རྨེའུ་ལྷུན་གྲུབ་མཐོང་སྨོན་གླིང་དུ་ཕྱིན་པའི་བརྗེད་ཐོ།

རྨེའུ་ལྷུན་གྲུབ་མཐོང་སྨོན་གླིང་དུ་ཕྱིན་པའི་བརྗེད་ཐོ།

བསྟན་འཛིན་མཚུངས་མེད།

 

རྨེའུ་ལྷུན་གྲུབ་མཐོང་སྨོན་གླིང་ཞེས་སྨོས་ན། ཕལ་པོ་ཆེའི་སྣང་བར་ཅི་ཆ་མེད་དེ། ཡུལ་དེ་པས་ཀྱང་དེ་སྐད་སྨྲ་བ་ཤིན་ཏུ་ཉུང་མཐར་ལྷུང་གདའ་བས་སོ། །དེ་ལ་ཀུན་གྱིས་ཟངས་རི་དགོན་ཞེས་བྱ། ཟངས་རི་དགོན་ནི། བོད་ཡུལ་དབུས་ཀྱི་བོན་དགོན་གཅིག་པུ་དེ་རེད་ཅེས་དགེ་རྒན་དྲིན་པོ་ཆེ་འགའི་ཞལ་ནས་ཐོས། ཡོངས་ནི། གཅིག་པུ་ཅན་གང་གང་དཀོན་པའི་ཆོས་ཅན་ལགས་ན། དེ་ལ་ཉེ་བར་གཅར་འདོད་ཀྱི་བློ་ནེམ་ནུར་མེད་པ་ཞིག་གདོད་ནས་ལེགས་པར་སྐྱེས་ཀྱང་། ཡུན་རིང་རྣ་ཐོས་ཙམ་ལས་མངོན་སུམ་དབང་པོའི་ཡུལ་དུ་མ་གྱུར། བརྒྱ་ལ“བོན་པོ”ཞེས་པ་སྒྲ་འཛིན་དབང་པོའི་མལ་དུ་ཏུ་རེར་ཐེམས་པ་ན། རང་ལས་ལོགས་སུ་གྱུར་པའི་ཅི་ཞིག་བག་ཆགས་ཀྱི་གཏིང་རིམ་ནས་ཡམ་ཡོམ་དུ་བལྡེག་ཡོང་། གནས་སྐབས་མང་པོར“ཕྱི་རོལ་པ” ལས་ཀྱང་ཕྱི་རོལ་པ་ཞིག་མིན་གྲང་སྙམ་སྟེ། ཐེ་ཚོམ་ཡང་ཡང་བྱས་མྱོང་བ་ཨ་བ་རི། དེ་ཡང་ཧ་ལམ་ལྟར་ན། ང་རང་སྐྱེ་ས་ཚར་སའི་བག་ཆགས་ཟབ་མོས་གཉུག་མའི་གཤིས་ལ་བཅས་བཅོས་བྱས་ཟིན་པས་དང་། སློབ་གྲྭ་ཆུང་འབྲིང་ལྟ་ཅི། སློབ་ཆེན་གྱི་སྐབས་སུའང་དགེ་རྒན་ཇི་སྙེད་པས་རང་ཉིད་གྲུབ་མཐའ་གང་ཞིག་སྨྲ་བར་ཁས་འཆེས་ཏེ་སློབ་ཁྲིད་བྱས་བྱུང་བས། ད་གདོད་ཀྱི་བག་ཆགས་ཤིན་ཏུ་སྲ་པོ་དེ་ཉིད་ཇེ་སྲར་འཐས་པས་ཀྱང་ངོ་། །

དགོན་པ་གང་དེ་དབུས་དང་གཙང་གི་འབྲེལ་མཚམས་ཏེ། སྙེ་མོ་རྫོང་དུ་ཆགས་ཡོད་ཅིང་། ཉེ་བའི་ལོ་གཉིས་ཀྱི་ནང་དུ། ཁོ་བོ་སྙེ་མོ་རྫོང་ལ་ཐེངས་ལྔ་དྲུག་ཅིག་བསླེབས་ཟིན་ཀྱང་། ལས་སྒོ་འགའ་འགས་རྐྱེན་བྱས་ཏེ། ཟངས་རི་དགོན་པ་རྒྱང་མཇལ་ཙམ་ལས་དངོས་གཅར་གྱི་སྐབས་གླགས་མ་རྙེད། ད་ཐེངས་ཏེ། ནུབ་རྩིས་ཀྱི ༢༠༡༧ ལོའི་ཟླ༡༢པའི་ཚེས༢༡ལ། ད་གཟོད་དངོས་གཅར་བྱུང་བས་གང་མཐོང་བ་དང་ཐོས་པ་དང་མྱོང་བ་རྣམས་ཡི་གེར་དབབ་ལ་འགྲུས་པར་བྱའོ། །ཕྱི་དྲོ་དེར་ཉི་འོད་ལྷག་ཏུ་ཟེར་ཆེ་བས། བཻ་རོ་དགོན་པ་ནས་ཟངས་རི་དགོན་པའི་བར་ལམ་ཐག་མི་རིང་ཡང་རྐང་ཐང་དུ་བསྐྱོད་པར་ཅུང་ཟད་དུབ་པའི་རྒྱུར་ཟད། དེ་ལྟར་མོད་ཀྱི། སྟོང་བསམ་དང་ཤེས་འདོད་ཀྱི་བློས་ཀུན་ནས་བསླངས་ཏེ་གོམ་པ་གང་རེས་བར་ཐག་ཉེ་བར་བསྟུངས། དམིགས་པའི་ཡུལ་དང་མི་རིང་བའི་ས་ནས་འཁོར་གསུམ་གློག་རྟ་ཆིབས་སུ་བསྒྱུར་བའི་ཨ་ཅག་ཅིག་དང་ཕྲད། དེ་པས་ང་རང་འཕོངས་ལ་བསྐྱོན་ཏེ་ཟངས་རིའི་གྲོང་འདབས་སུ་བསྐྱལ། མཐར་ཡང་དགོན་ལ་ཇི་ལྟར་འགྲོ་བར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བྱས།

ཟངས་རི་གྲོང་གི་སྲང་ལམ་ན་ཁྱི་ལྡོམ་རེ་གཉིས་སྒྱིད་ལུག་པའི་ཚུགས་ཀ་བསྟན་པ་ལས། ང་ལ་འཚེ་བའི་རྣམ་འགྱུར་གང་ཡང་མ་སྟོན་མོད། སྐབས་དེར་མིའི་འགྲོ་འོང་ཉུང་ཞིང་ཧ་ཅང་ཁུ་སིམ་དྲག་པས་ང་རང་དཔའ་ཞུམ་པའི་གནས་སུ་ལྷུང་། དེ་ལྟར་གོམ་པའི་འདེགས་འཇོགས་མུ་མཐུད་དེ་དགོན་འདབས་ཀྱི་མཆོད་རྟེན་ལ་གཟས། གཞོགས་གཡས་གཡོན་ཀྱི་སྒོ་ཆེན་དང་སྒོ་ཆུང་འགའ་ལ་གཡུང་དྲུང་གཡོནའཁྱིལ་གྱི་ལུགས་སུ་བྱས་པའི་རི་མོ་འགའ་ཡང་གཟུགས་སུ་བཀོད་འདུག་པས། བོན་གྱི་བསྟན་པའི་རྗེས་འཇུག་པར་ཁས་འཆེ་བ་རྟོགས་སླ། ཅུང་ཟད་ཞིག་ན། རྩིག་ལྡེབས་སྔས་སུ་བྱེད་པའི་རྒན་རྒོན་འགའ་ཉི་མ་འདེ་བ་དང་ཕྲད། གཏམ་གླེང་གང་ཡང་མ་བྱུང་མོད། དགའ་བསུའི་ཉམས་ཀྱིས་བློ་སེམས་ལ་བདེ་དྲོད་བསྟེར། ཚུལ་དེས་ཆུང་དུས་ཀྱི་བྱུང་བ་འགའ་ཡང་ལྷམ་མེར་དྲན་བྱུང་བ་ནི། གློག་གི་སྒྱུ་འཕྲུལ་གྱིས་གྲོང་གསེབ་ཀྱི་དབེན་པ་མ་དཀྲོགས་པའི་གོང་རོལ་ན། ཡུལ་མི་རྣམས་བལ་གསེད་རྒྱུ་དང་སྐུད་པ་འཁེལ་རྒྱུ་དང་། ལྷམ་ལྡོག་རྒྱུ་སོགས་ཐོགས་ཏེ། གྱང་ཐད་དང་རྩིག་ཧྲུལ་ལ་རྒྱབ་གཏད་ནས་སྙན་ལ་རིང་པའི་གཏམ་སྣ་ཚོགས་ཀྱིས་ཉི་མ་འཕུད་པའི་རྣམ་པ་སྙིང་ཉེ་བ་འགའ་ཤིན་ཏུ་གདུང་པའི་ཚུལ་གྱིས་ཡིད་ཀྱི་འཛིན་མར་འཐིམ། དེ་ལྟར་ག་ལེར་མཆོད་རྟེན་གྱི་ལྕགས་རའི་སྒོ་འགྲམ་དུ་འབྱོར་བ་ན། ཁྱི་འཁྱམས་འགའ་ཞིག་དེར་བདོག་ཅིང་། ལ་ལ་ཉལ་བ་དང་། ལ་ལ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག་པས། གོམ་པ་ལྷོད་དུ་ཕབ་ནས་ཁྱི་འགོག་མཁན་ཞིག་ཡུན་གྱིས་བསྒུགས། དེར་ཡང་སྐོར་ར་བ་བུད་མེད་ཅིག་ཐོན་བྱུང་བས་ཁྱི་ཡིས་བར་ཆད་ཨེ་བྱེད་དྲིས་པར། འདི་ཚོས་རྨུག་གི་རེད། ཨ་ཅང་རྩེད་མོ་ཡིན། སེམས་ཁྲལ་རྩ་བ་ནས་མི་དགོས་ཞེས་པ་ན། དེ་པ་ཁམས་ཀྱི་མི་གཤིས་དང་མཚུངས་ཆེ་བའི་སྣང་བ་བྱུང་། དེ་ནས་ལྕགས་རའི་ནང་དུ་འཛུལ་བ་ན། དགོན་པར་བགྲོད་སའི་རྡོ་བཀྱག་ལག་གཡས་ཀྱི་གོམ་པ་བཅའ་བཅུའི་སར་གདའ་ནའང་། སྐོར་ར་བ་ཚོ་དང་རྡོག་འགྲོས་གཅིག་པས་གཡོན་སྐོར་བྱས། དེ་ཀོ་ངེད་ལ་མཚོན་ན། མཆོད་རྟེན་ལ་ཆེད་དུ་གཡོན་སྐོར་བྱས་པའི་ཐོག་མར་གཏོགས། མཚམས་དེར་རྣམ་རྟོག་ཡ་མ་བརླ་ཨེན་ཙམ་ཡང་མ་སྐྱེས་ཤིང་། དྲང་པོའི་ལས་བགྱིས་པའི་སྣང་བ་སྤྲོ་སིང་ངེ་བ་ཞིག་བྱུང་།

ལམ་གྱི་སྣེ་མོ་གཡས་འགུག་དང་གཡོན་འགུག་གིས་དགོན་པར་བསྲིངས་འདུག་ཅིང་། དུས་དེ་ལ་ཡར་འཛེགས་མར་འབབ་བྱེད་མཁན་གྱི་སེར་སྐྱ་ཕོ་མོ་གཅིག་ཀྱང་མི་སྣང་། འོན་ཏང་། རེ་བ་དང་ཡིད་ཆེས་ཀྱིས་བསླས་པའི་བདག་གི་སེམས་པ་འདི་རྦ་རླབས་བཞིན་གཅིག་རྗེས་གཅིག་ལ་འཇགས་མེད་དུ་འཕྱུར་ཡོང་བས། གོམ་པའི་སྟངས་སྟབས་རྟ་རྒོད་སྲབ་མེད་བཞིན་ཁ་ལོ་མེད་པར་གནས་དེར་ཤོར། རྡོ་བཀྱག་རེ་རེ་བསམ་གཞིག་གི་ཡོབ་ཆེན་ལ་བརྒྱུས་པས་དཀའ་ཚེགས་མེད་པར་དགོན་པའི་སྐོར་ལམ་ན་འབྱོར། འབྱོར་མ་ཐག་པའི་གནས་དེ་ནི་དགོན་པའི་གཡས་གཡོན་དང་རྒྱབ་ལོགས་གང་རུང་ཞིག་ཡིན་ངེས་པས། དེའི་མདུན་སྒོ་ཕྱོགས་གང་དུ་གཏོགས་མིན་ལ་མགོ་བོ་ཅུང་ཟད་འཐོམས། སླར་ཡང་གོམས་ལོབས་སུ་གྱུར་པའི་གཤིས་ཀྱིས་དགོན་པའི་སྐོར་ལམ་གཡས་འདེད་བཏང་པ་ན། དེའི་སྐད་ཅིག་གཉིས་པར་འདི་ནི་བོན་དགོན་ནོ་སྙམ་པའི་ངེས་ཤེས་འདྲོངས། དེ་མ་ཐག་པར་ལྡོག་སྟེ་ཕྱིན།
རྩིག་ལྡེབས་རེ་རེའི་མུ་མཚམས་བརྗེ་བར་ཁྱིའམ་ཅི་ཞིག་ཐོལ་གྱིས་འབྱུང་བའི་འཇིགས་པ་འོང་། འཇིགས་སྣང་གི་ཕག་ན་མཚར་སྣང་གིས་གྲོགས་སུ་བསྡོངས་པས། གོམ་ཁ་མ་ལྷོད་ཤར་རེར་བརྟོལ། སྐོར་སྣེ་ཐུག་ལ་ཁད་པ་ན། ད་གཟོད་རྒྱལ་སྒོའི་འགྲམ་ན་དགེ་འདུན་པ་ཞིག་དང་ཕྲད། དེ་པ་མེ་ཤིང་བསིལ་ལ་བྲེལ་གྱིན་གདའ་བས། ཆོས་མཇལ་ཨེ་ཡོད་དྲིས་པར། ཡོད་ལགས་ཞེས་འདུ་ཁང་དང་ལྷ་ཁང་རེ་རེའི་སྒོ་མོ་ཕྱེ་སྟེ་ཧ་ཅང་སྙན་པའི་ངག་གིས་རྟེན་དང་བརྟེན་པར་འགྲེལ་པ་འོས་འགབ་རེ་གནང་།
ལྷ་ཁང་རེ་རེའི་སྒོ་ཐེམ་བརྒལ་བར་ང་ལ་སེམས་ཚེགས་བཅོས་མིན་ཞིག་འབྱུང་བ་ནི། གོམ་ཁ་རང་དབང་མེད་པར་གཡས་ཕྱོགས་སུ་ཤོར་འགྲོ་བ་དེའོ། །དེར་སྣང་བ་རྣམ་རྟོག་གཞན་ལྟ་ཅི། ཡུལ་ཆུ་བཏུང་ན་ཡུལ་ཁྲིམས་བསྲུང་དགོས་པའི་དཔེ་ལྟར། སློང་སྟེར་ག་འཛོལ་དུ་མ་ཕྱིན་པ་ཞིག་གནས་སྐབས་གང་ལའང་བསྲུང་དགོས་པའི་མི་ཆོས་ཡིན་གཤིས། རང་ལུགས་དང་གཞན་ལུགས་ལྟ་བུའི་ཕྱི་ཚུལ་གྱི་རྣམ་ཐར་གུད་དུ་བཞག་སྟེ་དེ་པའི་རྗེས་སུ་ཞུགས་སོ། །
འདིར་སྐོར་རའི་སྐོར་ལ་ཕྱོགས་ཙམ་ཞིག་བསམས་མྱོང་བ་ནི། སྤྱིར་ན། ནང་སྐོར་དང་ཕྱི་སྐོར། ཡར་སྐོར་དང་མར་སྐོར་སོགས་ཟླས་ཕྱེ་བའི་མིང་བརྡ་སྔ་ཕྱི་གཉིས་ལས། ཕྱི་མ་ཕྱི་མས་ཟུར་ཟ་དང་སུན་འབྱིན་ནམ། རང་ལས་ལོགས་སུ་གྱུར་པའི་རིང་ལུགས་ཤིག་གི་མཚོན་བྱེད་དུ་བྱེད། དེ་ལས། ཕྱི་སྐོར་ཞེས་པ་ཚིག་རིས་ཀྱི་གོ་བ་ལྟར་ན། རི་ཆུ་དང་ལྷ་ཁང་སོགས་ཀྱི་ཕྱི་ནང་གསང་གསུམ་ལས། ཕྱི་ངོས་ནས་སྐོར་ར་བྱེད་པ་ལ་གོ་བ་ཡིན་མོད། གྲུབ་མཐའ་འཛིན་མཁན་ནམ། དེའི་རྗེས་སུ་འཇུག་པ་རྣམས་ཀྱིས་རྣམ་གཞག་ཕྱིན༵་ཅི་ལོག་པ་དག་གི་སྐོར༵་རར་ངོས་འཛིན། དེ་བས་མར་སྐོར་ཞེས་པའང་དེ་བཞིན་ཏེ། མར་ནི་ཉམས་སྨད་དང་གུད་པ། དམའ་བ། ཆུང་བ། ཞན་དུ་གྱུར་པ་སོགས་ཀྱི་མཚོན་བྱེད་ལགས་ན། དེའི་ལུགས་སུ་སྐོར་ར་བྱེད་པ་རྣམས་ཀྱང་ཕྱིན་ཅི་ལོག་པ་ཡིན་ཏ་རེ། དེ་ལ་བདག་གི་ཕ་ཡུལ་གྱི་གཏམ་རྙིང་པ་ལས། འདི་སྐད་དེ། རླུང་དམར་ཤུགས་ཆེར་ལྡངས་ཏེ། རླུང་འཁོར་གཡས་སུ་འཕྱོ་བ་ཡིན་ན། བར་དོའི་རྣམ་ཤེས་ཀྱིས་མ་ཎི་བསླང་དུ་སླེབས་པ་ཡིན་པས། དེར་ངེས་པར་མ་ཎིའི་སྦྱིན་པ་གཏང་དགོས། ཅི་སྟེ། རླུང་འཁོར་གཡོན་དུ་འཕྱོ་བ་ཡིན་ན། དེ་ནི་ཐེའུ་རང་ཡིན་ངེས་པས། ཐུ་ལུད་ཀྱིས་སྤྱོ་དགོས་ཞེས་པས་ཀྱང་ཤེས་སླ། གནད་ལ་བརྟགས་ན། ཕྱི་ནང་དང་གཡས་གཡོན་སོགས་བལྟོས་བཅས་ཀྱི་ཆོས་ཐམས་ཅད་བརྡ་མི་རྒན་པོས་འདོད་རྒྱལ་དུ་བརྡས་ཕྱེ་བ་ཙམ་ལས། ནང་ལ་ཕྱི་ཞེས་སྨོས་ན་ཆོག་ལ། གཡས་ལ་གཡོན་ཞེས་སྨྲས་ནའང་བླའོ། །འོན་ཀྱང་མིང་བརྡ་འདི་དག་གི་རྟགས་སམ་མཚོན་དོན་བོད་མིའི་བག་ཆགས་གཏིང་རིམ་ན། རང་མཚན་ཐུན་མིན་དུ་གཞི་གྲུབ་པས། བསྒྱུར་དུ་མི་བཏུབ། ཡིན་ལྟར་ནའང་། ཇི་སྐད་དུ། ཆུ་དང་གྲུབ་མཐའ་བླ་མ་གསུམ། །རང་གི་ཡུལ་ན་བཟང་བ་དེ། །རང་རང་སོ་སོའི་མཐོང་སྣང་ཡིན། །ཞེས་པ་དེ་ལྟར། སུས་ཀྱང་རང་གི་ལུགས་སུ་གྱུར་པ་དེ་སྙེད་ཕྱིན་ཅི་ལོག་པར་ངོས་མི་འཛིན་པས། ནང་སྐོར་དང་ཕྱི་སྐོར། ཡར་སྐོར་དང་མར་སྐོར་སོགས་ལས། སྔ་མ་སྔ་མ་རང་གིས་འཛིན་པའི་མིང་དང་ཕྱི་མ་ཕྱི་མ་གཞན་གྱིས་བཏགས་པའི་མིང་ངོ་། །དེས་ན། རང་གི་སྐབས་སུ་ནང་པར་འདོད་པ་དེ་ཀོ གཞན་གྱི་སྐབས་སུ་ཕྱི་པར་ངེས་ལ། གཞན་གྱི་ལུགས་སུ་ནང་པར་རློམ་པ་དེ་ཡང་། རང་གི་སྐབས་སུ་ཕྱི་པར་འདོད་པར་མི་འགལ་ལོ། །གནད་ལ་གཞིགས་ན། མིའི་རིགས་ཀྱི་སྡེ་གཟར་སྐྱས་འུར་ཕལ་ཆེར་གཞི་དེས་བྱས་པ་ཡིན་གྲང་། དེས་ཀྱང་རང་རེའི་ལོ་རྒྱུས་ཀྱི་སྟེགས་བུར་སྐྱོ་གར་མི་བཟད་པ་འཁྲབ་མྱོང་ཞིང་ད་ལྟའང་འཁྲབ་ཀྱིན་པ་དེ་གར་ལགས་པས། དེ་ལས་ལྡོག་པར་བྱ་རྒྱུ་ནི། ཐུན་མོང་གི་བསམ་བྱའི་གནད་དོ། །དེ་སྐད། འདིའི་སྐབས་བོན་ཆོས་གཉིས་རིས་མེད་པས༔ བསྐོར་བ་སོགས་ལ་གཡས་སུ་བསྐོར་བ་ཕྱག་རྒྱ་ཆེན་པོ༔ གཡོན་དུ་བསྐོར་བ་རྫོགས་པ་ཆེན་པོ༔ ཕྱག་འཚལ་བ་ནི་དབུ་མ་ཆེན་པོ་ཞེས་གླེངས་ནས་ཁྱད་མེད་དུ་འབད་དོ༔ཞེས་ཁྲི་སྲོང་གི་སྐབས་ཤིག་ལ་ལྟ་བ་མཉམ་གནས་ཆེན་པོ་དེ་ལྟར་ཚེས་མྱོང་བ་དང་། གཞན་དུ་ན། མཉམ་མེད་སྟག་ཕུ་བ་པདྨ་བཛྲ་ཞབས་ཀྱི་ཨར་གཞས་ལས། རྐང་ཆུང་གཡས་པའི་ཞབས་བྲོ་རྡོ་རྗེའི་རྒྱ་གྲམ། །རྐང་ཆུང་གཡོན་པའི་ཞབས་བྲོ་གཡུང་དྲུང་རི་མོ། །གཡས་སུ་སྐོར་སྐོར་ཐབས་ཀྱི་འཁོར་ལོ་སྐོར། །གཡོན་དུ་སྐོར་སྐོར་ཤེས་རབ་གླིང་བུ་འབུད། །ཅེས་པ་ལྟར། གཡས་གཡོན་གཉིས་ནི། གནས་སྐབས་མང་པོར་ཐབས་དང་ཤེས་རབ་ལ་འགྲེལ་བ་རང་རེའི་ལུགས་ཡིན་པས། སྐོར་ར་སོགས་གང་ལའང་བླང་བྱ་ཁོ་ནར་གདའ་འོ་ཞེས་བློ་ཆུང་གི་གྲོས་འདེབས་ཙམ་མོ། །
ད་ནི་དཀྱུས་ལ་གཞུག་པར་བྱ། ཐོག་མར་དགེ་འདུན་པ་དེ་པས་ཁོ་བོ་སྟོན་པ་གཤེན་རབ་མི་བོ་ཆེའི་སྣང་བརྙན་ལེགས་པ་ཞིག་ལ་མཇལ་དུ་ཁྲིད། རིམ་གྱིས་རྨེའུ་སྨྲ་སེང་བཅུ་གསུམ་གྱི་སྣང་བརྙན་མཇལ། དེ་དང་ལྷན་དུ་གཏམ་སྣ་ཚོགས་བྱས་པ་བརྒྱུད། ད་གཟོད་དགོན་དེ་ལ་རྨེའུ་ཞེས་སྨོས་པའི་དགོས་ཆེད་གསལ་ལེར་རྟོགས། ཡོངས་ནི། བོན་གྱི་བསྟན་པའི་རབས་ལ་གདུང་རྒྱུད་ཆེ་དྲུག་ཏུ་བཞེད་དེ། གཤེན་དང་། བྲུ་དང་། ཞུ་དང་། སྤ་དང་། རྨེའུ་དང་། ཁྱུང་བཅས་སོ། །དེ་དག་ལས། གཤེན་ཚང་ནི་བཞད་ཐོན་མོང་དང་། བྲུ་ཚང་ནི་རྣམ་གླིང་དང་། ཞུ་ཚང་ནི་རྒྱལ་རྩེ་དང་། སྤ་ཚང་ནི་གཉའ་ལམ་དང་། རྨེའུ་ཚང་ནི་སྙེ་མོ་དང་། ཁྱུང་ཚང་ནི་སྟེང་