དིང་རི་ཕ་དྲུག་བྲག་སྟོད་དགོན་དང་། རྗེ་བཙུན་སྒྲོལ་མའི་ལོ་རྒྱུས།

དིང་རི་ཕ་དྲུག་བྲག་སྟོད་དགོན་དང་། རྗེ་བཙུན་སྒྲོལ་མའི་ལོ་རྒྱུས།
དང་པོ།༽ བྲག་སྟོད་དགོན་གྱི་ལོ་རྒྱུས།

བྲག་གཏེར་ལྷ་བྲག་གཏེར་ལུང་ལས། སྟོད་གངས་དཀར་གྱི་རྒྱལ་པོ་ཏི་སེ་ནས། །སྨད་ཀོང་པོའི་བར་ན་སྦས་པའི་ཡུལ་བཅུ་གཉིས་ཡོད། །ཅེས་གསུངས་པའི་ནང་ཚན་སྦས་ཡུལ་མཁན་པ་ལུང་གི་བྱང་སྒོའི་འདབས་ཕ་དྲུག་ཅེས་པ་དགེ་བཅུའི་ཡོན་ཏན་ཚང་བའི་ས་ཡི་ཐིག་ལེའི་དབུས་ཀྱི་བྲག་སྟོད། ཤར་ན་ཨོ་རྒྱན་ཆེན་པོའི་གནས་ཆིབས་ཀྱི་རྔ་ལུང་ཕུག་དང་། ལྷོ་ན་ཚེ་ཆུ། ནུབ་ན་རྫ་རོང་ཕུ། བྱང་ན་ཧེ་རུ་ཀའི་རང་བྱོན་མངོན་པར་གསལ་བ་གནས་ཆེན་མཚོ་འོ་སོགས་ལས། སྐབས་འདིར་བྲག་སྟོད་ཀྱི་ལོ་རྒྱུས་ཅུང་ཟད་ཞུས་ན། དེ་ཡང་འཁྲུངས་ཡུལ་མྱང་སྟོད་ནས་ཡིན་པའི་ཆོས་སྐུ་ནམ་མཁའ་རིན་ཆེན་ཞུ་བས། སྐྱིད་རོང་འཕགས་པ་ཝ་ཏི་བཟང་པོ་མཇལ་དུ་ཕེབས་པས། འཕགས་པའི་ལུང་གནས་ནས། བུ་ཁྱོད་ཀྱི་བསྟན་པ་དར་ས། ཕ་དྲུག་ཅེས་བྱ་བ་ལུང་པ་ཁ་བྱང་ལ་བསྟན་པ། བྲག་ཁ་ལྷོར་བསྟན་པ་སེང་གེའི་གདོང་འདྲ་བ་དེ་ཉིད་དུ་སྒྲུབ་གྲྭ་བཙུགས་ན་ཕ་ལས་བུ་ལྷག །བུ་ལས་ཚ་བོ་ལྷག་པའི་བླ་མ་རིམ་ཅན་བྱོན་པའི་སྒྲུབ་གྲྭ། འོག་མིན་ས་ལ་གནས་པ་བྲག་སྟོད་ཕོ་བྲང་ཞེས་བྱ་བ་ཞིག་བྱུང་ངོ་། །

