རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་གྱི་ལོ་རྒྱུས་ཐོར་བུ།

རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་གྱི་ལོ་རྒྱུས་ཐོར་བུ།

༄༅། །བླ་བྲང་རྩེ་སློབ་གྲྭའི་ཡིག་གཟུགས་དགེ་རྒན་རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་གྱི་ལོ་རྒྱུས་ཐོར་བུ།

(རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་གྱི་སྐུ་པར།)

དེ་ཡང་ཇི་སྐད་དུ། 

པད་དཀར་འཆང་བ་སྲོང་བཙན་སྒམ་པོའི་སྒྱུ་འཕྲུལ་རོལ་བ་ལས་གྲུབ་པའི།།

ལྷ་ལྡན་ཕུན་ཚོགས་དགེ་བཅུའི་འབྱུང་གནས་ངོ་མཚར་ཞིང་དེར་ལས་སྨོན་གྱིས།།

སྐྱེས་པ་ཁྱོད་ཀྱིས་མདོ་སྨད་ལྗོངས་འདིའི་ཡིག་རིགས་སོར་འདུ་བསྒྱུར་རྣམས་ཀྱི།།

སྙེམས་པ་འཕྲོག་པའི་ཡིག་རིས་ས་བོན་ཕྱོགས་འདིར་སྤེལ་བ་ཆིག་བརྩོན་མཛོད།།

ཅེས་གསུངས་པ་དེ་ནི། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བསྟན་པའི་མངའ་བདག་༧ ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་ལྔ་བ་ཆེན་པོ་༧ རྗེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་དགུང་གྲངས་ཉེར་བདུན་བཞེས་པ་རབ་རྒྱལ་ཆུ་རྟ་སྤྱི་ལོ་༡༩༤༢ལོའི་ཧོར་ཟླ་བཞི་བའི་ཚེས་གཅིག་ལ། ཉི་མ་བླ་བྲང་གི་ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་དུ་རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་ལགས་ལ། བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་བླ་བྲང་རྩེ་སློབ་གྲྭའི་ཕྱག་སམ་དུ་སྐུ་དངོས་ནས་ཕྱག་བྲིས་བསྩལ་ཏེ། ཡུལ་ཕྱོགས་འདིར་པོ་ཏ་ལའི་སློབ་རྒྱུན་མ་ཉམས་པ་གཞུང་བྲིས་ཡིག་སྲོལ་དར་རྒྱས་འབྱུང་བར་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་མཛད་པ་དེའོ། །

འདི་ནི་གཞུང་བརྒྱ་སྨྲ་བའི་དབང་བོ་རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྔ་བ་ཆེན་པོ་༧ རྗེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དུ་གསལ་བ་ཇི་བཞིན་ངོ་བཤུས་ཏེ་རྩོམ་འདིའི་མགོ་རྒྱན་དུ་བཀོད་པ་ཡིན།  གསུང་འདི་ལས་རྩེ་དྲུང་ཁོང་ཉིད་ཡུལ་ཕྱོགས་གང་དུ་འཁྲུངས་པ་དང་། དབུས་ནས་མདོ་སྨད་དུ་སྤྱན་འདྲེན་ཞུས་དོན་གྱི་དགོས་པ་སོགས་ཅུང་ཟད་ཁ་གསལ་བོ་ཕེབས་ཡོད་ལ། བླ་བྲང་རྩེ་སློབ་གྲྭའི་ཡིག་གཟུགས་དགེ་རྒན་རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་ལགས་ནི། རྩེ་པོ་ཏ་ལའི་རིག་གནས་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཡིག་རིས་རྩེར་ཐོན་ཅིང་སྔ་དུས་བོད་ཀྱི་རྩེ་དྲུང་ཡིག་གཟུགས་ཆེས་ལེགས་པའི་བྱ་དགའ་ཐོབ་པ་ཞིག་ཡིན་ཞིང་། ཁོང་གི་ཕྱག་བྲིས་ཀྱི་བྲིས་རྒྱུན་དེ་ནི་རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་དུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞབས་ཀྱིས་གསར་གཏོད་མཛད་པར་གྲགས་ཤིང་། སྡེ་སྲིད་ཆེན་མོའི་གསུང་སོགས་ན་དགའ་ལྡན་ཡིག་གསར་ཞེས་གསུངས་པ་དེང་སང་མདོ་སྨད་དུ་དབུས་བྲིས་བྲིས་རྙིང་དང་གཞུང་བྲིས་བྲིས་རྙིང་ཞེས་འབོད་པའི་ཡིག་རིས་དེ་ལ། རྒྱལ་དབང་བདུན་པ་མཆོག་གི་ཐིག་བཤད་ཅིག་ཡོད་ཚུལ་གྲགས་ཆེ་མོད། གང་ལྟར་ཁོང་གི་བྲིས་རྒྱུན་དེ་ནི། རྒྱལ་བ་བསྐལ་བཟང་རྒྱ་མཚོས་རྩེ་རིག་གནས་སློབ་གྲྭ་བཙུགས་རྗེས་ཡུལ་དབུས་སུ་དར་རྒྱས་རྒྱ་ཆེར་བྱུང་བ་ཞིག་ཡིན་ནོ། །

(༡༩༤༢ལོའི་སྐབས་ཀྱི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ན་རིམ་གྱི་གཟིམ་ཁང་བླ་བྲང་ཆེན་མོར་གཏོགས་པའི་ལྷ་ཁང་ཇོ་ཁང་ཆེན་མོ་དང་། བླ་བྲང་མགོན་ཁང་། གཟིམ་ཁང་བདེ་ཡངས་གོང་ཞོལ། ཐུབ་བསྟན་ཕོ་བྲང་ཆེན་པོ། བླ་བྲང་ཚེ་ཐར་ར་བ་སོགས་སོ། །)

 

གཤམ་དུ་གཙོ་བོ་ཀུན་མཁྱེན་ལྔ་བ་ཆེན་པོའི་རྣམ་ཐར་དང་། རྗེ་དམུ་དགེ་བསམ་གཏན་ཚང་གི་རང་རྣམ་བཅས་ལས་རྩེ་དྲུང་སྐུ་ངོའི་མི་ཚེ་ལོ་རྒྱུས་ལ་འབྲེལ་ཡོད་རྣམས་ཁོལ་དུ་ཕྱུང་ཞིང་བློ་ཕུགས་གཏད་དེ། གཞན་རྩེ་དྲུང་ཁོང་གི་ཞལ་སློབ། ཞིང་གཤེགས་དམ་པ་སློབ་དཔོན་སྐུ་དྲིན་ཅན་སྨོན་ལམ་རྒྱ་མཚོ་དང་། དགེ་བཤེས་རྡོ་རམས་པ་བཀྲ་ཤིས་རྒྱ་མཚོ། ལྷག་པར་ཞིང་གཤེགས་དམ་པ་དེ་གཉིས་དང་ལྷན་ཅིག་ཏུ་བླ་བྲང་རྩེ་སློབ་གྲྭར་འགྲིམས་མྱོང་ཞིང་ད་ལྟ་སྐུ་ན་ཤིན་ཏུ་སྨིན་པ་དགུང་གྲངས་དགུ་བཅུ་གོ་གཅིག་ཕེབས་པའི་དུས་འཁོར་བ་ཨ་ཁུ་དཔལ་ལྡན་ཚང་བཅས་ནས། རྩེ་དྲུང་སྐུ་ངོ་ལ་རྒྱུས་འདྲིས་ཟབ་པ་དག་གི་གསུང་སྒྲོས་ཁུངས་ཐུབ་རྣམས་ཀྱིས་ཟུར་བརྒྱན་ཅིང་། ལོ་ཚིགས་སོགས་གུང་བསྒྲིགས་ཏེ་ཁོ་བོས་ཀྱང་ལྷག་བསམ་ཟོལ་མེད་ཀྱིས་བློ་ནུས་འབྱོར་ཚད་ལ་བསྟུན་ནས་ཡུལ་མདོ་སྨད་ཕྱོགས་ཀྱི་ཡིག་གཟུགས་ལ་སྐུ་དྲིན་བླ་ལྷག་ཏུ་ཆེ་བའི་རྩེ་དྲུང་སྐུ་ངོའི་ལོ་རྒྱུས་ས་བཅད་མ་སྟོང་ཙམ་དུ་དཔྱད་གཞིར་འབུལ་བ་ལགས་སོ། །

 

དང་པོ། རྩེ་དྲུང་སྐུ་ངོའི་འཁྲུངས་ཡུལ་དང་བཅས་པར་ཅུང་ཟད་དཔྱད་དེ་ངོ་སྤྲོད་པ།

 

དེ་ཡང་རྒྱུས་ཡོད་དག་གི་གསུང་སྒྲོས་ལྟར་ན། རྩེ་དྲུང་ཁོང་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་ཉི་ཤུ་བའི་འགོ་ཙམ་ལ་ད་ལྟའི་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་སྟག་རྩེ་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་བདེ་ཆེན་གྲོང་ཚོ་ཞེས་པའི་ཁོངས་སུ་སྐུ་བལྟམས་པ་ཡིན་དགོས།  ཡིན་ནའང་། ད་ལྟའི་སྟག་རྩེ་རྫོང་དང་དམངས་གཙོའི་བཅོས་བསྒྱུར་སྔོན་གྱི་སྟག་རྩེ་རྫོང་ཞེས་པ་གཉིས་ལ་སའི་ཁྱབ་ཁོངས་ཐོག་ཁྱད་པར་བྱུང་སྟེ་ངོས་འཛིན་གཅིག་འདྲ་མིན་པས། འདིར་དམངས་བཅོས་སྔོན་གྱི་སྟག་རྩེ་རྫོང་ལ་གོ་བ་ལེན་མི་རུང་། རྒྱུ་མཚན་ནི་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྟག་རྩེ་རྫོང་དང་། ཞོལ་འོག་རྫོང་དང་འབྲོམ་ཐོད་རྫོང་། ཆོས་ལུང་རྫོང་གཞིས། སྐྱིད་ཆུའི་ལྷོ་ངོས་སུ་ཡོད་པའི་བདེ་ཆེན་རྫོང་བཅས་ཀྱི་སའི་ཁྱབ་ཁོངས་ཕྱོགས་གཅིག་ཏུ་ཟླ་སྒྲིལ་གྱིས་ད་ལྟའི་སྟག་རྩེ་རྫོང་གྲུབ་ཅིང་། མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་དེ་སྔའི་བདེ་ཆེན་རྫོང་གཞིས་སུ་བྱས་ཏེ་བདེ་ཆེན་གྲོང་ཚོ་ཞེས་པར་བསྒྱུར་བ་ཡིན། དེ་ཡང་ཀུན་མཁྱེན་ལྔ་བ་ཆེན་པོའི་རྣམ་ཐར་ལས་འབྱུང་བ་ལྟར་ན་རྩེ་དྲུང་ཁོང་ཉིད་དང་པོར་ཀུན་མཁྱེན་མཆོག་ལ་མཇལ་བའི་གནས་ཚུལ་འདི་ལྟ་སྟེ།”ཀུན་མཁྱེན་བླ་མ་དགུང་གྲངས་ཉེར་གསུམ་བཞེས་པའི་འབྲུ་མང་ས་ཕོ་སྟག་གི་ལོ་(༡༩༣༨)ཧོར་ཟླ་གཉིས་པའི་ཚེས་བཞིའི་ཉིན་དགའ་ལྡན་དུ་ཆིབས་བསྒྱུར་མཛད་པའི་ཕེབས་ལམ་དུ། ་་་་་་སྐུ་ཉེ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་དང་། བློ་བཟང་ཟླ་བ་སྤུན་གཉིས་ཀྱི་ཕ་གཞིས་བདེ་ཆེན་ཤིང་རྭ་ཤར་དུ་གདན་དྲངས་པ་ལྟར་ཕེབས་ཏེ་བཞུགས་ཞག་ཐོག་སྟོན་འཁོར་ཐམས་ཅད་ལ་རྒྱ་བོད་ཀྱི་གསོལ་སྤྲོ་གཟབ་རྒྱས་ཕུལ། གསོལ་ཞིབ་དོས་དང་ཆད་དོས་སོགས་ལེགས་འབུལ་བཅས་ནང་མི་རྣམས་མཇལ་ཁ་ཞུས་པར་དགྱེས་གཟིགས་ཀྱིས་རྟ་གོས་ཇ་སོགས་གནང་ཆ་བསྟབས་ཤིང་སྐུ་རིམ་རྣམ་གསུམ་སོགས་གསུང་སྒྲོག་མཛད་དེ་འཕྲལ་ཡུན་དགེ་བའི་སྐྱབས་འཇུག་གནང་།”ཞེས་འཁོད་འདུག རྩེ་དྲུང་ཁོང་ནི་ཀུན་མཁྱེན་ལྔ་བ་ཆེན་པོའི་སྐུའི་གཉེན་ཚན་ཡིན་པ་གསལ་བ་མ་ཟད་ཕ་གཞིས་ཀྱང་སྐབས་དེའི་བདེ་ཆེན་རྫོང་གི་ཁོངས་གཏོགས་ཤིང་ཚང་གཞིས་ཀ་དང་ལྕང་རྭ་ཤར་ཁང་གསར་གཉིས་ཀྱི་བསྡུས་མིང་དུ་གྱུར་བ་ཤིང་རྭ་ཤར་ཡིན་པ་གསལ་བོ་ཤེས་ཐུབ། ཡང་ཀུན་མཁྱེན་རྣམ་ཐར་དུ།”གཉིས་པའི་ཚེས་དགུ་ལ་ཆིབས་བསྐྱོད་པས་(དགའ་ལྡན་དགོན་གྱི་)ལས་སྣེ་རྣམས་ཀྱིས་སྐྱེལ་ཐུང་ཞུས་ཤིང་བདེ་ཆེན་ཤིང་རྭ་ཤར་དུ་བཞུགས་ཞག་ཐོག་(རྩེ་དྲུང་གིས་)སྲི་ཞུར་གང་འགྱུར་ཞབས་ཏོག་སྔར་བཞིན་ཞུས། དེར་(ཀུན་མཁྱེན་ལྔ་པ་ཆེན་པོས་)གཡང་མདའ་མེ་ལོང་དར་སྣས་བརྒྱན་པ་ཞིག་གསོལ་རས་སུ་བསྩལ་ཏེ་ཛམ་དཀར་ལ་བརྟེན་པའི་གཡང་འགུགས་མཛད་ཅིང་། དྲུག་ཅུ་བ་སྒྲོལ་ཤེར་གདུགས་གསུམ་སོགས་འདོད་ཆོས་ཀྱི་རེ་བ་བསྐངས། རྩེ་དྲུང་ལ་དངུལ་སྲང་ཉིས་བརྒྱ་དང་ལག་གཡོག་སོ་སོ་ལ་བབས་བསྟུན་གྱི་གནང་ཆ་བསྩལ་ནས་ཚེས་བཅུར་ལྷ་ལྡན་དུ་བབས།” ཅེས་འཁོད་ཡོད་པས་ཤིང་རྭ་ཤར་དེ་དགའ་ལྡན་དགོན་པ་དང་ཁད་ཐག་ཉེ་བོ་ཡོད་པ་ཡང་ཤེས་ངེས་ལ།  གོང་གི་བརྗོད་དོན་རྣམས་ཧྲིལ་གྱིས་དྲིལ་ན།  ཀུན་མཁྱེན་ལྔ་བའི་སྐུར་ཉེ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ནི་ཕལ་ཆེར་སྤྱི་ལོ་ཆིག་སྟོང་དགུ་བརྒྱའི་འགོར་ད་ལྟའི་གྲོང་ཁྱེར་ལྷ་སའི་ཁོངས་གཏོགས་སྟག་རྩེ་རྫོང་གི་བདེ་ཆེན་གྲོང་ཚོར་འཁྲུངས་ཤིང་།  ས་ཕོ་སྟག་གི་(སྤྱི་ལོ་༡༩༣༨)ལོའི་ཧོར་ཟླ་གཉིས་པར་ཀུན་མཁྱེན་བླ་མ་དང་མཇལ་ནས་རང་གི་ཕ་གཞིས་བདེ་ཆེན་ཤང་རྭ་ཤར་དུ་སྤྱན་དྲངས་ཏེ་སྲི་ཞུ་ཞབས་ཏོག་གང་ནུས་བསྒྲུབས་ལ།  ཀུན་མཁྱེན་ལྔ་བ་མཆོག་ནས་དངུལ་སྲང་ཉིས་བརྒྱའི་གནང་ཆ་སོགས་བསྩལ་ཏེ་ཕྱིས་སུ་མདོ་སྨད་དུ་ཕེབས་པར་རྟེན་འབྲེལ་བསྒྲིགས།

