ནས་ཟླ་རེའི་ལྷ་མོའི་བསྐང་གསོ་རྒྱུན་མ་ཆད་པ་གནང་སྲོལ་ད་ལྟའང་མཆིས།

ཐར་པ་གླིང་གྲོང་ཚོ་ནས་བྱང་ཤར་ཕྱོགས་སུ་ཅུང་ཟད་བསྐྱོད་པའི་གནས་རི་ཁ་ཤར་དུ་གཏད་པའི་ལྡེབས་སུ་ཇོ་བསྟོད་ལས།  གཡོར་པོ་འཕྱིང་རུར་བུ་མོས་མགོ་རྒྱན་ཕུལ།   །ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད།   །ཅེས་གསུངས་པ་ལྟར་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་བུ་མོ་ཞིག་ནས་མགོ་རྒྱན་ཕུལ་བས་བུ་མོ་དེ་ཤི་བ་གསན་རྗེས་དེ་ཡི་སྡིག་སྒྲིབ་སྦྱོང་བར་མཛད་པའི་གནས་རྟ་དཀར་གད་ཕུག་དང་དེའི་མདོར་རྣམ་རབ་དྭགས་དགོན་ནས་བཞེངས་སྐྲུན་མཛད་པའི་ལྷ་ཁང་གཟུགས་དབྱིབས་ལེགས་པ་ཐོག་བརྩེགས་གསུམ་ཅན་དང་།   དེའི་རྟེན་གཙོར་རྩེ་འོག་ཁྱིམ་ཚང་གཙོ་བོར་གྱུར་པའི་ཡུལ་མི་ཚོས་གསར་བཞེངས་གནང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་བརྙན་མི་ཚད་མ་ཡིད་འཕྲོག་པ་སོགས་རྟེན་དུ་མ་བཞུགས་སུ་གསོལ།  རྟ་དཀར་གད་ཕུག་གི་ལྷོའི་ལུང་ཆུང་ནང་ཇོ་བོ་རྗེས་བཞེངས་གནང་མཛད་ཅིང་བླ་མའི་ན་བཟའ་ཆ་ཚང་བཞུགས་པའི་མཆོད་རྟེན་རྟ་དཀར་གཡུ་འབུམ་སྐྱེ་འགྲོ་རྣམས་ཀྱི་དད་པའི་རྟེན་དུ་བཞེངས་སུ་གསོལ་ཡོད་ཀྱང་རིག་གསར་སྐབས་ཉམས་རྒུད་དུ་སོང་བར་བརྟེན་ད་ལྟ་རྙིང་མའི་བླ་མ་གཏེར་སྟོན་རིན་པོ་ནས་རྟ་དཀར་གད་ཕུག་གི་འོག་གི་རི་གཤམ་དུ་གསར་བཞེངས་མཛད་པའི་མཆོད་རྟེན་ཐོག་བརྩེགས་གསུམ་ཙམ་བྱས་པ་ཞིག་བཞུགས།   དེའི་ཉེ་འདབས་སུ་ཇོ་བོ་རྗེའི་ཞབས་རྗེས་གསལ་བར་སྣང་བ་ཞིག་དང་།   དེ་དང་ཐག་མི་རིང་བའི་ཤར་དང་ལྷོའི་ས་འབུམ་དཀར་པོའི་འོག་ནས་ཇོ་བོ་རྗེའི་ཕྱག་ཚྭ་བྱིན་རླབས་ཅན་གོང་ཞུས་ཀྱི་ཁྱད་ཆོས་ལྡན་པ་དུ་མ་ཐོན་པ་མ་ཟད།   རྣམ་རྒྱལ་གླིང་གྲོང་ཚོའི་བྱང་ངོས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་བསྙེན་སྒྲུབ་མཛད་སའི་ས་ཕུག་ཀྱང་ཡོད།

