རྭ་སྟོད་བསྡུས་གྲྭ་རྩོམ་པ་པོ་སུ་ཡིན་མིན་སྐོར།

རྭ་སྟོད་བསྡུས་གྲྭ་རྩོམ་པ་པོ་སུ་ཡིན་མིན་སྐོར།

༡༽གླེང་གཞི།

 

དེ་ལ་ཤེས་བྱའི་སྒོ་འབྱེད་དམ་ཡོངས་གྲགས་སུ་རྭ་སྟོད་བསྡུས་གྲྭ་ཞེས་འབོད་པ་འདི་ནི་དགེ་ལུགས་ཕྱོགས་ཀྱི་བསྡུས་གྲྭ་ཆ་ཚང་ཞིང་ཆེས་སྔ་ཤོས་དེ་ཡིན་པ་རེད།  དགེ་ལུགས་པ་རྣམས་ཀྱིས་ཐོག་མར་བསྡུས་གྲྭའི་སློབ་གཉེར་གནང་སའི་གཞུང་ཡང་འདི་ནས་གཏན་ཁེལ་པ་ཡིན་ནམ་སྙམ་སྟེ།  འདིའི་གོང་ན་བསྡུས་གྲྭའི་ངག་རྒྱུན་སྣ་ཚོགས་ལས་ཡིག་ཐོག་ཏུ་འཁོད་པ་ཆ་ཚང་བ་ནི་མེད་པའི་ཚོད་དུ་སྣང་ངོ་། ཕྱིས་སུ་འདི་ལ་བརྟེན་ནས་སོ་སོའི་རིགས་ལམ་གྱི་རྩལ་དེ་ཇེ་རྒྱས་སུ་སོང་བའི་དབང་གིས་འདི་ལས་ཅུང་བསྡུས་ཏེ་ཁ་གསལ་ཞིང་གོ་བདེ་བ་ཡོངས་འཛིན་བསྡུས་གྲྭ་དང་།  དེ་དང་རིགས་པའི་འགྲོས་ཅུང་མི་མཐུན་པ་བསེ་བསྡུས་གྲྭ་སོགས་ཕན་ཚུན་འགྲན་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་དུ་བྱུང་བ་ཐམས་ཅད་ཀྱང་ཕར་དེད་ན་རྭ་སྟོད་བསྡུས་གྲྭ་འདི་ལ་ཐུག་པ་ཡིན་སྟབས།

ཀུན་གྱིས་གཙིགས་ཆེར་བཟུང་བའི་སྲོལ་དེ་ད་ལྟའི་བར་དུ་གནས་བཞིན་པ་འདི་ཡིན།  ཁོ་བོས་རྭ་སྟོད་བསྡུས་གྲྭ་འདི་ལ་བག་ཆགས་ཅུང་ཟད་བཞག་མྱོང་བ་དང་། མ་ཟད་བདག་གི་བཤེས་གཉེན་དུ་མའི་ཞལ་ནས་འདི་བསྡུས་གྲྭ་ཀུན་གྱི་མ་ཕྱི་ལྟ་བུ་(དགེ་ཕྱོགས་ཀྱི་)ཡིན་ཞེས་གསུངས་པ་ཐོས་ཤིང་། ཁོང་རྣམས་ཀྱིས་ཀྱང་གལ་ཆེ་ཆེར་མཛད་པ་ཡིན་སྟབས་བདག་གིས་ཀྱང་སྙིང་ནས་གལ་ཆེར་མི་བཟུང་བའི་དཔེ་ག་ལ་སྲིད་དེ། དེང་སང་གི་བར་དུ་སྤྱི་བོའི་གཙུག་ཏུ་བཀུར་བ་འདི་ལགས།  བར་ལམ་ཞིག་ནས་རྐྱེན་གཞན་ཞིག་གིས་རྭ་སྟོད་བསྡུས་གྲྭ་མཛད་པོའི་སྐོར་ལ་དོགས་པ་ཞིག་བྱུང་བས་འདིའི་སྐོར་ལ་དོ་སྣང་བྱེད་དགོས་སྙམ་པའི་འདུན་པ་ཞིག་ངང་གིས་བྱུང་།  ཡིན་ཡང་།  གཅིག་ན་ནི་སྐབས་བབས་ཀྱི་ཐོས་བསམ་བྱེད་དགོས་པ་དང་། གཉིས་ན་ནི། ལེ་ལོ་ཆེ་བས་བལྟས་བལྟས་ངང་ངང་དུ་ཕྱིར་འགྱངས་སུ་ལུས།  ད་ལན་ཁོམ་ལོང་དང་བསྟུན་ཏེ་དོ་སྣང་ཆེ་ཙམ་བྱེད་ནས་དཔེ་ཀློག་མང་དུ་བྱས་པའི་མཐར་བློ་སྐྱེད་མི་ཉུང་བ་ཞིག་ཐོབ་པ་འདི་ལྟར་ཏེ།