གསུངས་པའི་ལུང་བསྟན་ལྟར་ཕ་དྲུག་རྩད་གཅོད་བྱེད་ཀྱིན་ཕེབས་པས་མཁར་ལུང་མ་གཟིགས། སྲིད་ཕུ་ལ་ཕེབས། འཕགས་པའི་ལུང་གནང་བ་མིན་པར་འདུག་ཀྱང་དོ་ནུབ་འདིར་བསྡད། སང་ཉིན་འཚོལ་བར་འགྲོ་སྙམ་པས། སང་ཉིན་གཏོར་མ་ཞིག་མཛད་ནས་ཕེབས་དགོངས་ནས། དེའི་རྗེས་ལ་ཕེབས་པས་གོ་བོ་ལ་ཐོག་ཏུ་བྱ་གོ་བ་ཞིག་གིས་ལམ་འཁྲིད་པས་གོ་བོ་ལ་ཐོག་ཟེར་བ་དེ་ནས་བྱུང་། དེ་ནས་གཏོར་ཐེབས་སེང་གེ་ཕུག་ཏུ་ཡུད་ཙམ་བཞག་སོང་བར་ཞག་བདུན་དེར་བཞུགས། དེ་ནས་རྩ་གཅོད་ཀྱིན་ཕེབས་པས། ད་ལྟའི་སྐུ་གདུང་བཞུགས་ས་དེ་ཉིད་ན་བཞུགས་འདུག་པ། འཕགས་པའི་ལུང་བསྟན་པའི་གནས་གཞི་འདི་རང་ཡིན་པར་ཐག་ཆོད། ཆོས་སྐུ་ནམ་མཁའ་རིན་ཆེན་གྱིས་དེར་སྒྲུབ་གྲྭ་ཞིག་མཛད་རྒྱུར་ཐུགས་ཐག་བཅད་སྐབས། ང་ཡི་བླ་མ་དམ་པ་རྗེ་བཙུན་ལྷ་དབང་གྲགས་པའི་ཞལ་ནས། གནས་འདིར་ལྷག་པར་དར་རྒྱས་མཛད། དཔལ་ལྡན་བླ་མ་དེ་ནི་ངོ་བོ་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་རང་བཞིན་ལགས་ཤིང་། སོ་སོ་སྐྱེ་བོ་ཀུན་གྱི་མཐོང་སྣང་དང་བསྟུན་པའི་དབང་དང་བྱས་ན། མངའ་རིགས་སྟོད་ཕྱོགས་དང་ཉེ་བའི་མོན་ཡུལ་སྟིས་བྱུས་བྱ་བར་སྐུ་འཁྲུངས། སྟོད་ཕྱོགས་དང་ཡུལ་ལུང་མང་པོར་ཕེབས་ཏེ། རྒྱ་གར་གྲུབ་ཐོབ་འགའ་སོགས་དམ་པ་མང་པོར་བསྟེན་པ་དང་། ཁྱད་པར་དབུས་གཙང་གི་ཆར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ། རྩྭ་རིར་རྡོ་རྗེ་ཕག་མོ་དང་། མགོན་པོ་ཏྲཀྴད་མ་ཞལ་གཟིགས་པ། ལ་ཕྱི་སོགས་སུ་རྗེ་བཙུན་མི་ལ་བཞད་པ་དང་ལན་གཉིས་དངོས་སུ་ཞལ་གཟིགས་ཤིང་། གང་གི་ཐུགས་སྲས་ཀྱི་གཙོ་བོ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང་ཀུན་མཁྱེན་ཏཱ་ར་ནཱ་ཐ་སོགས་མང་དུ་བྱུང་། རྗེ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཁར་བྲག་སྟོད་སྒྲུབ་སྡེའི་འཛིན་སྐྱོང་ཀུན་མཁྱེན་ཏཱ་ར་ནཱ་ཐར་གཏད། དེ་རྗེས་བླ་མའི་དགོངས