 

གཉིས་པ། རྩེ་དྲུང་སྐུ་ངོ་དབུས་སུ་བཞུགས་དུས་གཞུང་སའི་ཞབས་སྣེའི་ག་འདྲ་ཞིག་ལ་བཞུགས་པ་ཉུང་བསྡུས་སུ་ཞུ་བ།

རྩེ་དྲུང་སྐུ་ངོའི་ཕ་གཞིས་བདེ་ཆེན་རྫོང་དེ་ནི། སྔར་ས་སྐྱའི་དབང་སྒྱུར་སྐབས་ཚལ་བ་ཁྲི་དཔོན་གྱི་ཁོངས་གཏོགས་དང་། ཕག་གྲུའི་དབང་སྒྱུར་སྐབས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་གྲས་ཀྱི་བྲག་དཀར་རྫོང་ཞེས་པའི་ཁོངས་སུ་འདུག་ལ། དགའ་ལྡན་ཕོ་བྲང་པའི་དབང་སྒྱུར་སྐབས་སུ་ཞོལ་འོག་གཞིས་བཅོ་བརྒྱད་ཀྱི་ཁོངས་ཡིན། དེ་རྗེས་དགའ་ལྡན་དགོན་གྱི་ཆོས་གཞིས་སུ་སྦྱར་ཏེ་བདེ་ཆེན་རྫོང་སྡོད་དེ་དགའ་ལྡན་བླ་སྤྱི་ནས་འཛིན་སྐྱོང་བྱེད་ཀྱི་ཡོད། རྩེ་དྲུང་སྐུ་ངོ་ཐུབ་བསྟན་བསྟན་འཛིན་གྱི་དུས་དེར་བདེ་ཆེན་རྫོང་གཞིས་ཀྱི་དཔོན་ཁུངས་སྔར་བཞིན་དགའ་ལྡན་བླ་སྤྱིའི་མངའ་འོག་ཡིན་ལ། རྩེ་དྲུང་ཁོང་གི་གདན་ཐོབ་རིམ་པ་གང་ཡིན་ཀུན་མཁྱེན་རྣམ་ཐར་སོགས་སུ་གསལ་ཆ་མ་ངེས་ཀྱང་། གོ་མིང་དགའ་ལྡན་བླ་ཁང་གི་རྩེ་དྲུང་ལས་ཚན་ཡིན་པ་ཀུན་མཁྱེན་རྣམ་ཐར་དུ་ཟུར་ཙམ་མངོན་འདུག་སྟེ།  ཀུན་མཁྱེན་རྣམ་ཐར་དུ་ས་སྟག་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ལ།”རྩེ་དྲུང་བླ་ཁང་ཐུབ་བསྟན་བསྟན་འཛིན་ནས་འཕྲུལ་སྣང་གི་གཙུག་ལག་ཁང་འདིར་ཉེ་ལམ་མི་འཇིགས་ཀྱི་སུན་བསླང་ལ་བརྟེན་མི་སྲུང་ཞིག་ཅིས་ཀྱང་དགོས་ཚུལ་ཞུས་ངོར་(ཀུན་མཁྱེན་ལྔ་པ་ཆེན་པོས་)ཕྱག་བྲིས་གནང་སྟེ་བསྩལ།”ཅེས་འཁོད་འདུག་པའི་བླ་ཁང་དང་གོང་ནས་ལག་གཡོག་སོ་སོ་ཞེས་འབྱུང་པའི་ཚིག་ཟིན་དག་ལ་བརྟག་ན་དེ་འདྲ་ཡིན་པར་སྣང་། གཞན་ཡང་། དགའ་ལྡན་བླ་སྤྱིའི་མངའ་འོག་ན་རྩེ་དྲུང་ཡོད་པའི་ཁུངས་སྐྱེལ་གང་ཡིན་ཞེ་ན། དགའ་ལྡན་དགོན་པའི་ལོ་རྒྱུས་ཡིག་ཆའི་ནང་དུ།”དགའ་ལྡན་དགོན་པའི་ཆོས་སྲིད་ཀྱི་དབང་ཆ་སྤྱོད་མཁན་རྩ་འཛུགས་ཆེ་ཤོས་ནི་བླ་སྤྱི་ཡིན། བླ་སྤྱིའི་ཚོགས་འདུར་རྒྱུན་ཕེབས་གནང་མཁན་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་པོ་ལས་ཐོག་གཉིས་དང་། བླ་སྤྱིའི་སྦུག་པ་གཉིས། ཚོགས་ཆེན་དགེ་བསྐོས་གཉིས། ཚོགས་ཆེན་དབུ་མཛད། བླ་སྤྱིའི་དྲུང་ཡིག་བཅས་ཀྱི་ཐོག་དམིགས་བསལ་གལ་ཆེའི་སྐབས་ཁྲི་ཐོག་ཁང་གི་མཛོད་པ་ཡང་གཞུག་དགོས་པ་ཡིན། བླ་སྤྱིའི་ལས་འགན་གཙོ་བོ་ནི་རྩེ་ཤོད་བཀའ་ཤག་སོགས་ཀྱི་བཀའ་དགོངས་བཞིན་གཞུང་གི་ལས་དོན་རྣམས་བསྒྲུབ་རྒྱུ་སོགས་དང་། བདེ་ཆེན་རྫོང་སྡོད་སོགས་གཞུང་བསྐོས་ལས་སྣེ་རྩེ་དྲུང་དང་བཅས་པའི་གོས་སྟོད་གྱོན་པ་དང་། ལས་འགན་ཐད་ཁྲི་ཐོག་ཁང་གི་མཛོད་པས་རྩེ་ཤོད་བཀའ་ཤག་སོགས་ཀྱི་བཀོད་རྒྱ་བླངས་ཏེ་དེ་དོན་བླ་སྤྱི་སོགས་ལ་བརྒྱུད་བསྒྲགས་དང་། གཞུང་དོན་དུ་ཡོང་བའི་དཔོན་རིགས་ལ་སྣེ་ལེན། ཁྲི་ཐོག་ཁང་གི་ཁོངས་གཞིས་འབྲོག་ལ་དོ་དམ་ཁྲལ་བསྡུ། ཁྲི་ཐོག་ཁང་ནས་གཏོང་དགོས་པའི་གཏོང་སྒོའི་འགན་འཁུར་རྒྱུ་སོགས།”ཞེས་འབྱུང་བ་ལས། དགའ་ལྡན་དགོན་པའི་བླ་སྤྱི་དང་ཁྲི་ཐོག་ཁང་གི་མཛོད་པའི་མངའ་འོག་ན་རྫོང་སྡོད་སོགས་གཞུང་བསྐོས་ལས་སྣེ་རྩེ་དྲུང་བཅས་ཡོད་པ་གསལ་ཞིང་ཤིང་རྭ་ཤར་ནི་བླ་སྤྱིའི་མངའ་འོག་གི་བླ་ཁང་ངམ་གཞུང་ཤག་ལྟ་བུ་ཡིན་པ་ཡང་གསལ་བོར་མངོན་འདུག

འདིར་རྩེ་དྲུང་ཞེས་པའི་མིང་གི་ལོ་རྒྱུས་ལ་གོ་བ་རགས་ཙམ་ཡོང་ཕྱིར། སྔར་སྡེ་པ་གཞུང་གི་རྩེ་དྲུང་འགྲོ་ཚུལ་གྱི་བྱ་རིམ་མདོར་དྲིལ་ཞིག་འགོད་པར་བྱ་སྟེ། སྤྱིར་རྩེ་རིག་གནས་སློབ་གྲྭར་ཞུགས་པའི་སློབ་ཕྲུག་ཕལ་ཆེ་བ་སློབ་གྲྭ་དེར་མ་ཞུགས་གོང་སྒེར་གྱི་སློབ་གྲྭ་དང་གྲྭ་ས་སོགས་བརྒྱུད་དེ་རིག་གནས་རྨང་གཞི་ཅུང་ཟད་ཡོད་པའི་སེར་མོ་བ་ཤ་སྟག་ཡིན། དེ་ནས་གདན་ས་ཁག་སོགས་ཀྱི་གྲྭ་འཕྱགས་ཀྱིས་བསྡུ་བསྐོང་བྱས་ཏེ་རྩེ་སློབ་གྲྭར་ལོ་ཤས་སོང་རྗེས་སྦྱངས་འབྲས་ཐོན་པའི་མཚམས་དེར་ཞབས་སྡོད་སྙན་དར་ཞེས་རྩེ་ཡིག་ཚང་ལས་ཁུངས་ལ་ཁ་བཏགས་ནང་མཛོད་ལེགས་པ་གཅིག་དང། ཨ་ཤེ་ལེགས་པ་གཅིག ཟུབ་ཕྱི་ལེགས་པ་གཉིས། རང་ཉིད་ཀྱི་ལག་བྲིས་ཡིག་ཚད་བཅས་འབུལ་དགོས་ཤིང་། ཡིག་ཚང་ནས་ཡིག་རྩིས་སྦྱངས་འབྲས་དང་ལོ་ན་སོན་ཚད་ལ་གཟིགས་ཏེ་སྔ་རྟིང་གི་རིམ་པ་བཞིན། རྩེ་དྲུང་གི་གོ་མིང་གནས་སྤར་བྱ་རྒྱུའི་སྐོར་གཞུང་སའི་ཞབས་དམིགས་ཀྱི་འོས་ཁོངས་སུ་བཏང་ནས་ཕྱག་རྟགས་ཐོན་མཚམས་སུ་སྒུག་དགོས། དེ་ལྟར་ཕྱག་རྟགས་ཐོན་རྗེས་ཡིག་ཚང་དུ་བཀའ་བསྒྱུར་གན་འཇོག་ཞུས་དགོས་ཤིང་། དེ་དང་འབྲེལ་ནས་ཤག་ཚང་དགེ་རྒན་དང་། དོ་བདག ཁག་ཐེག་འགན་ལེན་བཅས་པས་གན་འཇོག་རྟགས་འཛུགས་བྱེད་དགོས། གཟོད་གཞི་ནས་རྩེ་དྲུང་འོས་ཁོངས་སུ་ཚུད་པ་ཡིན། གང་ལྟར་སྔར་རྩེ་དྲུང་ནི་རྩེ་རིག་གནས་སློབ་གྲྭ་ཁོ་ན་བརྒྱུད་དེ་འགྲོ་དགོས་ཀྱི་ཡོད་པ་དང་། དམངས་གཙོའི་བཅོས་བསྒྱུར་སྔོན་དུ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་དབུས་ཀྱི་ལྷ་ལྡན་དང་། ཕྱོགས་མཐའི་སྤྱི་ཁྱབ། རྫོང་གཞིས་ཁག་བཅས་སོ་སོའི་ཁོངས་སུ་ལས་བྱ་དྲུང་དཀྱུས་ཡན་གྱི་རིམ་པ་བདུན་པ་ནས་ལྔ་བའི་བར་གྱི་གདན་ཐོབ་ཡོད་པའི་རྩེ་དྲུང་ཞལ་གྲངས་བརྒྱ་དང་དོན་བརྒྱད་ཡོད་ཅེས་ལོ་རྒྱུས་ཡིག་ཆ་ཁག་ན་འཁོད་འདུག

རྩེ་ཤོད་དྲུང་འཁོར་དང་ཕྱིས་ཀྱི་གཞུང་ཡིག་ཏུ་དྲུང་རིགས་སེར་སྐྱ་ཞེས་པའི་འབྲི་བརྗོད་བྱེད་སྲོལ་ལས་རྩེ་དྲུང་དང་ཤོད་དྲུང་ཞེས་པའི་བརྡ་ཆད་དེ་གཉི་གའི་སྒྲ་བཤད་ལ་ཚིག་མཛོད་དུ། རྩེ་དྲུང་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་གཞུང་ཞབས་སེར་མོ་བ་རྣམས་ཀྱི་སྤྱི་མིང་ཡིན་པ་དང་། ཤོད་དྲུང་ཞེས་པ་ནི་གཞུང་ཞབས་སྐྱ་བོ་ཞབས་རྟེན་ཕ་གཞིས་ཡོད་པ་རྣམས་ཀྱི་སྤྱི་མིང་ལ་གོ་དགོས། ཞེས་བརྗོད་འདུག  དེ་ལྟར་ན་རྩེ་དྲུང་ཡིན་ན་རྩེ་ཕོ་བྲང་གི་དྲུང་ཡིག་ཡིན་དགོས་པའི་ངེས་པ་མེད་དེ། བཀྲས་ལྷུན་དང་ས་སྐྱ་བཅས་ནའང་སྔར་རྩེ་དྲུང་གི་ལས་སྣེ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། འོན་ཀྱང་། དེང་སང་མི་ཁ་ཤས་ཀྱིས་དོན་ངོ་མར་གང་ཡིན་ངོར་མ་འཕྲོད་ནས་མོ་སྟོན་ཕག་མགོ་མང་དུ་གནང་འདུག་པས། འདིར་ཆེད་དུ་རྩེ་དྲུང་ཞེས་པའི་མིང་གི་སྐོར་ལ་ཐོག་མའི་ངོ་སྤྲོད་ཙམ་ཞུས་པའོ། །