 

༢༽པཎ་ཆེན་ཕྱོགས་ལྷས་རྭ་སྟོད་བསྡུས་གྲྭ་མ་མཛད་པའི་སྐོར།

 

ང་ཚོའི་གྲྭ་ས་ཁག་ཏུ་ངག་རྒྱུན་ལ་རྭ་སྟོད་བསྡུས་གྲྭ་མཛད་པོ་ཀུན་མཁྱེན་ཕྱོགས་ལྷ་འོད་ཟེར་རམ། ཡང་ན། ཀུན་མཁྱེན་མཆོག་ལྷ་འོད་ཟེར་རམ་འཇམ་དབྱངས་བླ་མ་ཕྱོགས་ལྷ་འོད་ཟེར་ཞེས་གྲགས་ལ།  ཆོས་རྭ་ནང་རྩོད་པའི་སྐབས་སུ་ཡང་འཇམ་དབྱངས་བླ་མ་ཕྱོགས་ལྷ་འོད་ཟེར་གྱིས་དགོངས་པ་ཡིན་པའི་ཕྱིར། ཞེས་རྭ་སྟོད་བསྡུས་གྲྭའི་ལུང་འདྲེན་པ་དང་། མ་ཟད་དེང་གི་དྲྭ་རྩོམ་ཁ་ཤས་སུའང་འཇམ་དབྱངས་ཕྱོགས་ལྷ་འོད་ཟེར་གྱིས་རྭ་སྟོད་བསྡུས་གྲྭ་མཛད་ཅེས་བྲིས་པ་ཡང་མཐོང་ཐོས་སུ་གྱུར་མོད།  འོན་ཀྱང་།  རྭ་སྟོད་བསྡུས་གྲྭ་ནི་འཇམ་དབྱངས་བླ་མ་ཕྱོགས་ལྷ་འོད་ཟེར་མཆོག་གིས་མ་བརྩམས་པར་གསལ་ཏེ།  རྭ་སྟོད་བསྡུས་གྲྭའི་གཞུང་(སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་དཔར་མ།ཤོག206)རང་ལས། “སྔོན་གྱི་མཁས་པ་རྣམས་ཀྱིས་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་ནས། གཞི་གྲུབ་ན། བྱེད་རྒྱུ་ཡིན་པས་ཁྱབ་པ་ལྟ་བུ་གསུངས་པ་ལ་འཁྲུལ་ནས། ཤེས་བྱ་བུམ་པའི་བྱེད་རྒྱུ་ཡིན་གསུངས་པའི་ལུགས་འགའ་ཞིག་འདུག་ཀྱང་། བོད་ཡུལ་གྱི་རིགས་སྨྲ་ཀུན་གྱི་གཙུག་རྒྱན་པཎ་ཆེན་ཕྱོགས་ལྷ་ཡབ་སྲས་ཀྱི་བཞེད་པ་ལྟར་བྱེད་རྒྱུ་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།  བྱེད་རྒྱུ་ནུས་ལྡན་དང་།  ནུས་མེད་གཉིས།” ཞེས་པཎ་ཆེན་ཕྱོགས་ལྷ་ཡབ་སྲས་ཀྱི་བཞེད་པ་བཀོད་པས་སོ། །