ཆེན་ལ་གཏོགས། སྙེ་མོ་རུ་མཁས་མཆོག་རྨེའུ་ཚུལ་ཁྲིམས་དཔལ་ལྡན་མཆོག་གིས་དུས་རབས་བཅུ་གཅིག་གི་སྨད་ཙམ་ལ་དགོན་དེ་ཐོག་མར་ཕྱག་བཏབ་ཅིང་། རིམ་གྱིས་རྨེའུའི་གདུང་རབས་རིམ་བྱོན་གྱིས་རྒྱུད་བསྐྱངས་པས། དགོན་དེ་ལ་རྨེའུ་ལྷུན་གྲུབ་མཐོང་སྨོན་གླིང་ཞེས་བྱའོ། །
ཁོ་བོ་གནའ་དཔྱད་རིག་པར་ཤིན་ཏུ་རྨོངས་ནའང་། གནའ་རྫས་ཀྱི་རིགས་སུ་གྱུར་རོ་ཅོག་ལ་ཉམས་སུ་མྱང་འདོད་ཀྱི་བློ་དྭངས་མ་ཞིག་གདོད་ནས་ཡོད་ཅིང་། ལྷག་པར་ཡིག་ཆ་རྙིང་གྲས་དང་། ལྡེབས་རིས། བྲག་རྐོས་རི་མོ་སོགས་དེ་བས་ཀྱང་ངོ་། །དེའི་ཕྱིར། དགེ་འདུན་པ་ལ་དེ་དག་དང་འབྲེལ་བའི་རིག་དངོས་སམ་ཡིག་ཚང་ཅི་མཆིས་སྙིང་ཉེ་བས་དྲིས་པ་ན། རིག་གསར་ཞེས་པའི་ཐ་སྙད་རྩུབ་བེར་བེར་དེ་སླར་ཡང་རྣ་རྩར་ཐིངས་ནས་སྣང་བ་མག་མོག་ཏུ་བསྒྱུར། དེ་ཡང་སྔར་གྱི་རྟེན་དང་བརྟེན་པ་གང་ཇི་སྙེད་ཅིག་ལས། ཁྱད་དུ་འཕགས་པའི་བཀའ་བསྟན་གསེར་བྲིས་མ་ཞིག་མེ་ཡི་འདུ་བྱེད་ལ་བརྟེན་ཏེ་ཐལ་བའི་རྡུལ་དུ་བརླག་པར་གྲགས་ལ། གནའ་བོའི་འཛུགས་སྐྲུན་གྱི་བཀོད་པ་དང་། དེར་བརྟེན་པའི་སྒྱུ་རྩལ་གྱི་སྐྱ་རིས་དང་ཚོན་རིས་ཐམས་ཅད་རྗེས་དཔག་ཚད་མའི་གཞལ་བྱ་ཁོ་ནར་གདན་དྲངས་སོ་ལོ།
གཞན་དུ་ན། སྔར་ཟངས་རི་གྲོང་ཧྲིལ་པོ་དགོན་པ་དང་གྲྭ་ཤག་ཁོ་ན་ལས། འཇིག་རྟེན་པའི་གཞིས་མེད་རབས་དང་། བསྐལ་བ་ལེགས་དུས་འགའ་ལ་བསྟན་པའི་རྗེས་འཇུག་པ་སྟོང་ཁྲག་གསུམ་ཙམ་ཟིན་མྱོང་བའི་ལོ་རྒྱུས་སོགས་ངོ་མཚར་བའི་གཏམ་མང་དུ་ཐོས། ད་ལྟ། གསར་དུ་གྲུབ་པའི་འདུ་ཁང་དང་ཤེལ་ལས་བྱས་པའི་སྟོན་པའི་སྟོང་སྐུ་སོགས་མཇལ་རི་བ་མང་དུ་སྣང་མོད། ཀུན་དང་མྱོང་བ་རྗེས་མཐུན་ཙམ་ལས་གུད་ན་བཤད་རྒྱུ་མེད་དོ། །དེ་ལྟར་ལུས་ཀྱི་དགྱེ་དགུ་སྣ་ཚོགས་ལ་དགའ་སྐྱོའི་ཉམས་འགྱུར་རེས་ཀྱིས་མཐའ་མའི་ཐེམ་པ་བརྒལ་ལ། ཇ་སྲུབ་མ་ཕོར་གང་དཀོར་དུ་བྱུང་