 

གསུམ་པ། རྩེ་དྲུང་སྐུ་ངོ་ཀུན་མཁྱེན་ལྔ་བའི་གདུང་རྒྱུད་ལས་རིགས་རུས་ཆོ་འབྲང་གང་དུ་གཏོགས་པ་ཆེ་ལོང་ཙམ་ཞུ་བ།

ཀུན་མཁྱེན་ལྔ་བའི་རྣམ་ཐར་དུ་རྩེ་དྲུང་ཉིད་ནི་ལྔ་བ་ཆེན་པོའི་སྐུ་ཉེ་ཡིན་ཚུལ་ལུང་ཚིག་ཟུར་ཙམ་གསུངས་འདུག་ལ། དེས་ན་རྩེ་དྲུང་ཁོང་ཉིད་ཀུན་མཁྱེན་བླ་མའི་ཡབ་ཡུམ་གཉིས་ལས་རིགས་རུས་ཆོ་འབྲང་གང་ཞིག་ལ་གཏོགས་པ་ཡིན་ཞེ་ན། རྣམ་ཐར་དུ་ཡབ་ནི་”དགའ་རིགས་སུ་གྲགས་པ་དེའི་རྒྱུད་པ་ཡིན་”ཞེས་པ་ལས་གདུང་རྒྱུད་དབུས་གཙང་ཕྱོགས་ནས་མཆེད་པའི་ལོ་རྒྱུས་ཅང་གསུང་མེད། དེ་བཞིན་དུ་རྣམ་ཐར་ལས།”ཡུམ་ནི་ས་སྐྱའི་བཀའ་བཅུ་ཆོས་རྗེ་བླ་མ་དཔོན་ཟེར་བའི་གྲུབ་ཐོབ་ཚད་ལྡན། རུ་ཌ་སྤུན་བདུན་ཟེར་བའི་བྲག་རི་ལ་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་མཇལ་ཡུལ་དུ་ཡོད་པ་དེ་ཉིད་འཁྲུངས་པའི་ཆོ་འབྲང་ཕུན་སུམ་ཚོགས་པའི་རྒྱུད་དེར་བྱུང་བ་ལྷག་མ་མགོན་པོ་ཚེ་རིང་བྱ་བའི་སྲས་མོ་དཀོན་མཆོག་ལ་གུས་ཤིང་རྣམ་དཀར་གྱི་ལས་ལ་གཞོལ་བ་རང་བཞིན་དྲང་ཞིང་བློ་རྣོ་བ་བུད་མེད་ཕལ་བའི་སྐྱོན་དང་བྲལ་ཞིང་སྨྲ་བ་ཉུང་བ།  རྒྱལ་དང་རྒྱལ་བའི་སྲས་པོ་བསྐྱེད་པའི་ཡུམ་དུ་སྨོན་ལམ་ཐེབས་པ་སོགས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་ཕྱུག་པ་གུ་རུ་ལྷ་འཚོ་བྱ་བའི་དེ་ཉིད་རྗེ་འདིའི་ཡུམ་ཡིན་ཏེ།”ཞེས་འབྱུང་བ་དང་། ཡང་རྣམ་ཐར་དུ།  ས་སྟག་སྤྱི་ལོ་༡༩༣༨ལོའི་ཧོར་ཟླ་”དྲུག་པའི་ཚེས་གཅིག་ལ་ཆིབས་བསྐྱོད་དེ།  ་་་སྣ་རྩེའི་རྫོང་གི་སར་མ་ཡུམ་ཚང་གི་ཉེ་ཚང་འཕེལ་རྒྱས་པའི་གཞིས་སུ་གྲ་སྒྲིག་བྱས་ཡོད་པ་སོ་སོར་ཞག་པ་དང་ཚིགས་མལ་མཛད་པར་རྫོང་གཞིས་སོ་སོས་བསྙེན་བཀུར་ཞུས།”ཅེས་པའི་ལུང་ཚིག་དག་ལ་ཁུངས་གཏུགས་ན་རྩེ་དྲུང་ཁོང་ཉིད་མ་ཡུམ་ཕྱོགས་ཀྱི་ཉེ་ཚན་དུ་གཏོགས་པ་ངང་གིས་གྲུབ་འདུག །

 

བཞི་པ། བླ་བྲང་རྩེ་སློབ་གྲྭ་གསར་འཛུགས་མཛད་པའི་ལས་ལ་སྟ་གོན་དང་སློབ་གྲྭ་དངོས་སུ་ཚུགས་པར་བྱ་བ་ལྷུར་བཞེས་མཛད་པ།

ཀུན་མཁྱེན་བླ་མ་དགུང་ལོ་ཉེར་གཉིས་བཞེས་པ་རབ་རྒྱལ་མེ་གླང་སྤྱི་ལོ་༡༩༣༧ལོར་ལྷ་ལྡན་ཆོས་ཀྱི་ཞིང་སར་ཆིབས་བསྐྱོད་མཛད། དེར་འཁོར་ལོ་གསུམ་གྱི་མཛད་བཟང་རྨད་དུ་བྱུང་བ་བསྐྱངས་ཏེ།  མཐར་ལྕགས་འབྲུག་སྤྱི་ལོ་༡༩༤༠ལོར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་དུས་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་སྐུ་རྗེས་སུ་ཁྲིད་འོངས་པ་ཀུན་མཁྱེན་ལྔ་བའི་རྣམ་ཐར་དུ་གསལ་བ་ལྟར་དང་། རྩེ་དྲུང་ལྷ་ས་ནས་མདོ་སྨད་དུ་ཕེབས་བཞུད་སྐབས་གཞུང་ས་དང་དགའ་ལྡན་བླ་ཁང་གང་རུང་ལ་དགོངས་ཞུ་ཞུས་ཡོད་མེད་རྣམ་ཐར་དུ་གསལ་ཆ་མ་བྱུང་། རྣམ་ཐར་དུ་ཀུན་མཁྱེན་བླ་མ་དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་གསན་སྦྱོང་མཛད་པའི་གསེང་བར་བཅས་སུ། སྐབས་དེའི་རྒྱལ་ཚབ་རིན་པོ་ཆེ་རྭ་སྒྲེང་མཆོག་གི་སྐུ་དྲུང་དུ་སྔ་ཕྱི་ཐེངས་ལྔ་ཙམ་ལ་མདུན་བཅར་ཕེབས་ཡོད་ཀྱང་རྩེ་དྲུང་སྐོར་གྱི་གསུང་གླེང་གང་ཡང་མི་འདུག གཞན་ཡང་རྣམ་ཐར་དུ་ཀུན་མཁྱེན་བླ་མ་སྟོན་འཁོར་དང་བཅས་པ་མདོ་སྨད་དུ་ཆིབས་ཁ་བསྒྱུར་དུས། ཀུན་མཁྱེན་མཆོག་ནས་མཛོད་པ་མཁྱེན་རབ་དོན་གྲུབ་མངགས་ཏེ། ཁོང་གིས་ཞུས་པ་ལྟར་དབུས་ཀྱི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་བཤེས་གཉེན་ཡེ་ཤེས་དོན་གྲུབ་དང་། བསྟན་པ་ཆོས་ལྡན་རྣམ་གཉིས་གདན་ས་རང་གི་རྒྱུད་སྟོད་གྲྭ་ཚང་གི་དགེ་རྒན་དུ་གདན་དྲངས་པ་ཡིན་ལ། ཕལ་ཆེར་དེ་དང་ནང་བཞིན་རྩེ་དྲུང་ཕེབས་བཞུད་སྐོར་ལའང་ཡར་ཞུ་གནང་མཁན་ཕྱག་མཛོད་ཆེན་མོ་ཨེ་ཡིན་སྙམ།(འདི་མཐའ་གཅིག་ཏུ་མ་ངེས་པས་ཞིབ་དཔྱོད་དགོས) གང་ལྟར་རྩེ་དྲུང་ཁོང་ཉིད་ལྕགས་འབྲུག་སྤྱི་ལོ༡༩༤༠ལོའི་ཧོར་ཟླ་དྲུག་པའི་ཡར་ངོའི་ཞིག་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་འབྱོར་བྱུང་ཡོད། དེ་ནས་བཟུང་བླ་བྲང་བདེ་ཡངས་ཞོལ་དུ་བཞུགས་ཏེ་ཀུན་མཁྱེན་བླ་མའི་ཐུགས་བཞེད་བཀའ་བཀོད་ལྟར་པོ་ཏ་ལའི་རྩེ་རིག་གནས་སློབ་གྲྭའི་(སློབ་གྲྭ་འདི་ཉིད་༧རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དགུང་གྲངས་ཞེ་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་སྤྱི་ལོ་༡༧༥༤ལོར་གསར་འཛུགས་གནང་བར་བཞེད)ཕྱག་ལེན་ཇི་བཞིན་དུ་སྦྱོར་དངོས་རྗེས་གསུམ་གང་ཐད་ནས་སློབ་གྲྭའི་བྱ་བར་དོན་གཉེར་ལྷུར་བཞེས་མཛད། ལྕགས་སྦྲུལ་སྤྱི་ལོ་༡༩༤༡ལོའི་ལོ་སྟོད་ནས་བཟུང་རྩེ་དྲུང་སྐུ་ངོའི་གཟིམ་ཤག་ཏུ་སེར་མོ་བ་བློ་རིག་གསལ་པའི་བཙུན་ཆུང་འགའ་རེ་དྲག་འདེམས་ཀྱིས་སྐོང་འགུགས་བགྱིས་ལ། དེའི་གྲས་སུ་ཀུན་མཁྱེན་བླ་མའི་ཞབས་བསྐོར་དུ་གཏོགས་པ་འཇིགས་མེད་ཡེ་དོ་ཞུ་བ་(ང་བརྒྱད་ལོའི་སྔོན་ནས་རྒྱ་གར་དུ་ཕྱིན་སྐད)དང་། ཕྱིས་ཀྱི་བླ་བྲང་ཆེན་མོའི་དྲུང་ཆེན་དུ་བཞུགས་པ་སྨོན་ལམ་རྒྱ་མཚོ་སོགས་འདུག་པ་ལ་དབུས་བྲིས་ཡིག་གཟུགས་ཐོག་མར་འཁྲིད་སྤེལ་མཛད་དེ། ཆུ་རྟ་སྤྱི་ལོ་༡༩༤༢ལོའི་གནམ་ལོ་གསར་ཚེས་བར་ལ་བླ་བྲང་རྩེ་སློབ་གྲྭ་འཛུགས་འཆར་གྱི་རྨང་གཞི་འདིང་བར་སྐལ་ལྡན་སློབ་བུ་ཐུགས་ཀྱིས་བསྐྱངས། དེ་ནས་མདོ་ཁམས་སྨད་ཀྱི་འཛིན་མའི་ཁྱོན་ལ་སྔར་བླ་ཆེན་དང་དགོན་པ་གྲྭ་ཚང་གང་གི་ལོ་རྒྱུས་སུ་བྱུང་མ་མྱོང་པའི་རྩེ་སློབ་གྲྭ་ཞེས་པ་དངོས་སུ་དབུ་བརྙེས། དེའང་རྣམ་ཐར་ལས། ཀུན་མཁྱེན་བླ་མ་”དགུང་གྲངས་ཉེར་བདུན་པ་སྣ་ཚོགས་ཞེས་པ་ཆུ་རྟ་ལོའི་(སྤྱི་ལོ་༡༩༤༢)ཧོར་ཟླ་དང་པོའི་གནམ་སྟོང་ལ། སློབ་གྲྭ་གསར་འཛུགས་ལ་ཚག་བརྒྱབ་བཙུན་ཆུང་དྲུག་བཅུ་སྐོར་གྱི་ཆེད་སྤྲུལ་བའི་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུས་པར་ཆོས་རྗེ་སྐུ་ཕེབས་ཀྱིས་ཐམས་ཅད་ལ་སྲུང་མདུད་དར་བཅས་དང་ཕྱག་ནས་བསྩལ། གཉིས་པའི་ཚེས་གཅིག་ལ། བསླབ་གྲྭ་ཁང་དུ་ཐོག་མར་ཚོགས་ཏེ། རྩེའི་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཡིག་རིས་རྩེར་ཐོན་པ་བདེ་ཆེན་ཤིང་རྭ་ཤར་རྩེ་དྲུང་སྐུ་ཉེ་ཐུབ་བསྟན་བསྟན་འཛིན་ལྷ་ས་ནས་སྐུ་རྗེས་སུ་ཁྲིད་འོངས་པ་དགེ་རྒན་དུ་བསྐོ་བཞག་མཛད་དེ་དགེ་རྒན་ལ་སྡེར་སྐལ་དང་ཐམས་ཅད་ལ་གྲོ་འབྲས་བྲིམས། གཞན་སྤྱི་ཁྱབ་བཅུ་དཔོན་སོགས་ཀྱང་བསྐོ་བཞག་གནང་། བསླབ་གྲྭ་ཚུགས་པའི་དགོས་པ། ༧ ཀུན་མཁྱེན་གོང་རིམ་ནས་རིག་གནས་ཀྱི་སྐོར་ཐུགས་ཁུར་གནང་ཚུལ་དང་། ཐམས་ཅད་ཀྱིས་དོན་གཉེར་ཧུར་ཐག་མཐའ་འཁྱོངས་གནང་རྒྱུ་སོགས་ཀྱི་བཀའ་འདོམས་གནད་འདྲིལ་བཅས་ཐམས་ཅད་ལ་ཁ་དར་བསྲུང་མདུད་བསྩལ།”ཞེས་འབྱུང་བ་རྣམས་ཅུང་ཟད་ཁ་གསལ་བོར་བརྗོད་ན། དེའང་རབ་རྒྱལ་ཆུ་རྟ་སྟེ་སྤྱི་ལོ་༡༩༤༢ལོའི་ཧོར་ཟླ་དང་པོའི་གནམ་སྟོང་གི་ཉིན་དེར། སློབ་གྲྭ་གསར་འཛུགས་སུ་མ་དགོན་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་དྲུག་ལས་གྲྭ་འཕྱགས་བརྒྱབ་སྟེ། གྲྭ་ཚང་རེ་རེ་ནས་གྲྭ་བ་བཅུ་ཕྲག་སོན་ཙམ་མངགས་གཏོང་བགྱིས་པས་སྐབས་དང་པོའི་བཙུན་ཆུང་སློབ་མ་དྲུག་ཅུ་རེ་གསུམ་བསྡུས་པ་ལ། ཀུན་མཁྱེན་བླ་མ་མཆོག་ནས་གནས་ཆུང་ཆོས་རྒྱལ་ཆེན་པོར་བཀའ་ལུང་བསྒྱུར་བར་སྐུ་རྟེན་ཏཱ་བླ་མ་བློ་བཟང་ལགས་སྤྱན་འདྲེན་ཞུས་པར། ཆོས་རྗེ་སྐུ་རྟེན་ངོ་མ་སྐུ་ཕེབས་ཀྱིས་དགེ་སློབ་ཐམས་ཅད་ལ་ནད་གདོན་བར་ཆད་ཞི་བར་སྲུང་མདུད་དར་བཅས་དང་ཕྱག་ནས་བསྩལ།