དེ་ནས་མར་སྤྱི་ལེ་གསུམ་ཙམ་སོང་ན་བན་ཙ་གྲོང་ཚོའི་ནུབ་ཏུ་སྔོན་དུས་མཐའ་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་གཞུང་ཉར་མོ་སྐྱུར་དུ་གྲགས་པའི་གཙུག་ལག་རྟེན་དང་བརྟེན་པ་རིན་ཐང་བྲལ་བ་བཞུགས་སུ་གསོལ་བ་འདིའི་ནང་སྔོན་དུས་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་མཆོག་ཐོག་མར་གཞུང་དུ་ཕེབས་པའི་གནས་ཡིན་པར་མངོན།  དེའི་ཤར་དུ་བན་ཙ་གྲོང་ཚོའི་དབུས་སུ་དབང་འཛིན་འཇམ་དཔལ་ལགས་ནས་བཞེངས་གནང་ཞིང་རྭ་བ་སྨད་དགོན་གྱི་མངའ་ཁོངས་སུ་གཏོགས་པ་བན་ཙ་བཀའ་འགྱུར་ལྷ་ཁང་དུ་གསུང་རྟེན་བཀའ་འགྱུར་གཙོ་བོར་གྱུར་པའི་བྱིན་ཅན་གྱི་རྟེན་དུ་མ་དང་།  དགོན་འདིར་སྔོན་དུས་བླ་མ་ངག་བློ་རིན་པོ་ཆེ་དབུས་པའི་དཔལ་ལྡན་རྭ་བ་སྨད་དང་རྣམ་རབ་དྭགས་གྲྭ་དགོན་གྱི་དགེ་འདུན་ཐུན་མོང་ཐོག་དབྱར་གནས་ཞལ་གྱིས་བཞེས་པ་ལ་བླ་མ་ངག་བློ་རིན་པོ་ཆེ་ནས་དགེ་འདུན་ཡོངས་ལ་ཟབ་ཆོས་དུ་མ་བསྩལ་གནང་མཛད་པ་མ་ཟད།   དཔལ་ནཱ་ལེནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་འདུས་ཚོགས་ཡོངས་ལ་སྤྱོད་འཇུག་གི་བཀའ་འཁྲིད་ཀྱང་བསྩལ།

རྣམ་རབ་ལུང་པའི་དབུས་སུ་གཞིས་ཆགས་པའི་རྣམ་རབ་ཞོལ་གྱི་གྲོང་གི་འགོར་ཆོས་དྲུང་སྐུ་ཞབས་ལགས་ནས་གསར་བཞེངས་གནང་བའི་མ་ཎི་ལྷ་ཁང་བཟོ་བཀོད་ཤིན་ཏུ་ལེགས་ཤིང་ལྡེབས་རིས་རྙིང་པ་རིས་སུ་བྲིས་པ་ད་ལྟའང་བཞུགས་པའི་གནས་སུ་སྔོན་དུས་བོད་ཟླ་བཞིི་པའི་ནང་རྣམ་རབ་དྭགས་དགོན་གྱི་དགེ་འདུན་བགྲེས་སོང་རྣམས་དང་བསམ་གཏན་སྒྲུབ་སྡེའི་བཙུན་མ་རྣམས་ཐུན་མོང་ཐོག་བསྙུང་གནས་མཛད་པའི་གནས་ཁྱད་པར་དུ་འཕགས་པ་དང་།  དེའི་ནང་ཆུའི་ཤུགས་ཀྱིས་བསྐོར་བའི་མ་ཎི་འཁོར་ལོ་ཆེན་པོ་ཞིག་དང་རྟེན་གཙོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བརྙན་སོགས་རྟེན་ཁག་བཞུགས།   རྣམ་རབ་ཞོལ་གྱི་གྲོང་གི་དབུས་སུ་ཨེ་ལྷ་རྒྱ་རིའི་མཆོད་གཞིས་རྒྱ་རི་གཞིས་ཀ་ཐོག་བརྩེགས་གཉིས་ཅན་རྩིག་པ་སྤུས་ལེགས་པ་དང་།  གཞིས་ཀ་འདི་ཉིད་ཕྱིས་སུ་སྡེ་དྲུག་བླ་བྲང་གི་མངའ་ཁོངས་སུ་གཏོགས་རྗེས་སྡེ་དྲུག་རྒྱལ་སྤྲུལ་མཁྱེན་རབ་དབང་ཕྱུག་གི་ཐུགས་དམ་གྱི་རྟེན་ཐུབ་པ་བྱིན་རླབས་ཅན་ཡུལ་འདིའི་མི་སེར་རྣམ་པའི་དད་པའི་རྟེན་དུ་གསོལ་བསྩལ་མཛད་པ་དེ་ཉིད་ད་ལྟ་རང་དགོན་གྱི་རྟེན་གཙོར་བཞུགས་སུ་གསོལ་ཡོད།  དེའི་སྟེང་དུ་ཨེ་ལྷ་རྒྱ་རིའི་ལྷ་ཆེན་རོང་ལྷའི་རྒྱལ་མཚན་གྱི་རྟེན་དང་།  དེའི་ནུབ་ཀྱི་ཐོག་བརྩེགས་བཞི་པའི་སྟེང་ལྷ་མོ་སྲིད་རྒྱལ་མའི་བཞུགས་གནས་ལྷ་མོ་ཁང་དུ་སྔོན་དུས་ལྷ་མོ་སྲིད་རྒྱལ་མའི་སྐུ་དམར་གདུང་བྱིས་པ་ལོ་གཉིས་པའི་ཚད་ཙམ་པ་ཞིག་དང་ལྷ་མོའི་སྐུ་བརྙན་སོགས་དད་རྟེན་ཁག་ཀྱང་བཞུགས་སུ་གསོལ།   ལྷ་མོ་ཁང་འདི་ཉིད་དུས་འགྱུར་མ་བྱུང་བར་གོང་དཀར་ཆོས་སྡེའི་མངའ་ཁོངས་སུ་གནས་ཤིང་ཆོས་སྡེ་དགོན་ནས་འདིར་སྲུང་མར་འཕྲིན་བཅོལ་གནང་མཁན་རྒྱུན་བཞུགས་མཛད་བཞིན་ཡོད།

དེའི་ཉེ་འདབས་སུ་ཨེ་ལྷ་རྒྱ་རིའི་སྡེ་དཔོན་རིམ་བྱོན་རྣམས་ཀྱི་སྐུ་ཚེའི་ཚེ་སྒྲུབ་གནང་མཁན་གྱི་དགེ་འདུན་བརྒྱད་གྲྭ་གཅིག་བཞུགས་པའི་གནས་ཐོག་བརྩེགས་གཉིས་པར་འདུ་ཁང་རྙིང་པ་ཀ་བ་བཅུ་ཅན་ཞིག་དང་།  འདིའི་ཐོག་བརྩེགས་བཞི་པར་རྒྱལ་པོ་སྐུ་ལྔའི་རྟེན་ཁག་དང་དེར་འཕྲིན་བཅོལ་མཛད་པའི་རྒྱལ་ཁང་དང་།   དེའི་བྱང་དུ་ཐོག་བརྩེགས་གཉིས་པའི་སྟེང་ལྕོག་གསར་པ་དང་།   དེའི་ཤར་དུ་རྣམ་རབ་དྭགས་པོ་གྲྭ་ཚང་དགོན་གྱི་གཙུག་ལག་ཁང་གཙོ་བོ་ཞལ་ཤར་དུ་ཕྱོགས་ཤིང་ཐོག་བརྩེགས་གསུམ་ཅན་འོག་གི་དབུས་སུ་འདུ་ཁང་ཀ་བ་ཉི་ཤུ་དང་སྦུག་ཏུ་སྒྲོལ་མ་ལྷ་ཁང་ཀ་བ་གཉིས་དང་གཡས་སུ་བཀའ་འགྱུར་ལྷ་ཁང་དཀྱུས་རིང་པོ་དང་གཡོན་དུ་མགོན་ཁང་ཤོད་དམ་གསང་བའི་མགོན་ཁང་།  ཐོག་བརྩེགས་གཉིས་པར་ལམ་འབྲས་ལྷ་ཁང་དང་།   པར་ཁང་ཆེན་མོ།   