རྩ་ཆེའི་གནའ་དཔེ་འབོར་ཆེན་རིང་མིན་སྤྲིན་ཀློག་ལམ་ནས་ལྟ་ཀློག་ཐུབ་རྒྱུའི་གཏམ་བཟང་།

རྩ་ཆེའི་གནའ་དཔེ་འབོར་ཆེན་རིང་མིན་སྤྲིན་ཀློག་ལམ་ནས་ལྟ་ཀློག་ཐུབ་རྒྱུའི་གཏམ་བཟང་།

༄༅། །བོད་ལྗོངས་ཀྱིས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་
རྩ་ཆེའི་གནའ་དཔེ་འབོར་ཆེན་ཉེ་ཆར་“སྤྲིན་ཀློག”ལམ་ནས་བཀླག་ཐུབ་རྒྱུ་རེད།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། 2019ལོར་བོད་ལྗོངས་ཀྱིས་གནའ་དཔེ་པོ་ཏི་6000ལ་ཉེ་བའི་ཡིག་ཆ་ཡོངས་ཞིབ་ཐོ་འགོད་དང་གྲངས་གཞི་ལེགས་སྒྲིག་བྱས་ནས་ཡིག་ཚགས་སུ་བཅུག་སྟེ། བོད་ཡིག་གི་གནའ་དཔེ་ཚད་ལྡན་ཡིག་ཆ་TB6 གི་གྲངས་གཞི་ཅན་གྱི་གྲངས་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། གནའ་དཔེ་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་སྲུང་སྐྱོང་དང་བེད་སྤྱོད་གོམ་གང་མདུན་སྤོས་ངང་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད།

     འབྲེལ་ཡོད་རིགས་གཅིག་མཁས་པས་ཚོད་རྩིས་བྱས་ན། མིག་སྔར་རང་རྒྱལ་གྱིས་ཉར་ཚགས་བྱས་པའི་ད་བར་གནས་པའི་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆའི་གྲངས་འབོར་ཕལ་ཆེར་ཁྲི་བཅུ་ཡན་ཙམ་ཡོད་པ་དང་། དེའི་ཁྲོད་དུ་བརྒྱ་ཆ་ལྔ་བཅུ་ཡན་ཆད་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ཡིག་ཚགས་ཁང་སོགས་གཙོ་གནད་སྲུང་སྐྱོང་སྡེ་ཚན་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་དགོན་པ་1300ཡི་ནང་དུ་ཉར་ཚགས་བྱས་ཡོད་པ་དང་།
འདས་པའི་ལོ་གཅིག་གི་ནང་དུ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་མཉམ་དུ་སོ་སོ་ནས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི1256དང་པོ་ཏི་884ཞིབ་བཤེར་ཐོ་འགོད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ནོར་བུ་གླིང་ཁ་བཅས་ཁྱོན་གནའ་དཔེ་ཚད་ལྡན་ཡིག་ཆ་པོ་ཏི་3445ཡོངས་ཞིབ་གྲངས་གཞི་སྤྱི་བསྡོམས་དང་། ལེགས་སྒྲིག ཕབ་འཇུག་བྱས་པ་རེད། གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་པོ་ཏི་1188ཡོངས་ཞིབ་བྱས་པ་དང་། གཏོར་སྐྱོན་ཕོག་པའི་ཤོག་ངོས་532ལ་ཉམས་གསོའི་ལས་དོན་ལེགས་འགྲུབ་བྱུང་ཡོད།
གཞན་ཡང་། རྩ་ཆེ་བའི་གནའ་དཔེ་དག་ལ་དོན་ངོ་མར་“གསོན་”ཤུགས་རྒྱས་སུ་འཇུག་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་ནས། མིག་སྔར་པོ་ཏི་167གྱི་ཤོག་གྲངས་24126དང་། བསྡོམས་འབོར་TB5.94ཡི་རྩ་ཆེའི་བོད་ཡིག་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་གྲངས་གཞི་ཅན་གྱི་གྲངས་གཞིའི་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད།
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས། “བོད་ཡིག་གནའ་དཔེ་གྲངས་གཞི་ཅན་གྱི་ལས་ཀའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཆེད། མིག་སྔའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་‘ཉར་ཚགས་གལ་ཆེ་དང་བེད་སྤྱོད་ཉུང་ངུ’ཡི་རྣམ་པ་བསྒྱུར་བཅོས་བྱ་རྒྱུ་ཡིན་ཏེ། འཆར་གཞི་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་རྩ་ཆེའི་གནའ་དཔེ་ཚད་ལྡན་ཡིག་ཆའི་གྲངས་གཞི་ཅན་གྱི་གྲངས་མཛོད་ཉེ་ཆར་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་མ་ཟད་ཀློག་པ་པོས་དྲ་ཐོག་ནས་གཟིགས་ཐུབ་པས། སྐབས་དེར་མང་ཚོགས་ཀྱི་གྲངས་གཞི་ཅན་གྱི་གནའ་དཔེ་ལྟ་ཀློག་གི་དགོས་མཁོ་སྔར་ལས་ལྷག་པར་བསྐང་ཐུབ་རྒྱུ་རེད”ཅེས་བཤད།
གྲངས་གཞི་ལས་མངོན་གསལ། མིག་སྔའི་བར། བོད་ལྗོངས་སུ་བོད་ཡིག་ཡིག་ཚགས་པོ་ཏི་18000ཡོངས་ཞིབ་བྱས་ཟིན་པ་དང་། ཡིག་ཚགས་པོ་ཏི་291ནི་《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག》ནང་བདམས་ཐོན་བྱུང་ཡོད། 《གངས་ལྗོངས་གནའ་དཔེ་གཏེར་མཛོད》སོགས་དེབ་བཅུ་ཡི་བོད་ཡིག་གནའ་དཔེ་ཡོངས་ཞིབ་སྲུང་སྐྱོབ་གྲུབ་འབྲས་ཀྱི་མུ་འབྲེལ་དཔེ་ཚོགས་རྩོམ་སྒྲིག་པར་སྐྲུན་བྱས་ཟིན་པ་དང་། རིམ་རྩིས་བྱས་ན་འཇིག་ཉེན་ཆེ་བའི་གནའ་དཔེ་ཤོག་གྲངས་3000ཙམ་ཉམས་གསོ་བྱས་པ་དང་། གཞི་རིམ་གྱི་གནའ་དཔེ་ཉར་ཚགས་སྡེ་ཁག་14ཡི་ཆ་རྐྱེན་ལེགས་བཅོས་རྣམ་གྲངས་ལེགས་འགྲུབ་བྱུང་ཡོད།

ཡོང་ཁུངས། གངས་ལྗོངས་ཀྱི་དབྱངས་དྲ།

 

བརྒྱུད་སྐུལ།

མཆན་སྤེལ།