ལ་སྟོད་གཡས་རུ་བྱང་དུ་ཡོད་པའི་རྗེ་བཙུན་མི་ལའི་སྒྲུབ་གནས་སྐོར་གླེང་བ།

ལ་སྟོད་གཡས་རུ་བྱང་དུ་ཡོད་པའི་རྗེ་བཙུན་མི་ལའི་སྒྲུབ་གནས་སྐོར་གླེང་བ།

                      ར་སེ་དཀོན་མཆོག་རྒྱ་མཚོ།

 

རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་སྒྲུབ་གནས་མཐའ་དག་ཅི་ཙམ་ཡོད་དམ་ཟེར་ན། ལོ་རྒྱུས་སྨྲ་བའམ་ཞིབ་དཔྱོད་ཅིག་ཡིན་ན་ལམ་སེང་ལན་བཏབ་ཁག་པོ་ཆགས་ཡོད། རྒྱུ་མཚན་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཡིག་ཆ་མང་པོ་མ་བཞུགས་པ་དང་། ད་ཡོད་རྗེ་བཙུན་གྱི་རྣམ་ཐར་དང་མགུར་འབུམ་རྣམས་སུ་རགས་རིམ་ལས་མཐའ་དག་བསྡུད་ཐུབ་མེད་པའི་གནད་ཀྱིས་ཡིན་ལ། རྗེ་གཙང་སྨྱོན་པ་དང་ལྷ་གཟིགས་པ་དག་གིས་སྒྲུབ་གནས་ཀྱི་རྣམ་གཞག་གསུང་པའང་མཛོད་ནག་མ་སོགས་གཞིར་བཟུང་བ་ཡིན།

གཡུང་སྟོན་ཞི་བྱེད་རི་པ་ནི་རྗེ་བཙུན་གྱི་རྣམ་ཐར་མི་འདྲ་བ་བརྒྱ་དང་བརྒྱད་ཅུ་ལྷག་མཇལ་མྱོང་ཞིང་། སྒྲུབ་གནས་མང་པོར་དངོས་སུ་བྱོན་མྱོང་བ་ཡིན་པས། ཁོང་གིས་མཛད་པའི་རྗེ་བཙུན་རྣམ་ཐར་ཉི་ཟླའི་འོད་ཟེར་སྒྲོན་མེ་ལས་རྗེ་བཙུན་གྱི་སྒྲུབ་གནས་གཞན་ན་མ་གྲགས་པ་མང་པོ་འཁོད་ཡོད་ལ། དེ་དག་ཀྱང་གཉའ་ནང་དང་། ལ་ཕྱི་གངས་ར་སོགས་སུ་སྒྲུབ་གནས་རེ་རེ་བཞིན་ངོས་བཟུང་རྒྱུ་ཡོད་པ་ཡིན་ནོ།།

འདིར་གླེང་བྱ་ནི་རྗེ་བཙུན་གྱི་རྣམ་ཐར་ན་ཟུར་ཙམ་མ་གསལ་བ་ལྟ་བུའི་ལ་སྟོད་གཡས་རུ་བྱང་ངམ། ལ་སྟོད་བྱང་རྒྱུད་དུ་ཡོད་པའི་སྒྲུབ་གནས་ཀྱི་སྐོར་ཡིན་ལ། ལ་སྟོད་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་མཛད་པའི་རྗེ་བཙུན་མིད་ལའི་རྣམ་ཐར་ལས། དེ་ནས་གཡས་རུ་བྱང་གི་ཕྱོགས་སུ་བྱོན་ཏེ། དེ་ཡང་རྒྱལ་ཐང་ཤེ་ལྕག་དང་། ཀླུ་རྒྱལ་གླིང་པོ་དང་། མཆོག་དཀར་གྱི་བྲག་ལ་སོགས་པ་རྣམས་སུ་ཡང་བཞུགས་ནས་སྒྲུབ་བརྒྱུད་བསྟན་པ་བཙུགས། འགྲོ་དོན་ཚད་མེད་པ་མཛད་དོ། །