་རྫོགས་སུ་ད་ལྟའི་གཙུག་ལག་ཁང་འདི་གསར་བཞེངས་གནང་བ་དང་། ཕྱིས་སུ་དུས་དབང་གིས་མཆོད་རྒྱུན་ཉམས་ཆགས་ཇེ་ཞན་དུ་སོང་བ་ན། བར་སྐབས་དགོན་དེའི་གྲྭ་རྒྱུན་གྱི་ཚུལ་བཟུང་བ་སྐྱབས་རྗེ་ཚུལ་ཁྲིམས་བསྟན་དར་དེ་ཉིད་ཀྱིས་དགོན་པའི་རྟེན་དང་བརྟེན་པ་བཅས་པ་ཉམས་གསོ་མཛད།
དེ་ནས་ཀྱང་ལོ་རྒྱུན་མང་དུ་སོང་བས་གཙུག་ལག་ཁང་གི་ཕྱི་ནང་ཀུན་གཅོང་ཟོམ་ཤིན་ཏུ་ཆེ་བས། སླར་ཡང་དེ་ཉིད་ཀྱི་ཡང་སྲིད་ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྤྱི་ལོ་ ༡༩༢༣ ཆུ་གླང་ལོར་འཛིན་བདག་བླ་བྲང་བཀྲ་ཤིས་ལྷུན་པོར་སྙན་འབུལ་གྱིས་བདག་རྐྱེན་སྩལ་བར་བརྟེན། གྲྭ་ཚོགས་རྣམས་དང་། དད་སྦྱིན་ཁག་ལ་དགེ་བསྐུལ་གནང་སྟེ། སྤྱི་ལོ་ ༡༩༡༤ ཤིང་སྟག་ཟླ་བ་གཉིས་པའི་ཚེས་ལ་ལས་འགོ་བརྩམས་ཏེ་གཙང་ཁང་ཀ་བ་བཞི་ཡོད་པ་དང་། སྟེང་དུ་ལྷ་ཁང་། ཁྱམས། སྒོ་མཆོར་སོགས་སྟེང་ཤོད་ཁོར་ཡུག་སྤེན་བད་དང་བཅས་པ་གསར་བཞེངས་དང་འདྲ་བའི་ཉམས་གསོ་མཛད་ཅིང་། དེའི་ཕྱི་ལོ་རྡོ་གཅལ་དང་སྐུ་རྟེན་བཞུགས་ཁང་ཚོན་རྩི་ལྡེབས་རིས་སོགས་གང་ས་ནས་ཕུལ་དུ་ཕྱིན་པར་སྒྲུབ་པར་གནང་ཞིང་། ཉམས་གསོ་གནང་བའི་འགྲོ་གྲོན་ཙམ་བརྩིས་ན། འབྲུ་ཡུལ་ཁལ་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཞེ་གཉིས་དང་བྲེ་ལྔ། དངུལ་སྲང་དགུ་བརྒྱ་ཉི་ཤུ་རྩ་ལྔ་ཙམ་སོང་ཞིང་། ལྷག་པར་དུ་འབྱོར་ལྡན་གཙོ་ཆེར་རྒྱལ་མཚན་མཐོན་པོ་ནས་གསོས་སྩལ་འབྲུ་གཤོར་ཁལ་བརྒྱ་ཐམ་པ། བྲག་སྟོད་དགོན་ལག་དགུ་ནས་ཟུག་དོད་སྲང་ཉི་ཤུ་རྩ་གཉིས། བྲག་སྟོད་མི་སེར་མཁར་འཕྱོང་གཉིས་ནས་ལམ་དོད་སྲང་བཅོ་ལྔ། ཕ་དྲུག་མི་སེར་ནས་སྲང་བཅུ་ཐམ་པ། རྫ་སྤྲུལ་རིན་པོ་ཆེས་གསོས་སྩལ་སྲང་བདུན་དང་ཞོ་ལྔ། ཤེལ་ཆོས་དགོན་སྒེར་དང་། ཕ་དྲུག་མཁར་རྟ་བཅས་ཁྱོན་བསྡོམས་སྲང་ཉི་བརྒྱ་ལྔ་བཅུ་དང་ང་དྲུག་དང་ཞོ་གསུམ་གྱི་བདག་རྐྱེན་ལ་བསྟེན་ནས་གྲུབ་པར་མཛད་པ་ཡིན་ནོ།།