རབ་གསལ་ལྷ་ཁང་།   མཁན་པོའི་གཟིམས་ཆུང་།  ཐོག་བརྩེགས་གསུམ་པར་གནས་བཅུ་ལྷ་ཁང་དང་།  གཙུག་ལག་ཁང་གི་བྱང་ཤར་དུ་རྣལ་རྒྱལ་ལྕོག་དང་མཐའ་འཁོར་ཕལ་ཆེ་བ་ཐོག་བརྩེགས་རིམ་ཅན་གྱི་གྲྭ་ཤག་གིས་བསྐོར་བ།  གཙུག་ལག་ཁང་དེ་དག་གི་ནང་དུ་གསེར་བྲིས་ཀྱི་འབུམ་དང་བཀའ་འགྱུར།   ད་དུང་རྒྱུ་གསེར་དངུལ་ཅི་རིགས་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞུགས་སུ་གསོལ་བ་མ་ཟད།   དེའི་ཤར་ལྷོའི་མཚམས་སུ་ཆོས་ར་ཁང་སྟེ་རྣམ་རབ་དྭགས་གྲྭའི་བཤད་གྲྭ་ལྷ་ཁང་ཐོག་བརྩེགས་གསུམ་ཅན་དང་།   དགོན་དེའི་ནུབ་བྱང་གི་ཕྱོགས་སུ་མཁན་ཆེན་ངག་བློ་རིན་པོ་ཆེ་ནས་གསར་བཞེངས་གནང་བའི་མཆོད་རྟེན་ཐོག་བརྩེགས་གསུམ་ཅན་ཡུལ་དེའི་དད་ལྡན་རྣམ་པའི་ཕྱག་མཆོད་ཀྱི་རྟེན་དུ་བཞུགས།   རྣམ་རབ་དྭགས་དགོན་འདིར་ལོ་རེའི་བོད་ཟླ་དང་པོའི་ནང་རྣམ་རབ་བཅོ་ལྔ་མཆོད་པའི་དུས་ཆེན་གཟབ་རྒྱས་ངང་ཚོགས་སྲོལ་མཆིས།   ཡུལ་མི་རྣམ་པས་ལོ་ལྟར་ལོ་གསར་གྱི་ཚེས་གང་ཡིན་ལ་འཁེལ་བ་ལྟོས་མེད་ཐོག་རེས་གཟའ་ལྷག་པ་ནམ་ཡིན་ལ་རང་ཁྱིམ་གྱི་དར་ལྕོག་བསང་གསོལ་རྒྱས་པའི་སྒོ་ནས་འཛུགས་གནང་ཟིན་རྗེས་ཡུལ་འདིའི་མི་སེར་ཐུན་མོང་གི་བསང་གསོལ་མཛད་པའི་གནས་དར་སྤུང་གྲུ་བཞི་དང་བསམ་གཏན་རྩེ་མོ།   གཞི་བདག་གི་གནས་རི།   ལྷ་རི།  དར་ཆེན་ཆེན་མོ་བཅས་སུ་བསང་གསོལ་དང་ཀླུང་རྟ་ཡར་སྐྱེས་ཀྱི་དར་ལྕོག་བཙུགས་ཏེ་ལུང་པར་སད་སེར་དང་ནད་རིམས་སོགས་ཀྱི་རྐྱེན་ངན་མི་འབྱུང་བའི་སླད་དུ་གསོལ་སྨོན་འདེབས་སྲོལ་མཆིས།   ལོ་ལྟར་ལུང་པ་སོ་སོ་སྒྲིག་འཛུགས་གནང་སྟེ་བཀའ་འགྱུར་དང་འབུམ་སོགས་རང་རང་གི་ལུང་པར་དགེ་འདུན་པ་གདན་ཞུས་ཀྱིས་གསུང་སྒྲོག་གནང་སྲོལ་མཆིས་པ་མ་ཟད།   ད་དུང་འོང་སྐོར་རམ་དབྱར་སྐྱིད་སྐབས་སྟོན་པའི་སྐུ་བརྙན་བྱིན་རླབས་ཅན་དང་བཀའ་འགྱུར་སོགས་གསུང་རྟེན་ཁག་ཞིང་སྐོར་དུ་གདན་འདྲེན་ཞུ་སྲོལ་མཆིས།   