ལར་ནས་འཇམ་དབྱངས་བླ་མ་ཕྱོགས་ལྷ་འོད་ཟེར་གྱིས་བསྡུས་གྲྭ་ཞིག་བརྩམས་མེད་པ་ཡང་འདྲ་སྟེ། གལ་ཏེ་ཡོད་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས།  ར་བ་སྟོད་པའི་འཆད་ཉན་བྱེད་སའི་གཞུང་རྣམས་རིམ་བཞིན་འདྲེན་པའི་ཚེ་བགྲངས་པའི་སྐབས་སུ་བབས་ན་ཡང་དྲུང་ཆེན་ལེགས་བཟང་གི་བསྡུས་གྲྭ་ངག་རྒྱུན་སྣ་ཚོགས་ཤིག་དང་གཞན་བསྡུས་གཞུང་གསར་རྩོམ་གཅིག་ལས་བསྡུས་གྲྭ་གཞན་མ་བགྲངས་པས་སོ། །དེ་ལྟར་ཡང་། དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་(1991ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག 147 )ལས། ར་བ་སྟོད་དུ་འཆད་ཉན་སློབ་དཔོན་རིམ་པ་བཞིན། ཐོག་མར་པཎ་ཆེན་མཆོག་ལྷ་འོད་ཟེར། དེ་ནས་སློབ་དཔོན་བསྟན་པ་རྒྱལ་མཚན། ཞེས་པ་ནས། ད་ལྟ་གསང་མཁར་པ་ཚུལ་ཁྲིམས་རིན་ཆེན་གྱིས་འཆད་ཉན།  བསྡུས་གཞུང་ངག་རྒྱུན་སྣ་ཚོགས་དང་། རྣམ་འགྲེལ་མཐའ་དཔྱོད་དྲུང་ལེགས་བཟང་དང་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་མཛད་པ། འདུལ་བ་པཎ་ཆེན་བསོད་གྲགས། དབུ་མ་གྲྭ་ཆུང་ཡོན་ཏན་རྒྱ་མཚོ། ཕར་ཕྱིན་འཇམ་དབྱངས་མཆོག་ལྷ་འོད་ཟེར།  མཛོད་དཀོན་ཅོག་ཆོས་འཕེལ། དེང་སང་དབུ་ཕར་རྗེ་བླ་མའི་བཀའ་རྩོམ་གཉིས་དང་།  མཛོད་དཀོན་ཅོག་ཆོས་འཕེལ་དང་རྗེ་བླ་མའི་བཀའ་རྩོམ་སྐབས་སྦྱར་ཐོག་འདི་ལོ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྤྱི་དོན་རིགས་རྒྱན། ཚད་མ་རྣམ་འགྲེལ་ལེགས་པར་བཤད་པའི་ཊཱིཀ་ཆེན། བསྡུས་གཞུང་གསར་རྩོམ་རྣམས་གཏོང་།”ཞེས་གསུངས་པ་དང་། མ་ཟད་ཀློང་རྡོལ་བླ་མས་ཀྱང་།  ( ཀློང་རྡོལ་བླ་མའི་གསུང་འབུམ་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་བསྐྲུན་པའི་པོད་དང་པོ། ཤོག 551 )  “ཚད་མ་རིག་པའི་བསྟན་བཅོས་ཆེན་པོ་དེ་ལྟར་བཞུགས་ཀྱང་། གོ་དཀའ་བས་བོད་ཡུལ་གསང་ཕུ་ལ་སོགས་ཆོས་གྲྭ་ཆེན་པོར། སློབ་དཔོན་ཕྱྭ་པ་ཆོས་སེང་སོགས་ཀྱིས་མདོ་སྡེ་པའི་རིགས་པའི་འགྲོས་དང་སྦྱར་ནས་བསྡུས་གྲྭ་ཞེས་པའི་སྲོལ་གཏོད་པ་ནི། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། །ཞེས་པ་ནས། ཡོད་རྟོགས་མེད་རྟོགས་རྟག་རྟོགས་དངོས་རྟོགས་གཉིས། །ཞེས་བསྡུས་ཚན་བཅོ་བརྒྱད་དུ་བྱེད་པ་དང་། པཎ་ཆེན་མཆོག་ལྷ་འོད་ཟེར་ནས་བརྩིས་པའི་སྟག་ཚང་ར་བ་སྟོད་པའི་བླ་མ་བཅུ་བཞི་པ། འཕན་ཡུལ་གསེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས།  བཙན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ལ་རྩི་བཞག་གནང་བ། ད་ལྟ་བཙན་པོ་བསྡུས་གྲྭར་གྲགས་པ་སོགས་ལ་བསྡུས་ཚན་ཉེར་གཅིག་ཏུ་བྱེད་པ་ནི་འདི་ལྟར། ཁ་དོག་དཀར་དམར། གཞི་གྲུབ། ཅེས་པ་ནས། ཐལ་འགྱུར་ཆེ་བ་དང་བདུན་ཏེ། བསྡུས་ཚན་ཉེར་བརྒྱད་བྱེད་པའང་ཡོད། དེ་རྣམས་ནི་གཏན་ཚིགས་རིག་པའི་མཛོད་ཀྱི་སྒོ་ཕྱེ་བའི་ལྡེ་མིག་ལྟ་བུ་ཡིན་ཅིང་།” ཞེས་དང་། ( པོད་གཉིས་པ། ཤོག 551 ) “སྟག་ཚང་ར་བ་སྟོད་པའི་ཡིག་ཆ་ནི། ཤངས་པ་ཀུན་མཁྱེན་མཆོག་ལྷ་འོད་ཟེར་གྱིས་མཛད་པའི་རྣམ་འགྲེལ་ལེའུ་དང་པོ་ནོར་བུའི་འཕྲེང་བར་བརྒྱ་ཐམ་པ། ཞེས་པ་ནས། གླིང་སྨད་ངག་དབང་དཔལ་འབྱོར་གྱི་རྟགས་རིགས་གསལ་བའི་མེ་ལོང་ལ་ཉེར་བཞི། དྲུང་ཆེན་ལེགས་པ་བཟང་པོའི་བློ་རིགས་ལ་སུམ་ཅུ་ཐམ་པ། དཔོན་སློབ་གསེར་ཁང་བ་དམ་ཆོས་རྣམ་རྒྱལ་གྱི་བསྡུས་ཚན་ཉེར་གཅིག་རྣམས་སོ། །ཞེས་པའི་སྐབས་སུ་མ་བགྲངས་པས་སོ། །

 

 ༣༽དེ་ཉིད་གསེར་ཁང་བས་རྩོམ་པའི་ཁུངས་འགོད་པ། 

 

འོ་ན། གཞུང་འདི་སུ་ཞིག་གིས་བརྩམས་པ་ཡིན་ནམ་ཞེ་ན།  དེ་ནི་གསེར་ཁང་བ་དམ་ཆོས་རྣམ་རྒྱལ་གྱིས་བརྩམས་པར་མངོན་ཏེ། ཀློང་རྡོལ་བླ་མའི་གསུང་འབུམ་(བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་བསྐྲུན་པའི་པོད་གཉིས་པ། ཤོག་551)ལས། “སྟག་ཚང་ར་བ་སྟོད་པའི་ཡིག་ཆ་ནི། ཤངས་པ་ཀུན་མཁྱེན་མཆོག་ལྷ་འོད་ཟེར་གྱིས་མཛད་པའི་རྣམ་འགྲེལ་ལེའུ་དང་པོ་ནོར་བུའི་འཕྲེང་བར་བརྒྱ་ཐམ་པ། ལེའུ་གཉིས་པའི་ལུགས་འབྱུང་རིན་ཆེན་བང་མཛོད་ལ་སོ་གསུམ། ལུགས་ཟློག་ལེགས་བཤད་བང་མཛོད་ལ་ཉེར་གསུམ། ལེའུ་གསུམ་པ་ལུང་རིགས་སྒོ་བརྒྱ་ལ་བརྒྱ་དང་བཅུ་གསུམ། ལེའུ་བཞི་པ་ཐར་ལམ་གསལ་བའི་དགོངས་རྒྱན་ལ་བདུན་ཅུ་དོན་དྲུག ཅེས་པ་ནས། གླིང་སྨད་ངག་དབང་དཔལ་འབྱོར་གྱི་རྟགས་རིགས་གསལ་བའི་མེ་ལོང་ལ་ཉེར་བཞི། དྲུང་ཆེན་ལེགས་པ་བཟང་པོའི་བློ་རིགས་ལ་སུམ་ཅུ་ཐམ་པ། དཔོན་སློབ་གསེར་ཁང་བ་དམ་ཆོས་རྣམ་རྒྱལ་གྱི་བསྡུས་ཚན་ཉེར་གཅིག་རྣམས་སོ། །འདི་སྒོ་མང་གྲྭ་ཚང་ན་བཞུགས་ར་སྟོད་བསྡུས་རྭ་ཟེར། ཞེས་རྭ་བ་སྟོད་ཀྱི་འཆད་ཉན་སློབ་དཔོན་བཅུ་བཞི་པ་གསེར་ཁང་བ་དམ་ཆོས་རྣམ་རྒྱལ་གྱིས་རྭ་སྟོད་བསྡུས་གྲྭ་བརྩམས་པར་གསུངས་སོ། །