དེ་ཡང་དང་པོ་ལ་སྟོད་རྒྱལ་ཐང་བརྒྱད་བཅུའི་བྲག་ལ་བཞུགས་ནས། ཉམས་རྟོགས་གོང་དུ་འཕེལ་བའི་ངང་བྱ་རྒོད་འཕུར་བའི་གཏིང་ན་ཡར། རྗེ་བཙུན་གྱིས་ཀྱང་བརྒྱད་ཅུའི་བྲག་ལ་འཕུར་ནས་ཤེ་ལྕག་ལ་གཤེགས། ཤེ་ལྕག་ནས་བརྒྱད་ཅུའི་བྲག་ལ་འཕུར་བའི་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་ཅིང་། སྒྲུབ་བརྒྱུད་ཀྱི་བསྟན་པ་བཙུགས་སོ།།

དེ་ནས་ཀླུ་རྒྱལ་གླིང་པོར་བཞུགས་ནས། གླིང་པོ་ལྷ་གཅིག་གིས་ལུས་དང་ལོངས་སྤྱོད་ཕུལ། ཁྱད་པར་དུ་ཕྱག་རྒྱ་མ་བགྱིས་ཏེ། དགའ་བཞི་ཡེ་ཤེས་འོད་གསལ་གྱི་དོན་ལ་བསྐྱེད་ཚོགས་ཆེན་པོ་འབྱོན་ནོ། །གསོལ་དུ་ཟྭ་ཁོ་ན་རང་གསོལ། སྐབས་སུ་མགུར་ཀླུ་རྒྱལ་གྱི་ཉ་མ་རྣམས་ལ་ཡང་གསོལ་སྙོམས་མཛད། གནས་དེར་ཡང་སྒྲུབ་བརྒྱུད་ཀྱི་བསྟན་པ་བཙུགས། འགྲོ་དོན་ཚད་མེད་པ་མཛད་དོ། །དེ་ནས་གཅུང་གི་ཡུལ་ཆེན་ལ་བྱས། ཅོ་རོ་དང་། འབྲིང་མཚམས་དང་། སྟག་ཚང་ལ་སོགས་པར་བྱོན་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་བཙུགས། ཞེས་འཁོད་འདུག་གོ།

ལ་སྟོད་རྒྱལ་ཐང་བརྒྱད་ཅུའི་བྲག་ནི་གཅུང་སྟོད་རྒྱལ་ཐང་དཀར་པོ་ཞེས་པའི་སྲིད་པའི་གངས་རི་ཆེན་པོ་ཀླུ་བཙན་དུ་འབོད་པ་ནུབ་ངོས་ཡིན་ཞིང་། ཤེལ་ལྕག་ནི་དེའི་མདུན་རི་རྒྱལ་ཐང་གི་བཙུན་མོ་ཇོ་མོ་ཤེལ་ལྕག་ཅེས་པའི་གངས་རི་ཡིན་འདུག་ལ། ཡར་ཆབ་བྲག་འགག་ཏུ་འབབས་སའི་ཕར་ཚུར་དུ་གནས་འདུག་ལ། གཞིས་རྩེ་ས་དགའ་རྫོང་ཤ་རུ་སྡེ་ཤོག་གི་ཁོངས་སུ་གནས་ཤིང་རི་མགུལ་དུ་སྒྲུབ་ཕུག་བཅས་ཡོད་ནའང་། ཡུལ་མིས་རྗེ་བཙུན་གྱི་སྒྲུབ་གནས་ཡིན་པ་རྩ་བ་ནས་ཤེས་ཀྱི་མི་འདུག །ངམ་རིང་རྫོང་ཟང་ཟང་གྲོང་བརྡལ་ཁོངས་སུ་རྟ་སྒོའི་གངས་ལ་བྱོན་དུས་ལམ་བར་དུ་བཞུགས་པར་གྲགས་པའི་ཁྲི་གསུམ་དགོན་པ། གཏེར་གནས་ལྷ་བྲག་གི་སྣ་བོ་ཕུག །སྟག་ཚང་གི་སྒྲུབ་ཕུག་གསུམ་ཡོད་ཀྱང་། ཁྲི་གསུམ་གྱི་ཕུག་པ་ཉམས་གསོ་གང་ཡག་དང་ལྷ་བྲག་གི་སྒྲུབ་ཕུག་ཀྱང་ད་ལོ་གསོས་འདུག་པ་ཙམ་རེད།