༢པའི་ཚེས་༡ལ། ལྷ་དང་བླ་མས་བཀའ་ལུང་བཞིན། ཀུན་མཁྱེན་བླ་མའི་རྩེའི་སློབ་གྲྭ་ཁང་དེ་བླ་བྲང་ཐུབ་བསྟན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་པའི་གཞལ་མེད་ཁང་ཆེན་མོའི་ལེ་ལག་ཏུ་སྔར་བཟོ་ཁང་ཞེས་འབོད་པའི་ཁང་མིག་ཁོད་ཡངས་པ་ཞིག་འདུག་པ་དེར་ཐོག་མར་ཚོགས་ཏེ། གངས་ལྗོངས་ཕོ་བྲང་ཆེན་མོ་རྩེ་པོ་ཏ་ལའི་རིག་གནས་སློབ་གྲྭ་ཆེན་མོར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་གྱིས་མཐར་ཕྱིན་ཏེ་ཡིག་རིས་རྩེར་ཐོན་ཅིང་སྔ་དུས་བོད་ཀྱི་རྩེ་དྲུང་ཡིག་གཟུགས་ཆེས་ལེགས་པའི་བྱ་དགའ་ཐོབ་པ། རྩེ་དྲུང་སྐུ་ཉེ་ཐུབ་བསྟན་བསྟན་འཛིན་ལགས་ཡིག་གཟུགས་དགེ་རྒན་དུ་བསྐོ་བཞག་མཛད་ཅིང་། གཟའ་སྐར་བཟང་བོ་ལ་བསྟུན་ནས་རྩེ་དྲུང་ལགས་ལ་སྡེར་སྐལ་བསྒྲིགས་ཤིང་སློབ་ཕྲུག་རེ་རེ་ནས་མཇལ་དར་འབུལ་བ། བླ་བྲང་ཆེན་མོ་ནས་དགེ་སློབ་ཡོངས་ལ་གྲོ་མ་འབྲས་སེ་བྲིམས་པ། གསོལ་ཇ་བཞེས་པའི་སྔོན་ལ་སྐུ་ཉེ་རྩེ་དྲུང་ལགས་ཀྱིས་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་འཕར་འབྱེད་པར་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མ་སྐད་གསང་མཐོན་པོས་དབྱངས་སུ་བཀུག་ནས་ཚར་གསུམ་བསྐྱོར་རྗེས་ཐམས་ཅད་ཀྱིས་གསོལ་ཇ་མཉམ་བཞེས་གནང་པ་ཡིན་ཞེས་སློབ་དཔོན་དམ་པ་གང་གི་ཞལ་ལས་དངོས་སུ་ཐོས་པའོ། ། གཞན་སྤྱི་ཁྱབ་དཔོན་ནམ་འཛིན་གྲྭའི་སྤྱི་དཔོན་(དེང་སང་རྒྱ་སྐད་དུ་པན་ཀྲང་班长ཞེས་འབོད་པ་དང་འདྲ་)དང་། བཅུ་དཔོན་ཞེས་པ་གྲྭ་ཚང་གཅིག་གི་མངའ་ཁོངས་ནས་ཕེབས་པའི་མི་གྲངས་བཅུ་ཡས་མས་ཀྱི་འགོ་དཔོན་ཆུང་ངུའམ་ཡང་ན་བཞུགས་གྲལ་གཅིག་གི་ཁོངས་སུ་འདུ་བ་ལ་འགོ་འདོམས་བྱེད་མཁན་འགོ་བ་ཆུང་ངུ་ལྟ་བུ་ཡིན་འདུག(དེང་སང་རྒྱ་སྐད་དུ་ཙོའུ་ཀྲང་组长ཞེས་པ་དང་འདྲ་)དེ་སོགས་ཀྱང་བསྐོ་བཞག་གནང་སྟེ་སྐྱབས་མགོན་ལྔ་བ་མཆོག་ནས་དགེ་སློབ་ཡོངས་ལ་གསུང་དོན།  སློབ་གྲྭ་ཚུགས་པའི་དགོས་པ། ཀུན་མཁྱེན་གོང་མ་རིམ་བྱོན་གྱིས་རིག་གནས་ཀྱི་སྐོར་ལ་ཐུགས་ཁུར་གནང་ཚུལ་དང་། ཁོང་གིས་ཀྱང་བོད་ཀྱི་རིག་གནས་ཡར་རྒྱས་འབྱུང་ཐབས་ལ་དམིགས་ནས་སློབ་གྲྭ་བཙུགས་ཚུལ། དགེ་སློབ་ཐམས་ཅད་ཀྱིས་དོན་གཉེར་ཧུར་ཐག་མཐའ་འཁྱོངས་དགོས་རྒྱུ་སོགས་ཀྱི་བཀའ་འདོམས་བསླབ་བྱ་གནད་འདྲིལ་བཅས་ནས་སོ་སོ་ལ་ཁ་དར་བསྲུང་མདུད་བསྩལ་ཏེ་ཐུགས་དགྱེས་དགྱེས་མཛད། དེའང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཛད་པའི་རྩེ་རིག་གནས་སློབ་གྲྭའི་བཅའ་ཁྲིམས་དལ་འགྲོའི་རྒྱུན་བཟང་ལས། ཐ་སྙད་རིག་པ་ཞེས་དོན་དམ་ཁང་བཟང་འཇུག་པའི་སྒོའམ། ཐེམ་སྐས་ལྟ་བུ་འདི་ཉིད་བཏང་སྙོམས་སུ་མ་ལུས་པར་འཕེལ་རྒྱས་ཆེད་དུ་ཤིང་ཁྱི(སྤྱི་ལོ༡༧༥༤)ལོར་སློབ་ཁང་གསར་འཛུགས་གནང་བ་དེ། ཞེས་པའི་རླབས་ཆེན་ཐུགས་སྨོན་དང་ཡོངས་སུ་མ་བསྒྲིགས་རང་འགྲིག་གིས་ཐུགས་རྒྱུད་གཅིག་ཏུ་གྱུར་བ་ནི་ཤིན་ཏུ་ནས་ངོ་མཚར་ཆེའོ།།

རྩེ་དྲུང་སྐུ་ཉིད་ནས་སློབ་གྲྭ་དེ་གའི་འཛིན་གྲྭ་སྔ་ཕྱིར་གཉིས་ཀྱི་(སློབ་མ་༡༤༣ལ)ཡིག་གཟུགས་དགེ་རྒན་གྱི་ཁུར་དང་ལེན་བགྱིས་ཏེ། སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་ཀུན་མཁྱེན་བླ་མའི་ཞལ་བཀོད། ཡིག་ཚིགས་པོ་ཏ་ལའི་སློབ་རྒྱུན་མ་ཉམས་པ་འབྲི་དགོས་ཅེས་པའི་གསུང་རྣམས་རྣམ་པ་ཀུན་ཏུ་སྤྱི་གཙུག་ཏུ་བཀུར་བཞིན་གཞུང་བྲིས་བྲིས་རྙིང་ཞེས་འབོད་པའི་སུག་རིང་དང་། སུག་ཐུང་། ཚུགས་ཆུང་། རྒྱུག་བྲིས། འཁྱུགས་བྲིས། འབྲུ་ཚ་དགའ་ལྡན་བྲིས་གསར། ལཉྫ། ཝརྟུ། ཧོར་ཡིག ཡིག་གསར་སོགས་པོ་ཏ་ལའི་རྩེ་རིག་གནས་སློབ་གྲྭའི་ཕྱག་ལེན་ཇི་བཞིན་ཡིག་རིས་གྲ་ཟུར་ཙམ་ཡང་མ་ཉམས་པར་རྡོ་ལག་བརྒྱུད་ཚུལ་དུ་སློབ་ཕྲུག་ཚོར་ཁྲིད་རྒྱུན་སྤེལ་བ་ལ།  སྨྱུ་གུ་བཟོས་སྟངས་ནས།   སྨྱུ་གུ་འཛིན་སྟངས་དང་། ཐིག་ཚད་ལེན་སྟངས། སྨྱུག་ཁ་བཅོས་སྟངས། སྦྱང་ཤིང་འཛིན་སྟངས། ཡི་གེ་སོ་སོའི་སྔ་རྗེས་འབྲི་རིམ། ཡི་གེ་སོ་སོའི་ཆ་ཚད་འཛིན་སྟངས། སོ་སོ་སམ་ཊའི་སྟེང་དུ་མ་དཔེ་བྲིས་པ་མ་ཟད། ཡིག་རིས་ཀྱི་མ་ཕྱི་ཡང་ཤོག་ངོས་སུ་སྐུ་དངོས་ནས་བྲིས་ཏེ་སློབ་ཕྲུག་རེ་རེའི་ཕྱག་ལ་གནང་བ་ཡིན་ཞེས་དང་། གཞན་ཡང་འཛིན་གྲྭ་དང་པོའི་རིག་གནས་དགེ་རྒན་ཐོག་མ་ནི་མཚོ་སྔོན་པོའི་གསུང་རབ་ཞུ་བ་དེ།   ཁོང་ནི་ལོ་མང་པོར་བླ་བྲང་དྲུང་ཇའི་ལས་ཚན་གྱི་དྲུང་ཡིག་ལ་བཞུགས་མྱོང་བའི་ཐ་སྙད་རིག་གནས་ཕྱོགས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་ཡིན་པ་དང་། ཕྱིས་སུ་ཁོང་སྐུ་ན་བགྲེས་པའི་ཁར་བསྙུང་གཞི་ཞིག་ཐེབས་པས་ཀུན་མཁྱེན་བླ་མས་དགོངས་ཁྲོལ་ཐོབ་སྟེ། ཁོང་གི་ཚབ་ཏུ་རྗེ་དམུ་དགེ་བསམ་གཏན་ཚང་བསྐོ་བཞག་གནང་བ་རེད་ཅེས་གསུངས་པ་ལ། དེའང་ཀུན་མཁྱེན་རྣམ་ཐར་དང་རྗེ་དམུ་དགེ་ཚང་གི་རང་རྣམ་བཅས་ལ་ཞིབ་ཏུ་མཇལ་ན་རྗེ་དམུ་དགེ་ཚང་སློབ་གྲྭ་དེ་གའི་དགེ་རྒན་གནང་དུས་ཕལ་ཆེར་སྤྱི་ལོ་༡༩༤༥ལོར་ཁེལ་འདུག འཛིན་གྲྭ་གཉིས་པའི་རིག་གནས་དགེ་རྒན་ནི་སྐབས་དེའི་ཀུན་མཁྱེན་བླ་མའི་དྲུང་ཆེན་ལས་ཐོག་པ་དྲུང་ཡིག་བསྟན་པ་ཞུ་བའམ། ཉི་མ་བླ་བྲང་གི་རྩེ་ཡིག་ཚང་ལས་ཁུངས་བཙུགས་རྗེས་(ཤིང་སྤྲེལ་སྤྱི་ལོ༡༩༤༤ལོའི་ཧོར་ཟླ་༤ཚེས༡ལ་གསར་འཛུགས་གནང་བ་ཀུན་མཁྱེན་རྣམ་ཐར་དུ་འཁོད་འདུག)ཡིག་ཚང་གི་དྲུང་ཡིག་ཆེ་མོར་བཞུགས་པའི་མཁས་དབང་བསྟན་པ་རྒྱ་མཚོའམ་གྲྭ་ས་སོགས་ནས་བསྟན་པ་སྣ་དམར་ཞེས་འབོད་པ་དེ་ཡིན། དེའང་ཀུན་མཁྱེན་བླ་མའི་དྲུང་ཆེན་མཁན་པོ་དང་ཡིག་ཚང་གི་དྲུང་ཆེ་གཉིས་ནི་སྤྱིར་བཏང་དུ་ལས་ཁུར་གཅིག་ལྕོགས་ཡིན་ཞེས་རྒྱུས་ཡོད་དག་གིས་གསུངས་སོ། ། དེ་མིན་སློབ་གྲྭ་རུ་རྒྱ་རིགས་དགེ་རྒན་སྔ་ཕྱིར་ལྔ་དྲུག་ཙམ་བྱུང་ཡོད་མོད། འདིར་བརྗོད་དོན་ལ་འབྲེལ་བ་ཆེར་མེད་པས་མ་སྤྲོས་ལ། འོན་ཀྱང་། དེའི་སྐོར་ལ་བལྟ་འདོད་ཡོད་གཤིས་ཁོ་བོས་བྲིས་པའི་《ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་གི་རྩེ་སློབ་གྲྭའི་ལོ་རྒྱུས་མདོར་བསྡུས་》ཞེས་པ་ལ་གཟིགས་རོགས།

(རྩེ་དྲུང་སྐུ་ངོའི་ཕྱག་བྲིས་འཁྲུལ་མེད་འདི་ཉིད་ནི་དེ་སྔ་རྗེ་གུང་ཐང་འཇམ་པའི་དབྱངས་ཀྱི་ཞབས་གྲས་སུ་གཏོགས་པ་དང་རྩེ་སློབ་དགེ་རྒན་ཐུབ་བསྟན་བསྟན་འཛིན་གྱི་དངོས་སློབ་ཞིང་གཤེགས་དམ་པ། ལྷ་རིས་དང་བྲིས་བཅས་ལ་གཞན་དྲིང་མི་འཇོག་པའི་གདེང་བརྙེས་པ། ཨ་མཆོག་མཚན་ཉིད་དགོན་པའི་ཨ་ཁུ་བློ་བཟང་ཆོས་དར་ (༡༩༢༧-༢༠༠༠) ཞུ་བ་ལ་རྩེ་དྲུང་གི་མདུན་དུ་བྲིས་སྦྱངས་པའི་སྐབས་སུ་གནང་བ་དེ། ཉིད་ཀྱི་སྐུའི་ཚ་བོ་མཚན་ཉིད་དགོན་པའི་ཨ་ཁམས་བཟོད་པ་ལགས་ཀྱིས་ཉར་ཚགས་ཡོད་པའི་པར་སློག་འདོན་སྤྲོད་གནང་པ་དང་། རང་གི་བྲིས་ཀྱི་སློབ་མ་ཨ་ཁུ་ཆོས་འཛིན་གྱིས་མཐུན་འགྱུར་བགྱིས་པ་བཅས་ལ་དཀྱུས་གཅིག་ཏུ་ཐུགས་རྗེ་ཆེ་ཞུའོ། །)

