རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བའི་རྣམ་ཐར།

མཛད་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

 

༈ ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གསན་བརྒྱུད་ལ་རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་བྱུང་ཞིང་། ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་ཀྱི་མན་ངག་གཉིས་གཅིག་ཏུ་བསྲེས་ནས་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་བྱང་ཆུབ་ལམ་གྱི་རིམ་པའི་ལུས་གཅིག་ཏུ་དྲིལ་ནས་གནང་བས་དེ་ཕྱིན་ལ་རྒྱུད་པ་གཉིས་སོ་སོར་མེད་ཀྱི་ཇོ་བོ་ཡབ་སྲས་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བས་བརྒྱུད་ཚུལ་མཐའ་ཡས་པ་ཡོད་མོད་ཀྱང་གཙོ་བོ་ཡོངས་སུ་གྲགས་པ་ནི་ཇོ་བོ་ཡབ་སྲས་ནས་དགེ་བཤེས་དགོན་པ་བ། དེ་ནས་སྣེའུ་ཟུར་པ་སོགས་ལ་རིམ་གྱིས་བརྒྱུད་པ་དང་། འབྲོམ་རིན་པོ་ཆེ་ནས་དགེ་བཤེས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་བརྒྱུད་པ་དང་། འབྲོམ་རིན་པོ་ཆེ་ནས་དགེ་བཤེས་པོ་ཏོ་བ། དེ་ནས་ཤ་ར་བ་སོགས་ལ་བརྒྱུད་པ་གསུམ་བྱུང་ངོ་། །དགེ་བཤེས་སྤྱན་སྔ་བ་ནས་བརྒྱུད་པ་ལ་བཀའ་གདམས་གདམས་ངག་པ་དང་། དགེ་བཤེས་པོ་ཏོ་བ་ནས་བརྒྱུད་པ་ལ་བཀའ་གདམས་གཞུང་པ་ཞེས་ཐ་སྙད་མཛད་དོ།།

དེ་ལ། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། །ཞེས་བསྔགས་པ། དགེ་བཤེས་དགོན་པ་བ་ནི། མདོ་ཁམས་སྒང་དུ་སྔགས་པ་ཅིག་གི་སྲས་སུ་ 1016 མེ་ཕོ་འབྲུག་ལ་འཁྲུངས། གདུང་རུས་འཛེང་ཡིན་པས་ཕྱིས་དགོན་པ་བ་ར་སྒྲེང་ན་བཞུགས་པའི་ཚེ་འཛེང་སྒོམ་ཞེས་བརྗོད་པ་ཡང་རུས་མིང་ནས་བརྗོད་པ་ཡིན་ནོ། །དེ་ནི་སྐུ་གཞོན་ནུ་ནས་རབ་ཏུ་བྱུང་། མཚན་དབང་ཕྱུག་རྒྱལ་མཚན་ཞེས་བཏགས། ནམ་ཞིག་ན་དུས་ཀྱི་ཆོས་ཉིད་ཀྱིས་ཡབ་ཡུམ་གཉིས་ཀ་གྲོངས་ནས་ཡབ་ལ་དཔེ་ཆ་མང་པོ་ཡོད་པ་གྲོགས་པོ་ཞིག་དང་གྲོས་བྱས་ཏེ། རི་ཁྲོད་དབེན་པ་ཅིག་ཏུ་ལྟ་རྟོག་བྱེད་ཅིང་དགེ་སྦྱོར་བྱེད་པའི་གྲོས་བྱས། པོ་ཏི་མང་པོའི་ཁྲེས་པོ་ཞིག་བཅོས། བརྒྱགས་ཕྱེ་ཚུན་བསྡོགས་ནས་འགྲོ་བར་ཆས་ཡོད་པའི་དུས་སུ། དབུས་ནས་ཡོངས་པའི་ཚོང་པ་ཚན་ཅིག་དང་ཕྲད་པས་མངའ་རིས་སྟོད་དུ་པཎྜི་ཏ་ཆེན་པོ་ཞིག་བྱོན་ལོ་བྱ་བ་གསན་པས་སྔོན་གྱི་བག་ཆགས་སད་དེ་པཎྜི་ཏ་ཆེན་པོ་དེ་དང་མཇལ་ནས་ཆོས་ཕུ་ཐག་ཆོད་པ་ཞུས་ཏེ་ཚེ་ཐུང་འདི་ལ་རྐྱེན་གང་གིའང་དབང་དུ་མ་སོང་བར་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་སྙམ་པའི་འདུན་པ་ཤུགས་དྲག་པོ་བྱུང་ནས་རང་ཡུལ་ཉེ་དུ་ནོར་ལོངས་སྤྱོད་གང་ལའང་མ་ཆགས་པར་དཔེ་ཆ་དང་བརྒྱགས་ཕྱེ་གྲོགས་པོ་ལ་བཞག །དབུས་སུ་འགྲོ་བའི་ཚོང་པ་ཚན་ཅིག་བྱུང་བས། བརྒྱགས་མེད་པར་དེ་དག་དང་ལྷན་དུ་འགྲོན་པོ་རྣམས་ལ་སློང་གིན་བྱོན་ཏེ་གཙང་གི་ཉན་ཚོར་ཇོ་བོ་དང་མཇལ་ཆོས་ཞུས་པས། ངའི་བླ་མཆོད་བྱེད་ན་ཆོས་བཤད་གསུང་། ཁོ་བོས་བླ་མཆོད་རྔོ་མི་ཐོག།།ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་བྱས་པས། བླ་མཆོད་མི་བྱེད་ན་ང་ཡང་ཆོས་མི་བཤད་གསུངས་པས། དེར་བླ་མཆོད་དུ་ཁས་བླངས་ནས་བཞུགས། ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་ལྐོག་ཏུ་གསུངས་པ་རྣམས་མ་གཏོགས་ཆོས་གང་གསུངས་ཐམས་ཅད་ཞུས། ལྷག་པར་ཁོང་རང་ལ་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་རྫོགས་པར་གནང་ནས་བསྒོམས་པས་མྱོང་བ་ཕུལ་དུ་ཕྱིན་པ་ཐོན། སྔགས་ཀྱི་གདམས་པའང་མང་དུ་ཞུས་ཤིང་ཁྱད་པར་ཇོ་བོ་མི་གཡོ་པའི་སྒྲུབ་ཡིག་ཆེན་མོ་དམིགས་པ་སྐོར་གསུམ་དང་བཅས་པ་ལོ་ཙཱ་བས་ཀྱང་བར་དུ་མ་བཅད་པར་ཚང་བར་མཛད་ཅེས་སྔོན་གྱི་ཆོས་འབྱུང་འགའ་ཞིག་ལས་འབྱུང་སྟེ། ཇོ་བོས་བོད་སྐད་དུ་གསུངས་པའམ། ཁོང་རང་གིས་རྒྱ་སྐད་ལོབས་ཏེ་ལོ་ཙཱ་བ་ལ་མི་བལྟོས་པར་ཇོ་བོ་ལས་དངོས་སུ་གསན་པ་གང་རིས་སུ་མངོན་ནོ། །ཇོ་བོ་རྗེས་སྐལ་ལྡན་གྱི་གདུལ་བྱ་ཁྱད་པར་ཅན་དུ་གཟིགས་ནས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཏེ་བླ་མཆོད་མཛད་ཅིང་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབས། ཁོང་རང་གིས་ཀྱང་ཇོ་བོ་རྗེས་གནང་བའི་མན་ངག་ཐམས་ཅད་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ལམ་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་སྟེ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་ཇོ་བོ་རྗེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མིན་པ་སྐྱེས། སྐྱེས་བུ་ཆུང་ངུའི་ལམ་ལ་སྦྱངས་ཏེ་ཚེ་འདི་ལ་ཆགས་པའི་བསམ་པ་གཏན་ནས་ལོག་སྟེ་ཕྱི་མའི་དོན་འབའ་ཞིག་སྒྲུབ་པའི་བསམ་པ་དང་། ལས་འབྲས་ལ་གཏིང་ནས་ཡིད་ཆེས་པའི་དད་པ་དང་། སྐྱེས་བུ་འབྲིང་གི་ལམ་ལ་སྦྱངས་པའི་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བཅོས་མ་མིན་པ་སྐྱེས་ཏེ་ཁས་བླངས་པའི་ཚུལ་ཁྲིམས་ལ་བསྡམ་པར་བྱ་བའི་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་མཛད། ལམ་སྒྲུབ་པ་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་ནར་མར་མཛད་དེ། ལན་ཅིག་གཟིམ་མལ་དུ་སྐྱིལ་ཀྲུང་ལམ་གྱིས་མཛད་པསབརླ་ཤ་ལ་སྤེན་མ་ཡོག་ཤིང་ཙམ་ཞིག་ཐམ་གྱིས་ཟུག།།དེ་འདྲ་བ་ལ་འབྱུང་རིན་མེད། དགེ་སྦྱོར་རང་གལ་ཆེ་སྙམ་ནས་ཐུགས་དམ་དུ་ཧྲིལ་གྱིས་སོང་། ནམ་ལངས་ཙ་ན་གཟིམ་མལ་ཐམས་ཅད་ཁྲག་གིས་གང་། སྐུའི་བརླ་ཤ་ཐམས་ཅད་ནུར་ནས་ཤིན་ཏུ་བསྙུང་བ་བྱུང་། དེ་དགེ་བཤེས་སྟོན་པས་གསན་པས་ཡེ་ཁམས་པ་གླེན་པ་དེ་ཕྱུང་ནས་བསྒོམས་པས་ཅི་མ་ཁྱབ་གསུང་། ལྐོག་ཏུ་ཁོང་གི་དེ་འདྲ་ཞིག་དགོས་པ་ཡིན་གསུངས་ནས་བསྔགས་པ་བརྗོད་པར་མཛད། དེ་ལྟར་བླ་མ་ལ་དད་པ་དང་། ཚུལ་ཁྲིམས་དག་པ་དང་། བསམ་གཏན་སྒོམ་པ་ལ་བརྩོན་པ་ཤུགས་དྲག་པ་སྟེ་རྒྱུ་གསུམ་པོ་དེ་ལ་བརྟེན་ནས་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ནི་ཁམས་གོང་མའི་ཏིང་ངེ་འཛིན་བརྙེས་པ་ཡིན་གསུང་། ལན་ཅིག་ཙ་ན་རླུང་བཟུང་སྟེ་བ་སྤུ་ཡང་མི་འགུལ་བར་དྲོད་ཚ་ལམ་མེ་བྱས་ནས་ཞག་གསུམ་གསུམ་ཙམ་བཞུགས་པས། སློབ་མ་རྣམས་ད་ནི་གྲོངས་ཟིན་སྙམ་པ་ལ། ཨ་ཧ་ཧ་གསུང་ནས་ཀོག་གིས་བཞེངས། དེ་ཙུག་མཛད་པ་ཅི་ཙུག་ལགས་ཞུས་པས། ཁམས་ཅུང་ཞིག་མ་བདེ་བས་རླུང་བག་ཙམ་བཟུང་བ་ཡིན་གསུང་། རྒྱ་གར་ནག་ཆུང་བྱ་བ་དེ་ཡང་ར་སྒྲེང་དུ་བྱོན་པས། དགོན་པ་བའི་གྲང་ཁང་ལ་མཛུབ་མོ་བཙུགས་ཏེ་འདི་ལ་ཏིང་ངེ་འཛིན་དང་མངོན་ཤེས་ཡོད་ཟེར་བའང་བྱུང་། པོ་ཏོ་བ་ཀླུངས་ཤོད་ན་འགོ་ན་བཞུགས་པའི་དུས་སུ། ཕུ་ཆུང་བ་དང་སྣེའུ་ཟུར་པ་གཉིས་ཀྱིས་དགོན་པ་བའི་སྐུ་ཆེ་བའི་ཡོན་ཏན་གླེང་བ་ལ། ཕུ་ཆུང་བའི་ཞལ་ནས། ཞང་སྒོམ་ཁྱེད་འཕྱི་བ་ཡིན། ངེད་སྔོན་དགེ་བཤེས་དགོན་པ་བ་དང་ཇ་གྲལ་གཅིག་ན་བཞུགས་པའི་དུས་ན། དགོན་པ་བའི་ཞལ་ནས། ངས་བར་དེར་སངས་རྒྱས་རྗེས་སུ་དྲན་པ་བག་ཙམ་ཞིག་ཡིད་ལ་བྱའོ་གསུངས་ནས་སྤྱན་ཟིམ་ཙམ་མཛད་ནས་བཞུགས། རྗེས་ལ་ངས་ད་ལྟ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འོག་གི་ཕྱོགས་ན་སངས་རྒྱས་ཤིག་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་ཆོས་གསུངས་པ་དེ་ངའི་ལྷའི་སྤྱན་གྱིས་མཐོང་བ་ཡིན། ལྷའི་སྙན་གྱིས་གསན་པ་ཡིན་གསུང་། ཡང་དགོན་པ་དབང་ཕྱུག་འོད་བྱ་བ་མཚམས་བཅད་མཛད་པ་ཅིག་བརྒྱགས་ཆད་ནས་དྲོ་གཟན་མེད་པས་མཚམས་བཏོན་ལ་དྲོ་གཟན་བཙལ་དགོས་སྙམ་ནས། ཕར་ཙམ་ཚུར་ཙམ་འདུག་ཙ་ན། དགོན་པ་བ་ལ་ཉེ་གནས་ཀྱིས་བཤོས་དྲངས་བྱིན་ལེན་ཞུས་ཙ་ན། བཤོས་དེ་ཕྱག་ཏུ་བསྣམས་ནས་ལ་འུར་འདི་ཁོ་ལ་སྐྱོལ་ཤོག།།ཁོ་ལ་དྲི་གཟན་མེད་གསུང་། ཉེ་གནས་ཀྱིས་སྐྱེལ་དུ་ཕྱིན་ཙ་ན། མཚམས་བཏོན་ལ་ཁད་གདའ་སྐད་ན་ཇི་ལྟ་བ་བཞིན་གཟིགས་པ་ཅིག་བདོག་པར་གདའ། ཡང་དགོན་པ་གོང་དུ་དགེ་བཤེས་སྟོན་པས་དབུ་མཛད་རྣལ་འབྱོར་པ་རྣམས་འཚོགས་ནས་བཞད་གད་ཤིག་གེ་འདུག་ཙ་ན། ཉེ་གནས་ཀྱིས་འུ་ཅག་དེ་རིང་ཅི་ཟ་ཞུས་པས། དགོན་པ་བས་ཨ་པོ་ནི་པུས་སྣ་གདོང་ན་ཡར་བྱུང་བ་འདི་ཀུན་ཟ་བ་ཡིན་གསུངས་པས། དེ་ལ་སྟོན་པས་ཀྱང་བཀྱོན་པས། ཕྱིས་དགེ་བཤེས་སྟོན་པས་བཀྱོན་དུ་འོང་གསུངས་ནས་དེ་ཙམ་མི་གསུང་བ་ཡིན། ཡང་སྣེའུ་ཟུར་པ་སྐུ་ཁམས་ལྟེམས་པ་ཅིག་ལ་སྟོན་པ་ཚུལ་སེང་བྱ་བའི་གྲོགས་པོ་ཞིག་ཡོད་པ་ན་རེ། དགོན་པ་བའི་མན་ངག་སྤྱི་བོར་མེ་འབར་བ་འདི་ལྟ་བུ་ཞིག་ཡོད་དེ་སྒོམས་ཟེར་བས། བསྒོམས་པས་ཇི་ལྟ་བ་བཞིན་དུ་བཏུབ་པར་བྱུང་། དེར་དགོན་པ་བའི་སྤྱན་སྔར་བྱོན་ནས་མདང་ད་ནང་ཁམས་ལྟེམས་པ་ཅིག་གདའ་ཞུས་པས། སྤྱི་བོ་ན་མེ་འབར་བ་དེ་སྒོམས་གསུང་། དེ་མི་ཤེས་ཞུས་པས་འོ་ན་མདང་ད་ནང་སྤྱི་བོ་ན་མེ་ཞིག་འབར་གྱིན་འདུག་པ་ཁོ་ནར་ཚོར་གསུང་སྟེ། ཇི་ལྟ་བ་བཞིན་ཐིགས་བྱུང་སྟེ་སྟོན་པ་ཚུལ་སེང་དེ་སྐད་ཟེར་བས་བསྒོམས་པ་ལགས་