 

གཉིས་པ།༽ རྟེན་གཙོ་རྗེ་བཙུན་སྒྲོལ་མའི་ལོ་རྒྱུས།

རྗེ་བཙུན་སྒྲོལ་མའི་སྐུ་འདི་ཉིད་མངའ་རིས་གོང་མའི་ཡུམ། མངའ་བདག་ཕུན་ཚོགས་རྒྱལ་མོའི་ཐུགས་དམ་གྱི་རྟེན། ཡུམ་རང་གི་སྐུ་རྒྱན་གྱིས་རྒྱུ་ལས་བཞེངས། འདིའི་ཐུགས་དཀར་རྒྱལ་བ་རྒོད་ཚང་པའི་རྒོད་ཚང་ལ་ཐུགས་དམ་ལ་བཞུགས་ཏེ། ཉེ་གནས་ཀྱི་འཚོ་བ་སློང་བར་ཕྱིན་པས། རྐང་པ་ལ་ཁྱིམ་འདུས་པས་རྩིག་པ་བཟོས་ཏེ། རྩམ་པ་ཐང་ཁུག་གང་འབྱོར་བ་དེ་བླ་མའི་ཐུགས་ཀར་འཕངས། མི་ཚོའི་བླ་མར་གྲུབ་རྟགས་འདྲ་ཡོང་གི་ཁྱོད་ཀྱིས་དེ་འདྲ་མི་ཡོང་། བྲག་འདི་ལ་གསའ་ཕྲ་ཕྲ་བྱས་ནས་བསྡད། ད་ཁྱོད་ཀྱིས་གཡོག་མི་བྱེད་ཟེར་ནས་ཁྲེས་པོ་ཁུར་ནས་ཐོན་ཕྱིན་པས། ཕྱག་འཚལ་སྒང་དུ་སླེབས་ལོག་བྲོད་པ་ཞིག་ཀྱང་བྱུང་། བླ་མའི་གསུང་སྐད་ལྷང་ངེ་བ་གཅིག་ཀྱང་ཐོས་ནས་ལོག་ཕྱིན་པས། བླ་མ་སྣང་བ་ཟང་ཐལ་མ་འཐེན་ཅིང་། རྒོད་ཚང་ཤེལ་གྱི་བྲག་ཕུག་ཟན་ལྟར་གཅོད་ཀྱིན་བཞུགས་འདུག་པས། ཉེ་གནས་ཀྱི་ཁུར་པོ་ཕོག་ནས། འདི་རུ་མཆོད་ཁང་དང་། འདི་རུ་ཇ་ཁང་བཟོ་བྱས་པས། བླ་མའི་ཞལ་ནས་བུ། ཁྱོད་ཀྱིས་འཇིག་རྟེན་སྣང་བ་ད་དུང་མ་ཁེངས་གསུངས་པས། སྔར་གྱི་བཅད་རྣམས་བརླན་པས་ཕྱག་སྦར་གྱི་རྗེས་མངའ་རིས་གོང་མའི་ཕྱག་ཏུ་བྱུང་བ་འདིའི་ཐུགས་ཀ་ན་བཞུགས། དེ་ནས་སྨད་སྡེ་གཟར་ལྷོ་བདག་གི་སྐབས་སུ་ཤེལ་དཀར་དུ་ཕེབས་ནས། ད་ལྟའི་སྒྲོལ་མ་ལྷ་ཁང་གི་རྟེན་གཙོར་བཞུགས་པའི་སྐབས། སྐར་ཁུང་ཐད་དུ་ཕུག་རོན་བྱུང་བས། དུས་འཁོར་ནས་གཟིམ་ཆུང་བས་མདའ་བརྒྱབས་པ་སཀྲ་ཁུང་ལ་བཞུགས་ནས་ཕྱག་ངར་ལ་ཕོག་པས།

སྐུ་གཉེར་གྱིས་ཕུད་པས་ཨ་ཚ་ག་ལེར་བྱ་གསུངས་པ་དང་། གཞན་ཡང་གསུང་མང་དུ་བྱོན། ཉིན་ལྟར་བཞིན་ཞལ་ལྷོ་ཡི་ཕྱོགས་སུ་བསྒྱུར་ནས་བཞུགས་པ། གདུལ་བྱ་ལྷོ་ན་ཡོད་པར་བརྟེན། སྐུ་གཉེར་གྱི་རྒྱབ་ཏུ་ཁུར་ནས་འོལ་ཀ་ཕུག་ཏུ་གདན་དྲངས་པས། གདན་འདྲེན་མ་ཐུབ་པར་ལྷོ་རུ་ཞལ་བསྒྱུར་བ་ན་བལ་འདབ་ལས་ཡང་བ་གྱུར་ཏེ། རིམ་པར་སྤང་ལ་མགྲོན་ཆད་གོང་འོག་ཅེས་པའང་དེའི་ཚགས་མཛད་པའི་མིང་དང་། དེ་ནས་གསུང་བྱོན་ཏེ་ངའི་སྡོད་གནས་བྲག་སེང་གེ་འདྲ་བའི་མདུན་དུ་སྐྱོལ་གསུངས། གནས་མཆོག་འདིར་ཕེབས། སྔ་ཁུལ་དེར་ཆུ་ཤིན་ཏུ་དཀོན་པས་ཆུ་རྫིང་ལ་བརྟེན་དགོས་པ། དེ་ནས་བཟུང་ཕུ་ཆུ་ཤིན་ཏུ་ཆེ་བ་ད་ལྟའི་བར་རྒྱུན་མི་ཆད་པར་འབབ་པ་ནི། རྗེ་བཙུན་སྒྲོལ་མའི་ཐུགས་རྗེའི་མངོན་སུམ་མཚན་མར་གྲུབ་པ་ཞིག་ཡིན་ནོ།།

ཁུངས་ལུང་ནི། རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུའི་གསུང་འབུམ་ལ་བཏུས་ཏེ་བསྟན་འཛིན་མཆོག་གྲུབ་ནས་མདོར་བསྡུས་སུ་བཀོད་པ་ཞིག་ཡིན་ནོ།།

 

བརྒྱུད་སྐུལ།

མཆན་སྤེལ།