 

དེ་བཞིན་དུ་སློབ་ཁྲིད་སོགས་གང་ཅིའི་ཐད་ལ་ཀུན་མཁྱེན་བླ་མས་བཀའ་ཕེབས་གནང་བ་ཇི་བཞིན། ཡིག་གཟུགས་དགེ་རྒན་རྩེ་དྲུང་ཁོང་ཉིད་དང་རིག་གནས་དགེ་རྒན་གཉིས་ཀྱིས། སློབ་གྲྭ་བ་རྣམས་ནས་ཡི་གེའི་རྩ་བ་བྱིས་བློ་གསལ་བྱེད་དང་། སུམ་རྟགས། སྨྲ་སྒྲོན་སོགས་བློ་འཛིན་དང་། ཚིག་དོན་བྱང་བོ་ཡོང་བའི་ཁུར་ལེན་བྱས་པ་ཡིན་ཞེས་གསུངས་ལ། སློབ་གྲྭ་བ་རྣམས་ནས་དུས་བཅད་དུ་སྐྱབས་མགོན་མཆོག་ལ་ཡིག་ཚད་སྤྱན་འབུལ་ཞུ་སྲོལ་ཞིག་ཆགས་ཡོད་པ་ནང་བཞིན།  ཤིང་སྤྲེལ་ཏེ་སྤྱི་ལོ་༡༩༤༤ལོའི་ཧོར་ཟླ་༦པའི་ཚེས་༥ལ་སློབ་གྲྭ་བ་རྣམས་ནས་ལན་ཝར་གཟབ་གཤར་ཧོར་ཡིག་སོགས་སྦྱངས་འབྲས་ཡིག་ཚད་སྐྱབས་མགོན་མཆོག་ལ་གཟིགས་འབུལ་ཞུས་པར། དགེ་རྒན་གཉིས་ལ་སྲུང་མདུད་དང་དར་ནང་མཛོད་རེ། ཡིག་རིས་ཨང་དང་པོ་ཐོན་པ་སྨོན་ལམ་རྒྱ་མཚོ་དང་ཞབས་གྲས་འཇིགས་མེད་ཡེ་དོ་ཞུ་བ་ལ། འཇམ་དར་སྤོས་ཁྲེ་གསུམ་རེ། གཉིས་པའི་སྐོར་རྔ་བའི་སྐལ་བཟང་བསྟན་པ་ཞུ་བ་གྲྭ་བ་ཚོས་དགེ་བཤེས་ཞེས་འབོད་པ་དེ་སོགས་ལ་ཁ་བཏགས་བུབས་ཕྱི་སྲོས་ཁྲེ་གཉིས་རེ། ཚང་མར་སྲུང་མདུད། ཤིང་ཐོག་སོགས་ཡིད་ཚིམ་གྱི་གནང་ཆ་བསྩལ། ལར་ནས་བླ་བྲང་རྩེ་སློབ་གྲྭའི་བོད་ཡིག་དགེ་རྒན་གྱི་སྒྲིག་འཛུགས་དེའང་པོ་ཏ་ལའི་རྩེ་རིག་གནས་སློབ་གྲྭ་ཇི་བཞིན།(སློབ་གྲྭ་དེར་ཡིག་གཟུགས་དགེ་རྒན་ཆེ་མོ་རྩེ་མཁན་དྲུང་གཅིག་དང་། རིག་གནས་དགེ་རྒན་ལྷོ་ཁ་སྨིན་གྲོལ་གླིང་ནས་དྲག་འདེམས་ཀྱིས་གྲྭ་རིགས་རྩེ་དྲུང་རིམ་པ་བདུན་པའི་གདན་ཐོབ་ཡོད་པ་གཅིག་བཅས་དགེ་རྒན་ཆེ་ཆུང་གཉིས་བསྐོ་བཞག་གནང་སྲོལ་ཡོད)ཡིག་གཟུགས་དགེ་རྒན་གཅིག་དང་། རིག་གནས་དཔེ་ཁྲིད་དགེ་རྒན་གཅིག་བཅས་རྒྱུན་གཏན་དུ་འཛིན་གྲྭ་རེ་ལ་དགེ་རྒན་གཉིས་མ་གཏོགས་མེད་པ་ཀུན་མཁྱེན་བླ་མའི་རྣམ་ཐར་དང་། རྒྱུས་ཡོད་དག་གི་གསུང་སྒྲོས་བཅས་ཀྱིས་ར་སྤྲོད་ཐུབ་བོ། །

གཞན་ཡང་། རྩེ་དྲུང་སྐུ་ངོས་ཀུན་མཁྱེན་བླ་མ་མཆོག་གི་སྐུའི་ཞབས་འདེགས་སུ་ཡི་གེའི་བྱ་བར་ཕྱག་ལས་གནང་ཚུལ་ལ། སྐྱབས་མགོན་ཀུན་མཁྱེན་མཆོག་དགུང་གྲངས་ཉེར་བརྒྱད་ནས་སུམ་ཅུར་བྱོན་པའི་ནང་དུ། རྗེ་ཉིད་ཀྱིས་བཀའ་རྩོམ་མཛད་པའི་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དགུ་བ་ཆེན་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་རྣམ་ཐར་ཆེན་མོའི་སྨད་ཆའི་མཛད་བྱང་དུ། “ཤྭཀྱའི་དགེ་སྦྱོང་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་་་་་ཐུབ་བསྟན་རྣམ་པར་རྒྱལ་པའི་ཕོ་བྲང་གི་གཟིམ་ཆུང་བསམ་འགྲུབ་རྩེར་སྦྱར་བའི་ཡི་གེ་བ་ནི་དད་བརྩོན་བློ་དང་ལྡན་པ་བདེ་ཆེན་ཤིང་རྭ་ཤར་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་གྱིས་བགྱིས་པས་ཚེ་རབས་ཀུན་ཏུ་བླ་མ་མཆོག་གིས་འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག”ཅེས་འཁོད་འདུག་པའི་པོད་ཆེན་གཉིས་ཀྱི་བདག་ཉིད་ཅན།  ཤོག་ངོས་ཆིག་སྟོང་བཞི་བརྒྱ་ལྷག་བརྒལ་བའི་རྣམ་ཐར་ཆེན་མོའི་ཡི་གེའི་ལས་ལ་ཕྱག་ལས་གནང་ནས་དགེ་རྩ་བསོད་ནམས་ཀྱི་ཞིང་སར་ཚོགས་བསགས་བསམ་གྱིས་མི་ཁྱབ་པར་འབད་པ་ལྷུར་བཞེས་བསྐྱངས་པ་དེའོ། །

རྩེ་དྲུང་སྐུ་ངོའི་ཐུགས་རྒྱུད་ཐད་ལ་རྒྱུས་ཡོད་དམ་པ་དག་ལས་གོ་ཐོས་ཕྲན་ཙམ་བྱུང་བ་འདིར་ཅུང་ཟད་ཞུས་ན། ཁོང་ནི་ནམ་རྒྱུན་སྐུ་རྩ་སྐུ་བདག་ཅིག་ཡིན་པའི་རྫིག་ཉམས་མེད་པར། ཐུགས་རྒྱུད་འཇམ་ཞིང་ཡིད་གཞུངས་པ། ཞི་ཞིང་དུལ་བས་རང་ཉིད་དམན་སར་བཟུང་སྟེ་གཞན་ལ་བཀུར་བའི་བརྟུལ་ཞུགས་མཛད་མཁན་ཞིག་ཡིན་པ། མང་དུ་ཐོས་པའི་ནོར་དང་ལྡན་པ།  སློབ་ཕྲུག་རྣམས་ཀྱིས་བྲིས་པའི་ཡིག་གཟུགས་ལ་དྲས་རྒྱག་པར་ནམ་ཡང་སུན་སྣང་མེད་པ། ཤེས་འདོད་རྣམས་ལ་དྲིན་ཆེན་ཕ་དང་འདྲ་ཞེས་རྒྱུས་ཡོད་དག་གིས་གསུངས་ཤིང་། གཞན་ཡང་རྩེ་དྲུང་ཁོང་གི་ཐུགས་གཤིས་མཚོན་དོན་དུ་ཟུར་ཙམ་ཞུས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་དངོས་སུ་འཁྲབ་སྟོན་ལ་ཉེ་བའི་སྐབས་ཤིག་ན། ནོར་འཛིན་ཕོ་བྲང་དུ་སློབ་ཕྲུག་རྣམས་ནས་འཆར་ཅན་དུ་རྣམ་ཐར་གཤར་སྦྱང་ཡག་པོ་མ་བྱས་པས་ཉེར་ལེན་གྱིས། སྐྱབས་མགོན་རིན་པོ་ཆེ་མཆོག་ཐུགས་རྒྱལ་ཆེན་པོ་བཞེངས་ཏེ། དགེ་སློབ་ཡོངས་ལ་བཀའ་བཀྱོན་གནང་བ་དང་། དབྱུག་རིང་ཞིག་གིས་སློབ་མ་ཚོར་ཕྱག་འབེབས་གནང་བ་ན། རྩེ་དྲུང་ཁོང་ཉིད་དེ་མ་ཐག་ཏུ་རྗེ་ཉིད་ཀྱི་སྐུ་མདུན་དུ་བཅར་ཏེ་པུས་མོ་ས་ལ་བཙུགས་ཤིང་སྙིང་གར་ཐལ་མོ་སྦྱར་བཞིན་དགོངས་འཁྲོལ་གསོལ་བ་ཡང་ཡང་བཏབ་པས། སློབ་ཕྲུག་ཕྱི་མ་རྣམས་ལ་བཀའ་ཆད་ཕྱག་འཇུག་གནང་དུ་མ་བཅུག་ཅེས་དུས་འཁོར་པ་ཨ་ཁུ་དཔལ་ལྡན་ཚང་གིས་གསུངས་པ་འདི་ལས་ཀྱང་། རྩེ་དྲུང་ཁོང་ནི་གཞན་དོན་དུ་ཅི་འདྲའི་འཇིགས་པ་མེད་ཅིང་གཞན་ལ་སྡུག་བསྔལ་ཕྲ་མོ་ཙམ་ཡང་ཕོག་པར་མི་བཟོད་པའི་བརྩེ་བའི་བདག་ཉིད་ཅན་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་གསལ་བོར་མཐོང་ཐུབ་བོ། །

 

ལྔ་བ། ཀུན་མཁྱེན་ལྔ་བ་ཆེན་པོས་གསར་འཛུགས་མཛད་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་ལ་བསྒྱུར་བར་ཞབས་འདེགས་ཞུས་པ།

དེའང་སྐྱབས་མགོན་རིན་པོ་ཆེ་མཆོག་སྔར་འབྲས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་མཛད་དུས། ལྷ་སའི་གྲོང་འཁོར་གྱི་ལྷ་མོའི་ཟློས་གར་ཁག་ལ་སྤྱན་གཟིགས་རྒྱས་པར་གནང་བ་དེས། རྗེ་ཉིད་ལ་ཐུགས་བསྐྱེད་ཆེན་པོ་འཕར་བས། དེ་དུས་ནས་གང་གི་ཐུགས་ཀྱི་ནམ་མཁའ་རུ་རྣམ་ཐར་ཞེས་པའི་ཟློས་གར་ཟླ་བ་གཞོན་ནུ་ངང་གིས་འཁྱིལ་ཡོད། དེ་ལ་རབ་རྒྱལ་ཆུ་ལུག་སྤྱི་ལོ་༡༩༤༣ལོར་གཞུང་ལུགས་སྨྲ་བའི་དབང་བོ། ཆོས་སྲིད་ཀྱི་བྱ་བར་རྣམ་དཔྱོད་ཀྱི་ཁོ་ལག་ཡངས་པ། ཀུན་མཁྱེན་བླ་མའི་དྲུང་ཆེན་ལས་ཟུར་སྐུ་བཅར་མཁན་པོ་ལས་ཐོག་པ་དྲུང་ཡིག་རྒྱ་མཚོའམ་དཀོན་མཆོག་རྒྱ་མཚོ་ཞུ་བ་ལ་བཀའ་བསྩལ་ཏེ། དུས་ཚོད་ཐུང་ངུའི་ནང་བོད་ཀྱི་ལོ་རྒྱུས་ཡིག་ཆ་《རྒྱལ་རབས་གསལ་བའི་མེ་ལོང་》དང་།《མ་ཎི་བཀའ་འབུམ།》《དེབ་ཐེར་སྔོན་པོ།》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སོགས་གཞིར་བཟུང་སྟེ། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་གྱི་འཁྲབ་གཞུང་རྩོམ་དུ་བཅུག་ཡོད། དེ་ལྟ་བས་ན་རབ་རྒྱལ་ཤིང་བྱ་སྤྱི་ལོ་༡༩༤༥ལོར་རྣམ་ཐར་”ཟློས་གར་འཛུགས་སྐབས་གྱོ་ཐོག་མའི་འོག་ཏུ་བཀའ་ཤོག་སྦྱར་ཏེ། ཟློས་གར་འདི་ལ་དགོས་པ་ཆེན་པོ་ཡོད། ཁང་སར་རིན་པོ་ཆེའི་ཞལ་ནས། སྔོན་སྡེ་སྲིད་ཕག་མོ་གྲུ་པ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ལ་དབང་བསྒྱུར་བའི་སྔོན་རོལ་ཏུ། གཉལ་ནས་འོང་བའི་ཟློས་གར་ཚོགས་པ་ཞིག་གིས་ཕོ་བྲང་སྣེ་གདོང་དུ་སྲོང་བཙན་སྒམ་པོའི་ཟློས་གར་གཟིགས་འབུལ་ཞུས་པས་རྟེན་འབྲེལ་ལྷུན་གྱིས་གྲུབ། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཟློས་གར་གཞན་ལས་སྲོང་བཙན་སྒམ་པོའི་ཟློས་གར་འདི་ལ་གཙིགས་སུ་བྱེད། ཅེས་ཡོངས་འཛིན་ཁང་སར་རིན་པོ་ཆེས་གསུངས་ཞེས་སོགས་ཀྱི་བཀའ་ཤོག་སྦྱར།”ལོ་དེའི་ཟླ་བ་༡༠པར་ཞབས་གྲྭས་ཉུང་ཤས་བཅས་རྡོ་རྗེ་འཆང་༧ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་དུ་ཕེབས་ཏེ།”ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་བསྒྱུར་བའི་སྲོལ་ཚུགས་དགོས་ཚུལ་གསུང་པར། ཐུགས་ཤིན་ཏུ་དགྱེས་ཏེ་ཤིན་ཏུ་ལེགས། བསྟན་འགྲོའི་བདེ་སྐྱིད་ལ་ཕན་པ་དེ་ལས་ལྷག་པ་མེད། གང་ཅིར་ཐུགས་སྨོན་རྒྱ་ཆེར་གནང་དགོས།” ཅེས་གསུངས་ཤིང་།