དེ་ཡང་གསེར་ཁང་བས་ར་བ་སྟོད་དུ་བཙན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ལ་བརྩི་གཞག་ཏུ་གནང་བ་དེ་ཉིད་ཟིན་བྲིས་བཏབས་པས་བཙན་པོ་བསྡུས་གྲྭ་ཞེས་ཀྱང་ཟེར་བར་སྣང་སྟེ། ཀློང་རྡོར་བླ་མའི་གསུང་འབུམ་(བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་བསྐྲུན་པའི་པོད་དང་པོ། ཤོག་574) ལས། “པཎ་ཆེན་ཕྱོགས་ལྷ་འོད་ཟེར་ནས་བརྩིས་པའི་སྟག་ཚང་ར་བ་སྟོད་པའི་བླ་མ་བཅུ་བཞི་པ། འཕན་ཡུལ་གསེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས།  བཙན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ལ་རྩི་བཞག་གནང་བ། ད་ལྟ་བཙན་པོ་བསྡུས་གྲྭར་གྲགས་པ་སོགས་ལ་བསྡུས་ཚན་ཉེར་གཅིག་ཏུ་བྱེད་པ་ནི་འདི་ལྟར།” ཞེས་དང་།  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཚད་མའི་ལོ་རྒྱུས་སུའང་།261 “རྭ་སྟོད་པ་འཕན་ཡུལ་སེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས་བཙན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ལ་རྩི་བཞག་གནང་བ། ཚད་མ་རྣམ་འགྲེལ་གྱི་བསྡུས་གཞུང་ཤེས་བྱའི་སྒོ་འབྱེད་དམ་ད་ལྟ་བཙན་པོ་བསྡུས་གྲྭའམ་རྭ་སྟོད་བསྡུས་གྲྭར་གྲགས་པ་བརྩམས།” ཞེས་འབྱུང་ངོ་། ། ༤༽ཟིན་བྲིས་འདེབས་པོའི་རྣམ་ཐར་མདོར་བསྡུས།

འདིར་བཙན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ཀྱི་རྣམ་ཐར་ཅུང་ཟད་བརྗོད་ན། ཁོང་ནི་ཕྱི་ལོ་༡༦༢༢ ལོར་མདོ་སྨད་ལྷོ་རྒྱུད་ཆོས་འཁོར་དང་ཉེ་བའི་བཙན་མོ་སྣར་འཁྲུངས། རབ་ཏུ་བྱུང་ནས་དབུས་སུ་ཕེབས་ཏེ་སྒོ་མང་གྲྭ་ཚང་དུ་ཞུགས། རྭ་བ་སྟོད་དུ་གསེར་ཁང་དམ་ཆོས་རྣམ་རྒྱལ་ལས་བསྡུས་ཚད་བསླབས། སླར་སྒོ་མང་དུ་དབུ་ཕར་འདུལ་མཛོད་རྣམས་སྦྱངས། གླིང་བསྲེ་དཀའ་བཅུའི་དམ་བཅའ་མཛད་པས་སྙན་གྲགས་རྒྱས། དགེ་འཕེལ་རི་ཁྲོད་དུ་ཆོས་རྗེ་དགེ་ལེགས་དར་རྒྱས་པའི་དྲུང་ནས་ཞི་ལྷག་སོགས་ཁྲིད་གསན་ཏེ་བསྒོམས་པས་ཞི་གནས་ཀྱི་རྟོགས་པ་འཁྲུངས།  དགུང་ལོ་སོ་གཅིག་པ་ཕྱི་ལོ་༡༦༥༢ ལོར་གཞུང་སའི་བཀའ་བཞིན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་ལོ་ངོ་བཅུ་གསུམ་རིང་འཆད་ཉན་མཛད། སྒོ་མང་གི་མཁན་རབས་ཉེར་བདུན་པ་ཡིན། ཞེ་བཞི་པ་ཤིང་སྦྲུལ་ལ། མེ་རྒན་ཧུང་ཐེ་ཇིས་ཞུས་པ་བཞིན། གཞུང་གིས་སྨིན་གྲོལ་ནོ་མོན་ཧན་གྱི་ཆོ་ལོ་གནང་སྟེ་མདོ་སྨད་བཙན་པོ་དགོན་དུ་ཕེབས་ནས་མཚན་ཉིད་གསར་དུ་བཙུགས། སླར་དབུས་སུ་ལན་གསུམ་ཕེབས་ཏེ་གསང་འདུས་ཀྱི་དབང་ཆེན་དུ་མ་དང་། གཞན་ཡང་རྗེས་གནང་སོགས་རྒྱ་ཆེར་བསྩལ། མདོ་སྨད་དུ་ཕེབས་ནས་དགུང་ལོ་དོན་བརྒྱད་པ། ཕྱི་ལོ་༡༦༩༩ ལ་ཞི་བར་གཤེགས།