ལ་སྟོད་གཅུང་རི་བོ་ཆེའི་ཁོངས་ཡར་ལུང་དུ་ཀླུ་རྒྱལ་གླིང་པོའི་གནས་ཀྱི་སྒྲུབ་ཕུག་དང་འགུར་གོང་འོག་གཉིས་ར་འཕྲོད་ངེས་སུ་འདུག་ནའང་། ཡུལ་མིས་རྗེ་བཙུན་མིད་ལ་དང་འབྲེལ་བ་ཡོད་པ་གཏན་ནས་གོ་མ་མྱོང་ཟེར་གྱི་འདུག གཅུང་པ་མཆོག་དཀར་གྱི་དགའ་ལུང་ཕུའི་སྒྲུབ་ཕུག་ལ་མིད་ལའི་སྒྲུབ་ཕུག་ཟེར་བ་རྣམས་ངོས་ཟིན་རྒྱུ་འདུག་ནའང་ཞིག་རལ་དུ་འདུག་ལ། ཉ་མ་དཔལ་དར་འབུམ་གྱི་སྒྲུབ་ཕུག་ཏུ་གྲགས་པའི་ས་ཕུག་ལ་ཉ་མ་ཕུག་ཅེས་ཟེར་གིན་འདུག་ལ། ཡུལ་མིས་གཡས་ངོས་སུ་ལྷ་ཁང་ཆུང་ངུ་ཅིག་ཀྱང་བསྐྲུན་གནང་འདུག་ཅིང་། བཙུན་མ་གཅིག་གིས་བདག་གཉེར་བྱས་བཞིན་པའི་སྐབས་སོ།།

སྔོན་དུས་སྒྲུབ་གནས་དེ་དག་ལ་རྗེ་བཙུན་གྱི་སློབ་བརྒྱུད་ཀྱིས་ཡུན་རིང་ཙམ་འཛིན་སྐྱོང་གནང་ཡོད་འདྲ་ནའང་། དུས་ཕྱིས་སྒྲུབ་གནས་ཀྱི་ཆོས་ལུགས་གཞན་དུ་བསྒྱུར་བ་དང་། ཡུལ་དེའི་ཆོས་ལུགས་གཞན་དུ་བསྒྱུར་བ་སོགས་ཀྱི་རྐྱེན་ལྟ་བུས་ཕལ་མོ་ཆེ་བཀའ་བརྒྱུད་པ་དང་འབྲེལ་མེད་ལྟ་བུ་བྱུང་ཞིང་། ཉེ་དུས་གནས་གཞི་ཡོད་པ་འགའ་ཤས་ཡོད་ཀྱང་འབྲོག་ལ་ཕྱི་གངས་རྭ་དང་། ཡོལ་མོ་གངས་རྭ་ཙམ་མ་གཏོགས་བཀའ་བརྒྱུད་པས་བདག་སྐྱོང་ཐུབ་པའང་བྱུང་མི་འདུག འདིར་ནི་རང་ཉིད་ཉིན་ཤས་གོང་དུ་རྗེ་བཙུན་ཆེན་པོ་དང་འབྲེལ་བའི་སྒྲུབ་གནས་འགར་མཇལ་བསྐོར་དུ་སོང་བའི་མཐོང་ཐོས་རྣམས་གཞན་ལ་ཕན་པ་འབྱུང་སྲིད་སྙམ་ནས་ཡིག་གེར་སྤེལ་བ་ཙམ་ཡིན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།