ཤིང་བྱ་སྤྱི་ལོ་༡༩༤༥ལོའི་ཧོར་ཟླ་༡༠པའི་ཚེས་༡༦ཉིན། བཀྲ་ཤིས་རབ་བརྟན་ཕོ་བྲང་དུ་སློབ་གྲྭ་བ་རྣམས་བསྡུས་ཏེ། “སྔར་ནས་བོད་དབུས་འགྱུར་གྱི་ལྗོངས་སུ་སྔོན་བྱོན་ཆོས་རྒྱལ་བློན་འབངས་རྣམས་ཀྱི་རྣམ་ཐར་ཟློས་གར་བསྒྱུར་བའི་སྲོལ་འདུག དེའི་བྱིན་མཐུ་ལས་བོད་ལྗོངས་སུ་ནད་རིམས་འཁྲུག་ལོང་སོགས་མི་འབྱུང་བར་བསྟན་སྲིད་ཀྱི་བྱ་བ་ཡར་རྒྱས་སུ་འཕེལ་བར་འདུག་ཀྱང་། རང་རེའི་ས་ཆ་འདིར་དེ་འདྲའི་སྲོལ་མི་འདུག་ཅིང་བསྟན་འགྲོའི་སྤྱི་དོན་དུ་དེ་འདྲ་རེ་ཡོད་ན་སྙམ་པས་ད་ལོ་ནས་བཟུང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་གྱི་ལམ་ནས་དད་ལྡན་ཡོངས་ཀྱི་མིག་ལམ་དུ་བསྟར་དགོས་པས།  དེ་ལ་སྦྱང་བ་ཧུར་ཐག་བྱེད་དགོས་ཀྱི་བཀའ་ཁྱབ་ནན་ཏན་མཛད་ཅིང་། སྐུ་བཅར་མཁན་པོ་གླིང་མཆོག་སྤྲུལ་སྐུ་ཕྲེང་བཞི་བ་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་།(ལོ་འདིའི་ཧོར་ཟླ་༤བའི་ཚེས་༡༥ལ་སྐུ་བཅར་མཁན་པོར་བསྐོ་བཞག་གནང་ཚུལ་ཀུན་མཁྱེན་རྣམ་ཐར་དུ་འཁོད་འདུག) སྐུ་བཅར་མཁན་ཟུར་དཀོན་མཆོག་རྒྱ་མཚོ།(དེ་དུས་མཁན་ཟུར་ཉིད་ནི་རྩེ་ཡིག་ཚང་ལས་ཁུངས་ཀྱི་སྤྱི་ཁྱབ་མཁན་པོ་ལ་བསྐོས་ཡོད) རྩེ་སློབ་དགེ་རྒན་ཐུབ་བསྟན་བསྟན་འཛིན། མཚོ་སྔོན་པོའི་གསུང་རབ་བཅས་དོ་དམ་པར་བསྐོ་བཞག་མཛད།”དུས་དེ་ནས་བཟུང་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་དུ་བསྒྱུར་བའི་དབུ་དངོས་སུ་ཚུགས་པ་ཡིན་ལ། ཡང་ཧོར་ཟླ༡༠བའི་ཚེས་༢༦ལ། སྐྱབས་མགོན་ཀུན་མཁྱེན་མཆོག་བཀྲ་ཤིས་རབ་བརྟན་དུ་ཕེབས་ཏེ། ཉིན་འགར་ཞག་བཞུགས་ཀྱང་གནང་སྟེ་རྣམ་ཐར་ཟློས་གར་བསྒྱུར་མི་རྣམས་ཀྱི་ནང་ནས། ཆོས་རྒྱལ་སྲོང་བཙན་སྒམ་པོ། བློན་པོ་དྲུག བལ་བོའི་རྒྱལ་པོ་བློན་པོ། རྒྱ་ནག་རྒྱལ་བློན་སོགས་ཀྱི་ཁུར་འཛིན་པ་རྣམས་ལ་མིང་འདོགས་མཛད། ཉིན་རེ་བཞིན་རྣམ་ཐར་ཟློས་གར་བསྒྱུར་མི་རྣམས་ལ། མིག་གི་ལྟ་སྟངས། ངག་གི་བརྗོད་ལུགས། ལུས་ཀྱི་རྣམ་འགྱུར་སོགས་གང་ཅིར་བཀའ་བཀོད་གནང་། དེ་བཞིན་དུ་དོ་དམ་པ་གླིང་སྤྲུལ་བའི་སྐུ་དང་རྩེ་དྲུང་སྐུ་ངོ་རྣམ་གཉིས་ནས་ཀྱང་རང་འཁྲིས་ཐེག་པ་ཁུར་ལེན་གྱིས་ཟློས་གར་འཁྲབ་ཁྲིད་ཀྱི་ལས་ཁུར་ལ་སྟག་སེང་ཁ་སྤྲོད་ལྟ་བུའི་ཚུལ་དུ་བཞེངས་ཏེ། གླིང་མཆོག་སྤྲུལ་ནས་རྒྱ་ནག་རྒྱལ་བློན་གྱི་འཁྲབ་ཆས་དང་། རྒྱ་བཟའི་གོན་པ་དང་གོམ་པའི་འདེགས་སྟངས། ཕུ་རིང་གཡུགས་སྟངས། རྟ་ཕོ་བཅིབ་པའི་སྟངས་སྟབས་ལ་སོགས་པར་སློབ་སྟོན་གནང་ཞིང་།(རྗེ་འདི་བ་དགུང་གྲངས་ཉེར་བརྒྱད་བཞེས་པ་རབ་རྒྱལ་ས་འབྲུག་སྤྱི་ལོ༡༩༢༨ལོ་ནས་ཀུན་མཁྱེན་ལྔ་བ་ཆེན་པོ་དབུས་གཙང་དུ་ཕེབས་པར་འབུལ་བསྡུའི་ཆེད་དུ་ནང་སོག་ཧོ་ལན་བྷེར་སོགས་ལ་བྱོན་ནས། དེ་རུ་ལོ་ངོ་བཅུ་ཕྲག་ལྷག་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་བ་དང་། མཛད་བཟང་གིས་འབྲེལ་ཚད་དོན་ལྡན་དུ་བསྒྲུབས་ཤིང་། དགུན་གྱི་དུས་སུ་ནམ་རྒྱུན་གྲང་ངར་གཡོལ་བར་ཧོ་ལན་བྷེར་དང་ཁད་ཐག་ཉེ་བའི་གྲོང་ཁྱེར་ཆེན་པོ་པེ་ཅིང་མཁར་དུ་ཕྱག་ཕེབས་གནང་སྟེ་བཞུགས་པ་ཡིན་ལ། རྗེ་ཉིད་ཟློས་གར་དང་རོལ་མོ་ལ་ཐུགས་ཤིན་ཏུ་དགྱེས་པས། པེ་ཅིང་དུ་རྒྱའི་ཅིན་ཅཱས་ཟློས་གར་མཁན་ཆེན་མོ། གྲགས་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བའི་མའེ་ལན་ཧྥང་སོགས་ཀྱིས་(梅兰芳.荀慧生.尚小云.金少山.李多奎.李万春)ཟློས་གར་འཁྲབ་སྟོན་རེ་རེ་ལ་ཞིབ་ཏུ་གཟིགས་མོ་གནང་ཞིང་། རྗེ་ཉིད་དང་མའེ་ལན་ཧྥང་སོགས་ཐུགས་འདྲིས་ཟབ་ལ། ཁོང་ཚོའི་སྒྱུ་རྩལ་གྱི་འཁྲབ་རྩལ་ལའང་ཐུགས་མངའ་ཆེན་པོ་ཡོད་པ། ལྷག་པར་དུ། ཕྱིས་སུ་གླིང་མཆོག་སྤྲུལ་གཅིག་པུས་འཁྲབ་གཞུང་དང་འཁྲབ་ཚུལ་གསར་གཏོད་མཛད་པའི་རྣམ་ཐར་ཟློས་གར། ༡༩༥༥ལོའི་《རྒྱལ་བུ་དད་པ་བརྟན་པོ་》དང་།  ༡༩༦༡ལོའི་《རྒྱལ་བོ་རཱ་མ་ཎ་》བཅས་ཀྱི་འཁྲབ་སྟོན་ལ་མཛད་རྗེས་བླ་ན་མེད་པ་བསྐྱངས་ཏེ་བོད་ཀྱི་རྣམ་ཐར་ཟློས་གར་ཡར་ངོའི་ཟླ་འཕེལ་ལྟར་རྒྱས་པར་མཛད་དོ། །)

རྩེ་དྲུང་ནས་ཆོས་རྒྱལ་བློན་པོ་དང་བཅས་པའི་མི་སྣའི་སྣང་བརྙན་སོགས་དབུས་གཙང་གཉིས་སུ་དར་ཆེ་བ་ལྷ་མོ་ཟློས་གར་ཇི་བཞིན་ཇུས་འགོད་གནང་བ་མ་ཟད། འཁྲབ་སྟོན་སྐབས་རྣམ་ཐར་གཏོང་སྲོལ་དེ་ཡང་དབུས་ཀྱི་བཀྲ་ཤིས་ཐེམ་པ་ཡར་འཛེགས་ཟེར་བ་ལྟར་དང་། འཁྲབ་ཚན་ལེའུ་ལ་ཕྱེས་ཏེ་མདོ་འཛིན་པས་འཁྲབ་སྟོན་གྱི་གོང་དུ་རྣམ་ཐར་གྱི་སྙིང་བོ་གོ་བདེར་མདོ་དྲིལ་གྱིས་ལྟད་མོ་བ་ལ་བསྒྲགས་པ། རྣམ་ཐར་གྱི་མཇུག་ཏུ་བཀྲ་ཤིས་བརྗོད་པ་ཞེས་པའི་འཁྲབ་སྟོན་མཇུག་སྒྲིལ་གྱི་རྟེན་འབྲེལ་མཚོན་བྱེད་དང་། གཞན་འཁྲབ་སྟངས་རྐང་པའི་འཁྱེར་བཟོ་དང་ལུས་ཀྱི་ལྡེམ་འགྱུར་སོགས་ལའང་དབུས་གཙང་གཉིས་སུ་རྒྱུག་ཆེ་བ་ལྟར་མཛུབ་ཁྲིད་གནང་བ་ཡིན།(རྩེ་དྲུང་ཉིད་སྐུ་ན་གཞོན་སྐབས་རྩེ་རིག་གནས་སློབ་གྲྭ་བརྒྱུད་པའི་དུས་སུ་ལྷ་མོའི་ཟློས་གར་དང་ཞབས་བྲོ་སོགས་ལ་ནམ་རྒྱུན་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་ཡིན། དེ་ནི་པོ་ཏ་ལའི་ཕོ་བྲང་དམར་པོ་རུ་གཞུང་སའི་གླུ་གར་ཚོགས་པ་སྟེ་གཞུང་ཞབས་གར་པའི་སྒྲིག་འཛུགས་ཡོད་པ་ཕུད། ལོ་རེ་བཞིན་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་སྔོན་ཏེ། བོད་ཟླ་དྲུག་པའི་ཚེས་༢༧དང་༢༨ཉིན་རྩེ་པོ་ཏ་ལར་ལྷ་མོ་བ་ཆེ་ཁག་བཞི་ནས་རྩེ་ཕྱག་ལས་ཁུངས་དང་། རྩེ་ཤོད་གཉིས་ཀྱི་སྐུ་ཚབ་པའི་མདུན་དུ་ལྷ་མོའི་ཟློས་གར་རྒྱུགས་སྤྲོད་གཟིགས་འབུལ་ཞུ་དགོས་པ་ན། རྩེ་སློབ་ཀྱི་སློབ་ཕྲུག་རྣམས་ནས་ཀྱང་ལྟད་མོ་དེ་དག་མཐོང་ཐུབ་པ་ཡིན་ཞེས་སློབ་གྲྭ་དེ་གའི་ལོ་རྒྱུས་ཡིག་ཆ་ཞིག་ནའང་འཁོད་འདུག དེ་མིན་ལོ་ལྟར་རྩེ་སློབ་གྲྭའི་དབྱར་སྐྱིད་སྐབས་སུ། གླིང་ག་གཏོང་བ་དང་སྤང་ལྗོངས་ཐོག་རྩེད་འཇོ་རོལ་བ་ལ། ཡང་ལྷ་མོ་འཁྲབ་གཞུང་ཁག་གི་དུམ་བུ་འགའ་ཤས་རང་འཁྲབ་བྱེད་སྲོལ་ཡོད་པ་བཅས་སོ། །) ཁོང་རྣམ་པ་གཉིས་ནས་གང་ཤེས་གང་འཛོམས་ཀྱིས་སློབ་གྲྭའི་རྣམ་ཐར་འཁྲབ་པའི་བྱ་བཞག་ལ་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་ཐོན་ཡོད་ནའང་། བླ་བྲང་རྩེ་སློབ་གྲྭས་འཁྲབ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་འདི་ཉིད་གཙོ་ཆེར་ཀུན་མཁྱེན་བླ་མའི་དགོངས་གཞི་ལྟར་སྤེལ་བ་ཡིན་ཞིང་། ལྷག་པར་ཟློས་གར་དུ་སྤུར་རྒྱལ་བོད་ཀྱི་བློན་ཆེན་མགར་སྟོང་བཙན་བལ་ཡུལ་དུ་བལ་བཟའ་ཁྲི་བཙུན་གཉེན་སློང་བར་འགྲོ་བའི་འཁྲབ་ཚན་ལ་ཐུག་དུས། བལ་བོའི་རྒྱལ་བློན་སོགས་ཀྱི་བཟོ་ལྟའི་ཆ་ལུགས་བཅས་ལ་སྔོན་ཆད་མཐོང་མྱོང་རྩ་བ་ནས་མེད་པས། ཟློས་གར་བསྒྱུར་མཚམས་མི་འཇོག་ཀ་མེད་གྱུར་ནའང་། ཀུན་མཁྱེན་ལྔ་བ་མཆོག་ནི་སྐུ་ན་ཕྲ་དུས་ནས་པར་གཟུགས་བསྐྱོན་རྒྱུ་དང་པར་རིས་ཉར་ཚགས་བཅས་ཀྱི་ཐད་ལ་ཐུགས་མཉེས་པོ་ཡོད་པས། རྗེ་ཉིད་ཀྱིས་ཕྱག་ཏུ་ཉར་བའི་པར་རིས་སྣ་ཚོགས་ལས་སྔ་མོའི་དུས་ཀྱི་བལ་བོའི་རྒྱལ་བློན་གྱི་འདྲ་པར་ཞིག་ཕྱག་སོན་བྱུང་བ་དེར་དཔེར་བཀབ་སྟེ། བལ་བོའི་རྒྱལ་བློན་བལ་བཟའ་དང་བཅས་པའི་སྣང་བརྙན་ལ་རྟོག་བཟོ་བགྱིས་ནས་གསར་བཞེངས་མཛད། ཅེས་པ་འདིའང་རྒྱུས་ཡོད་དག་གིས་གསུངས་པའོ། །