བར་མཐོལ་ལོ་བཤགས། གཡས་འགུག་དང་གཡོན་འགུག་ཏུ་ཡོད་པའི་དགོན་ལམ་ནས་སླར་ཡང་ང་རང་ཁེ་རུ་མ་ཐུར་དུ་འབབ་སྐབས། ཉི་ནུབ་ཀྱི་སྙེ་མོ་རྫོང་ནི་ཧ་ཅང་རྒྱང་རིང་ཞིག་ལ་ཡོད་སྣང་ཤར། གཤམ་གྱི་མཆོད་རྟེན་ན་སྐོར་ར་བ་ཇེ་མང་དུ་ཕྱིན་འདུག་པས། ཁྱི་ཡི་འཚེ་བ་ལ་སེམས་ཚེགས་མེད་པར་གྱུར། སྐོར་ར་བ་ཇི་སྙེད་ཅིག་ལས་ལོ་ན་མཐོ་བའི་སྤོ་བོ་ཞིག་ལོགས་སུ་བུད་དེ་ང་ལ་བཅར། ལག་སྐོར་གྱི་སྐོར་མཚམས་བཞག་རྗེས། ཡུལ་དང་ལུང་པ་གང་ནས་ཡིན་ཚུལ་གླེང་སློང་བྱས། དེ་ལས་ཀྱང་ཆེས་དོ་གལ་བྱ་ས་ནི། དགོན་དེའི་རྟེན་དང་བརྟེན་པ་ཡིན་ངེས་ཏེ། ཁོང་ན་རེ། དགོན་པ་ཡག་པོ་འདུག་གེ། དགོན་པ་ཡག་པོ་འདུག་གེ་ཞེས་ཐེངས་གཉིས་གསུམ་ཙམ་དྲིས་བྱུང་ལ། འདྲི་ཐེངས་རེ་རེར། སྐོར་ར་བ་བྱིངས་ཀྱི་རྣ་རྩ་ང་ལ་གཏད་འདུག ཚུལ་དེས་ཁོ་རང་ཀུན་གྱི་མགྲིན་ཚབ་པ་ཞིག་ཏུ་གྱུར་འདུག་ལ། ཚང་མས་བདག་གི་དྲིས་ལན་ལ་རེ་སྒུག་ལྷག་ཏུ་བྱེད་ཀྱིན་པ་འདྲ། བདག་གིས་ཀྱང་ཤིན་ཏུ་ཡག་ཚུལ་གྱི་གཏམ་དང་ཉམས་ཅི་རིགས་དྲིས་ལན་གྱི་དོད་དུ་བྱས་པས། དེ་ཚོའི་བཞིན་ལས་བཅོས་མིན་གྱི་འཛུམ་མདངས་ཤིག་ངང་གིས་ཕྱུང་ལ། མཐར་ངེད་ཅག་སོ་སོར་གྱེས་པར་བརྩམས་ཚེ། རྒན་རྒོན་ཚོས་གཅིག་འཕྲོ་གཅིག་ལ། ཁྱི་ལ་འཇིགས་མི་དགོས་ཞེས་དང་། ཁྱི་ཡིས་མི་གནོད་ཅེས་དང་། ག་ལེར་ཕེབས་ཤིག་ཅེས་དང་། རྗེས་སུ་ཕེབས་ཤོག་སོགས་འབྲལ་མི་བྲ་བའི་གཏམ་སྙན་ལ་ལྗིད་པ་མང་པོས་ང་རང་སྐྱེལ་ཐུང་བགྱིས་པས། ཁོང་ཅག་ཁེར་རྐྱང་དུ་ལུས་པའི་རྣམ་པ་ཡ་ང་བ་ཞིག་བདག་གི་དྲན་པར་མི་ཟུབ་རྡོ་ཡི་རི་མོ་བཞིན་གསལ་ལེར་འཁོད་བྱུང་ངོ་། །ཞེས་སྤྱི་ལོ༢༠༡༧ལོའི་ཟླ༡༢ལ་དབུས་འགྱུར་ལྷ་ལྡན་གྲོང་ནས་རྨང་བཏིང་ཞིང་། ༢༠༡༨ལོའི་ཟླ༢པར་བྱང་ནག་ཆུ་ཁ་ནས་ཡོངས་སུ་གྲུབ་པར་བྱས།

 

<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།