རྩེ་དགུ་གཏོར་ཆེན་མོ་ངོ་སྤྲོད།

རྩེ་དགུ་གཏོར་ཆེན་མོ་ངོ་སྤྲོད།

         སྔར་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྐལ་བཟང་དུས་བཟང་སྐབས་སུ་ལོ་ལྟར་བོད་ཟླ་ ༡༢ ཚེས་ ༢༩ རི་བོ་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལའི་བདེ་ཡངས་ཤར་དུ་རྣམ་པར་རྒྱལ་བ་ཕན་བདེ་ལེགས་གླིང་གྲྭ་ཚང་གིས་གར་འཆམ་དང་འབྲེལ་བའི་ལོ་མཇུག་དགུ་གཏོར་གྱི་གར་འཆམ་དང༌། ཧོམ་བསྲེགས། གཏོར་ཟོར་འཕེན་པའི་དུས་སྟོན་ལ་རྩེ་དགུ་གཏོར་ཡོངས་སུ་གྲགས། དེ་ཡང་རྩེ་ཕོ་བྲང་ཤར་བརྒྱུད་གཟིམ་ཆུང་དུ་ྋགོང་ས་མཆོག་ྋཞབས་སོར་བདེ་འཁོད་ཀྱིས་དྲུང་བཞེས་ཚུགས་པ་དང༌། སྲིད་བློན་དང༌། བཀའ་ཤག་ལྷན་རྒྱས་དང༌། ཛ་སག ཐའི་ཇི་སོགས་གཞུང་ཞབས་ཚང་མ་ྋགོང་ས་མཆོག་གི་མཇལ་ཁར་བཅར་དགོས་པ་དང་འབྲེལ། གསོལ་ཚིགས་གྲུབ་རྗེས་ཕོགས་དཔོན་དང་མདའ་དཔོན་ཡན་གྱིས་ྋགོང་ས་མཆོག་ལ་མཇལ་དར་ཕུལ་བ་དང༌། རྩེ་གཟིམ་འགག་ནས་སྨོན་ལམ་སྤྱི་ཁྱབ་སེར་སྐྱ་རྣམས་ལ་བྱེད་སྒོའི་བཀའ་བསྒྱུར་སྩལ།
རྩེའི་རབ་གསལ་ནང་ྋགོང་ས་མཆོག་བཞུགས་པའི་སྐུ་རྒྱབ་ཏུ་སྲིད་བློན་དང༌། བཀའ་ཤག་ལྷན་རྒྱས་གཟིགས་ཞིབ་རབ་གསལ་དང༌། ཤོད་སྐོར་ཛ་སག་དང༌། ཐའི་ཇི་སོགས་དྲུང་བྱིང་རྣམས་རྩེ་ཕོ་བྲང་གི་བདེ་ཡངས་ཤར་གྱི་ལྷོ་ངོས་ཐོག་སྟེང་དབུ་གུར་ནང་དང་བཞུགས་གྲལ་དུ་འཁོད་འཕྲལ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་པའི་རོལ་ཆ་བ་རྣམས་བདེ་ཡངས་ཤར་གྱི་བྱང་ངོས་དབུ་གུར་དུ་བཞུགས་ཏེ་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་གཏོར་སྒྲུབ་དང་འབྲེལ་བའི་དགུ་གཏོར་གྱི་འཆམ་དང༌། ལྕགས་མཁར་ཧོམ་བསྲེགས། ཟོར་འཕེན་བཅས་གནང་ལམ་བཅས་ལ་ལྟད་མོར་འགྲོ་མི་མང་ཞིང༌། འཆམ་གཟིགས་གྲུབ་སྟེ་གཏོར་རྒྱག་ཏུ་ཐོན་པ་དང་མཛད་སྒོ་དངོས་གཞི་གྲོལ་བ་ཡིན་ལ། དགོང་དྲོ་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་ཚོགས་ཡོངས་ནས་ཞོལ་རྡོ་རིང་ཕྱི་མའི་སུམ་མདོར་སོག་ཕུང་ཡོད་སར་ཟོར་འཕེན་གནང་སྐབས