ཡང་རྣམ་ཐར་ལ་རམ་འདེགས་སུ་རོལ་མོ་འབུད་རྡུང་དཀྲོལ་གསུམ་ཉམས་སུ་བསྟར་བར་བླ་བྲང་ཆེན་མོའི་མདོ་དར་བ་སྤྱི་དང་། འཁྲབ་ཚན་གྱི་གསེང་བར་དུ་ཞབས་བྲོ་འཁྲབ་མཁན་དགོན་པའི་གར་བྲོ་བ་རྣམས། ཟློས་གར་ཁྲོད་ཀྱི་མི་སྣའི་འདོན་རྟ་དང་བྲོ་གཞས་ཀྱི་གླུ་ཚིག་དབྱངས་རྟ་སོགས་མཛད་མཁན། འཁྲབ་ཆས་གཙོ་བོ་དུས་འཁོར་གྲྭ་ཚང་གི་འཆམ་ལྭ། ཕ་ཡུལ་རྔ་བ་རྭ་མདོ་ཕྱོགས་ནས་ཡིན་པའི་ཞབས་བྲོ་ཁྲིད་མཁན་སྣ་གཟུགས་བསོད་ཧྭ་ཟེར་བ་ཞིག་དང་། སྐུའི་འཁྲུངས་ཡུལ་ནས་ཆེད་དུ་འབོད་འགུགས་བྱས་པའི་བྲོ་དཔོན་ལི་ཐང་བ་གཉིས་བཅས། གར་སྟེགས་ཀྱི་རྒྱབ་ཡོལ་རི་མོ་འབྲི་མཁན་ཐང་དཀར་བ་ཨ་ལགས་སྔགས་རམས་པ་ཞུ་བ་སོགས་རྣམ་ཐར་ཟློས་གར་གྱི་སྐོར་ལ་གླེང་བར་འོས་ནའང་སྐབས་འདིར་བརྗོད་བྱའི་དོན་གནད་གཙོ་བོ་དེ་ཙམ་མ་ཡིན་གྱིས་རྒྱས་པར་མ་སྤྲོས་སོ། །

དེ་བཞིན་དུ་རྣམ་ཐར་ཟློས་གར་བསྒྱུར་བ་དོན་དུ་གཉེར་པའི་ངོ་ལས་པ་ཚང་མས་སྐྱབས་མགོན་ཀུན་མཁྱེན་མཆོག་གི་ཐུགས་བཞེད་ལྟར་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་ཡུལ་མདོ་སྨད་འདིར་རྣམ་ཐར་ཟློས་གར་སྔོན་མེད་ཀྱི་ཐོག་མ་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་སྦྱངས་སོགས་ཀྱི་བྱ་བ་མཐའ་དག་དུས་ཡུན་ཐུང་ངུའི་ནང་ལེགས་པར་གྲུབ་སྟེ། གཟིགས་ཕུད་འབུལ་བ་དེ་ཡང་ཀུན་མཁྱེན་བླ་མ་མཆོག་གིས་བཀའ་བཀོད་གནང་བ་བཞིན། ལོ་དེའི་ཧོར་ཟླ༡༢ཚེས༣ལ་ནོར་འཛིན་ཕོ་བྲང་དུ་”ཟི་ལེན་མཆོག་གི་གཙོས་ཞབས་གྲྭས་ནང་མ་ཁག་ལ་གསོལ་ཚིགས་སོགས་བསྟར་ཞིང་། དེ་བཞིན་རྒྱ་མིའི་ལས་ཁུངས་ཀྱི་དཔོན་དྲག་ཞན་ཀུན་ལ་རྒྱ་ལུགས་ཀྱི་གསོལ་ཚིགས་བཅས་རྣམ་ཐར་གྱི་རོལ་རྩེད་བསྟན་པར། ཐམས་ཅད་ཀྱིས་རྣམ་ཐར་འདི་འདྲ་མིག་གིས་མཐོང་རྒྱུ་བྱུང་བ་སྐལ་བ་བཟང་བོ་རེད། སྐྱབས་མགོན་མཆོག་གི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་ཟེར་ནས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ།”ཞེས་དང་། ཡང་རབ་རྒྱལ་མེ་ཁྱི་༡༩༤༦ལོར་ཧོར་ཟླ༡ཚེས་༡༢ལ།”རྣམ་ཐར་གཟིགས་མོར་རིས་མེད་སེར་སྐྱ་ཚང་མ་འདོད་མོས་ལྟར་མཇལ་དུ་བཅུག”ཞེས་པ་སོགས་ཀུན་མཁྱེན་རྣམ་ཐར་དུ་འབྱུང་བ་ནང་བཞིན།

(༡༩༤༦ལོར་བླ་བྲང་ནོར་འཛིན་ཕོ་བྲང་གི་རྣམ་ཐར་གཟིགས་འབུལ་གྱི་གར་སྟེགས་སུ་བསྐྱོན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་སྟོན་པ་ལྷན་རྒྱས་ཀྱི་མཉམ་པར། དབུས་ཀྱི་སྲོང་བཙན་སྒམ་པོ་འཁྲབ་མཁན་ནི་དེ་སྔའི་ནང་བསྟན་སློབ་གྲྭའི་ཡིག་གཟུགས་དགེ་རྒན་དམ་པ་ཨ་ཁུ་ཡེ་ཤེས་དང་། རྒྱ་བཟའ་བལ་བཟའ་ནི་ཨ་ཁུ་ལུང་རྟོགས་རྒྱ་མོ་དང་ཨ་ཁུ་མཐའ་ཧྭར་འཕྲིན་ལས།  རྒྱབ་གྲལ་གཡས་ཀྱི་ལྔ་བ་ནི་ཆོས་རྒྱལ་གྱི་བློན་དཀྱུས་མ་ཞིག་སྟེ་དྲུང་ཡིག་སྨོན་ལམ་རྒྱ་མཚོ་སོགས་གཤེགས་པོ་རྣམས་ཡིན།  རྒྱབ་གྲལ་གཡོན་གྱི་གཉིས་པ་སྟེ་ད་ལྟ་སྐུ་འཚོ་བཞུགས་སུ་ཡོད་པ་དུས་འཁོར་བ་ཨ་ཁུ་དཔལ་ལྡན་ཚང་སོགས་དང་། དེ་ལས་འཁྲབ་མཁན་ཕལ་མོ་ཆེ་སྐུ་གཤེགས་པས་མཚན་གླེང་བར་མ་འོས་པ་འདི་ཙམ་གྱིས་འཐུས་པར་བྱས་སོ།། ཡིན་ཡང་ཆེད་དུ་ཞུ་འདོད་པ་ལ། དབུས་ཀྱི་ཝ་ཞྭ་ལྟ་བུ་བསྣབས་ཤིང་སྐུ་གཟུགས་ཅུང་རིང་བ་དེ་ནི་ཙ་ཡུས་ཨ་ཁུ་བསྟན་པ་ཁ་གདངས་ཞུ་བ། སྐབས་དེའི་བླ་བྲང་མདོ་དར་གྱི་འགོ་བ། ཆུང་དུས་ནས་རོལ་མོ་འབུད་རྡུང་དཀྲོལ་གསུམ་ལ་ཚེགས་མེད་དུ་མངའ་བརྙེས་པ། ངེས་པ་དོན་གྱི་མདོ་སྨད་ཡུལ་དུ་དར་བའི་སྒྲ་སྙན་རྡུང་ལེན་གྱི་མེས་པོའམ་སྲོལ་འབྱེད་པ་དེ། ཀུན་མཁྱེན་ལྔ་བ་ཆེན་པོས་བྱང་སྒྲ་མི་སྙན་དུ་སྐྱེ་བ་བཞེས་པར་སྨོན་ལམ་ཐེབས་པ་སོགས་བཤད་སྲོལ་སྣང་ངོ་། །)

རྗེ་དམུ་དགེ་བསམ་གཏན་ཚང་གི་རང་རྣམ་དུའང་།”རབ་རྒྱལ་མེ་ཁྱི་ལོའི་(སྤྱི་ལོ་༡༩༤༦ལོར་)ལོ་མཇུག་ཏུ་རིན་པོ་ཆེས་བཀའ་གནང་སྟེ། ད་ལོ་ལོ་གསར་རྙིང་སྐབས་རྣམ་ཐར་ལན་བདུན་འཆམ་དགོས་གསུངས། ལོ་རྙིང་ནང་དུ་ཉིན་དུ་མར་སློབ་གྲྭས་རྣམ་ཐར་གཤར་སྦྱང་བྱས་པའི་མཇུག་ཏུ་འཆམ་གོས་སོགས་མནམས་སྟེ་ལན་གཅིག་འཆམས། མེ་ཕག་ལོའི་(སྤྱི་ལོ་༡༩༤༧ལོར་)སྨོན་ལམ་སྐབས་ལན་ལྔ་འཆམས། དེ་ལོར་ཧོར་ཟླ་གཉིས་པར་ཟླ་བཤོལ་ཡོད་པས་བཤོལ་ཟླའི་ནང་ཐུའུ་བཀྭན་རིན་པོ་ཆེ་ཕེབས་པས། ཁོང་ལ་སྤྱན་འབུལ་ལན་གཅིག་ཞུས་ཏེ་ལན་བདུན་སོང་།” ཞེས་གསུངས་པ་བཞིན། ཡུལ་ཕྱོགས་སོ་སོའི་མཇལ་བ་སོགས་འདུ་བའི་སེར་སྐྱ་མཆོག་དམན་ཐམས་ཅད་ལ་འདོད་མོས་ལྟར་མཇལ་དུ་བཅུག་པས། ལྟད་མོ་བ་ཚང་མས་དགའ་གུས་སྤྲོ་གསུམ་གྱི་སྒོ་ནས་རྣམ་ཐར་མཇལ་བར་འཚང་ཁ་ཤིག་ཤིག་བརྒྱབ་སྟེ་ཐེངས་དུ་མར་མཇལ་ཡང་ད་དུང་བློ་མི་ཚིམ་པར་བྱེད་པ་ནི་རྒན་འཁོགས་རྣམས་ཀྱི་དངོས་བྱུང་གི་ལོ་རྒྱུས་ཤིག་རེད།

མདོར་ན་ཀུན་མཁྱེན་ལྔ་བ་ཆེན་པོས་རྩེ་སློབ་གྲྭ་གསར་འཛུགས་མཛད་དེ་ཡིག་གཟུགས་དང་། རྣམ་ཐར། རྒྱ་བོད་ཀྱི་རིག་གནས་སོགས་སྒྲིག་འཛུགས་ཀྱིས་མཛད་འཕྲིན་བླ་ལྷག་ཏུ་བསྐྱངས་པས། ཕྱིས་ཀྱི་རིག་གནས་སོགས་འཐུས་ཚང་དུ་འགྲོ་བར་སྒོ་འཕར་ཡངས་པོ་ཕྱེས་པར་སྨོས་ཅི། ཐ་ན་རྣམ་ཐར་ཕྱོགས་ཀྱི་བྲོ་གར་རོལ་མོ་སོགས་ཀྱང་གང་ལ་གང་མཁས་ཀྱི་མི་སྣ་སོགས་ཆེད་དུ་སྐོང་འགུགས་གནང་སྟེ་མཛད་པ་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་དེ། དེང་འདིར་སུས་ཀྱང་བསྙོན་དུ་མེད་པའི་མཛད་བཟང་རླབས་ཆེན་ཞིག་ཡིན་པ་སྨོས་མ་དགོས་མོད།  འོན་ཀྱང་སྔོན་གྱི་དུས་ན་སློབ་གྲྭ་ཚུགས་པའི་སྐབས་ནས་བཟུང་དགོན་པའི་རྙིང་ཞེན་ཅན་དུ་མས་མངོན་ལྐོག་ཤུགས་གསུམ་ནས་བཀག་སྡོམ་ཆེན་པོ་བྱས་པ། རྗེ་དམུ་དགེ་ཚང་གི་རང་རྣམ་དུ་”སློབ་གྲྭ་དེར་རྒྱ་ཡིག་ཀྱང་སློབ་རྒྱུ་བཙུགས་པས་རྒྱ་ཡིག་བསླབ་ནས་དམག་ལ་འདེད་རྒྱུ་རེད་སོགས་ཀྱི་སྐུར་འདེབས་བྱེད་མཁན་བྱུང་།”ཞེས་དང་། ཡང་རང་རྣམ་དེར།”སྐྱབས་མགོན་ཐམས་ཅད་མཁྱེན་པ་ཁོང་གི་ཞལ་ནས། ཚོགས་འདུའི་ཐོག་གསུང་གནང་སྟེ། དེང་དུས་གསར་བརྗེ་ཟེར་བ་དེ་འཛམ་གླིང་འདིར་ཆུའི་རླབས་བཞིན་ཡོང་གིན་ཡོད།མི་རང་རང་འདྲ་བ་སྔོན་ལས་ཀྱི་དབང་གིས་ཁྲི་ཁ་གདན་ཁ་འདི་འདྲར་སྐྱེས་ན། ཡུལ་ཁམས་སྤྱི་བློས་གཏོང་ཉན་རྒྱུ་མ་རེད་བསམ་ནས། བསམ་པ་ཡར་བསམ། སྐུད་པ་ཡར་འཁེལ་བྱས་པ་ཡིན་ཡང་། ཐང་ན་གཉའ་ལ་རྐ་བརྐོས་དང་ཁ་འདྲ་འདྲ། མགོར་ཆུ་དྲངས་དང་ཁ་འདྲ་འདྲ་བཤད་ཀི་ཡོད་ནི་རེད། ཁྱེད་རྣམ་པ་སློབ་མ་ཚོ་ཡིན་ན་ཡང་། ངས་བརྒྱ་བོའི་གྱབ་ཀི་བསལ།བརྒྱད་པོའི་གྱབ་ཀི་བདམས་ནས།རིག་གནས་ཡག་པོ་རེ་ཨེ་སློབ་སྙམ་དུ་རེ་བ་བྱས་པ་ཡིན་པས།རེ་བ་ཅན་ལ་རེ་ཐག་ཅིག་མ་གཅོད།”ཅེས་གནད་ལ་འཁེལ་བའི་བཀའ་སློབ་ཤ་ཞེན་རུས་རྐང་ཅན་མང་བོ་གསུངས་པ་དང་། ཡང་བླ་བྲང་དགོན་པའི་ལོ་རྒྱུས་མདོར་བསྡུས་ཞེས་པ་དེ་ནའང་སྐྱབས་མགོན་ལྔ་པ་ཆེན་པོའི་ཞལ་སྔ་ནས་ཀྱི། “རྒྱལ་བ་བསྐལ་བཟང་རྒྱ་མཚོས་བོད་ལྗོངས་སུ་སློབ་གྲྭ་ཚུགས་ཏེ་རིག་གནས་ཀྱི་དར་སྲོལ་ཅི་འདྲ་བྱུང་འདུག ང་རང་གིས་ཀྱང་སེར་སྐྱ་ཀུན་གྱི་ཁྲོད་ན་ཡོན་ཏན་ཅན་རེ་ཡོད་ན་བཟང་སྙམ་པའི་བསམ་པ་བཟང་པོ་བཟུང་བ་ཡིན་ཡང་། ངས་མ་ཤེས་པ་དེ་ཚོས་ཤེས་ཡོད་ཟེར་ན་རྟ་ལ་སྒལ་བ་ཡོང་ངམ་སྒ་ལ་སྒལ་བ་ཡོང་། རྗེས་སུ་མཐོང་ཡོང་རྒྱུ་རེད།”ཅེས་སོགས་དུས་གསུམ་རྗེན་པར་གཟིགས་པའི་རང་མདངས་མངོན་པར་མཛད་ཅིང་། སྙིང་ཤེད་མཁྲེགས་འཛིན་ཅན་དག་གི་སྐུར་འདེབས་དང་ཁྱད་གསོད་སོགས་སློབ་གྲྭ་མ་འཐོར་བར་དུ་རྒྱུན་མ་ཆད་པ། གོང་གི་བཀའ་གསུང་དག་ལ་མཇལ་ན་ས་རིས་ཐང་གསལ་ལྟ་བུར་གྱུར་འདུག

