རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་རིན་སྤུངས་རྫོང་།

རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་རིན་སྤུངས་རྫོང་།

དེ་ཡང་རིན་སྤུངས་ནི་དུས་རབས་བཅུ་དྲུག་པའི་ནང་བོད་ཀྱི་རྒྱལ་ས་ཡིན་ལ། རྫོང་འདི་ནི་སྐབས་དེར་བོད་ཀྱི་རྒྱལ་པོའི་ཕོ་བྲང་ཡིན། དེ་ལྟའི་རིན་སྤུངས་རྫོང་འདི་ཕལ་ཆེར་1353-1355 བར་བརྩིགས་པ་འདྲ་པོ་འདུག །ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་དམག་དཔུང་འཁྲིད་དེ་དཔོན་ཆེན་རྒྱལ་བ་བཟང་པོ་ས་སྐྱའི་བཙོན་ནས་བཏོན་སྐབས། གཙང་ཕྱོགས་འདི་ཞི་བདེ་མ་བྱུང་བར་རིན་སྤུངས་འདི་ངེད་ཀྱིས་ཉ་ར་བྱེད་ཀྱི་ཡིན། ཞེས་མཁར་འདི་བརྩིགས་སུ་བཅུག་འདུག །དཔོན་ཆེན་རྒྱལ་བ་བཟང་པོས། ལུང་པ་ཆུང་ཆུང་ལ་མཁར་ཆེན་པོ་འདི་འདྲ་ཅི་ཡིན་ཞེས་དྲིས་པར། བྱང་རྒྱལ་གྱིས། ཆུ་ཞལ་མགུར་གསུམ། ལ་སྟོད་ལྷོ་བྱང་ཕྱིན་གྱི་རྐང་པ་ལ་འཇུ་བར་གདའ། ཞེས་ལན་བཏབ།

རིན་སྤུངས་ཀྱི་རྫོང་དཔོན་དང་པོ་དང་། མཁར་ལས་བྱེད་མཁན་གྱི་འགོ་བྱེད་ནི་ཕག་གྲུའི་བློན་ཆེན་དཔའ་ཤི་ཚུལ་བཟང་ཞེས་པ་དེ་ཡིན། དེ་རྗེས་སྣེ་གདོང་གོང་མ་མི་དབང་གྲགས་པ་རྒྱལ་མཚན་གྱིས་1408 ལོར་སྒེར་ནམ་མཁའ་རྒྱལ་མཚན་ལ་རིན་དཔུང་གི་རྫོང་དཔོན་གཏན་འཇགས་ཆོག་པ་བྱས། དེ་ནས་བཟུང་སྒེར་ནམ་མཁའ་རྒྱལ་མཚན་གྱི་མི་རྒྱུད་ལ་རིན་སྤུངས་པ་ཞེས་པའི་མིང་ཐོགས། ཕྱིས་ཁོང་ཚོའི་མི་རྒྱུད་ཀྱིས་ཕག་གྲུའི་སྲིད་དབང་ཕྲོགས་ནས་དུས་རབས་གཅིག་མ་ཟིན་ཙམ་རིང་དབང་བསྒྱུར།

རྗེ་ཙོང་ཁ་པས། མངའ་རིས་བྱམས་པའི་ཐུགས་ཀྱིས་ལེགས་སྐྱོང་ཞིང་། །སྐྱབས་གསུམ་གུས་པས་སྤྱི་བོའི་གཙུག་ན་འཁུར། །ཡ་རབས་སྤྱོད་ཚུལ་དགེ་མཚན་དུ་མས་མཛེས། །གངས་རིའི་ཁྲོད་ཀྱི་མགོན་མེད་ཟས་སྦྱིན་ཉིད། །ཅེས་དང་། དཔལ་རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས། དཀར་ནག་ལས་འབྲས་རྟོགས་པའི་མཁྱེན་པ་དང་། །མངའ་འབངས་བདེ་བར་སྐྱོང་བའི་བརྩེ་བ་དང་། །མི་སྲུན་འབངས་སུ་བཀོལ་བའི་ནུས་པ་ཅན། །རིན་ཆེན་དབང་གི་རྒྱལ་པོ་རིན་སྤུངས་པ། །ཞེས་བསྔགས།

དྲི་བ། ཕག་གྲུའི་རྫོང་ཆེན་བཅུ་གསུམ་ཞེས་པ་གང་དང་གང་ཡིན་ནམ། གོང་དཀར་རྫོང་། གྲི་གུ་རྫོང་། གཉལ་ལྷུན་རྩེ་རྫོང་། སྣེ་གདོང་རྫོང་། སྣེའུ་རྫོང་། པ་སྣམ་ལྷུན་གྲུབ་རྩེ་རྫོང་། འཕྱོངས་རྒྱས་རྫོང་། བྲག་དཀར་རྫོང་། གཞིས་ཀ་བསམ་གྲུབ་རྩེ་རྫོང་། འོལ་ཁ་སྟག་རྩེ་རྫོང་། རིན་སྤུངས་རྫོང་། འདི་དག་ཏག་ཏག་ཡིན་ནམ། མ་ཚང་བ་གང་ཡོད་དམ།

བརྒྱུད་སྐུལ།

མཆན་སྤེལ།