རྗེ་འདིའི་མཚན་གཞན་ལ། གོང་དཀར་རྡོ་རྗེ་གདན་པ་ཆེན་པོ། རྗེ་བཙུན་འཇིགས་མེད་དཔའ་བོ། ཐུ་སྟོན་ཀུན་དགའ་རྣམ་རྒྱལ་སོགས་མང་། རབ་བྱུང་བདུན་པའི་ཆུ་ཕོ་བྱི། སྤྱི་ལོ་ ༡༤༣༢ ལོར། ཐོན་མིའི་གདུང་བརྒྱུད་ཡབ་རྒྱལ་བ་ཤེས་རབ་དང་། ཡུམ་དཔལ་ལྡན་རྡོ་རྗེ་བདེ་མའི་སྲས་སུ། གཡོ་རུ་གྲྭ་སྟེ་ལྷོ་ཁ་གྲྭ་ནང་དུ་སྐུ་བལྟམས། མཚན་ལ་གྲྭ་ལྔ་རྒྱལ་པོ་ཞེས་གསོལ།
ཅུང་ནར་སོན་པ་ན། སྐྱེ་བོ་གསོ་ཐིགས་དང་། ས་སྐྱ་ལེགས་བཤད་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་རྒྱ་བོད་ཀྱི་རྒྱལ་རབས་སོགས་ཡུམ་གྱིས་བཀའ་ལྟར་གསན་སྦྱོང་མཛད་ཅིང་། ལྐོག་ཏུ་ནང་བསྟན་སྤྱི་དང་། ཁྱད་པར་ས་སྐྱ་པའི་གསུང་རབ་ལ་ཐུགས་གཉེར་མཛད། དགུང་ལོ་བཅུ་གསུམ་པར། བོད་ཀྱི་རྒྱལ་པོ་གོང་མ་གྲགས་པ་འབྱུང་གནས་ཀྱི་དྲུང་ཡར་རྒྱབ་དཔོན་ཆེན་དང་། དགུང་ལོ་བཅོ་ལྔ་པར། ཕོ་བྲང་གོང་རི་དཀར་པོའི་བདག་པོར་བྱོན་ཅིང་། འབངས་རྣམས་བྱམས་པས་བསྐྱངས་པ་དང་། བཀོད་རིས་མཛེས་པའི་ལམ་འབྲས་ཕོ་བྲང་ཞིག་ཀྱང་ཕྱག་བཏབ། དགུང་ལོ་ཉི་ཤུ་པར། རྗེ་བཙུན་བྲག་ཐོག་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་དང་། བར་མ་རབ་བྱུང་མཛདཔ་དང་། པཎ་ཆེན་བྱམས་པ་གླིང་པའི་དྲུང་དུ། དགེ་ཚུལ་སློང་གི་སྡོམ་པ་མནོས་ཏེ། མཚན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོར་གསོལ། དགུང་ལོ་སུམ་ཅུ་རྩ་གསུམ་པ།
ཤིང་ཕོ་སྤྲེལ་སྤྱི་ལོ་ ༡༤༦༤ ལོར་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་ཕྱག་བཏབ། རྗེ་བཙུན་བྲག་ཐོག་པ་ལས་ལམ་འབྲས་གཙོས་གསང་སྔགས་ཀྱི་ཆོས་སྐོར་ཕལ་ཆེར་གསན། གཞན་ཡང་། པཎ་ཆེན་བྱམས་པ་གླིང་པ། སྟག་ཚང་ལོ་ཙཱ་བ། ཀུན་མཁྱེན་སངས་རྒྱལ་འཕེལ། གླིང་ཤེས་རབ་དཔལ་ལྡན་ལ་སོགས་གཙོ་བོར་བསྟེན་པའི་བླ་མ་ཉི་ཤུ་རྩ་བཞི་སོགས་ལས་བཀའ་དང་། རྒྱ་བོད་མཁས་པའི་གསུང་རབ་ཕལ་ཆེ་བར་མངའ་བརྙེས་པར་གྱུར། རྗེ་འདིས། ཆུ་ཡི་གནོད་པ་བཟློག་པས། འཇིགས་མེད་དཔའ་བོ་ཞེས་མཚན་གསོལ་བ་དང་། སྒྲུབ་ཕུག་རྣམ་བཞིར་རྟགས་ཐོན་པའི་ངོ་མཚར་རྣམ་ཐར་སོགས་མངའ། རྒྱ་གར་པཎྜི་ཏ་ཨ་ལངྐ་ར་དང་། དྷརྨ་དི་པཱ་ཀ་ར་གཉིས་ཀྱང་རྗེ་འདིའི་ཞབས་ལ་གཏུགས་ཤིང་བསྟོད་པའི་རབ་བྱེད་ཀྱང་མཛད་དོ།།
གསུང་རྩོམ་ལ། ཀྱེ་རྡོར་རྣམ་བཤད་ཉིན་སྣང་། རྡོ་རྗེ་གར་གྱི་བཤད་པ་ཀུན་བཟང་རོལ་པོའི་དཔུང་གཉེན། ལམ་འབྲས་འཆད་ཐབས་ཟིན་བྲིས། རྡོ་རྗེ་ཕུར་པའི་རྣམ་བཤད་སོགས་བཀའ་འབུམ་པོད་བཞི་ཡོད་པར་གྲགས།
ཞལ་སློབ་ལ། བདག་ཆེན་བསོད་ནམས་རྒྱལ་མཚན་དང་། མཁས་གྲུབ་རིག་པའི་གློག་ཕྲེང་། ཐུགས་སྲས་ཀུན་དགའ་རྒྱལ་པོ། པཎ་ཆེན་འབུམ་ཕྲག་གསུམ་པ། ཞྭ་ལུ་ཆོོས་སྐྱོང་བཟང་པོ། འབྲི་གུང་མཁན་པོ་རྣམ་རྒྱལ་མགོན་པོ་སོགས་དུ་མ་བསྐྲུན་པར་མཛད་དོ། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ། མེ་ཕོ་འབྲུག་ལོ། སྤྱི་ལོ་ ༡༤༩༦ གོང་དཀར་རྡོ་རྗེ་དུ་སྐུ་གཤེགས།
རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར། དེབ་གཟུགས།