སྐྱབས་མགོན་རིན་པོ་ཆེ་ཞལ་བཞུགས་པའི་དུས་སུ་བཀག་སྡོམ་སོགས་ཅི་འདྲ་ཆེ་རུང་། རྗེ་ཉིད་ཀྱིས་བཀའ་དྲིན་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་སློབ་གྲྭའི་བྱ་བཞག་འོད་བརྒྱའི་སྣང་བ་འཕྲོ་ཞིང་དབྱར་མཚོ་ལྟར་རྒྱས་བཞིན་པ་ཡིན་ལ། ཤིན་ཏུ་ཕངས་པ་ཞིག་ལ་སྐྱབས་མགོན་ལྔ་བ་ཆེན་པོ་མཆོག་དགུང་གྲངས་སོ་གཉིས་བཞེས་པ་མེ་ཕག་སྤྱི་ལོ་༡༩༤༧ལོའི་ཧོར་ཟླ་གཉིས་པ་ཕྱི་མའི་ཚེས་ཉེར་གསུམ་གྱི་ཉིན་གུང་གི་ཆ་ལ་དགོངས་པ་ཞི་དབྱིངས་སུ་ཐིམ་རྗེས། སློབ་གྲྭ་དེའང་གློ་བུར་དུ་ཉམས་ཆག་ཆེན་པོ་ཕྱིན་སོང་། དེ་ལ་ཡང་རྗེ་དམུ་དགེ་ཚང་གི་རང་རྣམ་དུ།”(སྐྱབས་མགོན་རིན་པོ་ཆེ་)ཁོང་དགོངས་པ་རྫོགས་པའི་ཕྱི་ཉིན། ཡིག་ཚང་གིས་སློབ་གྲྭའི་དགེ་རྒན་ཐམས་ཅད་བསྡུས་ཏེ། ད་རིན་པོ་ཆེ་ཡང་མ་བཞུགས་པའི་སྟབས་ཀྱིས་སློབ་གྲྭ་ཡང་འཐོར་དགོས་གསུངས་ནས་སློབ་གྲྭ་གཏོར།”ཞེས་གསུངས་པ་སོགས། སྤྱིར་རྩེ་སློབ་གྲྭའི་ལོ་རྒྱུས་གླེང་སྐབས་ཞུས་ན་འོས་འཚམ་ཡིན་ཀྱང་། འདིར་རྩེ་དྲུང་སྐུ་ངོའི་ལོ་རྒྱུས་ལ་མགོ་མཇུག་མཆིས་རྒྱུ་དང་ལྷག་པར་རྗེས་སོར་ཁོང་ཉིད་ཕྱིར་སྐུ་ཡུལ་ལྷ་སར་ཕེབས་པའི་རྒྱབ་ལྗོངས་ལ་ངེས་པ་འདྲོངས་པའི་ཆེད་དུ་ཞུས་པ་ཡིན་པས་ཀློག་མཁན་རྣམས་ཐུགས་སུན་མེད་པར་ཞུ། ད་ལོ་སྟེ་སྤྱི་ལོ༢༠༡༧པ་ནི་བླ་བྲང་རྩེ་སློབ་གྲྭ་གཏོར་ནས་མི་ལོ་བདུན་ཅུ་ལོན་ཡོད་པ་དེའོ། །

 

དྲུག་པ། ཀུན་མཁྱེན་ལྔ་བ་ཆེན་པོའི་སྐུ་གདུང་མཆོད་རྟེན་བཞེངས་པར་རྩེ་དྲུང་སྐུ་ངོས་སྲི་ཞུ་གང་ལེགས་ཞུས་ནས་ལྟ་རྟོག་གི་ལས་ཁུར་གནང་བ།

དེའི་སྐོར་ཀུན་མཁྱེན་ལྔ་བ་ཆེན་པོའི་རྣམ་ཐར་དུ་འབྱུང་བ་ཇི་བཞིན་བཀོད་ན། “དེ་ནས་ཟི་ལེན་མཆོག་དང་ཕྱག་མཛོད་ཆེན་མོ་རྣམ་གཉིས་ནས་ཐུགས་ཁུར་བཞེས་ཏེ། དངུལ་ཐུར་སྲང་སྟོང་ཕྲག་ལྔ་ལྷག་དང་། གསེར་སྲང་བརྒྱ་ཕྲག་ལྷག་བཅས་སྐུ་གདུང་མཆོད་རྟེན་ཐོག་ཚད་གཉིས་ཀྱི་ཚད་ཙམ་པ། ཚ་མགར་གཙོས་རྒྱ་མགར་མང་པོ་དང་བཅས་ཏེ་བཟོ་བཀོད་དབྱིབས་ཚད་ཕྲ་རྒྱན་གང་ས་ནས་སྨད་དུ་མེད་པ་བཞེངས། འདི་སྐབས་སྐུ་ངོ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ནས་ཁུར་དུ་བླངས་ཏེ་ལྟ་རྟོག་ཞིབ་འཇུག་བགྱིས་ཤིང་ཉིན་གཅིག་བུམ་པའི་སྒོ་རྒྱན་གྱི་གསེར་འབྲུག་འདེགས་སྲང་ལ་གཞལ་སྐབས་གློ་བུར་དུ་འབྲུག་སྒྲ་སྒྲོགས་པ་དང་བཅས་ཆར་རྒྱུན་བཟང་པོ་བབས་ཤིང་། སྲང་ལ་གཞལ་གྲུབ་མ་ཐག་ཉི་འོད་ལྷག་གེར་ཤར་བྱུང་བས་དེར་འཁོད་ཚང་མས་རྟེན་འབྲེལ་ལེགས་ཚོགས་ཆེ་བར་གླེང་བྱུང་།”ཞེས་པ་དང་། ཡང་ཀུན་མཁྱེན་རྣམ་ཐར་དུ་”ཧོར་ཟླ་དགུ་བ་ཚེས་ནས་བཟུང་ཚོགས་ཆེན་འདུ་ཁང་ཕུག་གི་དྲི་གཙང་ཁང་དུ་སྐུ་གདུང་མཆོད་རྟེན་བཞུགས་སུ་གསོལ།””དགུ་བའི་ཉེར་གཉིས་ཉིན་གྱི་ནང་སྔ་མོར་གདུང་རུས་བདེ་ཡངས་གོང་ནས་སྤྱན་དྲངས་ཏེ་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས་སུ་གསོལ།”ཞེས་སོགས་འཁོད་འདུག་པ་དང་། ཡང་རྣམ་ཐར་ལས་ཇི་སྐད་དུ།”འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ་བྱིན་རླབས་ཟད་མི་ཤེས་པར་འབྱུང་བའི་དངོས་གྲུབ་ཀྱི་གཏེར་ཆེན་པོ་ས་གསུམ་ཀུན་ཏུ་མཚུངས་ཟླ་དང་བྲལ་བའི་སྲིད་ཞིའི་མཆོད་སྡོང་ཆེན་པོར་གྱུར་ཏོ། །”ཞེས་གསུངས་པ།

རྩེ་དྲུང་སྐུ་ངོར་ཀུན་མཁྱེན་ལྔ་བ་ཆེན་པོའི་སྐུ་གདུང་མཆོད་རྟེན་བཞེངས་པར་ལྟ་རྟོག་གི་འགན་བསྐྱོན་པས། བྱང་ཆུབ་ཆེན་མོའི་མཆོད་རྟེན་བཞེངས་པར་ཁོང་ནས་ཀྱང་མགོ་མཇུག་བར་གསུམ་ལ་སྲི་ཞུ་བླ་ན་མེད་པ་ཞུས་ནས། བཟོ་བཀོད་ཕུན་སུམ་ཚོགས་པར་ཚད་ལྡན་ཕྱག་ལེན་གང་ཞིབ་བཅས། ལྷ་བབས་དུས་ཆེན་དང་བསྟུན་ཏེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞུགས་སུ་གསོལ་ནས། མཐར་རབ་རྒྱལ་ས་གླང་སྤྱི་ལོ་༡༩༤༨ལོའི་ལོ་སར་རྫོགས་པའི་ལོ་སྟོད་དུ་ཨ་བློ་སོགས་ཡབ་གཞིས་རྣམས་སླར་ཁམས་ལི་ཐང་དུ་ལོག་རྩིས་བྱས་མོད། གདན་ས་ཆེན་པོའི་དགོན་མ་ལག་དང་བཅས་བླ་སྤྲུལ་ལྷ་སྡེ་རྣམས་པའི་སྐུ་ཚབ་ཀྱིས་ཡང་ཡང་ནན་ཞུས་བགྱིས་པ་ལ་བརྟེན་ནས། ཨ་བློ་དང་ཡབ་གཞིས་སྐུ་འཁོར་ཡོངས་རྫོགས་བླ་བྲང་དུ་སྡོད་རྒྱུ་གཏན་འབེབས་བྱས་ལ།རྩེ་དྲུང་སྐུ་ངོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་ངོ་བདུན་ལྷག་ལ་བཞུགས་ཏེ། སྐབས་དེ་ཞིག་ལ་ཁོང་ཉིད་ཕྱིར་སྐུ་ཡུལ་ལྷ་ས་རུ་ཕེབས་སོ། །

 

མཇུག་ཏུ་ནན་ཏན་གྱིས་ཞུ་དོན།  ཡུལ་དུས་བསྐལ་བའི་དབང་གིས་རྩེ་དྲུང་སྐུ་ངོའི་ལོ་རྒྱུས་ཤེས་མཁན་ཤིན་ཏུ་དཀོན་ལ་རྒྱུ་ཆ་ཡང་ཆེར་མེད་པས། ཡིག་ཆའི་རྒྱབ་རྟེན་མང་པོ་ཞིག་རག་མ་ཐུབ་པའི་སྐྱོན་དང་། ལྷག་པར་རང་ངོས་ན་ཤེས་བྱའི་ནང་ཁོག་འཛོམས་པོ་མེད་སྟབས་ཆད་ལྷག་དང་ནོར་འཁྲུལ་ཡོད་ངེས་པས། མཁྱེན་ཡངས་གྲོགས་པོ་རྣམས་ཀྱིས་དགོངས་འཆར་ལམ་སྟོན་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས། ཡུལ་མདོ་སྨད་དུ་དར་བའི་དབུས་བྲིས་ཡིག་གཟུགས་ཀྱི་མེས་པོ་དམ་པ་རྩེ་དྲུང་སྐུ་ངོའི་ལོ་རྒྱུས་ཐོར་བུ་བརྗོད་པ་ཞེས་བྱ་བ་རེ་ཞིག་རྫོགས་སོ། །  དགེའོ། །
དཔྱད་གཞིའི་ཡིག་རིགས།

༡《ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་ཆེན་པོའི་རྣམ་ཐར》མི་རིགས་དཔེ་སྐྲུན་ཁང་།

༢《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༣《སྟག་རྩེ་རྫོང་གི་ལོ་རྒྱུས》བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་པར་དུ་བཏབ།

༤《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག》དེབ་བདུན་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༥《དགའ་ལྡན་དགོན་པ་དང་བྲག་ཡེར་བའི་ལོ་རྒྱུས》བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་པར་དུ་བཏབ།

༦《བླ་བྲང་དགོན་པའི་ལོ་རྒྱུས་མདོར་བསྡུས》སྲིད་གྲོས་བསང་ཆུ་རྗོང་ཨུ་ཡོན་ལྷན་ཁང་གིས་བསྒྲིགས།

༧《ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག》༢༠༡༡ལོར་པར་དུ་བཏབ་པ།

༨《སྐྱབས་མགོན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་ཐུན་མོང་བའི་རྣམ་པར་ཐར་བ་རིན་ཆེན་དབང་གི་རྒྱལ་བོའི་འཕྲེང་བ་ཞེས་བྱ་བའི་སྨད་ཆ་བཞུགས་སོ》ཤིང་པར་

༩《ཨ་བློ་སྤུན་མཆེད་ཀྱི་རྣམ་ཐར》མི་རིགས་དཔེ་སྐྲུན་ཁང་།

༡༠《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་།

 

རྩོམ་པ་བོ།  ཆོ་ཚང་རྡོར་བྷ། (道尔巴)     ལས་ཐོབ།  མཐོ་རིམ་འཆད་ཁྲིད་པ། ༡༩༦༦ ལོར་མདོ་སྨད་བླ་བྲང་དུ་སྐྱེས།  གཙོ་བོ་བོད་ཀྱི་ལོ་རྒྱུས་དང་ཡིག་གཟུགས་སྒྱུ་རྩལ་ཕྱོགས་སུ་དཔྱད་པ་འཇུག་མུས་ཡིན། ད་ལྟ་ཀན་ལྷོ་ཁུལ་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ་རུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།

ཡོང་ཁུངས། ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།