་ཟོར་སྣེ་གདན་ཞུར་ཤོད་དྲུང་ལྔ་མཆོད་ཀྱི་ཞབས་གསར་གཉིས་ནས་སྤོས་ཁྲ་བསྣམས་ཏེ་ངོ་བཅར་ཞུ་དགོས་ཤིང༌། གཏོར་ཟོར་འཕེན་མཚམས་གཟིམ་སྦྱོང་བ་ནས་བོད་མདའི་དགུར་ཤོག་རྒྱག་སྲོལ་བཅས་ཡོད། རྣམ་རྒྱལ་གྲྭ་ཚང་གི་རྩེ་དགུ་གཏོར་ཆེན་མོ་ཞེས་པའི་དྲག་པོའི་འཆམ་གྱི་གཙོ་ཆེའི་རྣམ་གྲངས་ཁག་ནི། དུར་བདག་བཞི་དང༌། ཞྭ་ནག་ཉེར་བཞི། ཆོས་རྒྱལ་ཡབ་ཡུམ་གཉིས་དང༌། དྲེག་པ་ཕོ་བརྒྱད་མོ་བརྒྱད་དེ་སྦག་པ་བཅུ་དྲུག སྤོ་བོ་གཅིག ཤྭ་བ་གཅིག་བཅས་དོན་སྲོལ་ཡོད་ཅིང༌། འཆམ་པ་གལ་ཆེའི་རིགས་ལ་ྋགོང་ས་མཆོག་ལ་བཀའ་བསྒོ་ཞུ་སྲོལ་ཡང་ཡོད། དེ་ཉིན་རྨེ་རུ་དགོན་པར་རྨེ་རུ་དགུ་གཏོར་ཞེས་པའི་འཆམ་རྒྱག་སྐབས་ཨ་ཙ་རས་ལྟ་མོ་བའི་ཁྲོད་ནས་ཕྲུ་གུ་ལོ་བཅུ་གྲངས་སྐོར་འགའ་ཞིག་རེས་མོས་ཀྱིས་བསླངས་ཏེ་སྦེ་ཀ་༼ཨབ་ཐང་༽ ཚད་དུ་བཅུག རྒྱལ་ཁ་ཐོབ་མཁན་དེར་ཨ་ཙ་རས་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་བྱེད་པ་སོགས་ཀྱིས་བཞད་གད་སློང་སྲོལ་ཡོད། གོང་གསལ་དགུ་གཏོར་གཉིས་སུ་ལྟད་མོ་བ་མང་པོ་འཛོམས། དེ་སྔོན་བཞི་སྡེ་བསམ་གཏན་གླིང་དང༌། ཚེ་སྨོན་གླིང༌། བསྟན་རྒྱས་གླིང་བཅས་ལའང་འཆམ་ཁྲབ་པ་དང༌། གཏོར་ཟོར་འཕེན་པ་སོགས་ཀྱི་བྱེད་སྒོ་སྤེལ་བའི་ལམ་སྲོལ་ཡོད་འདུག་ཀྱང༌། དུས་དབང་གིས་རྐྱེན་པས་རིམ་བཞིན་ཉམས་གུད་དུ་ཕྱིན་ཏེ་དུས་ཕྱིས་མེད་པར་གྱུར། དེ་མིན་ད་དུང་སེ་ར་དགོན་དུ་སེ་ར་དགུ་གཏོར་ཞེས་གྲྭ་ཚང་བྱེས་སྨད་སྔགས་གསུམ་ནས་གཏོར་ཟོར་འཕེན་པ་མཇལ་མཁན་ལྷ་ས་བ་དང་ཉེ་སྐོར་ཞིང་འབྲོག་སོགས་མང་ཙམ་ཡོད། དེ་བཞིན་དགུ་གཏོར་ཉིན་གྲོང་མི་སོ་སོའི་ཁྱིམ་དུ་ནང་མི་ཚང་མ་མཉམ་འཛོམས་ཀྱིས་དགུ་ཐུག་ཅེས་རྫས་དགུ་ཚོགས་པའི་ཐུག་པ་འཐུང་ཞིང༌། དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན་ལ། ལོ་འཁོར་གཅིག་གི་ཆག་ཆེ་ཉམ་ང་དང༌། བགེགས་དང་བར་ཆད། ནད་དང་གདོན་ཐམས་ཅད་གླུད་དུ་གཏོང་ཞིང་སེལ་བའི་ལམ་སྲོལ་ཞིག་ཀྱང་བྱེད་པ་ཡིན་ནོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།