རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། (འདས་མཆོད་བསུ།)

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། (འདས་མཆོད་བསུ།)

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། རྗེ་འདི་དབུས་ཀྱི་གཡུ་རུ་གྲ་སྟེ་ལྷོ་ཁ་གྲ་ནང་དུ། ཐོན་མིའི་གདུང་བརྒྱུད་ཡར་རྒྱབ་པའི་དཔོན་ཆེན་རིགས་སུ་སྐུ་འཁྲུངས་ (༡༤༣༢-༡༤༤༩) ཤིང་། རྗེ་འདིར་ཆུང་དུས་ཀྱི་མཚན་གྲྭ་ལྔ་རྒྱལ་པོར་གསོལ་བ་ནས། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མང་། དགུང་ལོ་བཅོ་ལྔ་ནས་གོང་དཀར་རྫོང་གི་རྫོང་དཔོན་དང་། དགུང་གྲངས་ཉེར་བདུན་ལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བར་མཛད་ཅིང་། རྗེ་བྲག་ཐོག་པ་དང་། ཞ་ལུ་མཁན་ཆེན་ཡེ་ཤེས་རྒྱ་མཚོ། ཀུན་མཁྱེན་སངས་རྒྱས་འཕེལ། སྟག་ཚང་ལོ་ཙཱ་བ། པཎ་ཆེན་བྱམས་པ་གླིང་པ་སོགས་ཀྱི་ཞབས་ལ་བསྟེན་ཏེ་མཁས་པའི་གོ་འཕང་བརྙེས། རྗེ་འདི་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་མ་དམ་པ་སོགས་ཀྱི་རྣམ་འཕྲུལ་དུ་བཞེད་ཅིང་། དབུས་ཕྱོགས་སུ་དཔལ་ལྡན་ས་སྐྱའི་བསྟན་པ་སྟོབས་ཀྱིས་འདེགས་པར་མཛད།

རྗེ་འདི་རབ་ཏུ་མ་བྱུང་བའི་སྔོན་ནས་ཀྱང་གང་གི་ཕོ་བྲང་གོང་རི་དཀར་པོར་ཆེས་བཟོ་བཀོད་མཛེས་པའི་ལམ་འབྲས་ཕོ་བྲང་དང་། ས་སྐྱ་བཀའ་འབུམ་གོང་དཀར་སྤར་མ་སོགས་དཔལ་ས་སྐྱའི་གསུང་རབ་དུ་མ་གསར་བཞེངས་མཛད་པ་དང་། དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་ (༡༤༦༤) ཕྱག་བཏབ་པ་སོགས་བསྟན་པ་ཆེས་ཆེར་གསལ་བར་མཛད། ཁྱད་པར་དུ་རྗེ་བཙུན་གོང་མ་རྣམ་ལྔ་ཆར་གྱི་དགོངས་པ་འགལ་མེད་དཀར་འཇམ་དུ་བཀྲལ་ཅིང་བཞེད་པས། ས་སྐྱ་པའི་མཁས་གྲུབ་ཆེན་པོ་དག་གི་གཙུག་གི་རྒྱན་དུ་སྤུད་པས་གངས་ཅན་མཛེས་པའི་རྒྱན་དགུའི་ཡ་གྱལ་དུ་མཁས་པས་བཞེད། གཞན་ཡང་རྗེ་འདི་མཛད་འཕྲིན་ཤིན་ཏུ་རྒྱས་པས་ཀུན་གྱིས་བཀུར་ཅིང་། དཔལ་ས་སྐྱའི་གདན་ས་ཆེན་མོར་བྱོན་པའི་དུས་སུ་ཡང་། བདག་ཆེན་རྣམས་བྱོན་པ་དང་མཚུངས་པར་དགེ་འདུན་གྱི་སེར་སྦྲེང་དང་། བཀྲ་ཤིས་ཕྲ་རིང་བཤམས་པ་སོགས་ཀྱིས་བཀུར་བསྟི་བླ་མེད་མཛད་པ་སོགས་ཐུན་མོང་གི་རྣམ་ཐར་རྒྱ་ཆེ་ཞིང་། ཐུན་མོང་མ་ཡིན་པ་ལ་ཡང་། སྐྱིད་གཙང་འདྲེས་པའི་ཆུ་བོའི་གནོད་པ་བཟློག་པ་དང་། གྲུབ་པའི་གཙུག་རྒྱན་བི་རུ་པ་ཞལ་གཟིགས་པ་སོགས་ཏེ། ལམ་འབྲས་གསན་པ་སོགས་ངོ་མཚར་ཆེ་བའི་རྣམ་ཐར་ཡང་མང་།

གསུང་རྩོམ་ཀྱང་། ཀྱེ་རྡོར་རྣམ་བཤད་ཉིན་སྣང་། ཀུན་རིག་གི་ངག་འདོན་མཐའ་དཔྱོད་དང་བཅས་པ། རྡོ་རྗེ་གླུ་གར་གྱི་བཤད་པ་སོགས་གསར་རྩོམ་མཛད་པ་པོད་བཞི་ལྷག་དང་། ས་སྐྱ་བཀའ་འབུམ་ལ་མཆན་བུ་བཀོད་པ་སོགས་ཤིན་ཏུ་མང་། རྗེ་འདིའི་དངོས་སློབ་ལ། ས་སྐྱའི་བདག་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་རིག་པའི་གློག་འཕྲེང་། རྗེ་ཡངས་པ་ཅན། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། པཎ་ཆེན་འབུམ་ཕྲག་འབུམ་པ་སོགས་མང་དུ་བསྐྲུན། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ། མེ་ཕོ་འབྲུག་ལོ། སྤྱི་ལོ་ ༡༤༩༦ བོད་ཟླ་ ༣ ཚེས་ ༢༥ ཉིན་དཔལ་ལྡན་རྫོང་པའི་གདན་ཆེན་པོ་གོང་དཀར་རྡོ་རྗེ་གདན་དུ་སྐུ་གཤེགས་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།