ཞུས་པས། འོ་གྲོགས་ལ་ཐོས་པའི་ཆོས་ཉམས་སུ་བླང་དུ་མི་བཏུབ། འདྲི་བ་ནི་མི་ཏོ། ད་འདི་བཞིན་དུ་གྱིས་གསུངས་ནས། དམིགས་པ་སྐོར་གསུམ་གྱི་གདམས་ངག་རྣམས་གསུངས། ཡང་སྣེའུ་ཟུར་པ་རྩེ་དྲོར་ཡོན་བདག་ཅིག་གིས་བཤོས་དྲངས་ཏེ་བཞུགས་པའི་དུས་སྟེང་ཆུང་ཞིག་ཏུ་ཐུགས་དམ་མཛད་པས་དགེ་སྦྱོར་ཤིན་ཏུ་འཕེལ་བར་བྱུང་། དགེ་བཤེས་ཀྱི་སྤྱན་སྔར་བྱོན་དུས་ཁྱོད་མདང་ད་ནང་སྟེང་ཆུང་ལྟེབ་ལྟེབ་དེ་ན་དགེ་སྦྱོར་ཤིན་ཏུ་འཕེལ་བར་འདུག་ཨང་གསུང་། རོག་ཐོམ་དུ་ལྷ་བཟོ་བའི་ལུགས་བྱེད་པ་ལ་ར་སྒྲེང་དུ་སྒོམ་ཆེན་རྣམས་ལ་གཏོར་མ་ཞུས་པས། དགོན་པ་བས། འུ་ཨ་གསུང་། ཅི་ལགས་ཞུས་པས། ལུགས་བརྡོལ་གསུང་། དྲིས་པས་དེ་ཙ་ན་བརྡོལ་འདུག་སྐད། ཡང་སྣེའུ་ཟུར་པས་བསྒོམས་ནས་རྟོགས་པ་ཤོག་པ་རེ་བྱུང་བའི་དུས་སུ། བླ་མའི་ཞབས་ལ་གཏུགས་པའི་ཕྱག་གཅིག་བྱ་དགོས་སྙམ་ནས་སྤྱན་སྔར་བྱོན་དུས། ཞབས་གཡས་པ་དེ་ཤད་ཀྱིས་རྐྱངས་ནས་འོང་བ་ལགས་པར་གདའ། ཆོས་འདི་ལྟ་བུ་ཞིག་ཞུ་སྙམ་པ་དེ་ཞུ་མི་དགོས་པར་བཤད་ཀྱིས་གསུང་འོང་བ་ཡིན། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལྷག་པའི་ལྷར་བཟུང་ནས་བཟླས་པ་སྟོང་ཕྲག་བརྒྱད་སོང་ཙ་ན་གཟིགས། དེ་ནས་སྟོང་ཕྲག་བརྒྱད་ནམ་སོང་སོང་ན་ཞལ་མི་གཟིགས་པ་བྱེད་མ་མྱོང་། གཞན་ཡང་དེ་བཞིན་གཤེགས་པའི་ཕན་ཡོན་གྱི་ལེའུ་ནས་གསུངས་པ་རྣམས་ལ་ངས་ཉམས་སུ་མ་མྱོང་བ་མེད་གསུང་། ལེའུ་དེ་ནས་གསུངས་པ་ལ་ནི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །ཞེས་གསུངས་ཏེ་བསམ་གྱིས་མི་ཁྱབ་བོ། །དགེ་བཤེས་དགོན་པ་བ་དེ་ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་ལྷའི་གཟིགས་སྣང་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་དེ་ལྟར་ཡིན་ཡང་དགོན་པ་བ་རང་གི་ཐུགས་ཀྱི་བཞེད་པའི་གཏིང་ལ་ལྷའི་ཞལ་མཐོང་བ་དང་མངོན་ཤེས་སྐྱེས་པ་དགེ་སྦྱོར་གྱི་འབྲས་བུ་གཙོ་བོར་འཛིན་པར་མི་མཛད་ཀྱི་ལམ་གྱི་རིམ་པའི་དམིགས་སྐོར་སོ་སོ་ལ་མྱོང་བ་བཅོས་མིན་སྐྱེས་པ་ཞིག་དང་ལྷག་པར་ལས་འབྲས་ལ་ཡིད་ཆེས་ནས་སྡོམ་པ་གསུམ་གྱི་བཅས་མཚམས་དག་པ་གཙོ་བོར་འཛིན་པར་མཛད་དེ། དགོན་པ་བའི་ཞལ་ནས། སྣེའུ་ཟུར་པ་ལ། ཡེ་འབར་སང་གནངས་ཙ་ན་ཁྱེད་ཀྱི་དགེ་བཤེས་པ་དེ་ཀུན་མན་ངག་གི་མཐིལ་གང་ལ་བྱེད་ཟེར་ནས་འདྲི་ན། མངོན་པར་ཤེས་པའམ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལ་བྱེད་བྱས་པ་འོང་ངོ་། །ལས་རྒྱུ་འབྲས་ལ་ཇེ་ངེས་ཇེ་ངེས་སོང་ནས་ཇི་ལྟར་ཁས་བླངས་པའི་སྡོམ་པ་དག་པར་སྲུང་བ་ཞིག་ལ་བྱེད་ཟེར་བ་ཡིན་གསུང་ངོ་། །ཇོ་བོའི་མན་ངག་ལམ་གྱི་རིམ་པའི་འགོ་བཤེས་གཉེན་བསྟེན་ཚུལ་ནས་མཐར་ཐུག་འབྲས་བུ་ཟུང་འཇུག་འགྲུབ་པའི་བར་རང་གི་རྒྱུད་ལ་སྦྱར་ནས་སྒོམ་པར་མཛད་པས་སྒོམ་གེགས་ཀྱང་མང་བར་བྱུང་སྟེ་ཇོ་བོས་འཕྲལ་ལ་སེལ་བར་མཛད་པས་ཇོ་བོའི་སློབ་མ་སྒོམ་གྱི་གེགས་སེལ་བ་ལ་རྩལ་ཐོན་པར་གྲགས། ཇོ་བོ་རྗེ་དང་ཉན་ཚོར་མཇལ་བ་ནས་མཐར་སྙེ་ཐང་དུ་ཇོ་བོ་ཞིང་གཤེགས་པའི་བར་འབྲལ་མེད་དུ་བསྟེན་ཅིང་། ཇོ་བོ་གཤེགས་ནས་ཇོ་བོའི་གསུང་བཞིན་ར་སྒྲེང་དུ་དགེ་བཤེས་སྟོན་པའི་ཕྱགས་ཕྱི་མཛད་དེ། དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་གདན་སར་བཞུགས་རིང་ལའང་དགོན་པ་གོང་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། 1078 རྟ་ལོ་ལ་རྣལ་འབྱོར་པ་གཤེགས་པའི་ལོ་དེ་ཉིད་གཏོགས་པའི་ལོ་ལ་གདན་ས་མཛད་དེ་སྐལ་བ་དང་ལྡན་པ་དག་ལ་ཇོ་བོའི་མན་ངག་རྒྱ་ཆེར་སྤེལ་ལོ། །དེ་ལྟར་དགེ་བའི་བཤེས་གཉེན་དགོན་པ་བ་ཆེན་པོ་དེས་རང་གི་སྲས་ཀྱི་ཐུ་བོ་སྣེའུ་ཟུར་པ་ལ་ཇོ་བོའི་མན་ངག་རྫོགས་པར་གནང་ཞིང་གཞན་ཡང་དངོས་ཀྱི་གདུལ་བྱ་རྣམས་སྨིན་པར་མཛད་ནས། དགུང་ལོ་དྲུག་ཅུ་རྩ་བདུན་པ་ 1082 ཆུ་ཕོ་ཁྱིའི་ལོ་མངོན་པར་བྱང་ཆུབ་པའི་ཉ་ལ་སྐུ་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །དགེ་བའི་དགོན་པ་བ་དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བའི་ནང་ནས་ཡོངས་སུ་གྲགས་པ་སྣེའུ་ཟུར་པ། ཞང་ཀ་མ་བ། དགེ་བཤེས་འབན་གུང་རྒྱལ། ཁ་རག་སྒོམ་ཆུང་བ། རྒྱ་ལྕགས་རི་བ་སོགས་བསྟན་པ་ཡོངས་རྫོགས་འཛིན་པའི་བཤེས་གཉེན་མང་དུ་བྱོན་ནོ།།

ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཟུར་འདོན་ཞུས།

བརྒྱུད་སྐུལ།

མཆན་སྤེལ།