 

༥༽འཇམ་དཔལ་དགེ་འདུན་རྒྱ་མཚོས་མ་མཛད་པའི་སྐོར། 

 

དེ་ཡང་ཁོ་བོས་དངོས་སུ་ཐོས་པ་ལ་དེང་སང་བོད་ཀྱི་ཆོས་གྲྭ་ཁག་ཅིག་ཏུ་བློ་གསལ་བ་འགས་རྭ་སྟོད་བསྡུས་གྲྭའི་ལུང་འདྲེན་མཛད་པ་ན། འཇམ་དཔལ་དགེ་འདུན་རྒྱ་མཚོས་དགོངས་པ་ཡིན་པའི་ཕྱིར། ཞེས་རྭ་སྟོད་བསྡུས་གྲྭ་མཛད་པ་པོ་འཇམ་དཔལ་དགེ་འདུན་རྒྱ་མཚོ་མཐའ་གཅིག་ཏུ་ཡིན་ཤག་བྱེད་བཞིན་པ་འདུག  འདི་རང་གར་སྣང་མེད་དུ་བཞག་ན་ཕྱིས་སུ་མ་དག་རྒྱུན་འབྱམས་སུ་འགྲོ་བར་དོགས་ཏེ། འདིར་ཚིག་ཉུང་ངུས་ཅུང་ཟད་བཤད་ན། འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི། ཁམས་སྟོང་སྐོར་གྱི་ཡུལ་དུ་ཕྱི་ལོ་1754ལོར་སྐུ་འཁྲུངས་ཤིང་སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་ཡིན་ལ། ཁོང་གིས་བསྡུས་གྲྭའི་སྐོར་ལ་ཕྱི་ལོ་1800ལོར་མཛད་པའི་《རྭ་བ་སྟོད་ཀྱི་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེའུ་མིག》ཅེས་པ་དང་། 《རྭ་སྟོད་བསྡུས་གྲྭའི་བརྗེད་ཐོ།》ཞེས་པ་གཉིས་ལས་བསྡུས་གྲྭའི་སྐོར་གཞན་མཛད་མེད། ཕྱི་མ་ནི་རྭ་སྟོད་བསྡུས་གྲྭ་མིན་པར་ཤེས་སླ་ལ། སྔ་མ་འདི་དེང་སང་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བཏོན་པའི་རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད། ཅེས་པའི་དོགས་གཅོད་དེ་ཡིན་པ་མ་གཏོགས་རྭ་སྟོད་བསྡུས་གྲྭ་མ་ཡིན་པར་བསྡུས་གཞུང་རང་དུ་མཇལ་ན་ཤེས་ནུས། མ་ཟད་རྭ་བ་སྟོད་ཀྱི་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེའུ་མིག ཅེས་པའི་མིང་ཙམ་ལ་བལྟས་པས་ཀྱང་མིན་པར་གོ་ཐུབ།  ད་དུང་ལོ་ཚིགས་ཀྱི་ཆ་ནས་བཤད་ནའང་མི་འགྲིག་པར་ཧ་ཅང་གསལ་ལོ། །