ཡུལ་འདིར་ཁྱད་དུ་འཕགས་པའི་ལུགས་སྲོལ་གཅིག་ནི་དབྱར་ཟླ་གསུམ་སྟེ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་བར་དུས་ཡུན་ཟླ་བ་གསུམ་གྱི་རིང་ལོ་ལྟར་དབྱར་ཁྲིམས་བསྡམས་ཏེ་དབྱར་ཁ་ཉ་སྟོང་བརྒྱད་གསུམ་གྱི་དུས་བཟང་བསྲུངས་ནས་ཞིང་ནང་དུ་འགྲོ་མི་ཆོག་པའི་ཕྱག་ལེན་བསྟར་བཞིན་པ་ནི་དབྱར་ཁ་ཞིང་ནང་དུ་རྩྭ་སྔོན་མང་བར་བརྟེན་ཞིང་ནང་དུ་སོང་ན་འབུ་སྲིན་སོགས་སྲོག་ཆགས་གྲངས་ལས་འདས་པ་རྣམས་འཆི་བར་དོགས་ནས་ཡུལ་འདིའི་ཕ་མེས་ཡང་མེས་ཀྱི་སྐབས་ནས་སྲོལ་བཟང་འདི་ཉིད་ཕྱག་སྲོལ་བཏོད་པར་མཛད་པས་རང་གཞན་གཉིས་ཕན་གྱི་བྱ་བ་བཟང་པོ་ཞིག་ལགས།   གོང་ཞུས་ཀྱི་གནས་དང་གནས་ཤུལ་རྣམས་དེང་གི་ས་ཁོངས་ལྟར་ན་ལྷོ་ཁ་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་ཁོངས་ཕུ་གྲོང་ཚོ་དང་།   རྒྱ་རི་གྲོང་ཚོ་ཡས་མས་གཉིས།   རྣམ་རྒྱལ་གླིང་གྲོང་ཚོ།   བན་ཙ་གྲོང་ཚོ་བཅས་དང་།   ད་དུང་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་ཁོངས་འབོལ་སྣང་༼    ཧུང་ཤིན་ ༽  གྲོང་ཚོ་བཅས་ཀྱི་མངའ་ཁོངས་སུ་གཏོགས་སོ།   

 དེ་ལྟ་བུའི་རྣམ་རབ་ལུང་པའི་གནས་དང་གནའ་ཤུལ་ཁག་གི་ངོ་སྤྲོད་མདོར་བསྡུས་འདི་ཉིད་རྣམ་རབ་དྭགས་གྲྭའི་མཁན་མིང་རྣམ་རབ་ངག་དབང་ཐུབ་བསྟན་ནས་དགོན་འདིའི་དགེ་འདུན་བགྲེས་སོང་སྐལ་བཟང་བཟོད་པ་ལགས་དང་།   ཞང་ངག་དབང་ཐུབ་བསྟན་ལགས།   ཁོ་བོའི་ཞང་པོ་རིག་འཛིན་དབང་འདུས་སོགས་ཡུལ་འདིའི་གནའ་རབས་ཀྱི་གསུང་གྲོས་ལ་རྒྱུས་མངའ་ཆེ་བའི་རྒན་རྒོན་རྣམ་པར་བཀའ་འདྲི་ཞུས་ནས་གསུང་གྲོས་ཡིད་རྟོན་དུ་རུང་བ་རྣམས་ལ་གཞི་བཅོལ་ཏེ་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་གྲོ་བཞིན་ཟླ་བར་དཔལ་ཨེ་ཝཾ་ནང་བསྟན་སློབ་གླིང་དུ་བྲིས་པའོ།   །དགེ་ལེགས་འཕེལ།།    །།

བརྒྱུད་སྐུལ།

མཆན་སྤེལ།