དེས་ན། འདི་དག་གི་འཁྲུལ་གཞི་ནི་འདི་ལྟར་ཡིན་ཏེ།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྐྲུན་པའི་ཁ་བྱང་ལ་《རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད།》ཅེས་པའི་རྒྱབ་ཤོག་ལ། མཛད་པ་པོ། འཇམ་དཔལ་དགེ་འདུན་རྒྱ་མཚོ། ཞེས་པ་ཁོ་ན་བྲིས་པ་འདིས་ལན་པ་ཡིན་ཏེ། འདི་མཐོང་བས་རྐྱེན་བྱས་ཏེ་དེང་གི་བློ་གསལ་བ་འགའ་འཁྲུལ་འདུག་པར་གོར་མ་ཆག་གོ །

དེ་ཡང་རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད་ཅེས་པ་འདིའི་མ་དཔེ་ལ་ནི། མཛད་པ་པོ། འཇམ་དཔལ་དགེ་འདུན་རྒྱ་མཚོ། ཞེས་པ་ཁོ་ན་བྲིས་མེད་པ་ཡང་འདྲ་སྟེ། ཁོ་བོས་དེ་ནས་2007ལོར་བླུས་པའི་བསྡུས་གཞུང་གི་རྒྱབ་ཤོག་དེར། དེ་ལྟར་བྲིས་པ་ལྟ་ཅི། མཛད་པ་པོའི་མཚན་གཅིག་ཀྱང་སྨོས་མི་འདུག  ཡིན་ཡང་། དེ་ནས་དེང་སང་བཏོན་པའི་བསྡུས་གཞུང་དེའི་རྒྱབ་ཤོག་ལ་ནི། མཛད་པ་པོ། འཇམ་དཔལ་དགེ་འདུན་རྒྱ་མཚོ། ཞེས་པ་ཁོ་ན་བྲིས་འདུག་གོ །

 

༦༽རྭ་སྟོད་བསྡུས་གྲྭའི་དོགས་གཅོད།ཅེས་པའི་མིང་ལ་དཔྱད་པ།

 

སླར་ཡང་ཅུང་ཟད་ཞུས་ན།  སྤྱིར་བཏང་《རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད།》ཅེས་པ་འདིའི་མ་དཔེའི་ནང་དུ་བྲིས་ཡོད་པ་ཡིན་ནམ། སེར་གཙུག་ཚང་ནས་འདོད་རྒྱལ་དུ་བཏགས་པ་ཡིན། གང་ལྟར་ཡང་དཔེ་ཆ་འདིའི་ཁ་བྱང་ལ་རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད་ཅེས་བཏགས་པ་དེ་ཅུང་འགྲིག་མེད་པར་སྣང་སྟེ།   རྭ་སྟོད་བསྡུས་གྲྭ་དང་དེའི་དོགས་གཅོད་ཅེས་པའི་དོགས་གཅོད་ཀྱི་གཞུང་རང་དུ། རྭ་བ་སྟོད་ཀྱི་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེའུ་མིག ཅེས་འབྱུང་བ་དང་། མ་ཟད་གཞུང་དེར་རྩོམ་པ་པོས་མིང་བཏགས་པ་བཞིན་རྭ་བ་སྟོད་ཀྱི་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལས་དོགས་གཅོད་ཟུར་པ་མཛད་མེད་པས་དེས་ཀྱང་རྭ་སྟོད་བསྡུས་གྲྭའི་སྐོར་ལ་དོགས་གཅོད་མཛད་མེད་པར་ཤེས་པས། རྭ་སྟོད་བསྡུས་གྲྭའི་དོགས་གཅོད་ཅེས་བཏགས་པའི་ཁ་བྱང་དེ་མི་འཚམ་པར་ཁོ་བོ་སེམས་སོ། །

ཞེས་པ་འདི་ནི་ཁམས་སྟོང་སྐོར་དགོན་གྱི་སློབ་གཉེར་བའི་གྲལ་མཐར་འཁོད་པ་བློ་བཟང་དོན་ལྡན་གྱིས་ཕྱི་ལོ་2018/8/6བོད་ཚེས་ཉེར་ལྔ་ཉིན་རང་སྤྱིལ་དུ་བྲིས་པར་དགེའོ། །

བརྒྱུད་སྐུལ།

མཆན་སྤེལ།