དཀར་ཆག
མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ། སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ཕྱོགས་ཙམ་བརྗོད་པ། རྗེ་བཙུན་བྱམས་པ་མགོན་པོའི་རྣམ་ཐར། འཕགས་པ་ཐོགས་མེད་ཀྱི་རྣམ་ཐར། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར། འཕགས་པ་རྣམ་གྲོལ་སྡེའི་རྣམ་ཐར། བཙུན་པ་རྣམ་གྲོལ་སྡེའི་རྣམ་ཐར། མཁས་མཆོག་མཆོག་གི་སྡེའི་རྣམ་ཐར། མཁས་མཆོག་དུལ་བའི་སྡེའི་རྣམ་ཐར། རྣམ་སྣང་མཛད་བཟང་པོའི་རྣམ་ཐར། སེང་གེ་བཟང་པོའི་རྣམ་ཐར། ཀུ་ས་ལིའི་རྣམ་ཐར། དགེ་བ་ཅན་གྱི་རྣམ་ཐར། གསེར་གླིང་པའི་རྣམ་ཐར། འཇམ་དཔལ་དབྱངས་ཀྱི་རྣམ་ཐར། ཀླུ་སྒྲུབ་ཀྱི་རྣམ་ཐར། ཟླ་བ་གྲགས་པའི་རྣམ་ཐར། རིག་པའི་ཁུ་བྱུག་ཆེ་བའི་རྣམ་ཐར། རིགས་པའི་ཁུ་བྱུག་ཆུང་བའི་རྣམ་ཐར།
དཔལ་ལྡན་ཨ་ཏི་ཤས་ལམ་རིམ་བརྒྱུད་རིམ་ལས་རླབས་ཆེན་སྤྱོད་རྒྱུད་ཀྱི་བླ་རྒྱུད་བཤད་པ། རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར། སློབ་དཔོན་ཨེ་ལ་དྷ་རིའི་རྣམ་ཐར། སློབ་དཔོན་དཔའ་བོ་རྡོ་རྗེའི་རྣམ་ཐར། རིན་ཆེན་དཔལ་གྱི་རྣམ་ཐར། མར་མེ་མཛད་ཀྱི་རྣམ་ཐར། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར། དཔལ་ལྡན་མགོན་པ་བའི་རྣམ་ཐར། ཡེ་ཤེས་འབར་བའི་རྣམ་ཐར། ཐག་མ་བའི་རྣམ་ཐར། ནམ་མཁའ་སེངྒེའི་རྣམ་ཐར། པོ་ཏོ་བའི་རྣམ་ཐར། ཤ་ར་བའི་རྣམ་ཐར། འཆད་ཁ་བའི་རྣམ་ཐར། སེ་སྤྱིལ་བུ་བའི་རྣམ་ཐར། ལྷ་ལུང་གི་དབང་ཕྱུག་གི་རྣམ་ཐར། ལྷ་འགྲོ་བའི་མགོན་པོའི་རྣམ་ཐར། དར་མ་བསོད་ནམས་ཀྱི་རྣམ་ཐར། མཚོ་སྣ་པའི་རྣམ་ཐར། ཚུལ་ཁྲིམས་བཀྲ་ཤིས་ཀྱི་རྣམ་ཐར། ཆོས་སྐྱབས་བཟང་པོའི་རྣམ་ཐར། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་རྣམ་ཐར། གཞོན་ནུ་འོད་ཀྱི་རྣམ་ཐར། གཞོན་ནུ་གྲགས་པའི་རྣམ་ཐར། སངས་རྒྱས་དབོན་སྟོན་གྱི་རྣམ་ཐར། ནམ་མཁའ་རྒྱལ་པོའི་རྣམ་ཐར། སེངྒེ་བཟང་པོའི་རྣམ་ཐར། རྒྱལ་སྲས་བཟང་པོའི་རྣམ་ཐར། ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར། རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་ཐར། བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར། ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར། འཇམ་དཔལ་རྒྱ་མཚོའི་རྣམ་ཐར། དགེ་ལེགས་དཔལ་བཟང་པོའི་རྣམ་ཐར། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར། གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་རྣམ་པར་ཐར། དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར། བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར། བློ་བཟང་བརྩོན་འགྲུས་རྒྱལ་མཚན་གྱི་རྣམ་ཐར། དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར། བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། འཇམ་དབྱངས་ཆོས་འཕེལ་གྱི་རྣམ་ཐར། བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར། བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར། བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར། དགེ་ལེགས་རྒྱ་མཚོའི་རྣམ་ཐར། བཟོད་པ་རྒྱ་མཚོའི་རྣམ་ཐར། རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར། བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར། ཤེས་རབ་སེང་གེའི་རྣམ་ཐར། དགེ་འདུན་གྲུབ་པའི་རྣམ་ཐར། ནོར་བཟང་རྒྱ་མཚོའི་རྣམ་ཐར། དགེ་འདུན་རྒྱ་མཚོའི་རྣམ་ཐར། དགེ་ལེགས་དཔལ་བཟང་གི་རྣམ་ཐར། བསོད་ནམས་དཔལ་བཟང་པོའི་རྣམ་ཐར། བསོད་ནམས་རྒྱ་མཚོའི་རྣམ་ཐར། སྤྱན་སྔ་ཆོས་དཔལ་བཟང་པོའི་རྣམ་ཐར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར། ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། སྦྱིན་པ་རྒྱ་མཚོ་སྟེ་ངག་དབང་དཔལ་བཟང་གི་རྣམ་ཐར། བྱམས་པ་ཆོས་ལྡན་གྱི་རྣམ་ཐར། ངག་དབང་ཆོས་ལྡན་གི་རྣམ་ཐར། བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར། ཇོ་བོ་རྗེའི་ལམ་རིམ་མན་ངག་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ལས་རླབས་ཆེན་སྤྱོད་རྒྱུད་ཀྱི་བརྒྱུད་རིམ། བདེ་བ་དཔལ་གྱི་རྣམ་ཐར། གྲགས་པ་གཞོན་ནུའི་རྣམ་ཐར། བསོད་ནམས་གྲགས་པའི་རྣམ་ཐར། ཐོགས་མེད་བཟང་པོ་དཔལ་གྱི་རྣམ་ཐར། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གསང་བདེ་འཇིགས་གསུམ་གྱི་ཆོས་སྐོར་བརྒྱུད་རིམ་གྱི་མཚན་བྱང། དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་བརྒྱུད་རིམ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་བརྒྱུད་རིམ། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མ་ཡིན་པ་བཀའ་གདམས་ཐེག་ལེ་བཅུ་དྲུག་གི་བརྒྱུད་རིམ། མཇུག་བྱང། དཔར་བྱང་སྨོན་ཚིག།
༄༅། ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབ། །
གསོལ་བ་བཏབ་ན་དངོས་གྲུབ་ཀུན་སྩོལ་ཞིང་། །
བཀའ་བཞིན་བསྒྲུབས་ན་སྐུ་གསུམ་ཐོབ་མཛད་པ། །
སྟོན་པ་ཐུབ་པའི་དབང་པོ་ལ་ཕྱག་འཚལ། །
རབ་འབྱམས་ཞིང་ཀུན་སྤྲུལ་པས་ལེགས་བཀང་སྟེ། །
རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་མཛད་པ། །
རྒྱལ་ཚབ་མི་ཕམ་མགོན་དང་འཇམ་པའི་དབྱངས། །
བྱང་ཆུབ་སྙིང་པོའི་བར་དུ་གཙུག་གིས་མཆོད། །
རབ་བརྟན་བྱང་ཆུབ་སེམས་ཀྱི་སྡོང་པོ་ལ། །
རླབས་ཆེན་སྤྱོད་པའི་ཡལ་འདབ་རབ་ཏུ་རྒྱས། །
དོན་གཉིས་འབྲས་བུས་འགྲོ་ཀུན་ཚིམས་མཛད་པ། །
རྒྱ་ཆེན་སྤྱོད་རྒྱུད་བླ་མ་རྣམས་ལ་འདུད། །
ཟབ་ཞི་སྤྲོས་དང་བྲལ་བའི་མཁའ་དབྱིངས་དབུས། །
ཡེ་ཤེས་རྡོ་རྗེའི་ཉིན་བྱེད་འོད་སྣང་གིས། །
འགྲོ་བློའི་མ་རིག་མུན་པ་སེལ་མཛད་པ། །
ཟབ་མོ་ལྟ་རྒྱུད་བླ་མ་རྣམས་ལ་འདུད། །
ཟབ་དང་རྒྱ་ཆེའི་ལམ་གྱི་རིམ་པ་ཀུན། །
རབ་གསང་བྱིན་རླབས་རིན་ཆེན་འབྱུང་གནས་ཆེར། །
ཐབས་མཁས་གྲུ་ཡིས་མྱུར་དུ་བགྲོད་མཛད་པ། །
བྱིན་རླབས་ཉེ་རྒྱུད་བླ་མ་རྣམས་ལ་འདུད། །
བརྒྱུད་པ་གསུམ་ལྡན་མན་ངག་སྙིང་པོའི་བཅུད། །
རིན་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །
བྱང་ཕྱོགས་དམུ་རྒོད་འགྲོ་རྣམས་འདུལ་མཛད་པ། །
མགོན་པོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
བློ་ཆེན་རྒྱལ་དང་རྒྱལ་སྲས་ཀུན་གྱི་མཛད་པ་འཕྲིན་ལས་བཟང་པོ་མ་ལུས་གང་གི་སྙིང་སྟོབས་ཡངས་པའི་གྲྭ་གཅིག་ན། ། ངལ་བསོ་བགྱིས་པས་རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན་ཞེས་སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོས་རབ་སྒྲོགས་པ། ། བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་ཟས་གཙང་སྲས་པོ་འཇམ་མགོན་བླ་མ་བདག་གི་སྤྱི་གཙུག་མཛེས་པའི་རྒྱན་དུ་རྟག་བཞུགས་ལ། ། ཉིད་ཀྱི་ལེགས་བཤད་བདུད་རྩིའི་ཆུ་ཡིས་བདག་བློའི་འདབ་བརྒྱ་ཆ་ཚང་ལམ་གྱི་བདུད་རྩིའི་སྙིང་པོ་ཅན་དུ་མཛད་དུ་གསོལ། ། རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས། ། བདག་གི་དགེ་བའི་བཤེས་སུ་ལེགས་ཤར་བ། ། མ་ནོར་ལམ་སྟོན་དྲིན་ཅན་བླ་མ་ལ། ། སྙིང་ནས་འདུད་དོ་རེ་བ་འབྲས་ལྡན་མཛོད། ། ལྷ་བཅས་འགྲོ་བ་ཀུན་གྱི་ཕན་བདེའི་གཞི། ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། ། བྱང་ཆུབ་ལམ་རིམ་བླ་མ་བརྒྱུད་པ་ཡི། ། རྟོགས་པ་བརྗོད་ལ་བདག་བློ་སྤྲོ་བ་སྐྱེས། ། དེ་ལ་འདིར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མ་ལུས་གང་ལས་འབྱུང་བའི་རྒྱུ་གཅིག་པུ་རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོའི་དོན་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་ཧྲིལ་གྱིས་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ལེགས་པར་སྟོན་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི་གང་བཤད་པར་བྱ་བ་ལ།
༈ སྟོན་པ་ཐུབ་པའི་དབང་པོའི་མཛད་རྣམ་མདོར་བསྡུས།
དེ་ཡང་ཆུ་འགོ་གངས་ལ་ཐུག་པ་ཞིག་དགོས་པ་ལྟར་དམ་པའི་ཆོས་ཀྱི་བརྒྱུད་པའང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་པ་ཞིག་དགོས་པས་ཐོག་མར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཅན་དེ་ཉིད་ཀྱི་རྣམ་པར་ཐར་པ་ཕྱོགས་ཙམ་ཞིག་བརྗོད་པར་བྱའོ། ། དེ་ལ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ནི་བརྒྱ་ལམ་ན་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པར་གསུངས་ལ། དེའི་རྒྱུ་མཚན་ཡང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ལ་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་དུས་རིང་དཔག་ཏུ་མེད་པར་ཚོགས་གཉིས་རླབས་པོ་ཆེ་བསགས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་དང་། གདུལ་བྱ་རྣམས་རྒྱུད་ཡོངས་སུ་སྨིན་པ་སོགས་རྟེན་འབྲེལ་མཐའ་ཡས་པ་ཞིག་འགྲིག་པ་ན་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཡིན་ལ། དེ་ལྟ་བུའི་རྟེན་འབྲེལ་འགྲིག་པ་ཤིན་ཏུ་དཀའ་བས་འཇིག་རྟེན་འདི་ཕལ་ཆེར་མུན་བསྐལ་ཤ་སྟག་ཏུ་གནས་ཤིང་། སངས་རྒྱས་འབྱོན་པའི་སྒྲོན་བསྐལ་ནི་བརྒྱ་ལམ་ན་སྲིད་པ་ཙམ་མོ། ། དེ་ཙམ་དུ་དཀོན་པ་ཅི་ཡིན་སྙམ་ན། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། ། གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། ། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། ། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། ། ཞེས་གསུངས་པ་ལྟར། ཁམས་གསུམ་གྱི་འཁོར་བའི་སེམས་ཅན་རྣམས་ལ་དགེ་སེམས་ཕྲ་མོ་རེ་སྐྱེ་བ་ཡང་ཤིན་ཏུ་དཀའ་ཞིང་། དགེ་སེམས་གང་སྐྱེ་བ་ཐམས་ཅད་སངས་རྒྱས་ཀྱི་མཐུ་ཁོ་ན་ལ་བལྟོས་ལ། སངས་རྒྱས་ལ་དད་པ་སོགས་དགེ་སེམས་ཕྲ་མོ་རེ་སྐྱེ་བ་ཡང་ཤིན་ཏུ་དཀོན་ན། དཀོན་མཆོག་གསུམ་ལ་དད་པ་རྙེད་ནས་ལས་དཀར་ནག་གི་སྤང་བླངས་ཚུལ་བཞིན་དུ་བྱེད་པ་དང་། སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གིས་བསྐུལ་ནས་ཐར་པའི་ལམ་ལ་སློབ་པ་རྣམས་དཀོན་པ་ལྟ་ཅི་སྨོས། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་ཐར་ལམ་ལ་སློབ་པའང་ཤིན་ཏུ་དཀོན་ན། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་དུས་བསྐལ་པ་གྲངས་མེད་མང་པོར་བར་མ་ཆད་དུ་སློབ་པ་དང་བསླབས་པ་མཐར་ཕྱིན་པ་ཤིན་ཏུ་དཀོན་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཤིན་ཏུ་དཀོན་པར་དྲི་མ་མེད་པའི་རིགས་པས་ལེགས་པར་གྲུབ་བོ། ། དེ་ལྟར་སངས་རྒྱས་འབྱོན་དཀའ་བ་ལས་བསྐལ་པ་འདི་ལ་ནི་སངས་རྒྱས་སྟོང་འབྱོན་པས་བསྐལ་པ་བཟང་པོ་ཞེས་བརྗོད་པ་ཡིན་ཏེ། སྔོན་མི་མཇེད་ཀྱི་འཇིག་རྟེན་འདི་ཐོག་མར་ཆགས་པའི་དུས་ཆུའི་དཀྱིལ་འཁོར་ཆགས་པའི་ཚེ་མཚོ་ནང་ནས་པདྨ་སྟོང་འཐོན་པ། གནས་བཙང་མའི་ལྷ་རྣམས་ཀྱིས་མཐོང་ནས་འདི་གང་གི་ལྟས་ཡིན་སྙམ་དུ་བརྟགས་པ་ན་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་གོ་ནས། ཨེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་ཆེད་དུ་བརྗོད་པར་སྙིང་རྗེ་པདྨ་དཀར་པོ་ལས་བཤད་དོ། ། དེ་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བཞི་ཁྲི་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་བྱོན། ཚེ་ལོ་སུམ་ཁྲི་པའི་དུས་སུ་སངས་རྒྱས་གསེར་ཐུབ་བྱོན། ཚེ་ལོ་ཉི་ཁྲི་པའི་དུས་སུ་རྒྱལ་བ་འོད་སྲུངས་བྱོན། རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་བྱོན་པ་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་ཐོག་མར་ཐུགས་ཇི་ལྟར་བསྐྱེད་པའི་ཚུལ་ནི། མདོ་སྡེ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། ། འཇམ་གང་ཞིག་གི་དབུལ་བ་བྱས་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། ཞེས་གསུངས་པ་ལྟར། རྫ་མཚན་གྱི་བུ་ཁྱེའུ་སྣང་བྱེད་དུ་སྐུ་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ་རྫའི་བུམ་པ་འཇམ་གྱིས་བཀང་བ་མེ་ལོང་གིས་ཁ་བརྒྱན་པ་སོགས་མཆོད་པའི་ཡོ་བྱད་ཅི་ཡོད་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང། ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང། ། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། ། དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག ། ཅེས་བརྗོད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་དོ། ། གཞན་ཡང་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་རང་ཅག་ཁམས་གསུམ་གྱི་འགྲོ་བ་འཁོར་བའི་གནས་ན་ཉོན་མོངས་ཤིང་སྡུག་བསྔལ་བརྒྱ་ཕྲག་དུ་མས་མནར་བ་རྣམས་ཐུགས་ཀྱིས་མ་བཟོད་ནས། དེ་བཞིན་གཤེགས་པ་བགྲང་བ་ལས་འདས་པ་དག་གི་སྤྱན་སྔར་ཐུགས་བསྐྱེད་ཅིང་སྨོན་ལམ་འདེབས་པར་མཛད་དེ། དེ་ཡང། སྟོན་པས་སྔོན་དེ་བཞིན་གཤེགས་པ་བགྲང་བ་ལས་འདས་པའི་སྤྱན་སྔར་ཐུགས་བསྐྱེད་མཛད་པ་ལས། འདིར་མདོ་སྡེ་ལས་འབྱུང་བ་ལྟར་གཙོ་ཆེ་བ་འགའ་ཞིག་སྨོས་ན། དྲིན་ལན་བསབ་པའི་མདོ་ལས་གསུངས་ཚུལ་ནི། སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སྔོན་དམྱལ་བའི་ཤིང་རྟ་འདྲེན་པར་འཁྲུངས་པ་ན། གྲོགས་ཟླ་བོ་ཞིག་དང་གཉིས་ཀྱིས་ལྕགས་བསྲེགས་ཀྱི་ས་གཞིར་གཤིན་རྗེ་ཨ་གླང་གི་ཤིང་རྟ་འདྲེན་པ་ལས་ཟླ་བོ་དེ་ཉམ་ཆུང་བས་ཤིང་རྟ་འདྲེན་མ་ནུས་པ་ན། གཤིན་རྗེ་ཨ་གླང་གིས་ལྕགས་ཀྱི་མདུང་རྩེ་གསུམ་པ་བྲང་ལ་བསྣུན་པས་ཁྲག་གི་ཆར་བབ་ཅིང་སྡུག་བསྔལ་གྱིས་ཉམ་ཐག་ནས་སྨྲེ་སྔགས་འདོན་པ་ན། དེ་ལ་བཟོད་གླགས་མེད་པའི་སྙིང་རྗེ་འཁྲུངས་ནས་སེམས་ཅན་འདི་སྡུག་བསྔལ་ལས་ཐར་བར་བྱས་ཏེ་དམྱལ་བའི་སྡུག་བསྔལ་འདི་ང་གཅིག་པུས་བཟོད་པར་བྱའོ་སྙམ་དུ་ཐུགས་བསྐྱེད་ཅིང། སེམས་ཅན་དེས་མཚོན་ནས་ལས་ངན་པའི་དབང་གིས་དམྱལ་བར་ལྷུང་བ་དང་ལྟུང་བར་འགྱུར་བའི་སེམས་ཅན་ཐམས་ཅད་ལ་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། གཤིན་རྗེ་ཨ་གླང་ལ་སེམས་ཅན་ཉམ་ཐག་འདི་ཐོངས་ལ་འདིའི་ཐག་པའང་ངའི་མགོ་ལ་སྐོན་ཅིག ། ང་གཅིག་པུས་དྲང་བར་བྱའོ་ཞེས་གསུངས་པ་ན། ཨ་གླང་ཁྲོས་ནས་ལྕགས་ཀྱི་མདུང་རྩེ་གསུམ་པ་བསྣུན་པས་བསྐལ་པ་བརྒྱར་བསགས་པའི་སྡིག་པ་དག་ཅིང། དེ་ནས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པར་གསུངས་སོ། ། འདི་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཐུགས་བསྐྱེད་པའི་ཐོག་མ་ཡིན་པ་དང། དེ་ནས་བཟུང་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་རྒྱུན་མ་ཆད་པར་བསྐྱེད་པར་མཛངས་བླུན་ལས་གསུངས་སོ། ། ཐུགས་བསྐྱེད་ཚུལ་འདུལ་བ་ལུང་ལས་གསུངས་པ་ནི། ལུང་སྨན་གྱི་གཞི་ལས། སྟོན་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པས་ཐོག་མར་གང་དུ་སེམས་བསྐྱེད་ལགས་ཞུས་པ་ན། སྟོན་པས་བཀའ་སྩལ་པ། སྔོན་རྒྱལ་པོ་འོད་ལྡན་ཞེས་བྱ་བའི་ཡུལ་དུ་གླང་པོ་རིན་པོ་ཆེ་མེ་ཏོག་ཀུ་མུ་དའི་མདོག་ལྟར་དཀར་བ། ཡན་ལག་བདུན་ཤིན་ཏུ་གནས་པ་ཞིག་བྱུང་སྟེ། དེ་རྒྱལ་པོ་འོད་ལྡན་གྱིས་མཐོང་ནས་གླང་པོ་འདུལ་མཁན་ལ་འདི་དུལ་བར་བྱོས་ལ་ང་ལ་ཕུལ་ཅིག་ཅེས་གསུངས་པས། གླང་པོ་འདུལ་མཁན་གྱིས་བཀའ་བཞིན་འཚལ་ཞེས་ཟེར་ཏེ། དེ་དུལ་བར་བྱས་ནས་རྒྱལ་པོ་ལ་ཕུལ་བ་དང། རྒྱལ་པོས་གླང་པོ་ལ་ཞོན་འདུལ་མཁན་ཡང་གོང་དུ་ཞོན་ཏེ་རི་དྭགས་གཤོར་དུ་སོང་བ་ན། གླང་པོ་ཆེ་དེས་གླང་མོའི་དྲི་ཚོར་ཏེ་རྗེས་བཞིན་དུ་བརྒྱུགས་ནས་རླུང་ལྟར་ཁྱེར་བ་དང། རྒྱལ་པོ་འོད་ལྡན་གྱིས་གླང་པོ་འདུལ་མཁན་ལ། ནམ་མཁའ་འགུལ་བ་འདྲ་ཞིང་ཕྱོགས་ཀུན་མྱུར་དུ་འགྲོ་བ་འདྲ་བ་འདི་བཟློག་ཅིག ། དེས་བཟློག་མ་ནུས་ཏེ་རྒྱལ་པོ་ལ་གླང་པོ་འདི་མི་ཐུབ་ཀྱིས་ཤིང་གི་ཡལ་ག་ལ་འཇུས་མཛོད་ཅིག་བྱས་པས། རྒྱལ་པོས་ཤིང་གི་ཡལ་ག་ལ་འཇུས་པས་སྲོག་གི་འཇིགས་པ་ལས་ཐར་རོ། ། དེ་ནས་རྒྱལ་པོས་གླང་པོ་འདུལ་མཁན་ལ་ཁྱོད་ཀྱིས་གླང་པོ་མ་ཐུལ་བར་ང་ལ་ཕུལ་ལོ། ། དེས་སྨྲས་པ། ལྷ། བདག་གིས་ཤིན་ཏུ་དུལ་མོད་ཀྱིས། གླང་མོའི་དྲི་ཚོར་ནས་ཉན་དུ་མ་བཏུབ་ལགས་སོ། ། འོན་ཀྱང་དཔྱད་དྲན་ཏེ་ལོག་ནས་མཆིའོ་ཞེས་ཞུས་སོ། ། དེ་ནས་གླང་པོ་དེ་མྱོས་པ་དང་བྲལ་ཏེ་ཞག་བདུན་ལོན་པ་དང། དཔྱད་དྲན་ཏེ་རང་གི་གནས་སུ་འོངས་སོ། ། དེ་ནས་འདུལ་མཁན་གྱིས་རྒྱལ་པོ་ལ་གླང་པོ་མཆིས་ལགས་སོ། ། རྒྱལ་པོས་སྨས་པ། ཁྱོད་ཀྱིས་འདི་མ་ཐུལ་ལོ། ། ལྷ། ཐུལ་ལོ། ། ཅིས་མངོན། ལྷའི་སྤྱན་སྔར་ཕབ་པར་བགྱིའོ་ཞེས་དེས་ལྕགས་ཀྱི་ཐུ་ལུམ་མེས་བསྲེགས་ཏེ་དཔྱད་ཀྱི་སར་ཁྱེར་ནས་ལེན་དུ་གཞུག་པར་བརྩམས་པས། བག་ཚ་བ་མེད་པར་ལེན་ནོ། ། དེ་མཐོང་ནས་གླང་རྫིས་རྒྱལ་བོ་ལ་གསོལ་པ། ལྷ། ལེན་དུ་ནི་བཏུབ་ཀྱང་འགུམ་ལགས་སོ། ། རྒྱལ་པོས་སྨྲས་པ། ཀྱེ་མཁས་པ། དེ་ལྟར་ཤིན་ཏུ་དུལ་བ་འདིས་བདག་ཅག་གཡེངས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། གླང་རྫིས་གསོལ་པ། ལྷ། བདག་གིས་སྔར་ལུས་དུལ་གྱི་སེམས་མ་དུལ་ལོ་ཞེས་མ་གསོལ་ཏམ། བདག་ནི་ལུས་འདུལ་བ་ལགས་ཀྱི། སེམས་འདུལ་བ་ནི་མ་ལགས་སོ། ། རྒྱལ་པོས་སྨྲས་པ། སེམས་འདུལ་བ་འགའ་ཡོད་པ་ཐོས་སམ་ཞེས་དྲིས་པ་ན། གླང་པོ་ཆེ་འདུལ་མཁན་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ནི་བྱིན་རླབས་དང་ནུས་མཐུ་ཞུགས་ནས་དེས་སྨྲས་པ། ལྷ། ལུས་དང་སེམས་གཉིས་ཀ་འདུལ་བར་བྱེད་པ་སངས་རྒྱས་བཅོམ་ལྡན་འདས་མཆིས་སོ། ། རྒྱལ་པོ་ཆེན་པོ་སངས་རྒྱས་མཐུ་བོ་ཆེ། ། ཉོན་མོངས་སྤངས་པ་དཔའ་བོ་སྟོབས་ལྡན་པ། ། དེ་དང་གང་དག་དེ་ལྟར་རྗེས་འབྲང་བ། ། དེ་དབང་འདིར་ནི་གཟུགས་མེད་སེམས་འགྱུར་རོ། ། ཞེས་སོགས་སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱ་ཆེར་བསྒྲགས་སོ། ། དེ་ནས་རྒྱལ་པོ་འོད་ལྡན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བརྩོན་འགྲུས་དང་སྟོབས་ཐོས་ནས་ཤིན་ཏུ་དད་དེ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་སུ། ། འགྲོ་བར་རང་བྱུང་སངས་རྒྱས་གྱུར་ནས་ནི། ། སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བ། ། སྐྱེ་བོའི་ཚོགས་དག་བདག་གིས་བསྒྲལ་བར་བྱ། ། བདག་གིས་སྐྱེ་དགུ་ལེགས་བསྐྱངས་ལས་བྱུང་བའམ། ། བཏང་བ་ལས་བྱུང་བསོད་ནམས་ཡོད་པ་དང། ། དེས་ནི་སངས་རྒྱས་ཉིད་ཐོབ་འཇིག་རྟེན་དག ། འདོད་པའི་རིམས་ནད་ལས་ནི་ཐར་བར་བྱ། ། ཞེས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་གསུངས་སོ། ། མ་བསྐྱེད་དགྲའི་བགྱོད་པ་བསལ་བའི་མདོ་ལས་ཐུགས་བསྐྱེད་ཚུལ་གསུངས་པ་ནི། དེ་བཞིན་གཤེགས་པ་སྔོན་འདས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པའི་སྔོན་རོལ་གྱི་ཡང་སྔོན་རོལ་ན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་འཁྲུངས་པའི་ཚེ། རྗེ་བཙུན་འཇག་དཔལ་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་འཁྲུངས་པ་དེས་བསྐུལ་ནས་དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་གྱི་སྤྱན་སྔར་ཁྲིད་ནས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་བསོད་སྙོམས་འབུལ་དུ་བཅུག་པ་ན། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་བ་ཞེས་བྱ་བ་དེས་ཀྱང་བསོད་སྙོམས་ཕུལ་ནས་བསོད་སྙོམས་གཅིག་ཕུལ་བས། དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་འཁོར་ཉན་ཐོས་བརྒྱད་ཁྲི་བཞི་སྟོང་དང་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་བཅས་པ་ཁྱབ་ཅིང་ཐམས་ཅད་ཀྱིས་ཚིམ་པར་བཞེས་ཀྱང་བསོད་སྙོམས་དེ་ཟད་པར་མ་གྱུར་པ་ན་ཁྱེའུ་དེ་རབ་ཏུ་དགའ་ཞིང་དད་པ་ལྷག་པར་སྐྱེས་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུག་པ་དང། དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་གྱིས་ཁྱེའུ་དེ་ལ་བྱང་ཆུབ་ཀྱི་ལམ་བསྟན་པ་ན། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་བས་ཕྱིར་མི་ལྡོག་པའི་དད་པ་ཆེན་པོས་སྐྱབས་སུ་སོང་ཞིང་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས་སོ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སྟོན་པའི་སྔོན་ཐུགས་བསྐྱེད་ཚུལ་དང་ས་ལམ་རིམ་གྱིས་བགྲོད་ཚུལ་གསུངས་པ་ནི་མདོ་དེ་ཉིད་ལས། དེ་བཞིན་གཤེགས་པ་སྔོན་འདས་པའི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་ན། ཆོས་ཀྱི་རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་བུ་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བར་འཁྲུངས་པའི་ཚེ་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། དེ་བཞིན་གཤེགས་པ་དེས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཡིད་འདུན་པར་བྱས་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་ཚུལ་རྒྱས་པར་བསྟན་ཅིང། སྟོབས་བཅུ་དང་མི་འཇིགས་པ་བཞི་དང། མ་འདྲེས་པ་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྒྱ་ཆེར་བསྒྲགས་པ་ན། གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཐེག་པ་ཆེན་པོའི་ལམ་ལ་ཕྱིར་མི་ལྡོག་པའི་ངེས་པ་བརྟན་པོ་ཐོབ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་མཆོད་པའི་དངོས་པོ་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས་སོ། ། དེ་ནས་བསྐལ་པ་ཆེན་པོ་གྲངས་མེད་པ་གཅིག་འདས་པ་ན་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་གིས་ཚོང་དཔོན་ཤེས་རབ་བཟང་པོ་ལ་བྱང་ཆུབ་ཀྱི་ལམ་རྒྱས་པར་བསྟན་ཅིང། རྫུ་འཕྲུལ་གྱི་བཀོད་པ་དུ་མའང་བསྟན་པས་དད་པ་དང་དགའ་བ་རྒྱ་ཆེན་པོ་དང་བྱང་ཆུབ་ཀྱི་ལམ་ལ་ཕྱིར་མི་ལྡོག་པའི་ངེས་པ་བརྟན་པར་གྱུར་ནས། ཚོང་དཔོན་ཤེས་རབ་བཟང་པོས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་སྟོང་དུ་མཆོད་ཅིང་བསྙེན་བཀུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་བྱང་ཆུབ་ཀྱི་ལམ་རྣམས་ཡོངས་སུ་བསྒྲུབ་བོ། ། དེ་ནས་བསྐལ་པ་གྲངས་མེད་པ་གཅིག་འདས་པ་ན་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། དགའ་བ་དང། མགུ་བ་དང། དད་པ་རྒྱ་ཆེན་པོས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་སྤྱན་སྔར་ལོ་བཅུ་གཉིས་སུ་རལ་པ་གསེར་གྱི་མདོག་ཅན་བཏིང་ནས། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ན་བདག་འདི་ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་ཡི་དམ་བཅས་སོ། ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀུན་ནས་སྤྱན་ཀུན་ནས་མཁྱེན་པ་དུས་གསུམ་གང་ཡང་མི་མཁྱེན་པ་ཅུང་ཟད་ཀྱང་མེད་པ་དེས་བྲམ་ཟེའི་ཁྱེའུ་སྤྲིན་གྱི་བསམ་པ་མཁྱེན་ནས། དེའི་རལ་པ་གསེར་གྱི་ཁ་དོག་ལྟ་བུ་ལ་ཞབས་བཞག་གོ ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་ལངས་ནས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་ཨུཏྤ་ལས་སྙིམ་པ་བཀང་སྟེ་གཏོར་རོ། ། གཏོར་མ་ཐག་ཏུ་དེའི་ཚེ་དེ་བཞིན་གཤེགས་པའི་དབུའི་གཙུག་གི་སྟེང་གི་ཐད་དུ་ཨུཏྤལའི་ཁང་པ་བརྩེགས་པ་གྲྭ་བཞིར་ཀ་བ་བཞི་ཟུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ། ཉམས་དགའ་བ། ཡིད་དུ་འོང་བ་ཞིག་གནས་པར་གྱུར་ཏེ། ཁང་པ་བརྩེགས་པ་དེ་ནའང་དེ་བཞིན་གཤེགས་པའི་སྐུ་སྣང་ངོ་། ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྲམ་ཟེའི་ཁྱེའུ་ཁྱོད་དགེ་བའི་རྩ་བ་འདིས་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་བདག་ཉིད་ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་ཡིད་བདེ་བ་བསྐྱེད་ནས་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། ། དེ་བཟོད་པ་ཐོབ་ནས་སྟེང་གི་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་དྲུག་སྟོང་མངོན་དུ་གྱུར་ཅིང། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མངོན་དུ་གྱུར་ཏོ། ། ཞེས་གསུངས། ལྷག་པར་སྟོན་པ་ཐུགས་རྗེ་ཅན་འདིས་རང་ཅག་རྩོད་ལྡན་སྙིགས་མ་ལྔ་བདོའི་འགྲོ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱིས་འདུལ་མ་ནུས་པར་ཡལ་བར་བོར་བ་རྣམས་ཐུགས་རྗེས་མ་བཟོད་པར་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འཁྲུངས་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་དུ་བཞག་སྟེ། སྤྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འདུལ་མ་ནུས་པར་ལུས་ཤིང། ཁྱད་པར་བསྐལ་པ་བཟང་པོ་འདི་ལ་འབྱོན་པའི་སངས་རྒྱས་འཁོར་བ་འཇིག་ནས། ཐ་མ་མོས་པ་སྣང་མཛད་ལ་ཐུག་གི་བར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ཀྱིས་རང་རང་གི་ཞིང་བཟུང་བ་ན་རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་འདི་ནི་ཇི་ལྟར་མེ་དཔུང་འབར་བའི་ནང་དུ་སུ་ཡང་འཇུག་པར་མི་སྤྲོ་བ་བཞིན་དུ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ཀྱིས་སྙིགས་མ་ལྔ་བདོའི་སེམས་ཅན་མ་རུངས་པ་རྨུ་རྒོད་པ་གདུལ་དཀའ་བ་ཕ་ལ་ཕར་མི་འཛིན་པ་མ་ལ་མར་མི་འཛིན་པ་སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན་པ་དྲིན་ལན་ལོག་པར་འཇལ་བ་མ་རུངས་པ་དེ་དག་གི་ནང་དུ་སུ་ཞིག་འཇུག་ཅེས་ཡལ་བར་བོར་བ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དཔང་དུ་བཞག་སྟེ་མཁྱེན་པར་གསོལ་ནས། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་ཀྱི་སེམས་ཅན་དེ་དག་སྙིང་རེ་རྗེ། དེ་དག་ང་འབའ་ཞིག་གིས་གདུལ་བར་བྱའོ། ། དེའི་བར་དུ་འཚང་རྒྱ་བར་རང་དབང་ཡོད་ཀྱང་འཚང་མི་རྒྱ་བར་དེའི་དུས་ཁོ་ནར་ངེས་པར་འཚང་རྒྱ་བའི་མཛད་པ་བསྟན་པར་བྱའོ། ། ཞེས་དམ་བཅས་ཤིང་རང་ཅག་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས་ཀྱི་དོན་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལེགས་སོ་བརྗོད་ཅིང་མེ་ཏོག་གཏོར་ཏེ་བདག་ཉིད་ཆེན་པོ་ཁྱོད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནང་ན་ཟླ་མེད་པ་སྟེ་མེ་ཏོག་ཐམས་ཅད་ཀྱི་ནང་ན་མཚུངས་པ་མེད་པ་མེ་ཏོག་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱ་ཆེར་བསྔགས་སོ། ། སྟོན་པ་ཐུགས་རྗེ་ཅན་འདིའི་མཛད་པ་གཞན་ལྟ་ཞོག ། སྔོན་ཐུགས་བསྐྱེད་པའི་མཛད་པ་འདི་ཉིད་བསམས་ནས་ཀྱང་བཀའ་དྲིན་དང་ཐུགས་རྗེ་དྲན་པའི་དད་པ་ཆེན་པོའི་སྒོ་ནས་མཆོད་ཅིང་གསོལ་བ་འདེབས་པ་ལ་བརྩོན་པ་ལྷུར་བྱའོ། ། དེ་ལྟར་སྟོན་པས་ཐུགས་བསྐྱེད་ནས་བར་དུ་ཚོགས་བསགས་ཚུལ་ནི། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག ། གྲངས་མེད་གསུམ་གྱི་ཐ་མར་བྱུང། ། དང་པོ་ཤཱཀྱ་ཐུབ་པ་ཡིན། ། ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ནས་བཟུང་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་དང་པོ་དང། དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་གཉིས་པ་དང། དེ་ནས་དེ་བཞིན་གཤེགས་པ་རྣམ་གཟིགས་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་གསུམ་པ་སྟེ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། དེ་ཡང་འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། ། འདྲེན་པ་ཡུལ་འཁོར་སྐྱོང་གི་བར། ། བདུན་ཁྲི་ལྔ་སྟོང་ཚང་བ་ཡི། ། སངས་རྒྱས་རྣམས་ནི་ངས་མཆོད་དོ། ། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། ། དབང་པོ་རྒྱལ་མཚན་ཐུབ་པའི་བར། ། བདུན་ཁྲི་དྲུག་སྟོང་ཚང་བ་ཡི། ། སངས་རྒྱས་རྣམས་ནི་ངས་མཆོད་དོ། ། སངས་རྒྱས་མར་མེ་མཛད་ནས་ནི། ། སངས་རྒྱས་འོད་སྲུངས་བར་དག་ཏུ། ། བདུན་ཁྲི་བདུན་སྟོང་ཚང་བ་ཡི། ། སངས་རྒྱས་རྣམས་ནི་ངས་མཆོད་དོ། ། ཞེས་འབྱུང་བ་ལྟར། གྲངས་མེད་དང་པོ་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ནས་བཟུང་དེ་བཞིན་གཤེགས་པ་ཡུལ་འཁོར་སྐྱོང་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང། གྲངས་མེད་གཉིས་པ་ལ་དེ་བཞིན་གཤེགས་པ་ལེགས་མཛད་ནས་བཟུང་སྟེ་དེ་བཞིན་གཤེགས་པ་དབང་པོ་རྒྱལ་མཚན་གྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་དང། གྲངས་མེད་གསུམ་པ་ལ་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་ཞིང་མཆོད་པས་མཉེས་པར་མཛད་ཅིང་ཚོགས་གཉིས་བར་མ་ཆད་དུ་བསགས་སོ། ། དེ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་དེ་ཡང་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། ཐེག་པ་ཆེན་པོའི་མདོ་ནས་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ཇི་ལྟར་གསུངས་པ་ནི་སྔར་བྱང་ཆུབ་སེམས་དཔའ་སྡེ་སྣོད་ལས་ཇི་ལྟར་གསུངས་ཚུལ་བཤད་པ་ལྟར་དང། མདོ་སྡེ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་བསྐལ་པ་གྲངས་མེད་པ་དུ་མས་ཡང་དག་པར་གྲུབ་པ་ཡིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དཔག་པ་དང། བསམ་པ་དང། བརྟག་པར་མི་ནུས་སོ། ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱ་ཡི། ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། ། ཞེས་གསུངས། ཟླ་བ་སྒྲོན་མའི་མདོ་ལས། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་དང། ། དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད། ། ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། ། མི་དབང་དེ་ཀུན་ང་ཡིས་བཀུར་བསྟི་བྱས། ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྙེན་བཀུར་ཞིང་མཆོད་པར་མཛད་ནས་རྫོགས་སྨིན་སྦྱངས་གསུམ་གྱི་སྤྱོད་པ་མཐར་ཕྱིན་པར་མཛད་དེ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་འོག་མིན་གྱི་ཞིང་དུ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་དེ། སྐུ་དེ་ལས་ནམ་ཡང་གཡོ་བ་མེད་བཞིན་དུ་མཁའ་ཁྱབ་ཀྱི་ཞིང་ཐམས་ཅད་དུ་གདུལ་བྱ་རང་རང་གི་དབང་པོ་དང་འཚམ་པའི་སྤྲུལ་པ་བསྟན་ནས་སེམས་ཅན་གྱི་དོན་མཛད་པ་ལས། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་ཏེ་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་དུ་ཉེ་བ་ན། རྒྱལ་བ་འོད་སྲུངས་འཇིག་རྟེན་འདིར་བྱོན་པའི་ཚེ་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་འཁྲུངས་ནས་རྒྱལ་བ་འོད་སྲུངས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་ཅིང་བཞུགས་པ་ན་རྒྱལ་བ་འོད་སྲུངས་ཀྱིས་བྲམ་ཟེའི་ཁྱེའུ་བླ་མ་ཁྱོད་ནི་ང་མྱ་ངན་ལས་འདས་པའི་འོག་ཏུ་ཚེ་ལོ་བརྒྱ་པའི་དུས་སུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ། ལོ་བརྒྱད་ཅུའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་འདས་པའི་འོག་ཏུའང་དམ་པའི་ཆོས་ཡུན་རིང་དུ་གནས་པར་འགྱུར་རོ། ། ཞེས་ལུང་བསྟན་ཏེ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་གྲགས་པར་མཛད་དོ། ། བྲམ་ཟེའི་ཁྱེའུ་བླ་མ་དེ་ནས་འཕོས་ཏེ་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་སྐྱེ་བ་གཅིག་ཐོགས་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་སྟེ་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་ཅིང་ཞིང་འདིར་འབྱོན་པའི་བར་དུ་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞིང་འདིར་འབྱོན་དུ་ཉེ་བ་ན། གང་དུ་བྱང་ཆུབ་སེམས་དཔའ་སྐུ་བལྟམས་པར་འགྱུར་བའི་ས་ལུམ་བི་ནའི་ཚལ་དུ་སྔ་ལྟས་བཅུ་བྱུང་སྟེ། ས་ཐམས་ཅད་ལག་མཐིལ་ལྟར་མཉམ། ས་གཞི་རྡོ་རྗེ་ལས་གྲུབ་ཅིང་རིན་པོ་ཆེས་གང། རིན་པོ་ཆེའི་ཤིང་གིས་འཁྲིགས། སྤོས་ཀྱི་མྱུ་གུ་དང་ཕྱེ་མའི་མཛོད་འཐོན་ཞིང་རྒྱལ་མཚན་གྱི་སྤྲིན་གཏིབས། ལྷ་རྫས་ཀྱི་མེ་ཏོག་དང་གོས་ཀྱི་མཛོད་རྒྱས། ལྗོན་ཤིང་ཐམས་ཅད་ལ་ནོར་བུ་རིན་པོ་ཆེའི་མཛོད་གྲུབ། ཆུ་ལས་འཕགས་པའི་པདྨས་གང། སྡེ་བརྒྱད་སོགས་འཇིག་རྟེན་གྱི་དབང་པོ་རྣམས་ཐལ་མོ་སྦྱར་ཏེ་འཁོད། སྡེ་བརྒྱད་ཀྱི་བུ་མོ་རྣམས་ཀྱིས་ལྗོན་པའི་རྒྱལ་པོ་པླཀྵའི་སྡོང་པོ་ལ་བལྟ་ཞིང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུའི་ལྟེ་བ་ནས་བཀྱེ་བའི་འོད་ཟེར་གྱིས་ཚལ་ཐམས་ཅད་སྣང་བར་བྱས་ཤིང་འོད་ཀྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་སྐུ་བལྟམས་པའི་རྣམ་འཕྲུལ་གཟུགས་བརྙན་དུ་འཆར་ལ་སྐུ་བལྟམས་པའི་སྒྲ་གྲག་པ་རྣམས་བྱུང་ངོ་། ། ལུམ་བི་ནའི་ཚལ་ཞེས་བྱ་བ་ནི་གྲོང་ཁྱེར་སེར་སྐྱ་དང་ཉེ་བའི་ཕྱོགས་ན་སྔོན་ལྷ་རྣམས་ཀྱིས་འདིར་གྲོང་ཁྱེར་རྩིགས་ཤིག་ཅེས་བཀོད་པ་བྱས་པའི་ས་ལྷས་བསྟན་ཅེས་བྱ་བའི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ལེགས་པར་རབ་སད་ཅེས་བྱ་བ་ཞིག་ཡོད་དེ། དེ་ལ་བཙུན་མོ་མཆོག་ལུམ་བི་ན་ཞེས་བྱ་བ་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཡོད་པ་དེ་ལ་བྱང་ཆུབ་སེམས་དཔའི་བྱིན་རླབས་ཞུགས་ཏེ། སེར་སྐྱ་དང་ལྷས་བསྟན་གྱི་བར་དུ་ཀུན་དགའ་ར་བ་ཞིག་ཡོད་པ་དེ་ངའི་སྐྱེད་ཚལ་དུ་བྱུང་ན་སྙམ་དུ་སྨོན་ཞིང་དེ་ལྟར་དུ་རྒྱལ་པོ་ལེགས་པར་རབ་སད་ལ་ཞུས་པ་ན། རྒྱལ་པོ་ལེགས་པར་རབ་སད་ཀྱིས་དེར་སྐྱེད་ཚལ་ཕུན་ཚོགས་པ་ཡོ་བྱད་ཐམས་ཅད་དང་ལྡན་པ་ཞིག་བཅོས་ཏེ་ལུམ་བི་ན་ལ་བྱིན་པས་ལུམ་བི་ནའི་ཚལ་ཞེས་གྲགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ནི་དགའ་ལྡན་གྱི་ལྷའི་གནས་ན། གཞལ་མེད་ཁང་སུམ་ཁྲི་ཉིས་སྟོང་རབ་ཏུ་གནས་པ་ལྷའི་གཞལ་མེད་ཁང་གི་ཡོན་ཏན་དང་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་བྱེ་བས་རབ་ཏུ་ཕྱུག་ཅིང་དཔལ་དང་ལྡན་པ་དེ་ན་བདེ་བར་གནས་ཤིང། སིལ་སྙན་དང་གླུ་དབྱངས་བརྒྱད་ཁྲི་བཞི་སྟོང་གི་སྒྲ་སྒྲོག་པ་ལས། ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་རོལ་མོའི་སྒྲ་དབྱངས་དེ་དག་ལས། བསོད་ནམས་རྒྱ་ཆེ་ཚོགས་མངའ་དྲན་རྟོགས་དང། ། བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། ། མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། ། མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། ། སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། ། དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། ། འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། ། འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། ། ཅེས་པ་ནས། འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། ། སྙིང་རྗེའི་ཡིད་དང་ལྡན་ལ་སྐུལ་བར་བྱེད། ། ཅེས་པ་ལ་སོགས་པས་འཛམ་བུའི་གླིང་དུ་འབྱོན་པའི་དུས་ལ་བབ་པར་བསྐུལ་ཏེ། དེ་ཡང་སྔོན་བསྐལ་པ་བགྲང་བ་ལས་འདས་པ་ནས་རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་སུ་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་མཛད་པ་སྟོན་པར་ཐུགས་དམ་བཅས་ཤིང། རྒྱལ་བ་མར་མེ་མཛད་དང་རྒྱལ་བ་འོད་སྲུངས་ལ་སོགས་པ་སངས་རྒྱས་བགྲང་བ་ལས་འདས་པ་དག་གིས་ཀྱང་དེ་ལྟར་དུ་ལུང་བསྟན་པ་དེ་རྣམས་དགོངས་པར་མཛོད་ཅིག་ཅེས་རོལ་མོའི་སྒྲ་དག་ལས་ཡང་དང་ཡང་དུ་བསྐུལ་ལོ། ། དེའི་ཚེ་གནས་གཙང་མའི་ལྷའི་བུ་རྣམས་བྱང་ཆུབ་སེམས་དཔའ་མངལ་དུ་འཇུག་པའི་ལོ་བཅུ་གཉིས་ཀྱི་གོང་ནས་བྲམ་ཟེར་སྤྲུལ་ཏེ། འོག་ནས་འཆད་པའི་རྣམ་པས་མངལ་དུ་ཞུགས་པར་གྱུར་ན་མཚན་དཔེ་དང་ལྡན་ཏེ། འཁོར་ལོས་བསྒྱུར་རྒྱལ་ལམ། སངས་རྒྱས་སུ་འགྱུར་རོ་ཞེས་འདོན་དུ་འཇུག་ཅིང་རང་སངས་རྒྱས་རྣམས་ལ། ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ལྷུམས་སུ་འཇུག་གིས་ཞིང་འདི་བོར་ཅིག་ཅེས་ཟེར་ཞིང། དེ་རྒྱལ་པོའི་ཁབ་ཀྱི་མཇུག་མ་སྒྱུར་བའི་རི་ལ་རང་རྒྱལ་གླང་པོ་ཞེས་པས་ཐོས་ཏེ། རྡོ་ལ་རྐང་རྗེས་བཞག་སྟེ་འདས་སོ། ། ཝཱ་ར་ཎཱ་སིར་རང་རྒྱལ་ལྔ་བརྒྱ་མེའི་ཁམས་ལ་ཞུགས་ཏེ་འདས་ནས་རིང་བསྲེལ་ལྷུང་བས་དྲང་སྲོང་ལྷུང་བར་གྲགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་གཞལ་མེད་ཁང་ཆེན་པོ་དེ་ནས་བྱུང་སྟེ། ཆོས་ཀྱི་མཐོ་བའི་ཁང་བཟང་ལྷ་རྣམས་ལ་ཆོས་སྟོན་པའི་ས་དེར་ཞུགས་ནས་སེང་གེའི་ཁྲི་ཆོས་བཟང་པོ་ཞེས་བྱ་བ་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང། ལྷའི་བུ་ཡོངས་སུ་དགའ་ལྡན་དང། གང་ཡང་བྱང་ཆུབ་སེམས་དཔའ་ཕྱོགས་ཀུན་ནས་འདུས་པ་རྣམས་ལ་ཆོས་རྒྱ་ཆེར་སྟོན་པར་མཛད་ཅིང། མྱུར་དུ་སངས་རྒྱས་ཀྱི་མཛད་པ་སྟོན་པར་བཞེད་ནས་གཟིགས་པ་ལྔ་ལ་གཟིགས་སོ། ། གཟིགས་པ་ལྔ་ནི། དུས་ལ་གཟིགས་པ། ཡུལ་ལ་གཟིགས་པ། རིགས་ལ་གཟིགས་པ། རུས་ལ་གཟིགས་པ། གང་གིས་ཡུམ་བྱེད་པར་ནུས་པའི་བུད་མེད་ལ་གཟིགས་པ་ལྔའོ། ། དེའི་དང་པོ་དུས་ལ་གཟིགས་པ་ནི། སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་འདིར་སངས་རྒྱས་ཀྱི་མཛད་པ་སྟོན་པར་ཐུགས་དམ་བཅས་ཤིང། དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་རྒྱལ་བ་འོད་སྲུངས་ཀྱི་བར་དུ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལྟར་དུ་ལུང་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་དོན་དེ་ཐུགས་ལ་དགོངས་ཤིང། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་སྙིགས་མའི་འགྲོ་བ་མགོན་སྐྱབས་དང་བྲལ་བ་འདི་རྣམས་ཀྱི་མགོན་སྐྱབས་སུ་མྱུར་དུ་འབྱོན་དགོས་སོ་ཞེས་ཡང་ཡང་བསྐུལ་བ་ལྟར་འཛམ་བུའི་གླིང་དུ་འབྱོན་པའི་དུས་ལ་བབ་པར་གཟིགས་པའོ། ། ཡུལ་ལ་གཟིགས་པ་ནི། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ནི་གདུལ་བྱའི་དོན་ཁོ་ནར་འབྱོན་པ་ཡིན་ལ། གདུལ་བྱའི་གཙོ་བོ་ནི་ལྷ་དང་མི་གཉིས་ཏེ། དེ་ལ་ལྷ་ཡུལ་དུ་མཆོག་གི་སྤྲུལ་སྐུ་བྱོན་ན་ནི་མི་རྣམས་ལ་ལྷ་ཡུལ་དུ་བགྲོད་པའི་མཐུ་མེད་པས་དེ་དག་ལ་མི་ཕན་པ་དང། ལྷ་རྣམས་ཀྱང་འདོད་པས་གཡེངས་ཤིང་ངེས་འབྱུང་སྐྱེ་དཀའ་བས་སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་བ་སོགས་ཀྱིས་ཕན་ཆུང་བ་དང། ལྷ་རྣམས་ཆོས་མཉན་པའི་ཕྱིར་འཛམ་བུའི་གླིང་དུ་བགྲོད་ནུས་པས་མིའི་ནང་ཁོ་ནར་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པ་ཡིན་ལ། མི་ལ་ཡང་གླིང་བཞི་ལས་གླིང་གཞན་གསུམ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་དབང་པོ་རྟུལ་ཞིང་ངེས་འབྱུང་ཤུགས་དྲག་པོ་སྐྱེ་དཀའ་བ་དང། འཛམ་བུའི་གླིང་གི་མི་རྣམས་ནི་དབུལ་ཞིང་ཚེ་ཐུང་ཡང་དབང་པོ་ཤིན་ཏུ་རྣོ་བ་མང་བ་དང། ངེས་འབྱུང་ཤུགས་དྲག་པོ་སྐྱེ་སླ་བ་དང། ཚེ་སྟོད་ལ་བསགས་པའི་ལས་ཚེ་སྨད་ལ་སྨིན་ནུས་པའང་སྲིད་པ་དང། འཛམ་བུའི་གླིང་གི་ཤར་ཕྱོགས་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་ཞིང་ཁམས་རི་བོ་རྩེ་ལྔའི་གནས་དང། ལྷོ་ཕྱོགས་ན་ཐུགས་རྗེ་ཆེན་པོའི་ཞིང་ཁམས་པོ་ཏ་ལའི་གནས་དང། ནུབ་ཕྱོགས་ན་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་གནས་ཨཽ་ཌི་ཡཱ་ན་དང། བྱང་ཕྱོགས་ན་དཔལ་ཕྱག་ན་རྡོ་རྗེ་སོགས་ཉེ་བའི་སྲས་བརྒྱད་ཀྱིས་རྒྱལ་པོའི་ཚུལ་བཟུང་སྟེ་སེམས་ཅན་གྱི་དོན་བྱེད་པའི་གནས་ཤམ་བྷ་ལ་རྣམས་ཡོད་ཅིང། གཞན་ཡང་འཛམ་བུ་གླིང་གི་ཕྱོགས་དང་ཕྱོགས་མཚམས་རྣམས་ན་ཟུང་འཇུག་གྲུབ་པའི་དཔའ་བོ་དང་དཔའ་མོ་བཞུགས་པའི་གནས་མང་དུ་ཡོད་པས་འཛམ་བུའི་གླིང་འདིར་མདོ་དང་སྔགས་ཀྱི་བསྟན་པ་རྒྱས་པར་འགྱུར་བར་དགོངས་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་འཛམ་བུའི་གླིང་འདིར་སངས་རྒྱས་ཀྱི་མཛད་པ་སྟོན་ཕྱིར་འབྱོན་བཞེད་པའོ། ། རིགས་ལ་གཟིགས་པ་ནི། རྒྱལ་བ་རྣམས་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པའི་ཚེ་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་ཞིག་ཏུ་འཁྲུངས་ནས་སངས་རྒྱས་ཀྱི་མཛད་པ་མཛད་ཀྱི་དེ་གཉིས་ལས་རིགས་དམའ་བར་འཁྲུངས་པའི་མཛད་པ་མི་སྟོན་ནོ། ། དེ་ཡང་འཇིག་རྟེན་ན་རིགས་གཉིས་པོ་དེ་གང་བཙུན་པར་བྱེད་པ་དེར་འཁྲུངས་པར་མཛད་པས་དུས་འདིར་རྒྱལ་རིགས་བཙུན་པར་བྱེད་པས་ན་འཇིག་རྟེན་ཆགས་ཏེ་འཛམ་བུའི་གླིང་དུ་རྒྱལ་པོ་ཐོག་མར་བྱུང་བ་དེ་ནས་བཟུང་གདུང་རྒྱུན་མ་ཆད་པའི་རྒྱལ་རིགས་སུ་འཁྲུངས་པར་བཞེད་ནས་དེ་ལ་གཟིགས་ཏེ། དེ་ལྟ་བུའི་རྒྱལ་རིགས་ཀྱི་གདུང་དྲི་མ་མེད་པ་ནི་ཤཱཀྱའི་རྒྱལ་པོ་ཟས་གཙང་མ་ཡིན་པར་གཟིགས་སོ། ། དེའི་ཚུལ་ནི། འཇིག་རྟེན་ཐོག་མར་ཆགས་པ་ན་མི་རྣམས་འོད་གསལ་གྱི་ལྷ་ལས་འཕོས་ཏེ་བརྫུས་ཏེ་སྐྱེས་པ། ཁམས་ཟས་རགས་པ་ལ་མི་བལྟོས་པར་དགའ་པའི་ཟས་ཀྱིས་འཚོ་བ། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན། འཁྲུག་རྩོད་གང་ཡང་མེད་ཅིང་འཁྲིག་པའི་འདོད་ཆགས་ཀྱང་མེད་ལ། བརྫུན་དུ་སྨྲ་བའང་མེད་པར་རང་བཞིན་གྱིས་དག་པའི་ངང་དུ་གནས་པས་དུས་དེ་ལ་ནི་བསྐལ་པ་རྫོགས་ལྡན་གྱི་དུས་ཞེས་བྱའོ། ། དེ་ནས་བསྐལ་པ་བཟང་པོ་རིམ་གྱིས་བྲི་ནས་བདུད་རྩིའི་ཟས་ཀྱིས་འཚོ་བ་དང། མ་རྨོས་པའི་ལོ་ཏོག་གིས་འཚོ་བ་རྣམས་རིམ་གྱིས་བྱུང་སྟེ་མི་རྣམས་ཀྱི་ལུས་ཀྱི་འོད་ནུབ་ཅིང་ལུས་ལྕི་ལ་བཤང་གཅི་དང་ལྡན་པས་ཕོ་མོའི་དབང་པོ་དོད་དེ་འཁྲིག་པ་སྤྱོད་ཅིང། དེ་ནས་ཀྱང་བསྐལ་པ་བཟང་པོ་རིམ་གྱིས་བྲི་སྟེ་མ་རྨོས་པའི་ལོ་ཏོག་ཀྱང་མེད་པར་ས་ལ་ཞིང་རྨོས་ཏེ་འཚོ་བར་བྱེད་པ་ན། ངེད་ཀྱི་ཞིང་དང་ཁྱོད་ཀྱི་ཞིང་ཞེས་ཕན་ཚུན་འཁྲུག་རྩོད་དུ་གྱུར་ཅིང། མ་ཕྱིན་པར་ལེན་པ་དང། བརྫུན་དུ་སྨྲ་བས་ཕན་ཚུན་འཐབ་ཅིང་རྩོད་པར་གྱུར་པ་ན་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱིས་སྤྱི་མཐུན་དུ་རྒྱལ་པོ་བསྐོས་པ་ནི་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། ། རྒྱལ་པོ་དེའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག་དེའི་བུ་གསོ་སྦྱོང་འཕགས། དེ་རྣམས་ལ་སྔོན་གྱི་རྒྱལ་པོ་ལྔ་ཟེར། གསོ་སྦྱོང་འཕགས་ཀྱི་སྤྱི་བོའི་ཤ་རྨེན་ལས་སྐྱེས་པ་ང་ལས་ནུ། དེ་ནས་མཛེས་པ། ཉེ་མཛེས། མཛེས་ལྡན། ཉེ་མཛེས་ལྡན། དེ་ལྔ་ནི་སུམ་ཅུ་རྩ་གསུམ་མན་དང། གླིང་བཞི་ནས་གཅིག་གི་བར་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔའོ། ། ཉེ་མཛེས་ལྡན་གྱི་བུ་བཟང་པོ་ནས་རྒྱལ་པོ་ས་ཡ་གཅིག་དང་བཞི་ཁྲི་དྲུག་སྟོང་སུམ་བརྒྱ་བདུན་ཅུ་རྩ་དགུ་འདས་པ་ན་རྒྱལ་པོ་ཀྲི་ཀྲི་བྱུང་སྟེ། རྒྱལ་པོ་ཀྲི་ཀྲིས་ནི་སངས་རྒྱས་འོད་སྲུངས་ལ་བསྙེན་བཀུར་ཞིང། སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་ནས་དེའི་སྐུ་གདུང་གི་མཆོད་རྟེན་ཡང་བྱས་སོ། ། རྒྱལ་པོ་ཀྲི་ཀྲིའི་བུ་ལེགས་སྐྱེས་ནས་རྒྱལ་པོ་བརྒྱ་འདས་པ་ན། གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་པོ་རྣ་བ་ཅན་བྱུང་སྟེ། དེ་ལ་བུ་གཽ་ཏ་མ་ཞེས་པ་རིགས་མཆོག་དང། བྷ་ར་དཱ་ཛ་གཉིས་ལས། གཽ་ཏ་མ་དྲང་སྲོང་མདོག་ནག་ལས་རབ་ཏུ་བྱུང་ནས་གྲོང་འདབ་ཏུ་གནས་པས་བྷ་ར་དཱ་ཛས་རྒྱལ་སྲིད་བསྐྱངས་སོ། ། དེའི་ཚེ་གཽ་ཏ་མ་ཉེས་པ་མེད་པར་མི་གཡོན་ཅན་ཞིག་གི་གཡོ་ཐབས་ཀྱི་མཐུས་རྒྱལ་པོའི་ཁྲིམས་ཀྱིས་གསལ་ཤིང་ལ་བསྐྱོན་པ་དང། དྲང་སྲོང་མདོག་ནག་གཽ་ཏ་མའི་སྤྱིལ་བོར་དུས་དུས་སུ་འགྲོ་བས་ཕྱིན་པ་ན། དེ་མ་མཐོང་ནས་བཙལ་བ་དང་གཽ་ཏ་མ་གསལ་ཤིང་ལ་བསྐྱོན་པ་མཐོང་ནས། བུ། ཅི་ཡིན། རྨ་མ་བྱུང་ངམ། བདག་གི་སེམས་ཀྱིས་རྨ་མ་ཕྱུང་བའི་བདེན་པའི་ཚིག་གིས་མཁན་པོའི་པགས་པ་གསེར་མདོག་ཏུ་གྱུར་ཅིག་ཅེས་སྨྲས་མ་ཐག་གསེར་མདོག་ཏུ་གྱུར་ཏེ་ཡིད་ཆེས་སོ། ། དེ་ནས་དྲང་སྲོང་གསེར་མདོག་གིས་བསམས་པ། རྒྱལ་པོ་བྷ་ར་དྭ་ཛ་ལ་བུ་མི་འབྱུང་བས་གཽ་ཏ་མ་ཤི་ན་མང་པོས་བཀུར་བའི་རྒྱལ་རྒྱུད་ཆད་པར་འགྱུར་ལ། དེ་ཆད་ན་འཇིག་རྟེན་སྤྱི་ལ་མི་ལེགས་སོ་སྙམ་དུ་བསམས་ནས་གཽ་ཏ་མ་ལ་དྲིས་པ། ཁྱོད་ལ་བུ་བསྐྱེད་པའི་ནུས་པ་ཡོད་དམ། མཁན་པོ། བདག་གཞོན་ནུ་ནས་རབ་ཏུ་བྱུང་བས་བུད་མེད་ཀྱི་རྒྱུས་མ་འཚལ་ན་བུ་བསྐྱེད་པ་ལྟ་ག་ལ་མཆིས། བུ། སྔོན་སྤྱད་པའི་ཡུལ་དྲན་པར་གྱིས་ཤིག་མཁན་པོ། གནད་ཆད་པའི་ཚོར་བས་ཉེན་ན་ཡུལ་དྲན་པར་ག་ལ་འགྱུར། དེར་རྫུ་འཕྲུལ་གྱིས་རྫི་ཆར་ཆེན་པོ་ཕབ་སྟེ་ཆར་པའི་ཐིགས་པ་ལུས་ལ་ཕོག་ཅིང་རླུང་གྲང་མོས་རེག་པས་སྡུག་བསྔལ་མནན་ནས། སྔོན་གྱི་ཡུལ་དྲན་པར་བྱས་ཏེ་འཁྲིག་པའི་འདོད་ཆགས་དྲན་ནས་ཁུ་བ་ཁྲག་དང་འདྲེས་པ་གཉིས་ལྷུང་ངོ་། ། དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས་ཉི་མའི་འོད་ཟེར་གྱིས་སྨིན་པ་རྡོལ་བ་དང་ཁྱེའུ་གཉིས་བྱུང་སྟེ་དེ་དང་ཉེ་བའི་བུ་རམ་ཤིང་གསེབ་ཏུ་ཞུགས་སོ། ། གཽ་ཏ་མ་ཉི་མའི་ཟེར་གྱིས་ཤིན་ཏུ་ཚ་ནས་ཤིའོ། ། དྲང་སྲོང་འོངས་ནས་ཉེ་འཁོར་དུ་བལྟས་པས་སྒོང་སྐོགས་མཐོང་སྟེ་བཙལ་བས་བུ་རམ་ཤིང་གི་ཚལ་ན་ཁྱེའུ་གཉིས་འདུག་པ་དེ་དེའི་བུར་ཤེས་ཏེ་གནས་སུ་ཁྲིད་ནས་མནུན་བསྙོད་དེ་གསོས་པ་ཉི་མའི་འོད་ཀྱིས་སྨིན་པར་བྱས་པས་ཉི་མའི་རིགས། གཽ་ཏ་མའི་བུ་ཡིན་པས་གཽ་ཏ་མ། བུ་རམ་ཤིང་གི་ཚལ་ནས་རྙེད་པས་བུ་རམ་ཤིང་པ་ཞེས་མིང་བཏགས་སོ། ། དེ་ནས་དུས་ནམ་ཞིག་ན་རྒྱལ་པོ་བྷ་ར་དཱ་ཛ་བུ་མེད་པར་ཤི་ནས་ཁྱེའུ་གཉིས་རྒྱལ་སར་བོས་ཏེ། ཕུ་བོ་རྒྱལ་སྲིད་ལ་བཞག་པ་ན་དེ་ལའང་བུ་མ་བྱུང་བས་ནུ་བོ་རྒྱལ་སྲིད་ལ་དབང་བསྐུར་བས། རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བར་གྱུར། དེའི་བུ་རྒྱུད་ལ་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང། དེའི་ཐ་མ་བུ་རམ་ཤིང་པ་འཕགས་སྐྱེས་པོ། དེའི་བུ་རྐང་གདུབ་ཅན། དེའི་བུ་གནས་འཇོག་སྟེ། རྒྱལ་པོ་གནས་འཇོག་འདི་ནི་ཤཱཀྱའི་རྒྱལ་རྒྱུད་ཀྱི་ཐོག་མ་ཡིན་ནོ། ། དེའི་བུ་ས་ཁྱིམ་སྟེ་དེ་སེར་སྐྱའི་རྒྱལ་སར་བཞག་སྟེ། སེར་སྐྱའི་རྒྱལ་པོ་ས་ཁྱིམ་འདི་ནི་སེར་སྐྱར་ཤཱཀྱའི་རྒྱལ་རྒྱུད་བྱུང་བའི་ཐོག་མ་ཡིན་ནོ། ། རྒྱལ་པོ་ས་ཁྱིམ་ནས་བརྒྱུད་པ་ཤཱཀྱའི་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་བརྒྱ་བཅུ་གཉིས་སེར་སྐྱར་བྱུང་བའི་ཐ་མ་རྒྱལ་པོ་གཞུ་བརྟན། དེའི་བུ་སེང་གེ་འགྲམ། ཤཱཀྱའི་རྒྱལ་པོ་སེང་གེ་འགྲམ་ལ་བུ་བཞི་བྱུང་སྟེ། ཟས་གཙང། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་སོ། ། དེ་བཞི་ལས་རྒྱལ་པོ་ཟས་གཙང་ལ་བཙུན་མོ་བླངས་དེ་ཤཱཀྱའི་རྒྱལ་པོར་དབང་བསྐུར་རོ། ། རུས་ལ་གཟིགས་པ་ནི། ཡབ་ཡུམ་གཉིས་ཀ་བདུན་བརྒྱུད་ཚུན་ཆད་མ་ཉམས་པ་སྐྱོན་མེད་པ་ཞིག་ལ་གཟིགས་པ་སྟེ། ཡབ་ཟས་གཙང་དང། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཁྲུངས་བཞེད་པའོ། ། དེ་ལ་ཡབ་ཀྱི་གདུང་རྒྱུད་ནི་བརྗོད་ཟིན་ལ། ཡུམ་ནི་ལྷས་བསྟན་གྱི་རྒྱལ་པོ་ལེགས་པར་རབ་སད་དང་བཙུན་མོ་ལུམ་བི་ན་གཉིས་ལ་སྲས་གཅིག་དང་སྲས་མོ་གཉིས་བྱུང་སྟེ། སྲས་མོ་ཆེ་བ་ནི་སྒྱུ་འཕྲུལ་མ་སྟེ། སྒྱུ་འཕྲུལ་མ་འཁྲུངས་པའི་ཚེ་ལྟས་ཁྱད་པར་ཅན་བྱུང་ཞིང་མིའི་བུ་མོ་ལས་འདས་པ་ཤིན་ཏུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལྷའི་བཟོ་བོས་བཅོས་པ་ལྟ་བུ་ཞིག་བྱུང་བས་མིང་སྒྱུ་འཕྲུལ་མ་ཞེས་བཏགས། དེ་མཚན་མཁན་ལ་བསྟན་པས་མཚན་ཤིན་ཏུ་བཟང་ཞིང་འདི་ལ་བུ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཞིག་འབྱུང་བར་ལུང་བསྟན། དེའི་རྗེས་སུ་སྲས་མོ་ཆུང་བ་འཁྲུངས་པ་ན་འཇིག་རྟེན་ཐམས་ཅད་འོད་ཀྱིས་ཁྱབ་པ་དང། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སྟོན་པའི་སྒྲ་གྲག་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང། སྲས་མོ་ཆེ་བ་ལས་ཀྱང་གཟུགས་བཟང་ཞིང་མཛེས་པ། ལྷའི་བུ་མོ་ཇི་ལྟ་བ་ཞིག་བྱུང་བས་མིང་སྒྱུ་འཕྲུལ་ཆེན་མོ་ཞེས་ཀྱང་བྱ། ལྷ་མོ་སྒྱུ་འཕྲུལ་མ་ཞེས་ཀྱང་བྱ། སྒྱུ་མ་ལྷ་མཛེས་ཞེས་ཀྱང་བྱ་བར་གྲགས་སོ། ། དེ་མཚན་མཁན་ལ་བསྟན་པས། འདི་ལ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་འབྱུང། ཁྱིམ་དུ་བཞུགས་ན་འཁོར་ལོས་བསྒྱུར་རྒྱལ་དང། རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཤཱཀྱའི་རྒྱལ་པོ་སེང་གེ་འགྲམ་ལ་བདག་ལ་བུ་མོ་ཁྱད་པར་དུ་འཕགས་པ་གཉིས་ཤིག་བྱུང་ན་འདི་གཉིས་ལས་གཞོན་ནུ་ཟས་གཙང་གི་བཙུན་མོར་གང་འོས་པ་ཞིག་བཞེས་དགོས་ཞེས་བསྐུལ་བ་ན་རྒྱལ་པོ་སེང་གེ་འགྲམ་གྱིས་སྔོན་ལ་བུ་མོ་ཆུང་བ་སྒྱུ་མ་ལྷ་མཛེས་ཟས་གཙང་གི་བཙུན་མོར་བླངས་ཤིང། རྗེས་སུ་ཆེ་བ་སྒྱུ་འཕྲུལ་མ་ཡང་བླངས་སོ། ། དེ་ནི་མཚན་མཁན་དག་གིས་ཇི་ལྟར་བསྟན་པ་ལྟར། སྒྱུ་མ་ལྷ་མཛེས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་བྱང་ཆུབ་སེམས་དཔའ་འཁྲུངས། ཆེ་བ་སྒྱུ་འཕྲུལ་མ་ལ་བུ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་མཚན་རྟགས་དང་ལྡན་པ་དགའ་བོ་འཁྲུངས་སོ། ། གང་གིས་ཡུམ་བྱེད་བར་ནུས་པའི་བུད་མེད་ལ་གཟིགས་པ་ནི། སྔོན་ཡུན་རིང་པོ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་འདིར་འབྱོན་པའི་ཚེ་ཡུམ་བྱེད་པར་སྨོན་ལམ་བཏབ་པ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་རུམ་དུ་སྐྱེ་བ་བཞེས་པར་བཞེད་པའོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས། དུས་དང། ཡུལ་དང། རིགས་དང། རུས་དང། ཡུམ་བུད་མེད་ལྔ་ལ་གཟིགས་ནས་དགའ་ལྡན་གྱི་གཞལ་མེད་ཁང་ཆུ་དང་རྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་པ་དེ་ན་ཆོས་སྟོན་པའི་གནས་རྒྱལ་མཚན་མཐོན་པོ་ཞེས་བྱ་བ་ཡོད་པས། དེར་བྱོན་ནས་བསོད་ནམས་མཆོག་གི་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷའི་འཁོར་རྣམས་ལ། གྲོགས་པོ་དག་ངའི་ལུས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པ་ལ་ལྟོས། ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའ་ང་དང་འདྲ་བ་བགྲང་བ་ལས་འདས་པ་ལ་ཡང་ལྟོས། ཞེས་གསུངས་པ་དང། འཁོར་དེ་དག་ཀྱང་དེའི་བྱིན་རླབས་ཀྱིས་ཕྱོགས་ཀུན་ན་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་འཁོད་པ་འདི་དང་འདྲ་བ་ཚད་མེད་པ་མཐོང་ནས་ཀྱང་ཆེད་དུ་བརྗོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་རྗེ་བཙུན་བྱམས་པ་ལ་སོགས་པའི་དགའ་ལྡན་ན་གནས་པའི་ལྷ་རྣམས་ལ། གྲོགས་པོ་དག ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་པ་མི་ཕྱེད་པར་འགྱུར་རོ། ། དང་བ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་སྙོག་པ་ཅན་དང་བར་འགྱུར་རོ། ། ཞེས་པ་ནས། ཕྱིར་མི་ལྡོག་པའི་ས་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ས་ནས་སར་འཕར་བའི་ཡེ་ཤེས་ནི་ཆོས་སྣང་བའི་སྒོ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབང་བསྐུར་བར་འགྱུར་རོ། ། དབང་བསྐུར་བའི་ས་ནི་ཆོས་སྣང་བའི་སྒོ་སྟེ། མངལ་དུ་འཇུག་པ་དང། བཙས་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱད་པ་དང། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང། བདུད་འདུལ་བ་དང། བྱང་ཆུབ་མངོན་པར་འཚང་རྒྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་འགྱུར་རོ། ། ཞེས་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་རྒྱས་པར་བསྟན་ནས་རིན་པོ་ཆེའི་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ནས། གྲོགས་པོ་དག་ཁོ་བོ་འཛམ་བུའི་གླིང་དུ་འཚང་རྒྱར་འགྲོ་སྟེ། ཁྱེད་ལ་མ་ཕམ་པས་ཆོས་སྟོན་ཏོ། ། ཞེས་བྱམས་མགོན་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། ། དེ་ཚེ་རྒྱལ་པོ་ཟས་གཙང་གི་ཁྱིམ་དུ་སྔ་ལྟས་བརྒྱད་བྱུང་སྟེ། ས་གཞི་མཉམ་ཞིང་ཁྱིམ་དུ་རྡུལ་མེད་ལ་ཆག་ཆག་བཏབ་པ་སྦྲང་བུ་དང་ཕྱེ་མ་ལེབ་དང་སྡིག་སྦྲུལ་མེད་ཅིང་མེ་ཏོག་གིས་བཀྲམ་པ་དང། གངས་རིའི་བྱ་ཁུ་བྱུག་སོགས་ཁྱིམ་དེའི་སྟེགས་བུ་སོགས་སུ་འདུག་ནས་སྐད་སྙན་པ་སྒྲོགས་པ་དང། དེའི་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་གྱི་མེ་ཏོག་རྒྱས་པ་དང། དེའི་རྫིང་ལ་སོགས་པར་པདྨ་འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྡན་པས་ཁེབས་པ་དང། མར་དང་སྦྲང་རྩི་སོགས་ལོངས་སྤྱོད་ཀྱང་ཟད་པར་མི་འགྱུར་བ་དང། རོལ་མོ་རྣམས་མ་བླངས་པར་འཁྲོལ་པ་དང། རིན་པོ་ཆེ་སྣ་བདུན་གྱི་སྣོད་རང་བྱེ་སྟེ་འབར་པ་དང། ཉི་ཟླའི་འོད་ཟིལ་གྱིས་གནོན་ཅིང་ལུས་སེམས་བདེ་བ་བསྐྱེད་པའི་འོད་སྣང་བ་རྣམས་བྱུང་ངོ། ། དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་མཐོན་པོ་ནས་ཁང་པ་ཆེན་པོ་བསོད་ནམས་ཐམས་ཅད་ཀྱིས་ཡང་དག་པར་བྱུང་བ་ནོར་བུ་དང་དཔལ་གྱི་སྙིང་པོ་ལྷ་རྣམས་ཀྱིས་ཀུན་ནས་བལྟ་བའི་ཁང་བརྩེགས་གནས་ཀྱི་རྒྱན་དུ་བྱོན་ནས་དེར་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དང་ལྷ་མང་པོས་བསྐོར་ཞིང་མདུན་དུ་བདར་ནས་བསྐྱོད་པར་བརྩམས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔས་བདེ་བའི་རྒྱན་ཞེས་བྱ་བའི་འོད་ཟེར་དགུ་ལ་སོགས་པ་འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་བཀྱེ་བས། སྟོང་གསུམ་གྱི་མུན་པ་མུན་ནག་ཀུན་སྣང་བར་བྱས་ནས་ཉི་ཟླའི་འོད་ཟིལ་གྱིས་མནན་ཏེ། ངན་སོང་གི་སྡུག་བསྔལ་སྐད་ཅིག་དེ་ལ་ཞི་བ་དང། སེམས་ཅན་སུ་ལ་ཡང་ཉོན་མོངས་པས་མི་གནོད་པ་དང། སྣོད་མ་ཡིན་པ་དག་སེལ་བ་དང། ལག་ན་རྡོ་རྗེ་ཕྱི་བཞིན་དུ་འབྲང་བ་དང། འདུལ་བ་སྣ་ཚོགས་པ་དག་མཐོང་བ་སྣ་ཚོགས་པས་མཐོང་བཞིན་པའི་ལས་དེ་དག་ལ་སོགས་པ་དག་བྱེད་དོ། ། ཡུམ་ལ་ཁྱད་པར་དུ་བྱ་བའི་འོད། ཡུམ་གྱི་ཡོན་ཏན་གྱི་དཀྱིལ་འཁོར་ལས་བྱུང་བའི་སྣང་བ་ཞེས་བྱ་བའི་འོད་བ་སྤུའི་སྒོ་ཐམས་ཅད་ནས་བཀྱེ་བས། ལྷ་མོ་སྒྱུ་འཕྲུལ་གསོ་སྦྱོང་བླངས་པའི་ལུས་ལ་ཞུགས་མ་ཐག ། དེའི་ལུས་བདེ་ལ་འགྲོ་བ་ཐམས་ཅད་ཀྱི་ལུས་ལས་མངོན་པར་འཕགས་ཤིང་རུམ་ནམ་མཁའི་ཁྱོན་ལྟར་ཡངས་པར་གྱུར་ཀྱང་མིའི་ལུས་ལས་མ་འདས་ལ། ཡུམ་གྱི་གློ་གཡས་པར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་མཛེས་ཤིང་བལྟ་ན་སྡུག་པ། གྲུ་བཞི་ཀ་བ་བཞི་པ། སྟེང་ཁང་པ་བརྩེགས་པས་བརྒྱན་པ། འཕང་དུ་བྱིས་པ་བཙས་ནས་ཟླ་བ་དྲུག་ལོན་པའི་ཚད་ཙམ་པ། དེའི་ནང་ན་ཁང་པ་བརྩེགས་པ་གཉིས་པ་དང། དེ་བཞིན་དུ་གསུམ་པ་ཡང་དེ་དང་མ་རེག་པར་འདུག་པ་སྲ་ཞིང་བརྟན་ལ་མི་ཤིགས་པ་རེག་ན་བདེ་བ། སྔོན་པོ་མཆོག་གི་ཁ་དོག་ཅན། འདོད་ལྷའི་གནས་ཀྱི་བཀོད་པ་ཅི་སྲིད་པ་དེར་སྣང་བ། དེའི་ཕྱེ་མ་སྲང་ཕྱེད་ལ་སྟོང་གསུམ་འདི་རིན་པོ་ཆེས་བཀང་བས་རིན་དུ་མི་ཆོག་པ། དེའི་འཁོར་ས་ན་ལྷའི་མེ་ཏོག་ལས་འདས་པའི་མེ་ཏོག་སྐྱེ་ཞིང་འདོད་པའི་ཡོན་ཏན་ལྔས་འབྱོར་པ། ཁང་པ་བརྩེགས་པ་གསུམ་པའི་ནང་ན་བྱིས་པ་བཙས་ནས་ཟླ་བ་དྲུག་ལོན་པ་ལ་འཚམ་པའི་ཁྲི་ཟླུམ་པོ། ཚངས་པ་ཆེན་པོའི་གོས་ཀྱང་དེའི་འོད་ཀྱིས་མོག་མོག་པོར་བྱེད་པའི་སྟེང་ན་མཆོག་གི་གདན་ལ་གོས་སྟོང་ཕྲག་བརྒྱའི་རྒྱན་ཞེས་བྱ་བ་ཕྲུགས་གཅིག་ཀྱང་ཡོད་པ་ལོངས་སྤྱོད་ཀྱི་དོན་དུ་གྲུབ་བོ། ། བརྒྱ་བྱིན་གྱིས་ཀྱང་ཡུམ་གྱི་གཟི་བརྗིད་བསྒྲུབ་པ་དང། ལྷུམས་གཙང་མར་བྱེད་པ་ལ་འབད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ལྷའི་འཁོར་གྲངས་མེད་པ་དང། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་དགའ་ལྡན་ནས་རིམ་གྱིས་ཕེབས་ཏེ་གླང་པོ་ཆེའི་ཕྲུག་གུ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པའི་གཟུགས་ཀྱིས་ནམ་གྱི་གུང་ཐུན་ལ་ཡུམ་གྱི་གློ་གཡས་པ་ནས་ཞུགས་ཏེ། ཞུགས་མ་ཐག་བྱིས་པ་བཙས་ནས་ཟླ་བ་དྲུག་ལོན་པའི་ཚད་ཙམ་མཚན་གྱིས་བརྒྱན་པར་གྱུར་ཏེ། ཡུམ་གྱི་གློ་གཡས་པའི་ཁང་པ་བརྩེགས་པའི་ནང་གི་ཁྲི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ན་བཟའ་ཕྲུགས་དེ་ཡང་གསོལ་ནས་ཞིང་བཅུའི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་སྐལ་བ་མཉམ་པ་ཀླུའི་སྙིང་པོའི་ཁང་པ་བརྩེགས་པ་འཁོད་པ་དག་དང་ལྷན་ཅིག་ཡུམ་གྱི་རུམ་དུ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ནུབ་མོ་སྔོན་ཞིང་དམ་པ་ལ་ཟས་ཀྱི་ཕུད་ཕུལ་བའི་རྣམ་སྨིན་ལས་བྱུང་བའི་པདྨ་ཆེན་པོས་རྒྱ་མཚོ་དང་ས་ཆེན་པོ་བརྟོལ་ཏེ་ཞག་བདུན་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕགས་པ་སྐྱེས་སོ། ། སྟོང་གསུམ་གྱི་བཅུད་ཇི་སྙེད་པ་པདྨ་དེ་ལ་ཟིལ་དངར་གྱི་ཐིགས་པ་བཞིན་དུ་ཆགས་པ་དེ་ཚངས་པ་ཆེན་པོ་གཅིག་པུས་མཐོང་ནས་བཻ་ཌཱུརྱའི་སྣོད་བཟང་པོར་བླངས་ཏེ་ཕུལ་བ་བྱང་ཆུབ་སེམས་དཔས་བཞེས་ཏེ་སྐུ་ལུས་བརྟས་པར་བྱེད་དོ། ། དེ་འཇུ་བར་ནུས་པའི་སེམས་ཅན་ནི་གཞན་མེད་དོ། ། ཡུམ་གྱི་ལྷུམས་ན་བཞུགས་པའི་སྐུ་མེའི་ཕུང་པོ་ལྟ་བུ་འདུག་པའི་སྣང་བས་དཔག་ཚད་ལྔའི་བར་ཁྱབ་བོ། ། མི་རྣམས་བྱང་ཆུབ་སེམས་དཔའ་བལྟ་བར་འོངས་པ་དེ་དག་གིས་མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་བ་ལྟར། ཡུམ་གྱི་ལྷུམས་ན་ཁང་པ་བརྩེགས་པའི་ནང་ན་བྱང་ཆུབ་སེམས་དཔའ་བཞུགས་པ་མཐོང་བར་གྱུར་པ་ལ་ཐོག་མར་བྱང་ཆུབ་སེམས་དཔས་དགའ་བར་བྱེད་པའི་གསུང་སྩོལ་ལོ། ། དེ་ནས་ཡུམ་གྱིས་སྨྲའོ། ། བྱང་ཆུབ་སེམས་དཔའ་ལ་ཆོས་མཉན་པའི་ཕྱིར་རྒྱལ་པོ་ཆེན་པོ་བཞི་དང། གནོད་སྦྱིན་གྱི་སྡེ་དཔོན་རྣམས་སྔ་དྲོ་འོངས་པ་ལ་བྱང་ཆུབ་སེམས་དཔས་ཕྱག་གཡས་བརྐྱང་བའི་མཛུབ་མོ་བསྒྲེངས་ནས་སྟན་སྟོན་ཏོ། ། དེ་རྣམས་ཀྱང་སྟན་ལ་འཁོད་ནས་འདུག་པ་ལ་ཆོས་སྟོན་ཏེ། སླར་འགྲོ་བར་འདོད་པ་དང། ཕྱག་གཡས་པ་བརྐྱང་སྟེ་དེ་དག་འདོང་བའི་བརྡ་སྟོན་ནོ། ། དེ་བཞིན་དུ་ཉི་མའི་གུང་ལ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་བྱུང་བ་དང། ཕྱི་དྲོ་ཚངས་པས་ཟིལ་དངར་གྱི་ཐིགས་པ་འབུལ་བ་དང། ནུབ་ཐུན་དང་པོ་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འོངས་པ་ལ། སྐུ་ལས་བཀྱེ་བའི་འོད་རྣམས་སེང་གེའི་ཁྲིར་སྤྲུལ་པ་ལ་དེ་དག་འཁོད་དུ་བཅུག་སྟེ། སྔར་བཞིན་ཕྱག་བརྐྱང་བསྐུམ་མཛད་དེ་ཆོས་ཀྱི་བརྡའི་སྒོ་ཆེན་པོས་བགྲོ་བར་བྱེད་དོ། ། དེ་ལྟར་ཟླ་བ་བཅུའི་རིང་ལ་ཡུམ་གྱི་ལྷུམས་ཀྱི་གཞལ་མེད་ཁང་དུ་བཞུགས་ནས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་དང། ཚངས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་དཀར་ཕྱོགས་ཀྱི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གདུལ་བྱ་བགྲང་བ་ལས་འདས་པ་ཞིག་སྨིན་གྲོལ་ལ་བཀོད་ནས། བལྟམ་པའི་དུས་ལ་བབ་པ་ན་རྒྱལ་པོ་ཟས་གཙང་མའི་སྐྱེད་མོས་ཚལ་དུ་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་སྟེ། མེ་ཏོག་ཐམས་ཅད་དང། རྫིང་གི་མེ་ཏོག་དང། ཤིང་ལྗོན་པའི་མེ་ཏོག་ཁ་འབུས་ནས་རྒྱས་པར་གྱུར། རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་སྐྱེས། གཏེར་ཆེན་པོ་ཉི་ཁྲི་ཁ་འབུས། ཁྱིམ་གྱི་ནང་དུ་རིན་པོ་ཆེའི་མྱུ་གུ་འཐོན། སྤོས་ཆུའི་དཔལ་གྱི་ཝ་འབྲུ་མར་དྲི་ཞིམ་པོས་སྦགས་པ་འཛག ། གངས་རི་ལས་འོངས་པའི་སེང་གེའི་ཕྲུག་གུ་དག་སེར་སྐྱའི་གྲོང་ཁྱེར་ལ་བསྐོར་བ་བྱས་ནས་སྒོ་ན་གནས་ཀྱང་སེམས་ཅན་ལ་འཚེ་བ་མི་བྱེད། གླང་པོའི་ཕྲུག་གུ་ཐལ་ཀར་ལྔ་བརྒྱ་འོངས་ནས་རྒྱལ་པོའི་རྐང་པ་ལ་སྣའི་རྩེ་མོས་ཉུག ། རྒྱལ་པོ་ཟས་གཙང་མའི་བཙུན་མོའི་འཁོར་གྱི་ཕང་པ་ནས་ཕང་པ་དག་ཏུ་ལྷའི་བྱིས་པ་དག་འདྲེ་ལྡོག ། ཀླུའི་བུ་མོ་མཆོད་པའི་ཡོ་བྱད་ཐོགས་པ་ལུས་ཕྱེད་ཕྱུང་ནས་ནམ་མཁའ་ལ་རྒྱུ། རྨ་བྱའི་མདོངས་ཐོགས་པའི་ལྷའི་བུ་མོ་ཁྲི་ནམ་མཁའ་ལ་འཁོད། བུམ་པ་གང་བ་ཁྲི་ཡང་སེར་སྐྱ་ལ་སྐོར་བ་བྱེད། ལྷའི་བུ་མོ་སྤོས་ཆུའི་རིལ་བ་བྷྲྀང་ག་ར་ཀླད་ལ་ཐོགས་ནས་འཁོད། ལྷའི་བུ་མོ་ཁྲི་གདུགས་དང་བ་དན་ཐོགས་ནས་འཁོད། ལྷའི་བུ་མོ་བརྒྱ་སྟོང་མང་པོ་དུང་དང་རྔ་སོགས་མགུལ་ནས་དཔྱངས་ཏེ་སྡོད། རླུང་དང་རྡུལ་མི་ལྡང། ཆུ་ཐམས་ཅད་མ་འགུལ་ཞིང་མི་རྒྱུ། ཉི་ཟླ་དང་སྐར་མ་རྣམས་ནི་མི་རྒྱུ། སྐར་མ་རྒྱལ་དང་ཡང་ལྡན། ཟས་གཙང་གི་ཁྱིམ་རིན་པོ་ཆེའི་དྲ་བས་ཡོག ། མེ་ཡང་མི་འབར། ཁང་བརྩེགས་དང་རྒྱ་ཕུབ་དང་རྟ་བབས་དག་ལ་ནོར་བུ་དང་རིན་ཆེན་འབར་བ་འཕྱང། རས་བཅོས་བུ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛོད་རྣམས་གང་ནས་སྒོ་བྱེ། འུག་པ་ལ་སོགས་པའི་སྐད་མེད། སྙན་པའི་སྒྲ་སྐད་གྲག་སྐྱེ་བོ་རྣམས་ཀྱི་ལས་ཀྱི་མཐའ་རྒྱུན་ཆད། ཕྱོགས་ཐམས་ཅད་མཉམ། ལམ་གྱི་བཞི་མདོ་དང་ཚོང་དུས་ཀྱི་གཞི་རྣམས་མེ་ཏོག་སིལ་མས་བཀྲམ། སྤྲུམ་མ་བདེ་བར་བཙའ་བར་གྱུར། སཱ་ལའི་ནགས་ཚལ་གྱི་ལྷ་རྣམས་ཤིང་གི་ལོ་མའི་ནང་ནས་ལུས་ཕྱེད་ཕྱུང་སྟེ་ཕྱག་འཚལ་ཞིང་གནས་པ་རྣམས་བྱུང་ངོ་། ། དེ་ལྟར་ལྷ་མོ་སྒྱུ་འཕྲུལ་མུམ་བི་ནའི་ཚལ་དུ་འབྱོན་བཞེད་པ་ན་རྒྱལ་པོ་ཟས་གཙང་དང། ལྷས་བསྟན་གྱི་རྒྱལ་པོ་ལེགས་པར་རབ་སད་གཉིས་ཀས་ལུམ་བི་ནའི་ཚལ་བྱི་དོར་བྱས་ཤིང། རྒྱན་གྱི་ཁྱད་པར་ཐམས་ཅད་དང། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱས་སོ། ། དེའི་ཚེ་ཚལ་དེར་སྔ་ལྟས་ཀྱི་སྣང་བ་ཆེན་པོ་སའི་སྟེང་གི་རིན་པོ་ཆེའི་ཁང་བཟང་ཐམས་ཅད་དུ་སྣང་བ་བྱུང་བ་དང། རིན་པོ་ཆེའི་པདྨ་ཁ་བྱེ་བའི་འདབ་མ་ཐམས་ཅད་ལས་བལྟམ་མམ་ཞེས་པའི་སྒྲ་དང་བཅས་པའི་འོད་བྱུང་བས་ཁྱབ་པ་དང། ཕྱོགས་བཅུའི་རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་པ་ནས་བྱང་ཆུབ་པའི་བར་གྱི་སྣང་བ་སོགས་ཚལ་དེར་སྔ་ལྟས་བཅུ་བྱུང་ངོ་། ། དེ་ནས་རྒྱལ་པོ་ཟས་གཙང་མས་རང་གི་འཁོར་རྣམས་ལ་བཀའ་བསྒོས་ཏེ། སེར་སྐྱའི་ཕོ་བྲང་ནས་ལུམ་བི་ནའི་ཚལ་གྱི་བར་གྱི་ལམ་ཐམས་ཅད་བྱི་དོར་ལེགས་པར་བྱས་ཤིང་དྲི་བཟང་གི་ཆུས་ཆག་ཆག་གདབ་པ་དང། མེ་ཏོག་སྣ་ཚོགས་དགྲམ་པ་དང། བུད་མེད་ཁྲི་ཁྲག་མང་པོས་གླུ་དབྱངས་དང་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་མཆོད་པ་དང། རིན་པོ་ཆེའི་ཤིང་རྟ་ཁྲི་ཁྲག་མང་པོ་བཤམས་པ་དང། བསྲུང་མར་བསྐོས་པའི་དཔའ་བོ་ཁྲི་ཁྲག་མང་པོ་ཕྱོགས་ཕྱོགས་སུ་འཁོད་པ་དང། ཤིང་རྟ་རྣམས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སོགས་བྱས་ནས་སྒྱུ་མ་ལྷ་མཛེས་སྤྱན་དྲངས་སོ། ། དེ་ནས་ཡུམ་སྒྱུ་མ་ལྷ་མཛེས་ཤིང་རྟའི་ནང་དུ་ཞུགས་ཏེ་ནོར་བུས་བརྒྱན་པའི་ཤིང་རྟ་འཇིག་རྟེན་སྐྱོང་བ་བཞིས་འདྲེན་ཞིང། ལྷའི་དབང་པོ་བརྒྱ་བྱིན་ནི་མདུན་དུ་ལམ་གྱི་བྱི་དོར་བྱེད། ཚངས་པ་ནི་སྣམ་ལོགས་ནས་བསིལ་ཡབ་གཡོབ་པར་བྱེད། དཀར་ཕྱོགས་ཀྱི་ལྷ་བགྲང་བ་ལས་འདས་པ་དག་ནི་ཡུམ་གྱི་རུམ་ན་བྱང་ཆུབ་སེམས་དཔའ་ཁང་པ་བརྩེགས་པའི་ནང་ན་བཞུགས་པ་ལ་མིག་མི་འཛུམ་པར་བལྟ་ཞིང་ཕྱག་འཚལ་བ་དང་སྨོན་ལམ་འདེབས་པར་བྱེད་ཅིང་སོང་ངོ་། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་ལུམ་བི་ནའི་ཚལ་དུ་ཕྱིན་ནས་ཤིང་རྟ་ལས་བབས་ཏེ། ནགས་ཚལ་ནས་ནགས་ཚལ་དུ་འཆག ། ལྗོན་པ་ནས་ལྗོན་པ་ལ་བལྟ་ཞིང་རིམ་གྱིས་སོང་བ་དང། ས་ཕྱོགས་མཉམ་ལ་ཡངས་པ་རྩྭ་སྔོན་པོས་གང་ཞིང་རེག་ན་བདེ་བ་ན་སྔོན་གྱི་རྒྱལ་བའི་ཡུམ་གྱིས་བརྟེན་པ་གནས་གཙང་མའི་ལྷ་རྣམས་ཀྱིས་ཕྱག་བྱས་པའི་ཤིང་རིན་པོ་ཆེ་མཆོག་འོད་འབར་བ་རྩ་བ་དང་སྡོང་བུ་དང་ཡལ་ག་དང་ལོ་མ་རིན་པོ་ཆེས་བརྒྱན་པ། མི་དང་ལྷའི་མེ་ཏོག་སྣ་ཚོགས་རྒྱས་པ། སྤོས་མཆོག་གི་དྲི་དང་ལྡན་པ། གོས་ཁ་དོག་སྣ་ཚོགས་དཔྱངས་པའི་ལྗོན་པའི་རྒྱལ་པོ་པླཀྵ་ཞེས་བྱ་བའི་རིན་པོ་ཆེའི་ཤིང་གི་ཡལ་ག་ལ་ཕྱག་གཡས་པས་འཇུས་ནས་བྱ་རྨྱང་བྱེད་ཅིང་གནམ་དུ་གཟིགས་པ་ན། རྩིབ་ལོགས་གཡས་ནས་གསེར་གྱི་མཆོད་སྡོང་ཉི་མ་བྱེ་བའི་མདངས་དང་ལྡན་པ་གློ་བུར་དུ་འཐོན་པ་ལྟར་དུ་སྐུ་བལྟམས་སོ། ། དེའི་ཚེ་ནམ་མཁའ་ཐམས་ཅད་ལྷའི་མཆོད་རྫས་ཀྱིས་གང་ཞིང་། ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ལྷའི་གོས་ཀ་ཤི་ཀས་ལྕིབས་ཏེ་བླངས། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་བདུད་རྩིས་མཆོད། ལྷ་དང་ལྷ་མོ་བགྲང་བ་ལས་འདས་པས་སྤོས་ཆུའི་བུམ་པ་ཐོགས་ཏེ་སྐུ་ཁྲུས་གསོལ། དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་ནམ་མཁའ་ལ་བླངས་པ་ན་ང་ཐོངས་གསུངས་ཏེ་ས་ལ་ཞབས་བཞག་ནས་ཕྱོགས་བཞིར་གོམ་པ་བདུན་བདུན་པོར་ཏེ། འཇིག་རྟེན་འདི་ན་ང་ཉིད་མཆོག་གོ ། ཞེས་སོགས་སེང་གེའི་སྒྲ་དབྱངས་ཆེན་པོ་བསྒྲགས་སོ། ། བྱང་ཆུབ་སེམས་དཔའ་སྒྱུ་མ་ལྷ་མཛེས་ཀྱི་རྩིབ་ལོགས་གཡས་པ་ནས་ན་བཟའ་དང་བཅས་བཞིན་དུ་བལྟམས་པའི་ཚེ་ཉི་མ་སྟོང་དུས་གཅིག་ཏུ་ཤར་བ་ལས་ཀྱང་ཆེས་ཆེར་གསལ་བའི་སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་མཛད་ཅིང། ས་འོག་གི་གཏིང་རྣམས་ཀྱང་སྣང་བས་ཁྱབ་ཅིང་འོད་ཀྱི་སྣང་བ་དེ་གང་ལ་རེག་པའི་སེམས་ཅན་ཐམས་ཅད་སྐད་ཅིག་དེ་ལ་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་རྒྱུན་བཅད་ཅིང་བདེ་བས་ཁྱབ་པར་མཛད་དོ། ། བྱང་ཆུབ་སེམས་དཔའ་ཡུམ་གྱི་རུམ་ན་ཙན་དན་གྱི་ཁང་པ་བརྩེགས་པའི་ནང་ན་བཞུགས་པའི་ཁང་བརྩེགས་དེ་མི་མཇེད་ཀྱི་བདག་པོ་ཚངས་པས་ཚངས་གནས་སུ་ཁྱེར་ཏེ་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཕྱག་དང་མཆོད་པའི་གནས་སུ་བཞུགས་སོ། ། དེའི་ཚེ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས། མེ་ཏོག་གི་ཆར་བབས། ངན་སོང་གསུམ་རྒྱུན་བཅད། སེམས་ཅན་ཀུན་ལ་ཉོན་མོངས་པས་མི་འཚེ། དབང་པོ་མེད་པ་རྣམས་དབང་པོ་དང་ལྡན། ས་གཡོས་སོ། ། བྱང་ཆུབ་སེམས་དཔའ་བལྟམས་པ་དེའི་སྐད་ཅིག་དེ་ལ་གྲོང་ཁྱེར་ཆེན་པོ་བཞིར་རྒྱལ་པོ་ཆེན་པོ་བཞི་ལ་ཡང་བུ་བཙས་ཏེ། མཉན་ཡོད་དུ་རྩིབས་ཀྱི་འཕུར་ཚངས་བྱིན་གྱི་བུ་བཙས་པ་ན་ཡུལ་པྲ་ཕབ་པ་གསལ་བ་བཞིན་དུ་སྣང་བས་དེའི་མིང་གསལ་རྒྱལ་ཞེས་དང། རྒྱལ་པོའི་ཁབ་ཏུ་པདྨ་ཆེན་པོའི་བུ་བཙས་པ་ན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་གཟུགས་ཅན་སྙིང་པོ་ཞེས་དང། ཀཽ་ཤམ་བིར་དམག་བརྒྱ་པའི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་ཤར་པ་ཞེས་དང། འཕགས་རྒྱལ་དུ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན་འཇིག་རྟེན་སྒྲོན་མས་སྣང་བ་ལྟ་བུར་གྱུར་པས་རབ་སྣང་ཞེས་བྱ་བར་བཏགས་ཏེ། དེ་རྣམས་རང་རང་གི་བུའི་ཡོན་ཏན་དུ་རློམ་མོ། ། དེའི་ཚེ་ཤཱཀྱའི་གྲོང་དུ་བཟང་ལྡན་དགའ་བོ་སོགས་རབ་ལྔ་བརྒྱ་དང། ཤཱཀྱ་གཞན་འབུམ་ཕྲག་ལྔ་དང། འདུན་པ་ལ་སོགས་པ་འབངས་བརྒྱད་བརྒྱ་དང། གྲགས་འཛིན་མ་ལ་སོགས་པ་ཤཱཀྱའི་བུ་མོ་ཁྲི་དང། འདུན་མ་ལ་སོགས་པ་བྲན་མོ་བརྒྱད་བརྒྱ་དང། རྒྱལ་རིགས་དང་བྲམ་ཟེ་དང་ཁྱིམ་བདག་གི་བུ་མོ་ཉི་ཁྲི་དང། གསེར་གྱི་འོད་དང་ལྡན་ཞིང་མདོག་དཀར་བའི་ཆིབས་པ་བསྔགས་ལྡན་ལ་སོགས་པ་རྟེའུ་ཕོ་མོ་ཉི་ཁྲི་དང། གླང་པོ་ཆེ་མཆོག་ཁྲི་དང། བ་གླང་ཕོ་མོ་དྲུག་སྟོང་རྣམས་བཙས་སོ། ། གསེར་གྱིས་བརྒྱན་པའི་གླང་པོ་ཆེ་ཉི་ཁྲི་ནམ་མཁའ་ནས་སྒྲ་འབྱིན་ཅིང་སེར་སྐྱར་འོངས་ལ། ཟས་གཙང་གི་མདུན་ན་འདོན་འཆར་པོའི་བུ་འཆར་ཀ་ཡང་སྐྱེས་སོ། ། འཛམ་བུའི་གླིང་གི་དབུས་སུ་ཨ་ཤྭཏྠའི་སྡོང་པོ་དང། མ་དྲོས་པའི་འགྲམ་དུ་ཨུ་དུམྦ་རའི་མེ་ཏོག་དག་ཀྱང་ཁ་འབུས། གླིང་ཕྲ་མོ་རྣམས་སུ་ཙན་དན་གྱི་ཚལ་དང། རིའི་རྩེ་མོ་རྣམས་སུ་བྱུ་རུའི་མྱུ་གུ་དག་འཐོན་པར་གྱུར་རོ། ། འབབ་ཆུ་རོ་ཧི་ཏའི་འགྲམ་དུ་ཤིང་དགེ་བའི་སྙིང་པོ་ཞེས་བྱ་བ་ཉི་མ་གཅིག་བཞིན་ཁྲུ་བརྒྱ་སྐྱེ་བར་འགྱུར་བ། ཉི་མ་མ་ཤར་བ་དེ་སྲིད་དུ་སེན་མོས་ཀྱང་བཅད་དུ་རུང་བ། ཉི་མ་ཤར་ནས་མེས་ཀྱང་ཚིག་ཏུ་མི་རུང་བ་ཞིག་སྐྱེས་སོ། ། ལུམ་བི་ནའི་ཚལ་དུ་པདྨ་སྤུངས་པ་ལྟ་བུའི་མཆོད་རྟེན་བརྩིགས་ཏེ་སྐུ་བལྟམས་པའི་མཆོད་རྟེན་དུ་གྲགས་སོ། ། བྱང་ཆུབ་སེམས་དཔས་ལོངས་སྤྱོད་པའི་དོན་དུ་བཀོད་པ་དྲི་མ་མེད་པ་ལ་སོགས་པ་སྐྱེད་མོས་ཚལ་ལྔ་བརྒྱ་དང། གཏེར་ལྔ་བརྒྱ་ཡང་བྱུང་། ཁམས་ཀྱི་རྒྱལ་ཕྲན་ཉི་ཁྲི་ཡང་དཔྱ་འབུལ་ཞིང་འདུད་པར་གྱུར་ཏོ། ། དེ་ལྟར་གྱུར་པ་ན་རྒྱལ་པོ་ཟས་གཙང་མས་བུ་འདི་བཙས་མ་ཐག་བདག་གི་འདོད་པའི་དོན་ཐམས་ཅད་གྲུབ་པས་ན་འདིའི་མིང་དོན་ཐམས་ཅད་གྲུབ་པར་གདགས་སོ་སྙམ་དུ་བསམས་ནས་མཚན་དེ་ལྟར་དུ་བཏགས་སོ། ། དེ་ནས་ཡབ་ཡུམ་གཉིས་ཀྱིས་མཚན་མཁན་རྣམས་ལ་དྲིས་པ་དང་། དེ་དག་གིས་ལུང་བསྟན་པ་གངས་ཀྱི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་བ་ནི། གལ་ཏེ་ཕོ་བྲང་གི་ནང་དུ་བཞུགས་པར་གྱུར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། ། གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་བགྲང་བ་ལས་འདས་པ་ཞིག་སྨིན་གྲོལ་ལ་བཀོད་ཅིང་། ལྷ་དང་མིའི་མཆོད་པའི་བྱེ་བྲག་ཚད་མེད་པས་མཆོད་ཅིང་ཞག་བདུན་ལུམ་བའི་ཚལ་དུ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་སྐུ་བལྟམས་པའི་འོད་ཀྱིས་འཇིག་རྟེན་ཀུན་སྣང་བར་བྱས་པ་དེའི་ཚེ་གངས་རི་ཀུན་འཛིན་གྱི་ངོས་ལ་གནས་པའི་དྲང་སྲོང་ནག་པོ་ཉོན་མོངས་མེད་ལ་སོགས་པ་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་མང་པོས་འོད་དེ་མཐོང་ཞིང་དཀར་ཕྱོགས་ཀྱི་ལྷ་རྣམས་ནམ་མཁའ་ལ་དགའ་བའི་ཅ་ཅོ་སྒྲོག་ཅིང་བྱང་ཆུབ་སེམས་དཔའ་སྐུ་བལྟམས་ཏེ་མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་དགའ་བའི་སྒྲ་རྒྱ་ཆེར་སྒྲོག་པའང་ཐོས་ནས་གཅིག་ལ་གཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱག་བྱ་བའི་ཕྱིར་འདོང་ངོ་ཞེས་བགྲོས་པ་ན། དྲང་སྲོང་བློ་གྲོས་དང་ལྡན་པ་འགའ་ཞིག་གིས་ད་ལྟ་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་དབང་ཆེ་བར་གྲགས་པ་མང་པོས་མདུན་དུ་བདར་བས་བྱང་ཆུབ་སེམས་དཔའ་མཇལ་བའི་སྐབས་མི་རྙེད་ཀྱིས། བྱང་ཆུབ་སེམས་དཔའ་སེར་སྐྱའི་ཕོ་བྲང་དུ་ཕེབས་ནས་མཇལ་ལོ་ཞེས་བགྲོས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ལྷ་དང་མིའི་མཆོད་པ་ཚད་མེད་པས་མཆོད་བཞིན་དུ་སེར་སྐྱའི་ཕོ་བྲང་དུ་སྤྱན་དྲངས་སོ། ། དེ་ནས་སྐྱེ་བོ་རྣམས་ཀྱི་ཡུལ་ཆོས་ཀྱིས་བྱིས་པ་སྐྱེས་ནས་རིང་པོ་མ་ལོན་པར་རང་རང་གི་ཡུལ་ལྷ་མཆོད་པར་བྱེད་པས། ཆོས་ཉིད་ཀྱིས་ཤཱཀྱ་རྣམས་ནི་ཤཱཀྱ་སུ་ཡང་རུང་བ་ལ་ཁྱེའུ་འམ་བུ་མོ་གང་བཙས་པ་དེ་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བ་གཉུག་མར་གནས་པ་ལྷར་གྲགས་པ་ཞིག་ཡོད་དེ། དེའི་རྐང་པ་ལ་ཕྱག་འཚལ་བའི་ལྷ་ཁང་དུ་འཁྲིད་པ་ཡིན་པས་ཤཱཀྱ་རྒན་རབས་རྣམས་འདུས་ཏེ་རྒྱལ་པོ་ལ་གཞོན་ནུ་ལྷ་ཁང་དུ་བཀུར་དུ་གསོལ། རྒྱལ་པོས་གནང་སྟེ། གྲོང་ཁྱེར་ཐམས་ཅད་དགེ་མཚན་དང་བཀྲ་ཤིས་ཀྱིས་བརྒྱན་པར་བྱས་ནས། རྒྱལ་པོ་ཉིད་ཀྱིས་སྐྱེ་དགུའི་བདག་མོ་ལ་གཞོན་ནུ་ལྷ་ཁང་དུ་བཀུར་གྱི་རྒྱན་ཐོགས་ཤིག ། དེས་ཀྱང་བྱང་ཆུབ་སེམས་དཔའི་རྣ་བ་ཕུག་ནས་རྣ་རྒྱན་སེང་གེ་ཅན་བཏགས་ཏེ་ལྷ་ཁང་དུ་བཀུར་རོ་ཞེས་སྨྲས་པ་དང་། གཞོན་ནུས་སྨྲས་པ། ལྷ་རྣམས་ཀྱིས་བདག་གི་རྐང་པ་ལ་བཏུད་ན་སུ་ཞིག་བདག་གི་གོང་ན་འཕགས། འོན་ཀྱང་འཇིག་རྟེན་གྱི་རྗེས་སུ་སྙེག་པ་ཙམ་དང་། བདག་མཐོང་ན་སྐྱེ་བོ་རྣམས་དགའ་བར་འགྱུར་བས་མཆིའོ། ། ཞེས་སྨྲས་པ་དང་། རྒྱལ་པོས་གཞོན་ནུ་པང་དུ་བླངས་ཏེ་གླང་པོ་ཆེས་དྲངས་པའི་རིན་པོ་ཆེ་སྣ་བཞིས་བརྒྱན་པའི་ཤིང་རྟ་ལ་འཁོད་ནས་བཀོད་པ་ཆེན་པོས་བྱོན་པ་ན། ཤཱཀྱ་གཏུམ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་གཟི་བརྗིད་མ་བཟོད་པར་བག་འཁུམ་པར་གནས་ཤིང། སྲོག་ཆགས་གཏུམ་པོ་གཞན་དག་ཀྱང་ཅ་ཅོའི་སྒྲ་མེད་པར་བྱང་ཆུབ་སེམས་དཔའི་གདོང་ལ་གུས་པར་བལྟ་ཞིང་གནས་པས་ཤཱཀྱ་ཐུབ་པ་ཞེས་མཚན་བཏགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ལྷ་ཁང་དུ་འཇུག་པར་བརྩམ་པ་ན་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའ་རང་གི་གནས་དང་ཉེ་བར་བྱོན་པ་མཐོང་ནས་དེས་བསུ་བའི་ཕྱིར་ཕྱིར་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་སྤྱི་བོས་གཏུགས་པ་དང་། ལྷ་ཁང་དེར་གཞོན་ནུའི་ཞབས་གཡས་པ་བཞག་མ་ཐག ། ཟླ་བ་དང། ཉི་མ་དང་། འཇིག་རྟེན་སྐྱོང་བ་བཞི་དང་། བརྒྱ་བྱིན་དང་། སྐེམ་བྱེད་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་ལ་སོགས་པ་ལྷའི་གཟུགས་རྣམས་རང་རང་གི་གནས་ལས་ལངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་བྱས་པ་ན་ས་ཡང་གཡོས་སོ། ། དེ་ཟས་གཙང་ལ་སྨྲས་པ་དང་། རྒྱལ་པོས་ལྷས་ཀྱང་གཞོན་ནུའི་རྐང་པ་ལ་གཏུགས་པས་ལྷའི་ཡང་ལྷ་ཞེས་མཚན་བཏགས་སོ། ། དེ་ནས་དྲང་སྲོང་ཉོན་མོངས་མེད་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་ཞལ་བལྟ་བར་འོངས་པ་ན། དེའི་ཚེ་དྲང་སྲོང་དེ་དག་འགྲོ་བ་ཐམས་ཅད་ཀྱི་མཆོད་གནས་སུ་བཀུར་ཞིང་ནམ་མཁའ་ལས་འགྲོ་འོང་བྱེད་པ་ཡིན་ཡང་། སེར་སྐྱའི་གྲོང་མཐོང་བ་ན་བྱང་ཆུབ་སེམས་དཔའི་གཟི་བརྗིད་ཀྱི་མཐུས་དྲང་སྲོང་དེ་དག་གི་རྫུ་འཕྲུལ་ཉམས་ཏེ་རྐང་པས་འོངས་ནས་རྒྱལ་པོ་ཟས་གཙང་ལ་གཞོན་ནུ་མཇལ་བར་ཞུས་པ་ན་རྒྱལ་པོ་ཟས་གཙང་གིས་དྲང་སྲོང་དེ་དག་གུས་པས་མཆོད་དེ་སྟན་བཟང་པོ་ལ་བཞག་ནས་གཞོན་ནུའི་སྐུ་གཟུགས་བལྟར་བཅུག་གོ ། དེ་ནས་དྲང་སྲོང་དེ་དག་གིས་གཞོན་ནུའི་སྐུ་ལུས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པར་མཐོང་ནས་དད་པ་ལྷག་པར་སྐྱེས་ཏེ། གཞོན་ནུ་འདིས་ནམ་ཞིག་ན་ཆོས་ཀྱི་འཁོར་ལོ་བསྐོར་སྙམ་དུ་མངོན་ཤེས་ཀྱིས་བརྟགས་པ་ན། ལོ་ཉི་ཤུ་རྩ་དགུ་ནིཁབ་ཏུ་བཞུགས། དེ་ནས་ལོ་དྲུག་ཏུ་དཀའ་བ་སྤྱད། དེ་ནས་དཀའ་སྤྱད་དེ་ལས་བཞེངས་ཏེ་འཚང་རྒྱ་བ་དང་། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ལ། རང་ལ་དེའི་བར་དུ་སྡོད་པའི་ཚེ་མེད་པར་ཆོས་ཀྱི་བདུད་རྩི་མ་མྱོང་བར་འཆི་བར་མཐོང་ནས་སྡུག་བསྔལ་དང་མྱ་ངན་དྲག་པོས་ནོན་ཏེ་ངུས་སོ། ། དེ་ལ་རྒྱལ་པོ་ཟས་གཙང་མས་དྲང་སྲོང་ཆེན་པོ་ངུ་བ་ཅི་ཡིན། གཞོན་ནུ་འདི་ལ་མི་ལེགས་པའི་མཚན་མ་མ་མཐོང་ངམ་ཞེས་དྲིས་པ་ན། དྲང་སྲོང་དེ་དག་གིས་སྨྲས་པ། གཞོན་ནུ་ལ་མཚན་མ་ངན་པ་གང་ཡང་མེད་ཀྱི། འདི་ནི་ངེས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རང་ལ་དེའི་བར་དུ་སྡོད་པའི་དབང་མེད་པར་འཆི་བར་རིག་ནས་རང་གི་ཉེས་པ་མཐོང་སྟེ་ངུ་བ་ཡིན་ནོ་ཞེས་ཟེར་རོ། ། དེ་ནས་དྲང་སྲོང་དེ་དག་གིས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་སྨོན་ལམ་ལེགས་པར་བཏབ་སྟེ་རང་གནས་སུ་སོང་ངོ་། ། ཚུལ་འདི་དག་ལ་ལེགས་པར་དཔྱོད་ཤེས་ན་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་གནད་ལ་ངེས་པ་ལྷག་པར་སྐྱེ་སྟེ། ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ཐོབ་པ་དང། དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པའི་གོ་འཕང་ཐོབ་པ་ལས་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་ཐོས་པ་རྙེད་དཀའ་བར་གྲུབ་བོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་བྱ་རྒྱུ་ཡོད་པའི་སྐབས་འདིར་བསྐལ་མང་སྟོང་དུ་རྙེད་དཀའ་བ་ཤེས་པར་བྱས་ལ་ལན་ཅིག་རྙེད་པ་འདི་ཆུད་མ་ཟོས་པར་ལམ་གྱི་རིམ་པའི་དམིགས་རྣམ་བསྐྱང་བར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་དགུང་ལོ་བདུན་ལ་བབ་པ་ན་གཙུག་ཕུད་བཞག་ཅིང་དེའི་དུས་སྟོན་ཡང་བྱས་ལ། སྐར་མ་རྒྱལ་ལ་བབ་པའི་དུས་སུ་རྒྱན་འདོགས་པར་བརྩམས་ཏེ། ཐོག་མར་ཤཱཀྱའི་རྒྱལ་པོ་བཟང་པོས་གཞོན་ནུའི་ཕྱིར་རྒྱན་ཇི་སྙེད་ཅིག་བྱས་པ་བྱང་ཆུབ་སེམས་དཔའི་ལུས་ལ་བཏགས་མ་ཐག་རྒྱན་རྣམས་མོག་མོག་བོར་གྱུར་ཏེ། ཚལ་དེའི་ལྷ་མོ་དྲི་མ་མེད་པ་ཞེས་བྱ་བས་རང་གི་ལུས་མངོན་སུམ་དུ་བསྟན་ཏེ་འདི་ལ་ནི་རང་བཞིན་གྱི་མཚན་གྱིས་སྤྲས་པའི་རྒྱན་མཛེས་ཀྱི། བཅོས་མའི་རྒྱན་མི་མཛེས་སོ་ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་བཟོ་རིག་པའི་སྒྱུ་རྩལ་གྱིས་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ན་ཡབ་ཟས་གཙང་གིས་བསྐུལ་ནས་དང་པོར་ཡི་གེའི་གྲྭར་བྱོན་ཏེ་བཀོད་པ་ཆེན་པོ་བཤམས་ནས། བྱིས་པའི་སློབ་དཔོན་ཀུན་གྱི་གཤེས་གཉེན། མིང་གཞན་སྲིན་བུ་གོ་ཆར་གྲགས་པ་དེ་ཉིད་ཡི་གེའི་རིགས་ཐམས་ཅད་ལ་མཁས་པ་ཡིན་པས། དེའི་གན་དུ་བྱོན་པ་དང་བྱང་ཆུབ་སེམས་དཔའི་གཟི་བརྗིད་མ་བཟོད་ནས་ཁ་བུབ་ཏུ་འགྱེལ་ཏོ། ། དེ་ལྟར་འགྱེལ་བ་དགའ་ལྡན་གྱི་ལྷའི་བུ་ཡན་ལག་བཟང་པོས་བསླང་སྟེ། ཟས་གཙང་དང་སྐྱེ་བོའི་ཚོགས་ལ་བྱང་ཆུབ་སེམས་དཔའི་གོང་ན་སློབ་དཔོན་གཞན་མེད་མོད་ཀྱིས། སེམས་ཅན་སྨིན་པར་བྱ་ཕྱིར་ཡི་གེའི་གྲྭར་ཞུགས་སོ། ། ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། ། དེ་ནས་ཟས་གཙང་དང་འཁོར་གཞན་རྣམས་ལོག་སྟེ་འཁོར་བྱིས་པ་ཁྲི་དང་དེའི་ནང་ནས་མཆོག་ཏུ་གྱུར་པ་ལྔ་བརྒྱ་དང་ལྷན་ཅིག་པར་ཡི་གེའི་གྲྭར་ཞུགས་ནས། ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེའི་བྱང་ཤིང་ལྷའི་ཚོན་གྱིས་བྱུགས་པ་གསེར་གྱི་ཡང་མིག་གིས་བཏགས་པ་ཐ་མ་ནོར་བུ་རིན་པོ་ཆེས་བརྒྱན་པ་ཐོགས་སོ། ། སྲིན་བུ་གོ་ཆས་ཡི་གེ་གཅིག་ནས་ལྔ་བརྒྱའི་བར་བྲིས་པ་ཐོགས་པ་དང་། བྱང་ཆུབ་སེམས་དཔས་འདི་དག་ངས་ཤེས་ཀྱི་གཞན་སྨྲོས་ཤིག ། གསོལ་པ། འཇིག་རྟེན་ན་འདི་ཙམ་སྤྱོད་ཀྱི་གཞན་ནི་མ་འཚལ་ཏོ། ། ཞེས་བརྗོད་པ་ན། བྱང་ཆུབ་སེམས་དཔས་ཚངས་པའི་ཡི་གེ་ལ་སོགས་པ་ཡི་གེའི་རྣམ་གྲངས་སྔོན་སུས་ཀྱང་མ་ཐོས་པ་བགྲང་བ་ལས་འདས་པ་ཞིག་གསུངས་ཤིང། ཡི་གེའི་ཕྱི་མོ་སློབ་པ་ན་ཨ་ཞེས་བརྗོད་པའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་སྟོང་པ་དང་། བདག་མེད་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ལ་སོགས་པའི་ངེས་པར་འབྱུང་བའི་ཆོས་ཀྱི་སྒྲ་དབྱངས་དཔག་ཏུ་མེད་པ་བསྒྲགས་ཏེ་ཡི་གེའི་སློབ་དཔོན་དུ་བྱེད་པ་དེ་དང་། བྱིས་པ་ཁྲི་ཁྲག་མང་པོ་དང་སྲོག་ཆགས་གཞན་ཉི་ཁྲི་དང་ཉིས་སྟོང་བྱང་ཆུབ་ཏུ་སྨིན་པར་བྱས་སོ། ། དེ་བཞིན་དུ་རྩིས་པ་སྲིད་སྒྲུབ་ཀྱི་ཐད་དུ་རྩིས་སློབ་པའི་ཚུལ་བསྟན་པ་ན། བྱང་ཆུབ་སེམས་དཔས་རྩིས་ཀྱི་སློབ་དཔོན་སྲིད་སྒྲུབ་ཀྱིས་སྔོན་ཆད་མིང་ཙམ་ཡང་མ་ཐོས་པའི་རྩིས་ཀྱི་རྣམ་གྲངས་དག་གསུངས་ཤིང། རྡུལ་ཕྲ་རབ་ལ་འཇུག་པ་ཞེས་བྱ་བའི་རྩིས་བསྟན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་རྡུལ་ཕྲ་མོའི་གྲངས་ཇི་ཙམ་ཡོད་པ་ཤེས་པར་ནུས་པའི་རྩིས་བསྟན་པ་ན་ལྷ་མི་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་། སྲོག་ཆགས་གྲངས་མེད་པ་ཞིག་བྱང་ཆུབ་ཏུ་སྨིན་པར་མཛད་དོ། ། དེ་བཞིན་དུ་མདའ་འཕང་བ་དང་། མཆོང་བ་བྱེད་དང་། གྱད་ཀྱི་འཛིན་སྟངས་ལ་སོགས་པ་སྒྱུ་རྩལ་ཐམས་ཅད་རེ་རེ་ནས་སྔོན་ཆད་སུས་ཀྱང་མ་ནུས་པ་དག་བསྟན་དེ་ཐབས་མཁས་ཀྱི་འཕྲུལ་དེ་དང་དེས་ལྷ་མི་བགྲང་བ་ལས་འདས་པ་སྨིན་གྲོལ་ལ་བཀོད་དོ། ། དེ་ནས་གྲགས་འཛིན་མ་ལ་སོགས་པའི་བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་དེ་བྱང་ཆུབ་སེམས་དཔའ་རང་ཉིད་འདོད་ཆགས་ཀྱི་དབང་ཏུ་གྱུར་པ་མ་ཡིན་ཡང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་འཕྲུལ་གྱིས་བཙུན་མོ་དྲུག་ཁྲི་པོ་དེ་དག་ཐམས་ཅད་ལ་རང་རང་དང་མཉམ་དུ་བྱང་ཆུབ་སེམས་དཔའ་རེ་རེ་བཞུགས་པར་སྣང་ཞིང་། ཐབས་མཁས་ཀྱི་སྤྱོད་པ་དེས་བཙུན་མོ་དེ་དག་དང། གཞན་ཡང་སྲོག་ཆགས་བགྲང་བ་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད་དོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་རང་ཉིད་སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་ཀྱི་འགྲོ་བ་རྣམས་ཀྱི་མགོན་དུ་འབྱོན་པར་ཐུགས་བསྐྱེད་ཅིང། དོན་དེ་ཐུགས་ལ་བརྣགས་ནས་ནམ་ཞིག་འཚང་རྒྱ་བའི་དུས་ངེས་པར་མཁྱེན་པ་ཡིན་ཡང། ཕྱོགས་བཅུའི་སངས་རྒྱས་རྣམས་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་དུ་ཡུན་རིང་ན་གདུལ་བྱ་མང་པོ་ཞིག་དུས་ལས་ཡོལ་བར་འགྱུར་བས་ད་ནི་ཁབ་ནས་བྱུང་སྟེ་འཚང་རྒྱ་བའི་མཛད་པ་མྱུར་དུ་སྟོན་དགོས་སོ་ཞེས་ཡང་དང་ཡང་དུ་བསྐུལ་ཞིང། སངས་རྒྱས་རྣམས་ཀྱི་མཐུས་གླུ་དབྱངས་དང་སིལ་སྙན་གྱི་སྒྲ་ལས། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། ། འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང། ། ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། ། ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། ། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། ། འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། ། འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། ། དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་བྱོས། ། ཞེས་སོགས་ཀྱིས་བསྐུལ་ཞིང་། བཙུན་མོ་རྣམས་ཀྱི་རོལ་མོའི་སྒྲ་ལས་ཀྱང་སྔོན་གྱི་སྐྱེས་རབས་དག་གླེངས་ཏེ། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། ། འཆི་མེད་རབ་འབར་འདི་ནི་མགོན་མེད་པ། ། སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། ། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། ། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། ། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། ། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། ། རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། ། ཞེས་སོགས་ནས། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། ། གཏི་མུག་མ་རིག་མུན་པས་བསྒྲིབས་པ་ཡི། ། འགྲོ་ལ་ཤེས་རབ་དམ་པ་འོད་བཟང་བ། ། ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། ། ཞེས་སོགས་རྒྱ་ཆེར་བསྐུལ་བ་ན་བྱང་ཆུབ་སེམས་དཔའ་ཡང་མྱུར་དུ་རབ་ཏུ་འབྱུང་བའི་དུས་ལ་བབ་པར་དགོངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྐྱེད་ཚལ་གཟིགས་པའི་ཕྱིར་ཤར་སྒོ་ནས་ཕེབས་པ་ན་གནས་གཙང་མའི་ལྷ་དག་གིས་སྤྲུལ་པའི་རྒན་པོ་རྒས་ཤིང་འཁོགས་པ། རྒས་པའི་སྡུག་བསྔལ་གྱིས་ཉེན་པ་གཟིགས་ཏེ། འདུན་པ་ལ། ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང་། ། ཤ་ཁྲག་བསྐམས་ལ་རྒྱུས་པགས་ཉི་ཚེས་དཀྲིས། ། མགོ་དཀར་སོ་རྒལ་ལུས་ནི་རབ་སྐེམ་ལ། ། འཁར་བ་བརྟེན་ཅིང་མི་བདེ་འཁྱོར་འགྲོ་སུ། ། དེས་སྨྲས་པ། ལྷ་ཅིག་མི་འདི་རྒ་བས་ཟིལ་གྱིས་ནོན། ། དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། ། གཉེན་གྱི་སྐྱེ་བོས་བརྙས་ཤིང་མགོན་མེད་གྱུར། ། དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ཡི་ཆོས་འདི་རིགས་ཀྱི་ཡིན་ནམ་འོན་ཏམ་ནི། ། འགྲོ་བ་འདི་ཀུན་ལ་ཡང་འདི་སྲིད་དེ་སྨྲོས་ཤིག ། ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྨྲོས་ཤིག་དང་། ། ཐོས་ནས་དེ་བཞིན་དོན་ལ་འདིར་ནི་ཚུལ་བཞིན་བསམ། ། དེས་སྨྲས་པ། ལྷ་འདི་རིགས་ཆོས་མ་ཡིན་ཡུལ་འཁོར་ཆོས་མ་ལགས། ། སྐྱེ་བོ་ཀུན་གྱི་དར་ལ་བབ་པ་རྒ་བས་འཇོམས། ། ཁྱོད་ཀྱི་ཡབ་དང་ཡུམ་དང་ཉེ་དུ་གཉེན་ཚོགས་ཀྱང། ། རྒ་ལས་མི་ཐར་འབྲོས་པའི་ཐབས་ནི་གཞན་མ་མཆིས། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁ་ལོ་སྒྱུར་བ་བྱིས་པའི་སྐྱེ་བོ་མི་མཁས་པའི། ། བློ་ངན་གཞོན་པས་རྒྱགས་ཤིང་མྱོས་པས་རྒས་མ་མཐོང་། ། ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། ། ང་ཡང་རྒས་ལ་གནས་པས་རྩེ་དགས་ཅི་ཞིག་བྱ། ། ཞེས་གསུངས་ནས་ནང་དུ་ལོག་གོ ། ཡང་ལྷོ་སྒོར་ཕེབས་པས། ན་བ་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་མི་རྩུབ་ལུས་ཀྱི་མདོག་ངན་ལ། ། དབང་པོ་ཐམས་ཅད་ཉམས་ཤིང་དབུགས་དབྱུང་རབ་ཏུ་དཀའ། ། ཡན་ལག་ཀུན་བསྐམས་ལྟོ་བས་དཀྲུགས་ཤིང་ཉམ་ཐག་གྱུར། ། རང་གི་གཅིན་རྟུག་སྨད་པའི་གནས་ན་འདུག་འདི་སུ། ། དེས་སྨྲས་པ། ལྷ་ཅིག་མི་འདི་ཤིན་ཏུ་ནད་ཀྱིས་བཏབ་པ་སྟེ། ། ནད་ཀྱི་འཇིགས་པ་ཉེ་བར་མཆིས་པས་འགུམ་ལ་ཐུག ། ནད་མེད་གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས། ། མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་མ་མཆིས་ལགས། ། བྱང་ཆུབ་སེམས་དཔས་སྨྲས་པ། ནད་མེད་པ་ཡང་རྨི་ལམ་ན་ནི་རྩེ་དང་མཚུངས། ། ནད་ཀྱི་འཇིགས་པ་འདི་ལྟར་ཤིན་ཏུ་མི་བཟད་པ། ། སྐྱེས་བུ་མཁས་པས་གནས་འདི་མཐོང་ནས་ཇི་ལྟ་བུར། ། རྩེ་ལ་དགའ་དང་སྡུག་པའི་འདུ་ཤེས་སྐྱེད་པར་འགྱུར། ། ཞེས་གསུངས་ནས་ནང་དུ་ལོག་གོ ། ཡང་ནུབ་ཏུ་ཤི་བ་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་མི་འདི་ཁྱོགས་ལ་བླངས་ནས་ནི། ། འདི་དག་སྐྲ་བཤིག་མགོ་ལ་ས་ཡིས་འཐོར་བྱེད་ཅིང་། ། སྣ་ཚོགས་ངག་གི་ཚིག་ནི་བརྗོད་ལ་བྲང་བརྡུང་བས། ། ཀུན་ནས་བསྐོར་བ་བྱས་ཏེ་ཁྱེར་བ་སུ་ཞིག་ཡིན། ། དེས་སྨྲས་པ། ལྷ་ཅིག་མི་འདི་འཛམ་བུའི་གླིང་དུ་གུམ་པ་སྟེ། ། སླན་ཆད་ཕ་མ་མཆིས་བྲང་བུ་རྣམས་མཐོང་མི་འགྱུར། ། ལོངས་སྤྱོད་ཁྱིམ་དང་མཛའ་བཤེས་གཉེན་ཚོགས་སྤངས་ནས་ནི། ། འཇིག་རྟེན་ཕ་རོལ་མཆིས་ཏེ་སླན་ཆད་གཉེན་མི་མཐོང། ། བྱང་ཆུབ་སེམས་དཔས་སྨྲས་པ། རྒ་བས་གནོད་པར་འགྱུར་བའི་གཞོན་པ་ཅིར་མི་རུང་། ། སྣ་ཚོགས་ནད་ཀྱིས་གནོད་འགྱུར་ནད་མེད་ཅིར་མི་རུང་། ། རིང་དུ་མི་གནས་གསོན་པ་མཁས་ལ་ཅིར་མི་རུང་། ། དགའ་ལ་ཆགས་པ་སྐྱེས་བུ་མཁས་པ་ཅིར་མི་རུང་། ། གལ་ཏེ་རྒ་མེད་ན་མེད་འཆི་བ་མེད་གྱུར་ཀྱང་། ། འོན་ཀྱང་ཕུང་པོ་ལྔ་འཛིན་སྡུག་བསྔལ་ཆེ་ཡིན་ན། ། རྒ་ན་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། ། ལེགས་པར་སླར་ལོག་རབ་ཏུ་ཐར་བར་བྱ་བ་བསམ། ཞེས་གསུངས་ནས་ནང་དུ་ལོག་གོ ། ཡང་། བྱང་སྒོར་དགེ་སློང་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་སྐྱེས་བུ་སེམས་ཞི་རབ་ཞི་ཞིང་། ། མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ་བྱེད་ཅིང་། ། ངུར་སྨྲིག་གོས་གྱོན་ཤིན་ཏུ་རབ་ཏུ་ཞི་བར་སྤྱོད། ། ལྷུང་བཟེད་ཐོགས་ནས་མི་རྒོད་མ་ཁེངས་སུ་ཞིག་ཡིན། ། དེས་སྨྲས་པ། ལྷ་ཅིག་མི་འདི་དགེ་སློང་ཞེས་ནི་བགྱི་བ་ལགས། ། འདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། ། བདག་ཉིད་ཞི་བ་འཚོལ་ཞིང་རབ་ཏུ་བྱུང་བར་གྱུར། ། འདོད་ཆགས་ཞེ་སྡང་བྲལ་བ་བསོད་སྙོམས་སྤྱོད་ཅིང་རྒྱུ། ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་དགེ་བར་ལེགས་སྨྲས་ང་ཡང་འདོད་པ་སྟེ། ། རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། ། དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། ། འཚོ་བ་བདེ་ཞིང་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། ། ཞེས་གསུང་ཞིང་ཤིང་རྟ་ཁ་བསྒྱུར་ཏེ་ནང་དུ་བྱོན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་དགུང་ལོ་ཉི་ཤུ་རྩ་དགུ་ལ་བབ་པ་ཀུན་འཛིན་ཅེས་པ་ས་ཕོ་བྱི་བའི་ལོ་སྟོན་ཟླ་ར་བའི་ཡར་ཚེས་བརྒྱད་ཀྱི་ཐོ་རངས་སྐར་མ་རྒྱལ་ཤར་བ་དང་དུས་མཉམ་དུ་ཁང་བཟང་གི་སྟེང་དུ་ཕེབས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་བཙལ་ཏེ་སྙིགས་མའི་འགྲོ་བ་རྣམས་ཀྱི་དོན་དུ་མྱུར་དུ་འཚང་རྒྱ་བར་ཐུགས་སྨོན་མཛད་པ་ན། ནམ་མཁའི་དབྱིངས་འདི་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་དཀར་ཕྱོགས་ཀྱི་ལྷ་རྣམས་དང་། གཞན་ཡང་གནོད་སྦྱིན་དང་། དྲི་ཟ་དང་། ཀླུ་ལ་སོགས་པ་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་པས་ཡོངས་སུ་གང་ཞིང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སྡེ་དཔོན་ཆེན་པོ་རྣམ་ཐོས་སྲས་ཀྱིས་ལྔས་རྩེན་ལ་བཀའ་བསྒོས་ཏེ་རྒྱལ་པོའི་ཕོ་བྲང་གི་ཆབ་སྒོ་ཐམས་ཅད་བསྲུང་མ་གོ་མཚོན་ཐོགས་པ་བརྒྱ་ཕྲག་མང་པོས་བཀག་པས་ཁང་བཟང་གི་སྟེང་ནས་ཆིབས་པ་བསྔགས་ལྡན་གྱི་ཐད་དུ་ལྷའི་བཟོ་བོས་བཅོས་པའི་སྐས་ཚུགས་ཤིག་ཅེས་བཀའ་བསྒོས་པ་ན་ལྔས་རྩེན་གྱིས་དེ་མ་ཐག་སྐས་བཙུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་སྐས་དེ་ལ་བབས་ནས་བསྔགས་ལྡན་ལ་ཆིབས་པ་ན། བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཤར་སྒོ་ཕྱེ། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་གཡས་ལོགས་ནས་བརྟེན། འདོད་པའི་ལྷ་རྣམས་ཀྱིས་གཡོན་ལོགས་ནས་བརྟེན། ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་སྣ་དྲངས། ནམ་མཁའི་དབྱིངས་ཐམས་ཅད་མཆོད་པའི་བྱེ་བྲག་གིས་གང་། དཀར་ཕྱོགས་ཀྱི་ལྷ་མང་པོས་གོས་ཀྱི་གཡབ་མོ་གཡོབ་བཞིན་དུ་འཇིག་རྟེན་སྐྱོང་བ་བཞིས་བསྔགས་ལྡན་གྱི་སུག་པ་བཞི་ནས་བཏེག་སྟེ་མྱུར་བར་ཕེབས་ནས་ཤཱཀྱའི་ཡུལ་དང་། ཀེའུ་རྟའི་ཡུལ་དང་། གྱད་ཡུལ་རྣམས་འདས། མེ་ནེ་ཡའི་ཡུལ་གྱི་གྲོང་བརྡལ་ལས་ཀྱང་དཔག་ཚད་དྲུག་ཕྱིན་པ་ཡུལ་སྤོང་བྱེད་ཀྱི་གྲོང་གི་ཉེ་འདབས་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བྱོན་པ་ན་ནམ་ལངས་སོ། ། ཆོས་འབྱུང་འགའ་ཞིག་ལས་ཤཱཀྱའི་ཕོ་བྲང་ནས་མེ་ནེ་ཡའི་ཡུལ་གྱི་བར་ལ་དཔག་ཚད་དྲུག་ཡོད་ཅིང་ཡུལ་དེ་ནས་ཆུ་ཀླུང་ཡིད་འོང་ལྡན་གྱི་བར་ལ་དཔག་ཚད་དྲུག་ཡོད་པས་ཐོ་རངས་དེ་ལ་དཔག་ཚད་བཅུ་གཉིས་ཀྱི་བར་དུ་ཕེབས་པ་ཡིན་ཞེས་འབྱུང་ངོ་། ། གནས་དེ་ན་སྔོན་འདས་པའི་སངས་རྒྱས་གསུམ་གྱི་གཙུག་ཕུད་བྲེགས་པའི་མཆོད་རྟེན་རྣམ་དག་གསུམ་ཡོད་པར་བཤད་ཅིང་། མཆོད་རྟེན་རྣམ་དག་དེ་དག་གི་དྲུང་དུ་བྱང་ཆུབ་སེམས་དཔས་ཁ་ལོ་བསྒྱུར་བ་འདུན་པ་ལ་ངའི་རྒྱན་དང་བསྔགས་ལྡན་ཁྱེར་ལ་གཉེན་རྣམས་ཀྱི་དྲུང་དུ་སོངས་ཤིག་ཅེས་བཀའ་སྩལ་པ་ན་འདུན་པས་མཆི་མ་ཆར་བཞིན་དུ་ཕབ་སྟེ་ངུ་བཞིན་དུ་གཞོན་ནུ་རྒྱལ་པོའི་ཕོ་བྲང་ན་འཁོར་ཁྲི་ཕྲག་མང་པོ་དང་བཅས་བཞུགས་པ། ད་ནགས་ཁྲོད་དབེན་པར་གཅིག་པུར་ཇི་ལྟར་བཞུགས་ཞུས་པ་ན། བྱང་ཆུབ་སེམས་དཔས་བཀའ་སྩལ་པ། སྐྱེ་དགུ་འདི་ནི་སྐྱེ་ནའང་གཅིག་པུ་སྐྱེ། ། དེ་བཞིན་འཆི་ནའང་གཅིག་པུ་འཆི་བར་འགྱུར། ། འདི་ན་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། ། འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། ། ཞེས་གསུང་། དེ་ནས་བྱང་ཆུབ་སེམས་དཔས་རང་གི་དབུ་སྐྲ་རང་གིས་བཅད་དེ་གནམ་དུ་གཏོར་བ་ན། བརྒྱ་བྱིན་གྱིས་མཁའ་ལས་བླངས་ཏེ་སུམ་ཅུ་རྩ་གསུམ་དུ་ཁྱེར་ནས་ལྷ་རྣམས་ཀྱི་མཆོད་པའི་རྟེན་བྱེད་ཅིང་ལོ་རེ་བཞིན་གཙུག་ཕུད་ཀྱི་དུས་སྟོན་ཡང་བྱེད་ཅེས་གྲག་གོ ། དེ་ནས་བྱང་ཆུབ་སེམས་དཔས་ན་བཟའ་ཀ་ཤི་ཀའི་རས་ཁྱད་པར་ཅན་འདི་ལྟ་བུ་གྱོན་པ་རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་ནོ་སྙམ་དུ་དགོངས་ནས་ངུར་སྨྲིག་གི་གོས་གྱོན་པར་བཞེད་པ་ན་བརྒྱ་བྱིན་གྱིས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཆེད་དུ་སྨོན་ལམ་བཏབ་སྟེ་བཞག་པའི་ངུར་སྨྲིག་གི་གོས་བླངས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ། ཀ་ཤི་ཀའི་ན་བཟའ་རྣམས་བརྒྱ་བྱིན་གྱིས་བླངས་ཏེ་སྤྱི་བོར་ཁྱེར་ནས་སུམ་ཅུ་རྩ་གསུམ་དུ་མཆོད་པའི་རྟེན་དུ་བཞུགས་ཤིང་ལོ་རེ་བཞིན་ན་བཟའི་དུས་སྟོན་ཡང་བྱེད་ཅེས་གྲག་གོ ། གནས་དེར་གཙུག་ཕུད་དོར་བའི་མཆོད་རྟེན་དང་། ངུར་སྨྲིག་བླངས་པའི་མཆོད་རྟེན་དང་། འདུན་པ་ཕྱིར་ལོག་པའི་མཆོད་རྟེན་གསུམ་ཡོད་པར་གྲགས་སོ། ། དེ་ནས་བྱང་ཆུབ་སེམས་དཔས་ཤཱཀྱའི་གྲོང་ནས་དེའི་བར་ལ་དཔག་ཚད་བཅུ་གཉིས་ཡོད་མོད་ཀྱང་། ད་དུང་ཉེ་དུ་དང་ཐག་ཉེ་བ་ནི་མི་ལེགས་པར་དགོངས་ནས་ཆུ་བོ་གངྒཱ་བརྒལ་ཏེ་མ་ག་དྷར་བྱོན་ནོ། ། དེ་ལྟར་སྟོན་པས་འཁོར་ལོས་བསྒྱུར་བའི་དཔལ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་ཞིང་། སྐུའི་རྒྱན་དང་ན་བཟའ་ཚུན་ཆད་དོར་ཏེ་རབ་ཏུ་བྱུང་ནས་བསོད་སྙོམས་མཛད་པ་ནི་གདུལ་བྱ་རྣམས་ལ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པ་སྟེ། སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་བར་བྱ་བ་ཡིན་པས་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་རྣམ་ཐར་འདི་དག་དྲན་པར་བྱས་ལ་ཐོག་མར་རང་ཡུལ་ཉེ་དུ་དང་བཅས་པ་གང་ལའང་མ་ཆགས་པར་དོར་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། བྱ་དང་རི་དྭགས་བཞིན་དུ་གསོག་འཇོག་གང་ཡང་མི་བྱ་བར་འཚོ་བ་བསོད་སྙོམས་ཀྱིས་འཚོ་བར་བྱས་ཏེ་བྱང་ཆུབ་ལམ་རིམ་གྱི་ཉམས་ལེན་བྱ་དགོས་པ་ཡིན་པས་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་བཟང་པོ་འདི་དག་ཡང་དང་ཡང་དུ་བསམས་ཏེ། རང་གི་ཉམས་ལེན་དུ་འཁྱེར་ཤེས་པ་ཞིག་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་བྱོན་པ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བཅས་ཀྱིས་མཐོང་སྟེ་ངོ་མཚར་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་ཏེ་བརྟགས་པ་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡིན་པར་ངོ་ཤེས་ནས་བློར་མ་ཤོང་བར་བརྒྱལ་ལོ། ། བརྒྱལ་བ་དེ་ལས་སངས་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་བཙལ་ཏེ་གསོལ་པ། ཁྱོད་ལ་རྒྱལ་སྲིད་ཀྱི་ཕྱེད་འབུལ་གྱི། བདག་གི་གྲོགས་མཛོད་ལ་ཕྱིན་ཆད་རིའི་སུལ་དང་རྩའི་གདིང་བ་ལ་མ་བཞུགས་ཤིག་ཅེས་ཞུས་པ་ན། ལན་གསུངས་པ། རྩེ་མོ་སྣ་ཚོགས་ཡངས་པར་གྱུར་པ་ཡི། ། ལྷུན་པོ་གངས་ཅན་རླུང་གིས་བསྐྱོད་སྲིད་ཀྱིས། ། ང་ཡི་བློ་ནི་ཐར་པ་ལ་བརྟེན་པ། ། འདོད་པའི་ཤུགས་ཀྱིས་བསྐྱོད་པར་མི་ནུས་སོ། ། ཞེས་གསུངས། དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་རྣམས་ཀྱི་ཁྲོད་དུ་བྱོན་ཏེ་དྲང་སྲོང་དཀའ་ཐུབ་སྤྱོད་པ་དེ་དག་གིས་དཀའ་ཐུབ་གང་དང་གང་སྤྱོད་པ་དེ་དང་དེ་ལས་ཉིས་འགྱུར་ཉིས་འགྱུར་དུ་མཛད་པ་ན་དྲང་སྲོང་དེ་དག་ངོ་མཚར་ཏེ་དགེ་སྦྱོང་འདི་ནི་ཆེན་པོ་ཞིག་གོ་ཞེས་བརྗོད་པས་དེ་ཕྱིན་ཆད་དགེ་སྦྱོང་ཆེན་པོ་ཞེས་མཚན་དུ་གྲགས་སོ། ། དེ་ནས་ཡབ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་གཡོག་མེད་པར་འཁྱམ་མོ་ཞེས་ཐོས་ནས། རྒྱལ་པོ་ཟས་གཙང་མས་གཡོག་སུམ་བརྒྱ་དང་། སྲུ་སྐྱེ་དགུའི་བདག་མོས་ལྷས་བསྟན་ནས་མི་ཉིས་བརྒྱ་ཞབས་འབྲིང་དུ་བཏང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔས་འཁོར་ལྔ་བརྒྱ་ཡོད་པ་དེ་དང་མཉམ་དུ་སྤྱོད་པ་ན་དབེན་པར་འཁོར་མང་པོ་བསྟེན་པ་འདི་མ་ལེགས་སོ་སྙམ་དུ་དགོངས་ནས་བྱིངས་རྣམས་ཕྱིར་སློག་ཅིང་། ཡབ་དང་སྲུའི་ཕྱོགས་ཀྱི་ངོ་བསྲུང་བ་དང་ལྔ་པོ་དེ་ལ་དགེ་བའི་རྩ་བ་ཡོད་པར་མཁྱེན་ནས་ཀོའུ་དི་ནྱ་ལ་སོགས་པ་མི་ལྔ་ཞབས་འབྲིང་དུ་བསྟེན་ནོ། ། དེ་ནས་བྱང་ཆུབ་སེམས་དཔས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་གྱི་ཤིང་དྲུང་ཞིག་ཏུ་དཀའ་ཐུབ་ལ་བཞུགས་ཏེ་ཐོག་མར་འབྲས་འབྲུ་རེ་རེ་ཙམ་གསོལ་ཞིང་། དེ་ནས་རིམ་གྱིས་འབྲུ་རེ་རེ་གསོལ་བ་དེ་ཡང་སྤངས་ནས་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་བཅས་ནས་ཏིང་ངེ་འཛིན་ལ་བཞུགས་སོ། ། དེ་ལྟར་དཀའ་བ་སྤྱད་པའི་བརྟུལ་ཞུགས་ལོ་དྲུག་པོ་དེས་ལྷ་དང་མི་ཁྲག་ཁྲིག་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་ཐེག་པ་གསུམ་ལ་སྨིན་པར་མཛད་དོ། ། དེའི་ཚེ་ལྷ་ནས་ལྟོ་འཕྱེའི་བར་སྡེ་བརྒྱད་རྣམས་ཀྱིས་ཉིན་མཚན་དུ་མཆོད་ཅིང་སྨོན་ལམ་འདེབས་སོ། ། ལྷ་དང་མི་གང་དག་རྒྱ་ཆེན་པོ་ལ་མོས་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་པ་བརྩེགས་པ་ན་འདུག་ཅིང་། བདེ་བ་མྱོང་བར་མཐོང་ངོ་། ། ལྷ་དང་མི་ཆོས་བསྟན་པས་སྨིན་པར་མཛད་པ་རྣམས་ཀྱིས་ཆོས་འབའ་ཞིག་འཆད་པར་མཐོང་ངོ་། ། སེམས་ཅན་སྤྱི་མཐུན་གྱིས་ནི་དཀའ་བ་སྤྱོད་པ་སྔར་སྨོས་པ་བཞིན་དུ་མཐོང་ངོ་། ། དཀའ་སྤྱད་མཛད་པ་དེས་ཕྱི་རོལ་པའི་དྲང་སྲོང་ས་ཡ་ཕྲག་བཞི་དང་ཉིས་འབུམ་བཏུལ་ཏེ་བྱང་ཆུབ་ཏུ་སྨིན་པར་མཛད་དོ། ། དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་དགོངས་ཏེ། དཀའ་ཐུབ་གཅིག་པོས་འཚང་རྒྱ་བར་མི་ནུས་ཀྱི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་བརྟེན་ཏེ་འཚང་རྒྱ་བར་བྱའོ་སྙམ་དུ་དགོངས་ཤིང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་དཀའ་ཐུབ་ལས་བཞེངས་ཏེ་བྱང་ཆུབ་ཀྱི་སྙིང་པོར་འཚང་རྒྱ་བའི་མཛད་པ་སྟོན་དགོས་སོ་ཞེས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། དཀའ་ཐུབ་ལས་བཞེངས་ཏེ་དབུགས་འབྱུང་རྔུབ་ཅི་བདེར་མཛད་པ་དང་། ཞལ་ཟས་རགས་པ་གསོལ་ཏེ་སྐུ་ལུས་ཀྱི་སྟོབས་བསྐྱེད་དོ། ། དེ་ནས་ཆུ་ཀླུང་ནཻ་རཉྫ་ནར་སྐུ་ཁྲུས་མཛད་དེ་ཕྱག་དར་ཁྲོད་ཀྱི་གོས་གསོལ་ནས། སྔོན་ཡུན་རིང་པོ་ནས་སྨོན་ལམ་བཏབ་པ་གྲོང་པའི་བུ་མོ་ལེགས་སྐྱེས་མ་དང་དགའ་སྟོབས་མ་གཉིས་ཀྱི་ཚོགས་རྫོགས་པར་བྱ་བ་དང་། སྐུའི་གཟི་མདངས་བསྐྱེད་ནས་གདུལ་བྱ་རྣམས་ལ་མཚན་དཔེའི་སྐུ་གསལ་བར་བསྟན་པར་བྱ་བའི་ཕྱིར་བུ་མོ་དེ་གཉིས་ཀྱི་ཐད་དུ་བྱོན་ནས་བསོད་སྙོམས་མཛད་པ་ན། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེས་བཅུ་བཞིའི་ཉིན་བུ་མོ་དེ་གཉིས་ཀྱིས་བ་མཆོག་སྟོང་གི་འོ་མ་ཉིང་ཁུར་བྱས་པ་གསེར་གྱི་གཞོང་པར་བླུགས་ཏེ་ཕུལ་བ་ན་དྲོའི་དུས་སུ་བུ་མོ་གཉིས་ཀྱི་བྱང་ཆུབ་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འོ་ཐུག་དེ་ལྷག་མ་མ་ལུས་པར་གསོལ་ཏེ། ཡོལ་གོ་ནཻ་རཉྫ་ནར་བོར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་མཆོད་པའི་ཕྱིར་ཁྱེར་བས། བརྒྱ་བྱིན་གྱིས་མཁའ་ལྡིང་དུ་སྤྲུལ་ནས་དེ་ཕྲོགས་ཏེ་རང་གི་གཟུགས་ཀྱིས་སུམ་ཅུ་རྩ་གསུམ་དུ་ཁྱེར་ནས་ཡོལ་གོའི་དུས་སྟོན་བཙུགས་སོ། ། སེང་གེའི་ཁྲི་ཡང་ཀླུའི་བུ་མོས་མཆོད་པའི་རྟེན་དུ་ཁྱེར་ཏོ། ། བུ་མོ་དེ་གཉིས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་དེའི་བར་ཇི་ལྟ་བར་མ་འཚལ་ཏོ། ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཤེས་རབ་ཀྱི་སྟོབས་ཀྱིས་འོ་ཐུག་གསོལ་མ་ཐག་སྐུ་སྔ་ཁོ་ལྟར་ཁ་དོག་བཟང་པོ་རྒྱས་པ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་འདོམ་གང་པ་རྣམས་ཀྱིས་བརྒྱན་པར་གྱུར་ཏོ། ། གཞན་ཡང་ལྷ་ནས་ལྟོ་འཕྱེའི་བར་གྱི་སྡེ་བརྒྱད་པོ་གང་དག་བྱེ་བ་ཕྲག་དྲུག་ཅུས་ཀྱང་རང་རང་གི་ཟས་ཐོགས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་བ་དང་། བྱང་ཆུབ་སེམས་དཔས་དེ་དག་ཕན་ཚུན་གཅིག་གིས་གཅིག་མཐོང་བ་མེད་པར་བྱིན་གྱིས་བརླབས་ནས་གསོལ་ཏོ། ། རང་རང་གི་གང་ཕུལ་བ་དེ་གསོལ་བར་མཐོང་བའི་མོད་ལ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། ། དེ་ནས་བྱང་ཆུབ་སེམས་དཔས་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་སྙམ་དུ་གནས་བརྟགས་པ་ན་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཆུ་ཀླུང་ནཻ་རཉྫ་ན་བརྒལ་བའི་ནུབ་ཕྱོགས་ན་རྡོ་རྗེ་གདན་ཞེས་བྱ་བ་དུས་གསུམ་སངས་རྒྱས་ཐམས་ཅད་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆིས་པས་དེར་གཤེགས་སུ་གསོལ་ཞེས་ཞུས་ཤིང་། བྱང་ཆུབ་སེམས་དཔའ་རང་ཉིད་ཀྱང་དེ་ལྟར་དུ་དགོངས་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་སོ། ། དེའི་ཚེ་ལྷའི་བུ་ས་བཟང་སོགས་ས་ལ་སྤྱོད་པའི་ལྷ་རྣམས་ཀྱིས་ནི་སྟོང་ཆེན་པོ་ཕྱག་བདར་བྱེད་ཅིང་སྤོས་ཆུས་ཆག་ཆག་འདེབས་སོ། ། ལག་ན་གཞོང་ཐོགས་དང་། ཕྲེང་ཐོགས་ཀྱིས་ནི་མེ་ཏོག་གི་ཆར་འབེབས་སོ། ། འཇིག་རྟེན་སྐྱོང་བ་བཞིས་ནི་གསེར་གྱི་དྲ་བ་དང་། བརྒྱ་བྱིན་གྱིས་ནི་རྣམ་པར་རྒྱལ་བའི་ཁང་བཟང་དྲ་བས་མཛེས་པར་བརྒྱན་ཏོ། ། འཐབ་བྲལ་བས་ནི་བཻ་ཌཱུརྱའི་དྲ་བ་དང་། དགའ་ལྡན་པས་ནི་མུ་ཏིག་གི་དྲ་བ་དང་། འཕྲུལ་དགའ་བས་ནི་འཛམ་བུ་ཆུ་བོའི་གསེར་གྱི་དྲིལ་བུའི་དྲ་བ་དང་། དབང་བསྒྱུར་གྱིས་ནི་ལྷའི་རིན་པོ་ཆེའི་དྲ་བས་བཀབ་བོ། ། ཆུ་ཀླུང་ནཻ་རཉྫ་ན་དང་བྱང་ཆུབ་ཀྱི་སྙིང་པོའི་བར་གྱི་ལམ་རླུང་གི་ལྷ་རྣམས་དང་སྤྲིན་གྱི་ལྷ་རྣམས་ཀྱིས་ཕྱག་བདར་བྱས། སྤོས་ཆུས་ཆག་ཆག་བཏབ་བོ། ། སྟོང་ཆེན་འདིའི་ཤིང་ལྗོན་པ་དང་བྱིས་པ་བཙས་པ་ཇི་སྙེད་པ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་མགོ་བཏུད་དོ། ། འདོད་པའི་ལྷའི་བུ་རྣམས་ཀྱིས་ནི་དེའི་བར་རྒྱང་གྲགས་ཙམ་ཚུན་ཆད་ཀྱི་ལམ་མངོན་པར་བཀོད་དེ་ལམ་དེའི་འགྲམ་གཡས་གཡོན་དུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་འཕང་དུ་ཤིང་ཏ་ལ་བདུན་ཙམ་དུ་མཐོ་བ། སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། ལྷའི་གདུགས་དང་རྒྱལ་མཚན་དང་བ་དན་གྱིས་ལེགས་པར་བརྒྱན་པ་སྤྲུལ་ཏོ། ། མདའ་རྒྱང་གང་ཙམ་དུ་ནི་རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་སྟེགས་བུ་དེ་བས་མཐོ་བ་མངོན་པར་སྤྲུལ་ཏེ་ཤིང་ཏ་ལ་དེ་རྣམས་རིན་པོ་ཆེ་བརྒྱུས་པས་ཕན་ཚུན་དུ་འབྲེལ་བར་འདུག་གོ ། ཤིང་ཏ་ལ་གཉིས་གཉིས་ཀྱི་བར་དུ་རྫིང་སྤོས་ཆུས་ཡོངས་སུ་གང་བ་གསེར་གྱི་བྱེ་མ་བདལ་བ། ཨུཏྤལ་ལ་སོགས་པས་གང་བ། རིན་པོ་ཆེའི་སྟེགས་བུས་བསྐོར་བ། ནོར་བུ་རིན་པོ་ཆེ་བཻ་ཌཱུརྱས་ཐེམ་སྐས་བརྒྱན་པ། རྨ་བྱ་དང་ཆུ་བྱ་སྣ་ཚོགས་པ་སྒྲ་འབྱིན་པའི་རྫིང་དག་བྱས་སོ། ། ལམ་དེ་ན་ལྷའི་བུ་མོ་བརྒྱད་ཁྲི་བརྒྱད་ཁྲིས་སྤོས་ཆུས་གཏོར་ཞིང་མེ་ཏོག་གིས་བཀྲམ་མོ། ། ཏ་ལ་ཐམས་ཅད་ཀྱི་མདུན་དུ་རིན་པོ་ཆེའི་མཁའ་རྟེན་བཞག་པ་ལ་ཙན་དན་དང་ཨ་ཀ་རུའི་སྤོས་ཕོར་ཐོགས་པ་བརྒྱད་ཁྲི་དང་། གླུ་དབྱངས་ལེན་པའི་ལྷའི་བུ་མོ་ལྔ་ཁྲི་དག་འཁོད་དོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དབང་སྒྱུར་ཆེན་པོས་ཚངས་རིས་པ་རྣམས་ལ་བསྒོ་བ་གྲོགས་པོ་དག་སྐྱེས་བུ་ཆེན་པོ་འདི་ནི་སྔོན་གྱི་དམ་བཅས་པ་མཐར་ཕྱིན་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱི་ཁྱེད་རྣམས་ཀྱིས་མཆོད་པར་གྱིས་ཤིག ། འདོད་པའི་ལྷ་རྣམས་ཀྱིས་མཆོད་པས་སྟོང་ཆེན་བརྒྱན་པར་བྱས་པ་ལ་ལྟོས་ཞེས་བསྐུལ་བ་དང་། གཟུགས་ཀྱི་ལྷ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་ལ་གསེར་གྱི་པདྨ་བཀྲམ་པ་ཁ་ཁྱེར་རིམ་པ་བདུན་གྱིས་བསྐོར་བ་དང་། གཤེགས་ལམ་དུ་ཤིང་རྟ་བདུན་ཡང་སྤྲུལ་ཏོ། ། ལྷའི་བུ་མོ་བྱེ་བ་དྲུག་ཅུས་རྡོ་རྗེའི་གདན་རིན་པོ་ཆེས་བཀྲམ་པ་ལ་སོགས་བྱས་ཏེ་མཆོག་གི་བཀོད་པ་དང་ལྡན་པ་དགའ་ཚལ་ལྟ་བུར་བྱས་སོ། ། ཚངས་པ་རང་ཉིད་ཀྱང་སྐད་ཅིག་དེ་ལ་སྟོང་ཆེན་འདིར་ཕྱིན་ཏེ་ས་གཞི་མཉམ་པ་རིན་པོ་ཆེ་སྣ་བདུན་གྱིས་གང་བ་རེག་ན་བདེ་བར་བྱས་སོ། ། དེ་བཞིན་དུ་ཕྱོགས་བཅུའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཀྱང་ཞིང་འདི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གིས་བརྒྱན་ཏོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བཀོད་པ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་སྣ་ཚོགས་པས་ཞིང་འདི་གཅིག་པུ་བརྒྱན་པར་བྱས་སོ། ། བྱང་ཆུབ་ཀྱི་སྙིང་པོ་སྐྱོང་བར་བྱེད་པའི་ལྷའི་བུ་ཨུ་ཁ་ལི་ལ་སོགས་པ་ལྷའི་བུ་བཅུ་དྲུག་གིས་བྱང་ཆུབ་ཀྱི་ཤིང་དེ་ལ་དཔག་ཚད་བརྒྱད་ཅུའི་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་དང་། ཏ་ལའི་ཕྲེང་བ་དང་གཡེར་ཁའི་དྲ་བ་དང་། རིན་པོ་ཆེའི་ཕྲེང་བ་རྣམས་རིམ་པ་བདུན་བདུན་གྱིས་ལེགས་པར་བསྐོར་བ། གསེར་གྱི་གླེགས་མ་དང་ཚོང་ཚོང་དང་པདྨ་དག་གིས་ཁེབས་པར་བྱས་སོ། ། འོད་མ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞིས་ཀྱང་བྱང་ཆུབ་ཀྱི་ཤིང་དེ་མཛེས་ཤིང་བཀྲ་བ་དང་། ནང་རིམ་ལ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་དང་། ཏ་ལ་དང་གཡེར་ཁ་དང་རིན་པོ་ཆེའི་ཕྲེང་བ་བདུན་བདུན་གྱིས་བསྐོར་ཏོ། ། དེ་ནས་ཉི་མ་དགུང་ཡོལ་གྱི་དུས་སུ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ན། ཞབས་ཀྱི་མཐིལ་ལས་ངན་སོང་གསུམ་རྒྱུན་གཅོད་ཅིང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་ཉོན་མོངས་པ་བཅིལ་བ་བདེ་བ་དང་ལྡན་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད་པའི་འོད་བཀྱེ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ནི་རབ་ཏུ་བསྐྱོད། སིལ་སྙན་སྒྲོག ། མེ་ཏོག་གི་ཆར་འབེབས། ལམ་གྱི་བཀོད་པ་རྒྱ་ཆེན་པོས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ན་གང་དང་གང་དུ་ཞབས་བཞག་པ་དེར་པདྨ་དག་བྱུང་སྟེ། ས་ཆེན་པོ་འདི་ཡང་ཁར་བའི་སྣོད་བཞིན་དུ་སྒྲ་འབྱིན་ཏོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ན། སྔོན་གྱི་སངས་རྒྱས་རྣམས་རྩྭའི་གདན་ལ་བཞུགས་པར་དགོངས་ཤིང་། གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་ཀྱང་དེ་བཞིན་དུ་གསོལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་དགོངས་པ་ཤེས་ནས། རི་སྤོས་ངད་ལྡན་ལས་ཤིང་བལ་ལྟར་རེག་ན་བདེ་བའི་རྩྭ་ཁུར་གཅིག་བླངས་ནས་བདག་ཉིད་རྩྭ་འཚོང་བཀྲ་ཤིས་ཀྱི་གཟུགས་སུ་སྤྲུལ་ནས་ཕུལ་བས་རྩྭ་དེ་བྱང་ཆུབ་སེམས་དཔས་བཞེས་ཏེ། སླར་ཡང་རྩྭ་འཚོང་བཀྲ་ཤིས་ཀྱི་དགེ་བའི་རྩ་བ་རྫོགས་པར་བྱ་བའི་ཕྱིར་རྩྭ་འཚོང་བཀྲ་ཤིས་ལམ་གྱི་གཡས་རོལ་ན་རྩྭ་སྔོ་སེར་དག་བརྔ་བ་གཟིགས་ནས་དེ་ལ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། ། དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། ། དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། ། བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། ། ཞེས་གསུངས་པས། རྩྭ་འཚོང་བཀྲ་ཤིས་སྔོན་ཁྱིམ་བདག་བློ་གྲོས་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་དྲུང་དུ་སྨོན་ལམ་བཏབ་པའི་མཐུས་རབ་ཏུ་དགའ་བས་རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟར་གཡས་སུ་འཁྱིལ་བ་དྲི་ཞིམ་པ་རེག་ན་འཇམ་པ་སྤར་བ་གང་ཐོགས་ནས་བྱང་ཆུབ་སེམས་དཔའ་ལ་ཕུལ་ཏེ། རྩྭ་ཡིས་བྱང་ཆུབ་འཆི་མེད་པ། ། སྔོན་གྱི་རྒྱལ་བའི་ལམ་འཐོབ་ན། ། ཡོན་ཏན་རྒྱ་མཚོ་ཁྱོད་བཞེས་ཤིག ། བདག་ཀྱང་ཐོག་མར་འཚང་རྒྱ་བགྱི། ། ཞེས་གསོལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་དུ་བསྐོར་བ་མཛད་དེ་ཕྱག་བཙལ་ནས་སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱི་བློ་ཚིམ་པར་བྱ་བ་དང་། རྩྭའི་གདན་གྱིས་ཆོག་ཤེས་པར་བྱ་བའི་ཕྱིར་དང་། སྔོན་གྱི་རྒྱལ་བའི་རྗེས་སུ་བསླབ་པའི་ཕྱིར། རང་ཉིད་ཀྱིས་ཤིང་དེའི་དྲུང་དུ་རྩྭའི་རྩེ་མོ་ནང་དུ་བསྟན་ནས་རྩྭ་རྣམས་མ་འཁྲུགས་པ་དང་། སྟུག་སྲབ་མེད་པར་བཀྲམ་པས་བསྐོར་ཐབས་སུ་ལྷུང་བ་དང་། མཚན་མ་འདི་ལས་བདག་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་རོ་སྙམ་ནས་ཆེད་དུ་ཡང་བརྗོད་དོ། ། དེ་ལྟར་རྩྭའི་གདིང་བ་གཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ་དྲན་པ་མངོན་དུ་བཞག ། ཞལ་ཤར་ཕྱོགས་སུ་གཟིགས་ནས། ཇི་སྲིད་སྡུག་བསྔལ་ཀུན་གྱི་མཐའི། ། ཟག་ཟད་ཡང་དག་མ་ཐོབ་པར། ། དེ་སྲིད་སྲོག་གི་མཐར་གྱུར་ཀྱང་། ། སྐྱིལ་ཀྲུང་འདི་ནི་གཞིག་མི་བྱ། ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། དེ་ནས་ཕྱོགས་བཅུའི་ཞིང་ནས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་འདུས་ཏེ། རྒྱལ་བའི་སྲས་པོ་མང་པོ་དེ་དག་རང་རང་གི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐ་དད་པ་དག་བྱེད་དེ། མེ་ཏོག་གི་གཞལ་ཡས་ཁང་སྟོན་པ་དང་། ལུས་ལས་ཁ་དོག་སྟོང་འདོན་པ་དང་། ཉི་མ་ལྟ་བུར་འོད་འགྱེད་པ་དང་། ས་གཡོ་བ་དང་། རྒྱ་མཚོ་བཞི་མགོ་བོར་ཐོགས་ནས་ས་ལ་སྤོས་ཆུ་འདེབས་པ་དང་། རིན་པོ་ཆེའི་མཆོད་སྡོང་འབུལ་བ་དང་། བར་སྣང་ལ་གནས་ནས་ལུས་དོར་བ་མེ་ཏོག་གི་ཕྲེང་བར་གྱུར་པས་སྟོང་གསུམ་འགེངས་པ་དང་། བ་སྤུའི་ཁུང་ནས་མདོ་སྡེ་ཁྲག་ཁྲིག་བརྗོད་པ་དང་། ལུས་ཆེན་པོར་བསྒྱུར་བ་དང་། ལོ་མ་ལ་བྱང་ཆུབ་སེམས་དཔའ་ལུས་ཕྱེད་གནས་པའི་ལྗོན་པ་ཐོགས་པ་དང་། ལྷུན་པོ་ལག་ན་ཐོགས་པ་དང་། རྐང་གིས་ཆུའི་ཕུང་པོ་འབོག་པ་དང་། རྔ་བོ་ཆེ་བརྡུང་བའི་སྒྲས་ཕྱོགས་བཅུ་བྱེ་བའི་ཞིང་ཁྱབ་པར་དོ་མོད་བྱང་ཆུབ་སེམས་དཔའ་འཚང་རྒྱའོ་ཞེས་རྒྱ་ཆེར་སྒྲོག་པ་སོགས་ལྟགས་སོ། ། ཞིང་ཀུན་ན་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱིས་ཕྱག་གཡས་པ་བརྐྱངས་ཏེ། དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་དོ། ། དེ་ནས་བདུད་སྡིག་ཏོ་ཅན་གྱིས་བདུད་ཀྱི་དམག་བྱེ་བ་ཕྲག་དུང་ཕྱུར་བསྐུལ་ཏེ་བྱང་ཆུབ་སེམས་དཔའ་ལ་མཚོན་ཆའི་ཆར་འབེབས་པ་སོགས་བྱང་ཆུབ་ལས་གཡོ་བའི་ཕྱིར་བར་ཆད་བྱ་བར་བརྩམས་སོ། ། བྱང་ཆུབ་སེམས་དཔའ་ནི་ཐུགས་ཀ་དཔལ་གྱི་བེའུས་བརྒྱན་པ་སོགས་རྡོ་རྗེ་ལྟར་བརྟན་པའི་སྟོབས་མངའ་བ་དང་། ཆོས་ཀུན་སྒྱུ་མ་དང་མཚུངས་པར་གཟིགས་པས་བདུད་ཀྱི་དམག་དེ་རྣམས་ཀྱིས་བག་ཚ་བ་དང་གཡོ་བ་མེད་དོ། ། བདུད་ཀྱི་དཔུང་དེ་དག་མཐུ་ཆུང་བར་བྱ་བའི་ཕྱིར་བདུད་ཀྱི་དཔུང་ཞལ་གྱི་ནང་དུ་ཞུགས་པ་དེ་ལྟ་བུའི་མཐུ་བསྟན་པ་དང་བདུད་རྣམས་བྲོས་སོ། ། བྲོས་ནས་ཀྱང་ཅི་ཡང་མ་ཡིན་ནོ་སྙམ་ནས་སླར་ལོག་སྟེ་འཁོར་དང་བཅས་པས་མཚོན་ཆ་སྣ་ཚོགས་འཕངས་པ་མེ་ཏོག་གི་བླ་བྲེ་དང་གཞལ་མེད་ཁང་དུ་གྱུར་ཏོ། ། དབུགས་གདུག་པའི་མེ་ལྕེ་གཏོང་བ་དག་ཀྱང་འོད་ཀྱིས་པདྨ་འདབ་མ་བརྒྱ་པ་བཞིན་དུ་བསྐྱོད་དོ། ། དེ་ནས་བྱང་ཆུབ་སེམས་དཔས་ཕྱག་གཡས་པ་མགོ་ལ་བྱུགས་པ་དང་། བདུད་ཀྱིས་བྱང་ཆུབ་སེམས་དཔའི་ཕྱག་ན་རལ་གྲི་འབར་བ་ཐོགས་པར་མཐོང་ནས་ལྷོའི་ཕྱོགས་སུ་བྲོས་པ་དང་ཅི་ཡང་མ་ཡིན་ནོ་སྙམ་ནས་ཡང་སླར་ལོག་སྟེ་མཚོན་ཆ་རྣམས་དྲག་ཏུ་འཕངས་པ་དེ་དག་ཀྱང་མེ་ཏོག་གི་ཕྲེང་བར་གྱུར་ཏེ་བྱང་ཆུབ་ཀྱི་ཤིང་བརྒྱན་པར་བྱས་སོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་མཐོང་ནས་བདུད་སྡིག་ཅན་ཕྲག་དོག་དང་ཞེ་སྡང་གིས་རྒྱུད་འཁྲུགས་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཅིའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག ། བཀའ་སྩལ་པ། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། ། བདུད་ཀྱིས་སྨྲས་པ། ཀྱེ་རྒྱལ་བུ་གཞོན་ནུ། བཞེངས་ལ་རྒྱལ་སྲིད་ལ་སྤྱོད་ཅིག ། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། ཅེས་འཁོར་ལོའི་མཚོན་ཆ་འཕངས་པས་མེ་ཏོག་ཏུ་གྱུར་ཅིང་། འཁོར་རྣམས་ཀྱིས་རི་འཕངས་པས་མེ་ཏོག་གི་ཆུན་པོར་གྱུར་ཏོ། ། བཀའ་སྩལ་པ། སྡིག་ཅན། ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ཏུ་ཟད་ན། ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་གཏན་པ་མེད་པའི་མཆོད་སྦྱིན་བྱས་ཤིང་། སེམས་ཅན་རྣམས་ཀྱི་ཕྱིར་ཡོངས་སུ་གཏང་བར་དཀའ་བ་རྣམས་བཏང་བས་བླ་ན་མེད་པའི་ཡེ་ཤེས་ཐོབ་སྟེ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་དེ་སྲིད་རེ་སྐན། དེ་སྐད་ཅེས་བཀའ་སྩལ་པ་དང་། བདུད་ཀྱིས་སྨྲས་པ། ཇི་ལྟར་བདག་གིས་མཆོད་སྦྱིན་གཅིག་གིས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཐོབ་པར་གྱུར་པའི་དཔང་པོ་ནི་ཁྱོད་ཉིད་ཡིན་ན། ཇི་ལྟར་ཁྱོད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱས་པའི་དཔང་པོ་སུ་ཡོད། ཅེས་སྒྲ་གསང་ཆེན་པོ་བསྒྲགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་བག་ཚ་བ་མེད་པར་ཕྱག་གཡས་པ་འཁོར་ལོ་དང་གཡུང་དྲུང་གིས་མཚན་པས་སྐུ་ལུས་ཐམས་ཅད་ལ་བྱུགས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཐམས་ཅད་མངོན་དུ་བྱས་ཏེ། ཚུལ་དུ་ཤིས་པར་ས་ཆེན་པོ་ལ་བརྡབས་ནས་ངའི་དཔང་དུ་ས་འདི་ཡོད་དོ། ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། ། རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། ། འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། ། འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག ། ཅེས་ས་ལ་ཕྱག་གཡས་པ་རེག་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ལྟས་ཆེན་པོ་བཅོ་བརྒྱད་དག་ཀྱང་བྱུང་ངོ་། ། དེ་ནས་སའི་ལྷ་མོ་བསྟན་མ་སའི་ལྷ་མོའི་འཁོར་བྱེ་བ་ཕྲག་བརྒྱ་དང་ལྡན་པ་དེས་རིག་ནས་ས་བརྟོལ་ཏེ་ལུས་རྒྱན་གྱིས་བརྒྱན་པ། ལྟེ་བ་ཡན་ཕྱུང་ནས་བྱང་ཆུབ་སེམས་དཔའི་ལོགས་སུ་བཏུད་དེ་ཐལ་མོ་སྦྱར་ནས་གསོལ་པ། དེ་དེ་བཞིན་ནོ་སྐྱེས་བུ་དམ་པ། ཁྱོད་ཇི་སྐད་གསུངས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། ། དེ་ལྟ་ལགས་མོད། ཁྱོད་ཉིད་ལྷ་དང་བཅས་པའི་དཔང་དུ་གྱུར་པ་ཡིན་ནོ། ། བདུད་ལ་ཡང་སྨྲས་པ། སྡིག་ཅན། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་ནོ། ། ཞེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། ཚུལ་དེས་བདུད་སྡིག་ཅན་ཞུམ་ཞིང་ཅང་མི་སྨྲ་ལ་སྤྱི་བོ་སྨད་ནས་སེམས་ཁོང་དུ་ཆུད་ནས་འདུག་གོ ། དེའི་ཚེ་བྱང་ཆུབ་སེམས་དཔའི་ཕྱག་གཡས་ས་ལ་བརྡབས་པའི་སྒྲ་དེ་ལས་ཐུག་བཅོམ་དང་འུར་སྒྲ་དང་། སོད་ཅིག་ཅེས་སྡིག་ཅན་རྣམས་ཀྱིས་ཐོས་སོ། ། འཁོར་དེ་ལས་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ནི་འདི་ལ་སྐྱབས་སུ་འགྲོ་བར་གྱིས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཐོས་ཏེ། ཁ་བུབ་ཏུ་འགྱེལ་ནས་སྐྱེས་བུ་དམ་པ་སྐྱབ་ཏུ་གསོལ་ཞེས་སྨྲས་སོ། ། བདུད་སྡིག་ཅན་དཔུང་དང་བཅས་པ་དེས་དངངས་ཤིང་འབྲོས་འདོད་ཀྱང་འབྲོས་མ་ནུས་ཏེ། བྱང་ཆུབ་སེམས་དཔས་འོད་ཕྱུང་ནས་དེ་འཇིགས་པ་ལས་བསྐྱབས་སོ། ། དེ་ནས་བདུད་ཀྱི་འཁོར་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། སྔོན་སྦྱང་པ་བྱས་པའི་ལྷ་བརྒྱད་ཁྲི་བཞི་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ། དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་། འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བའི་འོད་སྐུ་ལས་སྤྲོས་ཏེ་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་མཛད། མི་ཁོམ་པ་རྒྱུན་བཅད། སེམས་ཅན་སུ་ལ་ཡང་ཐ་བ་དང་། རྒྱགས་པ་དང་། སྡང་བས་གནོད་པ་མེད་པར་མཛད་དོ། ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་མ་ཐག་ཏུ་ཕྱག་ན་རྡོ་རྗེ་རང་གི་ཐུགས་ལ་བཞུགས་པ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཕྱག་རྡོར་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནོ། ། དེ་ནས་ལྷའི་བུ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག ། འདི་མངོན་པར་རྫོགས་པར་སངས་རྒྱས་ཀྱིས་མེ་ཏོག་འཐོར་ཅིག་ཅེས་སྨྲས་པ་དང་། སྔོན་གྱི་རྒྱུས་ཤེས་པའི་ལྷ་རྣམས་ཀྱིས་སྨྲས་པ། བརྡ་མ་མཛད་ཀྱི་བར་གཏོར་བར་མི་བྱའོ་ཞེས་སྨྲས་སོ། ། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་ལགས་སོ་ཞེས་ཕྱག་གཡས་པ་བརྐྱངས་ཏེ་སྐུ་མ་མཉེལ་ཏམ་ཞེས་སྙུན་གསོལ་ཏེ་མཉེལ་བ་མི་མངའ་བར་བྱང་ཆུབ་བམ། རང་བྱུང་དུ་ཆོས་ཐམས་ཅད་ལ་དབང་བསྒྱུར་རམ། ཞེས་འདྲི་ཞིང་བྱང་ཆུབ་སེམས་དཔའ་རྣམས་བཀྱེ་སྟེ་སྟོང་ཆེན་འདི་ཁེབས་པའི་རིན་པོ་ཆེའི་གདུགས་འོད་ཟེར་གྱི་དྲ་བ་སྣང་བ་ཆེན་པོ་དང་ལྡན་པ་དག་བསྐུར་རོ། ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་བཙལ་ནས་ཚུལ་དང་མཐུན་པར་ཕུལ་ལོ། ། དེ་ནས་བཅོམ་ལྡན་འདས་སྐྱིལ་ཀྲུང་དང་བཅས་བཞིན་པར་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ཆད་དོ། ། སྡུག་བསྔལ་ཉེ་བར་ཞིའོ། ། ཟག་པ་བསྐམས་སོ། ། ཞེས་ཆེད་དུ་བརྗོད་པས། ལྷའི་བུ་ཐམས་ཅད་ཀྱིས་མེ་ཏོག་གཏོར་རོ། ། དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་ཙན་དན་གྱི་ཕྱེ་མ་དང་འོད་གསལ་གྱི་ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་། ཚངས་རིས་པ་རྣམས་ཀྱིས་རིན་པོ་ཆེའི་དྲ་བ་དང་། བདུད་ཀྱི་བུ་དཀར་ཕྱོགས་པ་དག་གིས་རིན་པོ་ཆེའི་བླ་བྲེ་དང་། དབང་སྒྱུར་སོགས་ཀྱིས་གསེར་གྱི་པདྨ་དང་། འཕྲུལ་དགའ་བས་དར་གྱི་ལྡ་ལྡི་དང་། དགའ་ལྡན་པས་ལྷའི་གོས་ཀྱི་དྲ་བ་དང་། འཐབ་བྲལ་བས་སྤོས་ཕྲེང་དང་། བརྒྱ་བྱིན་གྱིས་བྱུག་པ་དང་། རྒྱལ་ཆེན་བཞིས་མེ་ཏོག་སྣ་ཚོགས་པ་དང་། བར་སྣང་གི་ལྷ་རྣམས་ཀྱིས་གཡེར་ཁའི་དྲ་བ་དང་། ས་བླའི་ལྷ་རྣམས་ཀྱིས་ས་གཞི་རྣམས་ལ་མེ་ཏོག་བཀྲམ་ནས་ཕུལ་ཞིང་བསྟོད་དེ་བྱང་ཆུབ་ཀྱི་སྙིང་པོ་ལེགས་པར་བརྒྱན་ཏོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའི་ཁམས་ཡོངས་སུ་གང་བ་དག་གིས་མཆོད་ཅིང་བསྟོད་ལ། རྒྱལ་བ་རང་ཉིད་ཀྱིས་ཀྱང་། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་གྱུར། ། མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། ། ཅེས་ཆེད་དུ་བརྗོད་དོ། ། དེ་ལྟར་འཚང་རྒྱ་བའི་མཛད་པ་བསྟན་པ་ནི་གདུལ་བྱའི་དོན་དུ་མཆོག་གི་སྤྲུལ་སྐུའི་མཛད་པ་ཡིན་གྱི། སྟོན་པ་འདི་ཉིད་སྔོན་བསྐལ་པ་བགྲང་བ་ལས་འདས་པའི་སྔ་རོལ་ཏུ་སངས་རྒྱས་པ་ཡིན་པ་ནི་སྔར་བརྗོད་ཟིན་ཅིང་། སྙིང་རྗེ་པད་དཀར་དུ་ཡང་། སྟོན་པ་འདི་ཉིད་སྔོན་བསྐལ་པ་བརྗོད་ཀྱིས་མི་ལང་བའི་སྔ་རོལ་ཏུ་རྒྱལ་བ་དབང་པོའི་ཏོག་ཏུ་སངས་རྒྱས་ཤིང་། ཞིང་འདིར་སྙིགས་མའི་འགྲོ་བ་རྣམས་ཀྱི་དོན་དུ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པ་ཡིན་པ་དང་། ད་དུང་སེམས་ཅན་མ་ཟད་ཀྱི་བར་དུ་སྤྲུལ་པ་རྒྱུན་མི་འཆད་དུ་སྟོན་པར་གསུངས་སོ། ། སྔར་བཤད་པའི་འཚང་རྒྱ་ཚུལ་དེ་ནི་ཐུན་མོང་བའི་དབང་དུ་བྱས་པའི་འཚང་རྒྱ་ཚུལ་ཡིན་གྱི། སྔགས་ལམ་གྱིས་འཚང་རྒྱ་བའི་ཚུལ་ནི་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་རྣམ་སྨིན་གྱི་ལུས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་བཞག་ནས་ཡིད་ལུས་ཀྱིས་འོག་མིན་དུ་ཕེབས་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་མངོན་བྱང་ལྔའི་སྒོ་ནས་འཚང་རྒྱ་བའི་མཛད་པ་བསྟན་ཏེ་རྣལ་འབྱོར་རྒྱུད་གསུངས་པ་དང་། ཡང་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་བྱང་ཆུབ་རྡོ་རྗེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པའི་དབང་བསྐུར་ཏེ་གཉིས་སྣང་ཕྲ་མོ་ཡང་དག་ནས་ཟུང་འཇུག་གི་སྐུར་བཞེངས་ཏེ་བླ་མེད་ཀྱི་རྒྱུད་གསུངས་པ་དང་། བདུད་འདུལ་བའི་ཚེ་གཤིན་རྗེའི་གཤེད་དམར་ནག་གི་སྐུར་བཞེངས་ནས་གཤིན་རྗེའི་གཤེད་ཀྱི་རྒྱུད་རྣམས་གསུངས་པའི་ཚུལ་ལ་སོགས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་མཐའ་ཡས་པ་ཡོད་དོ། ། དེ་ལྟར་དགུང་ལོ་སོ་ལྔ་ལ་བབ་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་བདུན་བྱང་ཆུབ་ཀྱི་ཤིང་ལ་བརྟེན་ཏེ་བཞུགས། བདུན་གཉིས་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྒྱང་རིང་དུ་འཆག་པར་མཛད། བདུན་གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས་ཤིང་བཞུགས། བདུན་བཞི་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཤར་ནུབ་ཀྱི་རྒྱ་མཚོའི་བར་ལ་འཆག་ཅིང་བཞུགས། བདུན་ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བཞུགས། བདུན་དྲུག་པ་ལ་ཤིང་ནེ་གྲོ་དྷ་ར་སྐྱོང་དུ་གཤེགས་ཏེ་ཀུན་ཏུ་རྒྱུ་མང་པོ་ཞིག་བྱང་ཆུབ་ཏུ་སྨིན་པར་མཛད། བདུན་ཕྲག་བདུན་པ་ལ་ཤིང་སྤྲུལ་རྒྱུའི་ཚལ་དུ་བཞུགས་ཏེ་ཚོང་དཔོན་ག་གོན་དང་བཟང་པོ་གཉིས་རྗེས་སུ་བཟུང་ནས་དེ་གཉིས་ཀྱིས་ཕུལ་བའི་ཞལ་ཟས་བཞེས་ཤིང་། དེའི་ཚེ་རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་རེ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དེར་ཞལ་ཟས་བཞེས་སོ། ། དེ་ནས་ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ཀྱི་དོན་དུ་བཀྲ་ཤིས་ཀྱི་ཚིགས་བཅད་མཛད་ནས་དེ་གཉིས་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་གིས་ཆོས་ཟབ་མོ་ཟབ་པར་སྣང་བ། ཁོང་དུ་ཆུད་པར་དཀའ་བ། རྟོག་གེ་པ་རྣམས་ཀྱིས་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། མཁས་པས་ཤེས་པ་འདི་རྟོགས་ན། གཞན་ལ་སྨྲས་ཀྱང་མི་ཤེས་པས་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་པར་བྱའོ་ཞེས་དགོངས་ནས། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ཆོས་འདི་བདག་གིས་ཐོབ་པར་གྱུར། ། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། ། མི་སྨྲ་ནགས་འདབ་གནས་པར་བྱ་བ་བསྙམ། ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། ཕྱོགས་བཅུའི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་དང་། དཀར་ཕྱོགས་ཀྱི་ལྷ་བགྲང་བ་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང་། ཁྱད་པར་སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོས་བཅོམ་ལྡན་འདས་ལ་ཆོས་གསུང་བར་གསོལ་བ་བཏབ་པས། ཅང་མི་གསུང་བས་གནང་བར་རིག་སྟེ་ཚངས་པ་རང་གི་གནས་སུ་སོང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་དག་ཆོས་ལ་གུས་པ་བསྐྱེད་པར་འགྱུར་བ་དང་། ཚངས་པས་ཡང་ཡང་བསྐུལ་ན་དགེ་བ་དག་འཕེལ་བར་འགྱུར་བ་དང་། ཆོས་ཀྱང་ཟབ་པར་བསྟན་པའི་ཕྱིར་ཐུགས་ལས་ཆུང་ངུར་བཞུགས་སོ། ། དེ་ཚངས་པས་ཤེས་ནས་བརྒྱ་བྱིན་ལ་བསྐུལ་ཏེ། དབང་ཕྱུག་ཆེན་པོ་སོགས་འདོད་གཟུགས་ཀྱི་ལྷ་མང་པོ་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཆོས་གསུང་བར་བསྐུལ་ལོ། ། དེ་ལྟ་ནའང་ཆོས་གསུང་བ་དཀའ་དཀའ་ལྟར་མཛད་ནས་ཆོས་སྟོན་པར་མ་མཛད་པ་ན་ཚངས་པ་གཙུག་ཕུད་ཅན་གྱིས་དེ་ཤེས་ནས་ནམ་སྲོད་ལ་ཚངས་པ་དྲུག་ཁྲི་བརྒྱད་སྟོང་གིས་བསྐོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཐལ་མོ་སྦྱར་ནས་གསོལ་པ། མ་ག་དྷར་ནི་སྔོན་ཆད་ཆོས་བྱུང་བ། ། དག་པ་མ་ལགས་དྲི་མར་བཅས་པས་རྟོགས། ། བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། ། དྲི་མ་མེད་པས་རྟོགས་པ་བཤད་པར་མཛོད། ། ཐུབ་པ་ཆོས་ཀྱི་སྒྲོན་མས་མུན་པ་སོལ། ། དེ་བཞིན་གཤེགས་པའི་རྒྱལ་མཚན་ཁྱོད་ཀྱིས་བསྒྲེང་། ། སྙན་པའི་གསུང་བརྗོད་པ་ཡི་དུས་ལ་བབ། ། རྔ་སྒྲ་རི་དྭགས་དབང་ལྟར་བསྒྲག་ཏུ་གསོལ། ། བཀའ་སྩལ་པ། ཚངས་པ་ངས་ནི་ཚེགས་ཆེན་གྱིས། ། སྐྱོན་རྣམས་བཅོམ་ནས་རྟོགས་གྱུར་པ། ། སྲིད་དང་ཆགས་པས་དཀྲིས་རྣམས་ཀྱིས། ། ཆོས་ནི་ལེགས་པར་རྟོགས་མི་འགྱུར། ། གསོལ་པ། འཇིག་རྟེན་ན་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོ་དང་། གདུལ་སླ་བའི་སེམས་ཅན་གང་དག་མཆིས་ཏེ། དེ་དག་གིས་ཆོས་མ་ཐོས་ན་ཉམས་པར་འགྱུར་བས་ཆོས་བཤད་དུ་གསོལ། ཞེས་དང་། སྔོན་ཆོས་འཚོལ་བའི་ཕྱིར་དབུ་སྟོང་ཙམ་ཡང་བཏང་ངོ་ཞེས་བསྟོད་དོ། ། དེ་ནས་ཚངས་རིས་ཀྱི་ལྷའི་བུ་དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་སྔོན་ཁ་དོག་དམ་པ་ལ་སོགས་པ་རྒྱལ་པོ་ལྔ་དང་། དྲང་སྲོང་ཨུཏྤལར་གྱུར་པའི་ཚེ་དམ་པའི་ཆོས་ཀྱི་ཕྱིར་དཀའ་བ་དེ་ལྟ་བུ་སྤྱད་ན། ད་བཅོམ་ལྡན་འདས་ཆོས་ཀྱི་རྒྱ་མཚོ་ནི་རྫོགས། ཆོས་ཀྱི་སྒྲོན་མེ་ཡང་གསལ་བར་མཛད་ན། ཅིའི་སླད་དུ་ཆོས་མ་བསྟན་པར་མྱ་ངན་ལས་འདའ་བར་དགོངས། ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། ། ཉན་པར་སུ་འདོད་སོམ་ཉི་གསོལ་ཅིག་དང་། ། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། ། ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། ། ཞེས་གསུངས་ནས་ཆོས་གསུང་བར་ཞལ་གྱིས་བཞེས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཆོས་འཆད་པར་དགོངས་པ་དང་ལྷའི་བུ་རྣམས་ཀྱིས་དོ་མོད་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་གནང་སྟེ། དེས་ན་ཕན་པ་དང་བདེ་བར་འགྱུར་རོ། ། ཞེས་སྒྲ་བསྒྲགས་སོ། ། བྱང་ཆུབ་ཀྱི་ཤིང་གི་ལྷ་ཆོས་སྲེད་སོགས་བཞིས་བཅོམ་ལྡན་ལ་གསོལ་པ། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། ཝཱ་ར་ཎཱ་སིར་རོ། ། དེར་ནི་སྐྱེ་བོའི་ཚོགས་ཉུང་བས་གཞན་དུ་བསྐོར་དུ་གསོལ། ཞེས་ཞུས་པ་ན། སྟོན་པས་ཝཱ་ར་ཎཱ་སི་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས་ཡིན་ཞིང་དེར་མཆོད་སྦྱིན་བྱེ་བ་སྟོང་ཕྲག་དུ་མ་བྱས་པ་ཡིན་པས་དེར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་དགོངས་ནས་བྱོན་པ་དང་། ཀུན་ཏུ་རྒྱུ་ཉེར་འགྲོ་དང་མཇལ་ཏེ། དེས་བཅོམ་ལྡན་འདས་བཞིན་མདོག་ལེགས་པར་མཐོང་ནས། གཽའུ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་གསལ་ན་སུ་ལས་ཚངས་པར་སྤྱད་པ་སྤྱོད། བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། ། ང་དང་འདྲ་བ་ཡོད་མ་ཡིན། ། ང་ནི་གཅིག་པུ་རྫོགས་སངས་རྒྱས། ། བསིལ་གྱུར་ཟག་པ་མེད་པ་ཡིན། ། གསོལ་པ། གཽའུ་ཏ་མ་སངས་རྒྱས་སུ་ཞལ་གྱིས་འཆེས་སམ། དེ་བཞིན་ནོ། ། གང་བཞུད། ང་ནི་ཝཱ་ར་ཎཱ་སིར་འགྲོ། ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ། ལོང་བ་ལྟ་བུའི་འཇིག་རྟེན་ལ། ། མཚུངས་པ་མེད་པའི་འོད་བྱའོ། ། ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་ཡུལ་ཀཱ་ཤིར་ལྗོངས་རྒྱུ་ཞིང་གྲོང་ཁྱེར་ཝཱ་ར་ཎཱ་སིར་གཤེགས་ནས་བསོད་སྙོམས་བཞེས་ཏེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ན་ལྔ་སྡེས་རྒྱང་རིང་པོ་ནས་གཤེགས་པ་མཐོང་སྟེ། དགེ་སྦྱོང་གཽ་ཏ་མ་མང་དུ་ཟ་བ་སྤོང་བ་ལས་ཉམས་པ་འདི་འོངས་ན་བདག་ཅག་རྣམས་ཀྱིས་འདི་ལ་སྨྲ་བར་མི་བྱ། ལྡང་བར་མི་བྱ། ཕྱག་མི་བྱ། སྟན་སྟོབ་པར་མི་བྱ། ཞེས་འོག་ཁྲིམས་བཅས་པ་ལ་ཀཽའུ་དེ་ནྱས་ནི་སེམས་ཀྱིས་ཁས་མ་བླངས་སོ། ། དེ་ནས་བཅོམ་ལྡན་འདས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་གྱི་ལྔ་སྡེའི་གནས་སུ་བྱོན་མ་ཐག་བཅོམ་ལྡན་འདས་ཀྱི་དཔལ་དང་གཟི་བརྗིད་མ་བཟོད་ནས་སྟན་གྱི་སྟེང་ན་འདར་ཞིང་ཀུན་གྱིས་འོག་ཁྲིམས་དྲལ་ཏེ་སྟན་ལས་ལངས་ནས་ཀཽའུ་དི་ནྱས་རིམ་གྲོ་བྱེད། རྟ་ཐུལ་གྱིས་ནི་བསུས་ཏེ་ཆོས་གོས་དང་ལྷུང་བཟེད་བླངས། རླངས་པས་ནི་གདན་བཤམས། མིང་ཆེན་གྱིས་ནི་ཞབས་རྟེན་སྟོབ། བཟང་ལྡན་གྱིས་ནི་ཞབས་བསིལ་ཕུལ་ཏེ་ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་བྱོན་པ་ལེགས་སོ། ། གདན་བཤམས་པ་ལ་བཞུགས་ཤིག་ཅེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་པ་ན་ལྔ་སྡེ་རྣམས་ཀྱིས་ལྷག་པར་ཡང་བཅོམ་ལྡན་འདས་ལ་མཚན་དང་གདུང་དང་ཚེ་དང་ལྡན་པས་བརྗོད་པ་ཀུན་ཏུ་བརྗོད་དོ། ། བཀའ་སྩལ་པ། ཁྱེད་རྣམས་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་གྱིས་ཀུན་ཏུ་བརྗོད་པར་མ་བྱེད་ཅིག། ཁྱེད་ལ་ཡུན་རིང་པོར་གནོད་པ་དང་སྡུག་བསྔལ་བར་འགྱུར་རོ། ། གཽ་ཏ་མ། ཁྱོད་ཀྱིས་སྔོན་གྱི་ཚུལ་དང་དཀའ་བ་སྤྱད་པ་དེས་མིའི་ཆོས་བླ་མ་འཕགས་པའི་ཆོས་མ་ཐོབ་ན་ད་སྤྱོད་ཚུལ་འདིས་མི་ཆོས་བླ་མ་འཕགས་པའི་ཆོས་ཐོབ་པར་ནུས་སམ་ཞེས་མ་རངས་པར་གསོལ་པས། བཀའ་སྩལ་པ། རབ་ཏུ་བྱུང་བས་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་རྣམས་ལ་འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པ་དམན་པ་ངན་པ་ཐ་ཆད་མ་རབས་གང་ཡིན་པ་དང་། བདག་ཉིད་དུབ་པ་ལ་རྗེས་སུ་བརྩོན་པའི་འཕགས་པའི་ལམ་ལ་གནོད་པ་དང་ལྡན་པ་གང་ཡིན་པའོ། ། ཁྱེད་ཀྱིས་མཐའ་འདི་གཉིས་ལ་མི་རྟེན་པར་དབུ་མའི་ལམ་མིག་དང་ཡེ་ཤེས་ཕྱེད་པ་ཉེ་བར་ཞི་བ་དང་། མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡོད་དེ། དབུ་མའི་ལམ་གང་ཞེ་ན་འཔགས་པའི་ལམ་ཡན་ལག་བརྒྱད་པའོ། ། ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྷུང་བ་འདི་ཉིད་ཀྱི་སའི་ཕྱོགས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་མཉམ་དུ་དགོངས་པ་ན། གང་དུ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ཕྱོགས་དེར་ནི་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་ཞིང་། ཚངས་པས་ཀྱང་སེངྒེའི་ཁྲི་འཕང་དུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ་བཤམས་སོ། ། དེ་བཞིན་དུ་ཚངས་པ་གཞན་དང་། བརྒྱ་བྱིན་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་བཅུས་ཀྱང་སེངྒེའི་ཁྲི་དེ་ལྟ་བུ་དག་བཤམས། ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ་བལྟ་ན་སྡུག་པ། རྒྱ་ཆེ་བ་ཆུ་ཞེང་དུ་དཔག་ཚད་བདུན་བརྒྱ་ཡོད་པ་སྤྲུལ་ཏེ། སྟེང་གི་ནམ་མཁའ་ལ་གདུགས་དང་བླ་བྲེ་ལ་སོགས་པས་བརྒྱན་ཅིང་འདོད་ལྷའི་བུ་རྣམས་ཀྱིས་སེངྒེའི་ཁྲི་བརྒྱད་སྟོང་ཕུལ་ནས་འདི་ལ་བཞུགས་ནས་འཁོར་ལོ་བསྐོར་དུ་གསོལ་ཞེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་གྱི་རྒྱལ་བ་རྣམས་ལ་གུས་པར་མཛད་པའི་ཕྱིར་ཁྲི་གསུམ་ལ་བསྐོར་བ་མཛད་ནས་སེངྒེ་ལྟར་བག་ཚ་བ་མི་མངའ་བར་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང་། ཚངས་པ་དང་། བརྒྱ་བྱིན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེངྒེའི་ཁྲི་ལ་ཡང་བཞུགས་པར་ཀུན་ཏུ་བསྟན་ཏོ། ། དགེ་སློང་ལྔ་པོས་ཀྱང་དེ་བཞིན་གཤེགས་པ་ལ་ཕྱག་བཙལ་ནས་དུལ་བའི་ཚུལ་གྱིས་འདུག་གོ ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཀྱེ་བས་རིགས་དྲུག་གི་སྡུག་བསྔལ་རྒྱུན་བཅད། ལྟས་ཆེན་པོ་བཅོ་བརྒྱད་བྱུང། མི་མཇེད་ཀྱི་ཞིང་མཉམ་ཞིང་སེམས་ཅན་ཀུན་བྱམས་པ་དང་ལྡན་པར་གྱུར་ཏོ། ། འོད་དེ་ལས། རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། ། ཆོས་དེ་ཉན་པར་གང་འདོད་པ། ། དེ་ནི་རིངས་པར་ལ་གོར་དུ། ། ཆོས་མཉན་པ་ཡི་ཕྱིར་ཤོག་ཅིག ། ཅེས་བསྐུལ་བའི་ཚེ། ལྷ། ཀླུ། གནོད་སྦྱིན། དྲི་ཟ། ལྷ་མ་ཡིན། ནམ་མཁའ་ལྡིང་། མི་འམ་ཅི། ལྟོ་འཕྱེ་ཆེན་པོ་སྟེ། སྡེ་བརྒྱད་པོ་དག་གིས་ཀྱང་ཤེས་ཏེ་སྤྱན་སྔར་དོང་ངོ་། ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་ཀྱང་ལྷགས་ཏེ་མདོར་ན་སྟོང་ཆེན་འདི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་ཁྱབ་པ་མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་ལྷགས་པ་དག་དང་། མི་མཇེད་འདིའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དབང་ཆེ་བར་གྲགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཞེས་དང་། ཚངས་པས། ཉོན་མོངས་ཚོགས་ཀྱི་ནད་བརྒྱས་གཙེས་པའི་སྐྱེ་བོ་འདི་དག་ལ། ། རྒྱལ་བ་སྨན་པ་འཁོར་ལོ་དམ་པ་བསྐོར་ཏེ་ཐར་མཛད་གསོལ། ། ནོར་བདུན་བགོ་བཤའ་མཛོད་ཅིག་འདྲེན་པ་འཁོར་ལོ་བསྐོར་བར་གསོལ། ། དགོངས་པ་ཡོངས་རྫོགས་རིམས་ནད་མ་མཆིས་འཁོར་ལོ་མཆོག་བསྐོར་གསོལ། ། ཞེས་ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་པ། འོད་ཟེར་སྟོང་དང་ལྡན་པ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཞེས་པ་དེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་བོ། ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷའི་སྲས་པོ་བརྒྱད་ཁྲིས་གཙོ་བྱས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་གྲུལ་བུམ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། ཀཽའུ་དི་ནྱ་ལ་སོགས་པའི་ལྔ་སྡེ་དང་། གཞན་ཡང་ཆོས་ཉན་པར་འདུས་པའི་འཁོར་དེ་དག་ཐ་ན་ལུད་པའི་སྒྲ་ཙམ་ཡང་མེད་པར་རྒྱལ་བའི་ཞལ་འབའ་ཞིག་ལ་བལྟའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་ལྔ་སྡེ་བཟང་པོ་ལ་བོས་ཏེ། བདེན་པ་བཞི་པོ་དག་གི་མིང་དང་སྤང་བླང་དང་། དེ་དག་ཡོངས་སུ་ཤེས་སྤངས་མངོན་དུ་བྱས་བསྒོམས་པའི་གཤེགས་ཤུལ་ཡན་ལག་བརྒྱད་མཐའ་གཉིས་སྤངས་བའི་དབུ་མའི་ལམ་རྣམ་པ་བཅུ་གཉིས་སུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། གསུང་གི་སྒྲ་དབྱངས་དེ་ལས་གང་དང་གང་གིས་འདུལ་བའི་སྒྲ་དེ་དང་དེ་ལ་འཚམ་པའི་གཏམ་སྣ་ཚོགས་པ་ཐེག་པ་གསུམ་པོ་སོ་སོ་དང་མཐུན་པའི་ཆོས་ཐོས་ཏེ་སྟོང་ཆེན་འདི་ན་བདེན་བཞིའི་མིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད་པ་ཐམས་ཅད་སོ་སོར་གོ་སྟེ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་གྱི་བདེན་པར་འདུ་བའི་དགོངས་པས་ཆོས་བསྟན་པ་དེས་ཚེ་དང་ལྡན་པ་ཀཽའུ་དི་ནྱ་དང་། འབར་བའི་གཟི་བརྗིད་ལ་སོགས་པའི་ལྷ་བརྒྱད་ཁྲི་པོ་རྣམས་ལ་ཆོས་ཀྱི་མིག་དྲི་མ་དང་བྲལ་བ་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀཽའུ་དི་ནྱ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། གསོལ་པ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། ། དེ་ནས་ཚེ་དང་ལྡན་པ་ཀཽའུ་དི་ནྱ་ལ་ཀུན་ཤེས་ཀཽའུ་དི་ནྱ་ཞེས་བྱ་བའི་མིང་ཆགས་པས། འཇིག་རྟེན་དུ་དཀོན་མཆོག་གསུམ་པོ་དག་ཀྱང་གྲུབ་ཅིང་ལྷ་རྣམས་ཀྱིས་ཀྱང་། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་འགའ་ཡང་མ་བསྐོར་བ་ཞིག་བསྐོར་བས། ལྷའི་རིས་འཕེལ་ཞིང་ལྷ་མ་ཡིན་གྱིས་རིས་ནི་ཡོངས་སུ་ཉམས་སོ། ། ཞེས་བསྒྲགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་སུ་ཡང་ལྔ་སྡེ་རྣམས་ལ་བདེན་པ་བཞི་བསྟན་པས། ཀུན་ཤེས་ཀཽའུ་དི་ནྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པར་གྱུར་ཏོ། ། དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་གཅིག་དང་། གཉིས་པ་ནི་བཅོམ་ལྡན་འདས་ཉིད་ཡིན་ནོ། ། དགེ་སློང་ལྷག་མ་བཞི་པོ་རྟ་ཐུལ་དང་། རླངས་པ་དང་། མིང་ཆེན་དང་། བཟང་ལྡན་རྣམས་ཀྱིས་བདེན་པ་མཐོང་ངོ་། ། དེ་ལྟར་ལྔ་སྡེས་ཡེ་ཤེས་ཁོང་དུ་ཆུད་མ་ཐག ། མུ་སྟེགས་ཀྱི་རྟགས་དང་རྒྱལ་མཚན་ཅི་ཡོད་པ་སྐད་ཅིག་ལ་ནུབ་ནས། སྐྲ་བྲེགས་ཆོས་གོས་གསུམ་དང་། ལྷུང་བཟེད་དང་ལྡན་ལ། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ནི་ཀུན་ཤེས་ཀཽའུ་དི་ནྱ་འདི་ཡིན་ནོ་ཞེས་བསྔགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྷག་མ་བཞི་པོ་ལ་གཟུགས་བདག་མ་ཡིན་པ་དང་། སྡུག་བསྔལ་བ་དང་། མི་རྟག་པ་ཡིན་པར་རྒྱ་ཆེར་བཀའ་སྩལ་པས་ལྷག་མ་བཞི་པོས་ཀྱང་དགྲ་བཅོམ་པ་མངོན་དུ་བྱས་ཏེ། འཇིག་རྟེན་ན་དགྲ་བཅོམ་པ་ལྔ་དང་དྲུག་པ་ནི་བཅོམ་ལྡན་འདས་ཉིད་དོ། ། དེ་ལྟར་བསྟན་པ་ལས་ལྷ་བྱེ་བ་ཕྲག་བརྒྱ་བཞི་བཅུ་དང་། མི་བརྒྱད་ཁྲི་བཞི་སྟོང་གིས་བདེན་པ་མཐོང་ངོ། ། དེ་ལྟར་བཅོམ་ལྡན་འདས་ཀྱི་ཚངས་པའི་དབྱངས་སྙན་པ་དེ་ཕྱོགས་བཅུའི་ཞིང་དག་ཏུ་གྲགས་པས། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅང་མི་གསུང་བར་བཞུགས་པ་ན། སོ་སོའི་རིམ་གྲོ་པ་རྣམས་ཀྱིས་ཅིའི་ཕྱིར་བཀའ་མཆིད་བཀུམ་ཞེས་ཞུས་པ་དང་། བཀའ་སྩལ་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་བརྙེས་ཏེ་འཁོར་ལོ་བསྐོར་བར་མཛད་པས་དེའི་ཕྱིར་མི་སྨྲའོ། ། ཞེས་གསུངས་པས་སེམས་ཅན་བྱེ་བ་ཕྲག་བརྒྱ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གསུང་པ་དཀའ་དཀའ་ལྟར་མཛད་ནས་ཡང་དང་ཡང་དུ་གསོལ་བ་གདབ་དགོས་བྱུང་བ་དང་། ཆོས་སྟོན་པ་ལ་འཇུག་པའི་ཚེ་ཐོག་མ་ནས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་མ་བསྟན་པར་ཆོས་གོས་ཟླུམ་པོར་བགོ་བ་དང་། ཕྱི་དྲོའི་ཁ་ཟས་སྤོང་བ་དང་། ཟས་གོས་མཐའ་གཉིས་སུ་མ་ལྷུང་བར་བྱ་དགོས་པ་སོགས་འདུལ་བའི་བསླབ་བྱ་བསྟན་ནས་བདེན་པ་བཞི་སྟོན་པར་མཛད་ཅིང་བདེན་པ་བཞི་པོ་དེ་ལས་ཀྱང་ཐོག་མར་སྡུག་བསྔལ་བདེན་པ་སྟོན་པར་མཛད། སྡུག་བསྔལ་ལ་ཡང་རྣམ་པ་བཞི་ཡོད་པ་ལས། ཐོག་མར་མི་རྟག་པ་སྟོན་པར་མཛད་པའི་ཚུལ་འདི་དག་ལ་རྣམ་དཔྱོད་ཅན་གྱིས་ལེགས་པར་དཔྱོད་ཤེས་ན་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་ངེས་པ་བརྟན་པོ་རྙེད་པར་འགྱུར་ཏེ། ཐོག་མར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཞིག་ལ་བརྟེན་དགོས་ཤིང་། དེ་ཡང་གང་བྱུང་གིས་མི་ཆོག་པར་སློབ་མས་ཀྱང་བླ་མ་མཚན་ཉིད་དང་ལྡན་མི་ལྡན་ལེགས་པར་བརྟགས་ནས་མཚན་ཉིད་དང་ལྡན་པ་ཞིག་ལ་བརྟེན་དགོས་པ་དང་། བླ་མས་ཀྱང་སློབ་མ་མ་བརྟགས་པར་སུ་རུང་རུང་ལ་ཆོས་བསྟན་མི་རུང་བས་སློབ་མ་སྣོད་དང་ལྡན་མི་ལྡན་ལེགས་པར་བརྟགས་ནས་བྱ་དགོས་པ་དང་། སློབ་མ་ལ་ཆོས་སྟོན་པའི་ཚེ་ནའང་མ་མཛངས་མས་བུ་ཆུང་གསོ་བ་དང་། སྨན་པ་མཁས་པས་ནད་པ་ལ་སྨན་སྟེར་བ་དང་འདྲ་བར་གདུལ་བྱའི་ཁམས་ལ་བརྟགས་ནས་རིམ་གྱིས་རྒྱུད་སྦྱོང་པར་བྱ་དགོས་པ་དང་། དཀར་ཆོས་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་ལ་ཐོག་མར་སྦྱར་དགོས་པ་དང་། དེ་ནས་ཀྱང་ཐོག་མར་ཚེ་འདི་ལས་བློ་ལོག་པ་ཞིག་དང་། འཁོར་བ་སྤྱི་ལས་བློ་ལོག་པ་ཞིག་གི་ཐབས་སུ་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཁྱད་པར་ཟག་བཅས་ཀྱི་ལུས་འདི་མི་རྟག་པར་བསྟན་ནས་ཚེ་འདི་ལ་མ་ཆགས་པར་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བསམ་པ་བསྐྱེད་པ་དང་། འཁོར་བ་མཐའ་དག་ལ་མ་ཆགས་པར་ཐར་པ་དོན་གཉེར་གྱི་བསམ་པ་བརྟན་པོ་བསྐྱེད་པ་དང་། བསམ་པ་དེ་ལྟ་བུ་ཞིག་སྐྱེས་པ་ན་འཁོར་བའི་རྩ་བ་ཀུན་འབྱུང་བདེན་པ་ངོ་སྤྲད་དེ་རིམ་གྱིས་ལམ་གོང་མ་ལ་ཁྲིད་དགོས་པའི་ཚུལ་རྣམས་ཤེས་ནས་སྟོན་པའི་རྣམ་ཐར་ཉམས་ལེན་དུ་འཁྱེར་ཤེས་པ་ཞིག་འོང་ངོ་། ། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྷ་དང་། ལྔ་སྡེ་བཟང་པོ་སོགས་མི་དད་པ་ཅན་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན། དབྱིབས་གྲུ་བཞི་པ་བང་རིམ་བཞི་པ། བང་རིམ་རེ་རེ་ལ་ཕྱོགས་བཞིར་གློ་འབུར་དང་བཅས་པ་ལ་སྒོ་བཞིའམ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་ཡོད་པ་བརྩིགས་སོ། ། དེ་ལ་ནི་ཀ་ཤིའི་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་ཞེས་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། ། དེ་ནས་རིམ་གྱིས་ཡུལ་གཞན་དང་དུས་གཞན་དག་ཏུ་འདུལ་བ་ལུང་དང་། མདོ་སྡེ་དྲན་པ་ཉེར་བཞག་དང་། རྒྱ་ཆེར་རོལ་པའི་མདོ་དང་། མདོ་སྡེ་ལས་བརྒྱ་པ་དང་། རྟོགས་བརྗོད་བརྒྱ་པ་ལ་སོགས་པ་འཁོར་ལོ་དང་པོའི་སྡེར་གཏོགས་ཀྱི་མདོ་སྡེ་མཐའ་ཡས་པ་ཞིག་བཀའ་སྩལ་ཏོ། ། དེ་ལྟར་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀཽའུ་དི་ནྱ་ལ་སོགས་པའི་ལྔ་སྡེ་དང་། གྲགས་པ་ལ་སོགས་པ་ཉེ་བའི་ལྔ་སྡེ་དང་། རྒྱལ་པོའི་ཁབ་ཏུ་ཕེབས་ནས་ཤཱ་རིའི་བུ་དང་མོའི་འགལ་གྱི་བུ་འཁོར་ལྔ་བརྒྱ་དང་བཅས་པ་དང་། འོད་སྲུངས་ཆེན་པོ་ལ་སོགས་པ་བདག་ཉིད་ཆེན་པོ་བགྲང་བ་ལས་འདས་པ་ཞིག་རྗེས་སུ་བཟུང་སྟེ་སྙན་པའི་གྲགས་པས་སའི་སྟེང་ཐམས་ཅད་ཁྱབ་པ་ན། རྒྱལ་པོ་ཟས་གཙང་མས་དེ་ཐོས་ཏེ་དགའ་ཞིང་མགུ་ལ་མཇལ་བར་འདོད་ནས་ཡང་དང་ཡང་དུ་ཕོ་ཉ་བཏང་སྟེ་སེར་སྐྱའི་ཡུལ་དུ་འབྱོན་དགོས་པར་གསོལ་བ་བཏབ་པ་ན་བཅོམ་ལྡན་འདས་ཀྱིས་ཡབ་ཟས་གཙང་མ་དང་། སྲུ་སྐྱེ་དགུའི་བདག་མོ་དང་། བདུད་རྩི་ཟས་དང་བྲེ་བོ་ཟས་དང་། སྒྲ་གཅན་འཛིན་དང་། ཀུན་དགའ་བོ་ལ་སོགས་པ་ཤཱཀྱ་བགྲང་བ་ལས་འདས་པ་དག་འདུལ་བའི་དགོས་པ་ཉེ་བར་གཟིགས་ནས་འཆར་ཀ་ཕོ་ཉར་འོངས་པ་ལ་འབྱོན་པར་ཞལ་གྱིས་བཞེས་ཏེ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་མི་བཞུགས་ཀྱི། གྲོང་ལས་འཕགས་པའི་གཙུག་ལག་ཁང་དུ་བཞུགས་སོ་ཞེས་འཕྲིན་དང་བཅས་བཏང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། དགེ་སློང་རྣམས་ལ་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་ཏེ་ཡབ་སྲས་གདན་འཛོམ་ན། ཁྱེད་ཅག་ལས་ཡབ་སྲས་མཇལ་བ་སུ་བལྟ་བར་སྤྲོ་བ་དེ་དག་ཆོས་གོས་ལོངས་ཤིག ། དེས་ཀྱང་དེ་བཞིན་དུ་བྱས་ནས་བཅོམ་ལྡན་འདས་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ལྷན་ཅིག་འབབ་ཆུ་རོ་ཧི་ཀའི་འགྲམ་དུ་བྱོན་ཏེ། གྲོང་ཁྱེར་ཆེན་པོ་སེར་སྐྱ་དང་ཉེ་བར་བྱོན་པར་གྱུར་ཏོ། ། དེ་ལྟར་བྱོན་པ་རྒྱལ་པོ་ཟས་གཙང་མས་ཐོས་ནས་རྒྱལ་པོས་གང་ཡང་འབབ་ཆུ་རོ་ཧི་ཀ་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་གྱི་ལམ་ཤིན་ཏུ་མཛེས་པར་བྱས་ཏེ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་གདན་རྣམ་པར་བཀྲ་བ་དག་ཤོམ་དུ་བཅུག་གོ ། སེར་སྐྱའི་གཞིའི་རྡོ་བ་དང་། གྱོ་མོ་དང་། གསེག་མ་རྣམས་བསལ་ནས། ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཞིམ་པོའི་སྤོས་ཕོར་ཉེ་བར་བཤམས། དར་གྱི་ཆུན་འཕྱང་མང་པོ་དཔྱངས་ཏེ། ཤཱཀྱ་རྣམས་ལ་བསྒོ་བ། ཁྱེད་ཀྱིས་བཞོན་པའི་མཆོག་རྣམས་སྟ་གོན་གྱིས་ཤིག ། དེ་ཅིའི་ཕྱིར་ཞེ་ན། དེ་རིང་བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་མཆོག་ཏུ་བལྟ་ན་སྡུག་པ་དེ་བལྟ་ཞིང་འདོང་ངོ་། ། ལྷ། ལེགས་སོ་ཞེས་གསོལ་ནས་ཤཱཀྱ་རྣམས་ཀྱིས་ཐེག་པའི་མཆོག་རྣམས་མྱུར་དུ་སྟ་གོན་བྱས་སོ། ། དེ་ནས་རྒྱལ་པོས་སེར་སྐྱའི་གནས་དང་ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་དེ་དག་ཐམས་ཅད་རྒྱལ་པོའི་གཤེགས་ཤུལ་དུ་མཉམ་པར་བྱེད་དུ་བཅུག་ཅིང་བྱེ་མ་གཙང་མ་བདལ་བ་ལ་མེ་ཏོག་གིས་བཀྲམ། དར་གྱི་ལྡ་ལྡི་བྲེས། གར་མཁན་དང་། གླུ་མཁན་དང་། གྱད་དང་། བུམ་རྔ་ཐོགས་པ་དག་བཀོད་ནས། རྒྱལ་པོ་ཟས་གཙང་བཞོན་པ་ཞོན། ཤཱཀྱ་གཞོན་ནུ་བརྒྱད་ཁྲི་མང་པོས་བསྐོར་ཏེ། རྒྱལ་པོའི་དཔལ་ཆེན་པོ་དང་མཐུ་ཆེན་པོས་སོང་ངོ་། ། དེ་ལ་ཤཱཀྱ་ཁ་ཅིག་གིས་ཤིང་རྟ་ཡང་སྔོ་ལ་དེ་འདྲེན་པའི་རྟ་ཡང་སྔོ་བ་དང་། རྒྱན་རྣམས་དང་དྲིལ་བུ་གཡེར་ཁའི་དྲ་བ་ཡང་སྔོ་བ་དང་། འཁོར་རྒྱན་སྔོན་པོ་ཅན་གྱིས་བསྐོར་པ། གདུགས་དང་རལ་གྲི་དང་། ཐོད་དང་། ནོར་བུ་ཅན་གྱི་རྔ་ཡབ་དང་། ལྷམ་ཡང་སྔོན་པོ་དང་ལྡན་པ། ཁ་ཚར་མ་བཅད་པའི་རས་སྔོན་པོ་གྱོན་པ། རྒྱན་སྔོན་པོ་ཐོགས་པའི་ཞལ་ཏ་པ་རྣམས་ཞལ་ཏ་བྱེད་པ་རྒྱན་སྔོན་པོ་ཅན་གྱི་ལྕགས་ཐོགས་པའི་ཁྲིད་པ་དུ་མ་དང་ལྡན་པ། རྒྱལ་མཚན་སྔོན་པོ་བསྒྲེང་བ། ཤིང་རྟ་རེ་རེ་ཞིང་ཡང་རྒྱན་སྔོན་པོ་ཅན་གྱི་མི་བརྒྱ་ཕྲག་རེ་རེས་བསྐོར་བ་དག་དང་། དེ་བཞིན་དུ་ཁ་ཅིག་སེར་བ་དང་། ཁ་ཅིག་དམར་བ་དང་། ཁ་ཅིག་དཀར་བ་དང་། ཁ་ཅིག་ཁྲ་བོར་གྱུར་པ་ཤ་སྟག་གོ ། ཤིང་རྟ་དེ་དག་རེ་རེའི་ཕྱི་བཞིན་དུ་གླང་པོ་ཆེ་བརྒྱད་ཁྲི་གསེར་གྱི་རྒྱན་དང་གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་བའི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞག་ནས་དོང་བར་གྱུར་ཏོ། ། དེའི་རྗེས་སུ་རྟ་གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲིལ་བུ་གཡེར་ཁ་བརྒྱུས་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱན་དང་ལྡན་པ་བརྒྱད་ཁྲི་བཤམས་ནས་དོང་བར་གྱུར་ཏོ། ། དེ་ལྟར་རྒྱལ་པོ་ཟས་གཙང་ཤཱཀྱའི་ཚོགས་ཀྱིས་ཟླ་བ་ཁམས་པ་བཞིན་དུ་བསྐོར་ཏེ་བྱུང་བ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཤཱཀྱ་རྣམས་སེར་སྐྱའི་གནས་ནས་བྱུང་བ་དེ་དག་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་སྐྱེད་མོས་ཚལ་དུ་དོང་བ་དང་རྗེས་སུ་མཐུན་ནོ། ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་མཐུ་ཆེ་བ་ལྔ་སྡེ་བཟང་པོ་དང་། གྲགས་སྦྱིན་དང་། འཆར་ཀ་དང་། ལྟེང་རྒྱས་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། འོད་སྲུངས་ཆེན་པོ་དང་། ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུས་བསྐོར་ཞིང་། ལྷ་རྣམས་འདུ་བར་དགོངས་པ་ན་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་དང་། མདོར་ན་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་མཐུ་ཆེ་བ་རྣམས་ཀྱང་དེར་འདུས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ང་རྒྱལ་ཆེ་བར་མཁྱེན་ཅིང་། ཞབས་ཀྱིས་སེར་སྐྱའི་གཞིར་གཤེགས་ན་ཤཱཀྱ་རྣམས་ཀྱང་མི་གུས་པ་སྐྱེ་བར་དགོངས་ནས་ཕྱོགས་བཞིར་འབར་བ་དང་། འོད་འབྱིན་པ་དང་། ཆུའི་རྒྱུན་འབེབས་པ་ལ་སོགས་མཛད་ནས་རྫུ་འཕྲུལ་དེ་བཏུལ་ཏེ་བཅོམ་ལྡན་འདས་ཏ་ལ་བདུན་གྱི་སྲིད་ཙམ་ན་བཞུགས་སོ། ། དགེ་སློང་རྣམས་ཏ་ལ་དྲུག་གི་སྲིད་ཙམ་གྱི་བར་མཐོ་དམན་དུ་གྱུར་ནས་རྒྱལ་པོ་འདུས་པའི་ཁྱམས་དེར་གཤེགས་སོ། ། དེའི་མོད་ལ་བཅོམ་ལྡན་འདས་མི་གང་ལྷག་ཙམ་གྱི་སྟེང་གི་བར་སྣང་ལ་འཆག་པར་མཛད་པའི་གཡས་ཕྱོགས་ན་ཚངས་པ་འགྲོའོ། ། གཡོན་དུ་ནི་བརྒྱ་བྱིན་ནོ། ། ཞབས་འབྲིང་དུ་འདོད་ལྷ་རིས་བཞི་པོས་གདུགས་འཛིན་ཅིང་བསིལ་ཡབ་ཀྱིས་གཡོབ་བོ། ། རྒྱལ་པོ་ཆེན་པོ་བཞིས་ནི་ཤར་ནུབ་ཏུ་ཐལ་མོ་སྦྱར་ཏེ་འདུག་གོ ། ལྷ་རྣམས་ཀྱིས་རིན་པོ་ཆེའི་ཁང་པས་བར་སྣང་གང་བར་བྱས་ཤིང་། མེ་ཏོག་དང་སྤོས་ཀྱི་ཕྱེ་མས་མཆོད། གླུ་དབྱངས་དང་སིལ་སྙན་དག་སྒྲ་འབྱིན་ཅིང་། སྤོས་ཀྱི་ཆར་སྤྲིན་དག་ལས་སྤོས་ཀྱི་ཆར་ཟིམ་བུ་ཟིམ་བུ་དག་བབས་སོ། ། དེ་ནས་དགེ་སློང་རབ་ཏུ་མང་པོ་དང་། ཆོ་འཕྲུལ་དེ་ལྟ་བུ་དག་མཐོང་ནས། ཡབ་རྒྱལ་པོས་བཅོམ་ལྡན་འདས་གང་ཡིན་པ་མ་ཤེས་ཏེ་རྨོངས་པར་གྱུར་ནས་ནག་པོ་འཆར་ཀ་རྒྱལ་པོའི་ཞབས་འབྲིང་ན་གནས་པ་དེ་ལ་དྲིས་པ། ངུར་སྨྲིག་གྱོན་པའིི་རབ་ཏུ་བྱུང་བ་མང་པོ་ཞིག་ཡོད་ན་གཞོན་ནུ་གང་ཡིན། ནག་པོ་འཆར་ཀས་བཅོམ་ལྡན་འདས་བསྟན་ནས་སྨྲས་པ། འདི་ནི་བཅོམ་ལྡན་འདས་ལགས་མི་དབང་ད་གཟིགས་ཤིག ། དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་ལྷ་དང་མི་དེ་དག་ཕན་ཚུན་དུ་ཡང་མཐོང་བར་གྱུར་ཅིང་རྒྱལ་པོས་ཀྱང་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའི་ལྷ་རྣམས་དང་ལྷའི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པས་བར་སྣང་གང་བ་མཐོང་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནི་ངོ་མཚར་ཆེ་སྟེ། འདི་གཞོན་ནུའི་དུས་སུ་ང་ནི་ཆོས་ཀྱི་དབང་ཕྱུག་ལ་དབང་བྱའོ་ཞེས་གསུང་ན་དེ་ནི་འདི་ཡིན་པ་ལྟ་སྟེ། བདག་ནི་མིའི་འཁོར་ཅན་དུ་ཟད་ན། བཅོམ་ལྡན་འདས་ནི་ལྷ་དང་མིའི་འཁོར་ཅན་དུ་གྱུར་ཏོ་སྙམ་མོ། ། སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རྣམས་དགེ་བའི་རྩ་བས་བསྐུལ་ནས་ཐམས་ཅད་བྱུང་སྟེ། ཅི་ཡབ་སྲས་ལ་ཕྱག་བྱེད་དམ། འོན་ཏེ་སྲས་ཡབ་ཀྱི་ཞབས་ལ་ཕྱག་བྱེད་པ་བལྟའོ་སྙམ་ནས་ཐམས་ཅད་ཚོགས་པར་གྱུར་ཏོ། ། དེ་ནས་རྒྱལ་པོ་ཆེན་པོ་ཟས་གཙང་མས་བླ་གོས་རིན་ཐང་མ་མཆིས་པ་ཕྲག་པ་གཅིག་ཏུ་བྱས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་རང་གི་ཐོར་ཙུགས་ནོར་བུ་དང་ཅོད་པན་གྱིས་བརྒྱན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་ནས་ཕྱག་བཙལ་ཏེ་ཚིགས་སུ་བཅད་པ། བློ་གྲོས་ཡངས་པ་ཁྱོད་ལ་འདི་དང་ནི། ། ཀུན་སྤྱད་ཞབས་ལ་ལན་གསུམ་ཕྱག་བགྱིས་ཏེ། ། བལྟམས་པའི་ཚེ་ན་ས་ནི་གཡོས་པ་དང་། ། འཛམ་བུའི་གྲིབ་མ་སྐུ་ལས་མ་འདས་པའོ། ། ཞེས་གསོལ་པ་དང་། དེ་ལྟར་ཡབ་ཀྱིས་སྲས་ཀྱི་ཞབས་ལ་ཕྱག་བྱས་པ་དེའི་ཚེ་ཤཱཀྱ་རྣམས་ཀྱིས་འདི་ཅིའི་ཐ་ཚིག་ཅེས་མ་དད་པ་དང་། རྒྱལ་པོ་ཟས་གཙང་མས་ཤཱཀྱ་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ད་གདོད་ཁོ་བོས་གཞོན་ནུའི་ཞབས་ལ་ཕྱག་བྱས་པ་མ་ཡིན་ཏེ། འདི་དང་ལན་གསུམ་དུ་ཕྱག་བགྱིས་སོ་ཞེས་གོ་བར་བྱས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་བཏུལ་ནས། དགེ་སློང་གི་དགེ་འདུན་གྱི་དགུང་ལ་འདོད་པའི་ལྷའི་བུ་རྣམས་ཀྱིས་སེང་གེའི་ཁྲི་ལྷའི་རས་སྣ་ཚོགས་སུ་སྤེལ་ནས་བཤམས་པ་ལ་བཞུགས་ཏེ། འདོད་ལྷ་རྣམས་ཀྱིས་སྟེང་དུ་ལྷའི་བླ་བྲེ་བྲེས་ཤིང་། ཁྱམས་དེར་ཡང་ལྷའི་རས་བཅོས་བུ་བཏིང་ངོ་། ། དེ་ནས་རྒྱལ་པོ་ཟས་གཙང་སྐད་འཛེར་ཅིང་སྙིང་སྔངས་ལ་མིག་མཆི་མས་གང་བཞིན་དུ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། གཞལ་མེད་ཁང་གི་གནས་རྣམས་སུ། ། ཡབ་ཀྱི་ཁབ་ན་བཞུགས་པ་ལས། ། དགོན་པ་འཇིགས་དང་བཅས་རྣམས་སུ། ། ཇི་ལྟ་བུར་ནི་འབའ་ཞིག་བཞུགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཡི་བདག་པོ་གང་དུ་ནི། ། ཁྱིམ་གྱི་འཆིང་བ་ལས་གྲོལ་བ། ། འཕགས་པ་ཡི་ནི་གནས་པ་བཅུས། ། ཐུབ་པ་རྣམས་ནི་གནས་པར་མཛད། ། ཅེས་སོགས་རྒྱ་ཆེར་ཡབ་དང་སྲས་གཉིས་དེ་ལྟ་བུའི་བཀའི་འབེལ་མཆིད་གླེང་བར་མཛད་དེ། དེས་རྒྱལ་པོ་ཟས་གཙང་དགའ་ནས་ཞབས་ལ་ཕྱག་བྱས་ཏེ། བདེ་བར་གཤེགས་པ་ལ་ཀུན་ནས་རྟོག་ཅིང་འདུག་གོ ། དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། གང་བདག་གི་བུས་འདི་ལྟ་བུའི་ཡོན་ཏན་ཐོབ་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་འཁོར་དེ་དང་མཐུན་པའི་ཆོས་བཤད་པས་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་མཐོང་ངོ་། ། དེའི་སང་ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དུ་གཤེགས་ཏེ་ཆོས་བསྟན་པས་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་དྲུག་སྟོང་གིས་བདེན་པ་མཐོང་ངོ་། ། ཤཱཀྱ་བདུད་རྩི་ཟས་ཀྱི་བུ་གཞོན་ནུ་ཀུན་དགའ་བོ་སྐྱེས་ནས་ལོ་དྲུག་ལོན་པ་བཅོམ་ལྡན་འདས་ཀྱི་རིམ་གྲོ་བགྱིད་པར་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་དེ། བདུད་རྩི་ཟས་ཀྱིས་ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་འབབ་པར་བྱའོ་སྙམ་སྟེ། ཡངས་པ་ཅན་དང་སེར་སྐྱའི་གྲོང་ཁྱེར་གཉིས་ཕན་ཚུན་དུ་སྐྱེལ་བ་དང་ལེན་པར་བྱེད་དོ། ། དེ་བཅོམ་ལྡན་འདས་ཀྱིས་དགོངས་ནས་སེར་སྐྱར་ཀུན་དགའ་བོའི་ཕྱིར་གཤེགས་པ་ན། བདུད་རྩི་ཟས་ཀྱིས་ཀུན་དགའ་བོ་ཁང་ཕྲན་དུ་སྦས་པ་དང་། བཅོམ་ལྡན་འདས་ཀྱི་མཐུས་སྒོ་དབྱེ་བས་ཀུན་དགའ་བོ་ཐལ་བྱུང་དུ་འོངས་ནས་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་བོ། ། བཅོམ་ལྡན་འདས་གཤེགས་པ་ན་རྗེས་བཞིན་འབྲངས་ནས་སུས་ཀྱང་བཟློག་མ་ནུས་པས་བདུད་རྩི་ཟས་ཀྱིས་དུས་སྟོན་བྱས་ཏེ་ཀུན་དགའ་བོ་གླང་པོ་ཆེ་ལ་བསྐྱོན་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་བཏང་བ་དང་གླང་པོ་ཆེས་ཨུཏྤལའི་ཆུན་པོ་ཟོས་པས་མཚན་མཁན་རྣམས་ཀྱིས་གཞོན་ནུ་འདི་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། འོད་སྲུངས་སྟོབས་བཅུ་པ་ལས་རབ་ཏུ་བྱུང་དུ་བཅུག་གོ ། ཀུན་དགའ་བོ་ཡང་དེ་ཉིད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ཞིང་འཛུམ་པ་ལུང་བསྟན་པ་ཡང་ཞུའོ། ། དེའི་སང་རོ་ཧ་ཏི་ཀའི་སྐྱེད་མོས་ཚལ་དུ་ཆོས་བཤད་པས་བདུད་རྩི་ཟས་ལ་སོགས་པ་བདུན་ཁྲི་ལྔ་སྟོང་གིས་འབྲས་བུ་ཐོབ་བོ། ། ལྷ་སྦྱིན་ནི་བཅོམ་ལྡན་འདས་ལ་མ་གུས་པས་ཁ་ཟེར་རོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་བཅོམ་ལྡན་འདས་གདུགས་ཚོད་ལ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ནས་རྒྱལ་པོས་གསེར་གྱི་བྱ་མ་བུམ་བླངས་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་དེ་གཤེགས་ནས་བཅོམ་ལྡན་འདས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེ་ཉིད་དུ་དབྱར་གནས་མཛད་དེ་རྒྱལ་པོ་ཟས་གཙང་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་དུ་འགྲོའོ། ། དེའི་ཚེ་རྒྱལ་པོ་ཟས་གཙང་ནི་ཧ་ཅང་ཞུམ་པ་དང་ཤིན་ཏུ་དགའ་བའི་སེམས་དང་ལྡན་པས་འབྲས་བུ་མ་ཐོབ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་གི་དགའ་བའི་སེམས་ངའི་བུ་འབའ་ཞིག་རྫུ་འཕྲུལ་ཆེའོ་སྙམ་པ་འདི་སྤང་བའི་ཕྱིར་མོའུ་འགལ་གྱི་བུ་ཆེན་པོ་ལ་བསྐུལ་བ་དང་། མོའུ་འགལ་གྱི་བུས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་རྫུ་འཕྲུལ་གྱི་ཆོས་འཕྲུལ་བསྟན་ཏེ་གདན་བཤམས་པ་ལ་འདུག་གོ ། རྒྱལ་པོས་སྨྲས་པ། མོའུ་འགལ་གྱི་བུ། ཉན་ཐོས་རྫུ་འཕྲུལ་ཆེ་བ་གཞན་ཡང་མཆིས་སམ། སྨྲས་པ། གཞན་ཡང་རྫུ་འཕྲུལ་ཆེ་བ་མང་དུ་མཆིས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་བདག་གི་བུ་འབའ་ཞིག་རྫུ་འཕྲུལ་ཆེ་བར་མ་ཟད་ཀྱི། རྫུ་འཕྲུལ་ཆེ་བ་གཞན་ཡང་ཡོད་དོ་སྙམ་ནས་ཤིན་ཏུ་དགའ་བའི་བློ་དང་བྲལ་ཏོ། ། དེ་ནས་རྒྱལ་པོ་ཟས་གཙང་གི་ཞུམ་པའི་བློ་སྔོན་བཅོམ་ལྡན་འདས་ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་ན་ད་ལྟར་མི་འབའ་ཞིག་གིས་མཆོད་དོ་སྙམ་པ་དེ་སྤང་བའི་ཕྱིར་བཅོམ་ལྡན་འདས་ལྷའི་འཁོར་ལ་ཆོས་སྟོན་པར་བཞེད་དོ། ། དེ་བརྒྱ་བྱིན་གྱིས་ཤེས་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེགས་པ་གདན་སྣ་ཚོགས་བཤམས་པ་ཞིག་གྱིས་ཤིག་ཅེས་ལྷའི་བུ་བི་ཤྭ་ཀརྨ་ལ་བསྒོས་ནས་དེས་དེ་བཞིན་དུ་བྱས་སོ། ། སྒོ་བཞི་ན་ནི་རྒྱལ་པོ་ཆེན་པོ་བཞི་འདུག་གོ ། དེར་བཅོམ་ལྡན་འདས་སྤྱན་དྲངས་ཏེ་འདོད་གཟུགས་ཀྱི་ལྷའི་བུ་རྣམས་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་རྣམས་ཀྱིས་བསྐོར་ཞིང་ཉན་ཐོས་ཆེན་པོ་རྣམས་ཀྱང་འདུག་གོ ། ཕྱི་རོལ་ན་ནི་ཀུན་ཏུ་རྒྱུ་དྲུག་ཁྲི་འདུས་སོ། ། དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ལ་བཞུགས་ཏེ། ཡབ་དང་སྲས་མཇལ་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ངེས་པར་བསྟན་པ་ཞེས་བྱ་བ་སྟོན་པར་བཞེད་དོ། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུས་ཀྱང་རྒྱལ་པོ་ཟས་གཙང་མ་ཁྲིད་དེ་གྲོང་ཁྱེར་སེར་སྐྱ་ནས་ལྷས་སྤྲུལ་པའི་གཞལ་མེད་ཁང་དེར་འོངས་སོ། ། མོའུ་འགལ་གྱི་བུ་ནང་དུ་ཞུགས་ཏེ་རྒྱལ་པོ་ཟས་གཙང་ནང་དུ་འཇུག་པར་བརྩམས་པའི་ཐོག་མ་ཤར་སྒོ་ནས་དོང་པ་དང་། རྒྱལ་པོ་ཡུལ་འཁོར་སྲུང་སྒོ་ན་འདུག་ནས་དེས་ནང་དུ་མ་འགྲོ་སྡོད་ཅིག་ཅེས་བཟློག་གོ ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། ། བཞིན་བཟང་ཁྱོད་སུ་ཞིག ། རྒྱལ་པོ་ཆེན་པོ། བདག་ཡུལ་འཁོར་སྲུང་ངོ་། ། དེ་ནས་རྒྱལ་པོ་ཟས་གཙང་གིས་ལྷོ་དང་ནུབ་དང་། བྱང་དུ་ཞུགས་པ་དང་། རྒྱལ་པོ་ལྷག་མ་གསུམ་གྱིས་ཀྱང་དེ་བཞིན་དུ་བྱས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་ཀྱེ་མའོ་བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་པ་དེ་བདག་གིས་བལྟའོ་སྙམ་པའི་འདོད་པ་སྐྱེས་ཏེ་ཞུམ་པའི་རྒྱུད་དེ་དང་བྲལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་རྒྱལ་པོ་ཟས་གཙང་གིས་གལ་ཏེ་ང་མ་མཐོང་ན་ཁྲག་དྲོན་མོ་སྐྱུགས་ནས་འཆི་བར་འགྱུར་བའི་གནས་ཡོད་པར་དགོངས་ནས། རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་ཤེལ་ལས་བྱས་པར་སྤྲུལ་པ་དང་། རྒྱལ་པོ་ཟས་གཙང་གིས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པ་མཐོང་ངོ་། ། མཐོང་ནས་ཀྱང་དགའ་པ་དང་མགུ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་མཆོད་པ་བྱེད་དུ་འཇུག་པའི་མཚན་མ་མཛད་དོ། ། དེ་ནས་ལྷ་མ་ཡིན་ཐགས་བཟང་རིས་དེ་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་ཤིང་རྟ་དང་རྟ་རིན་པོ་ཆེས་བརྒྱན་པ་ལ་ལྷ་མིན་གྱི་བུ་མོ་མང་པོ་འཁོད་དེ་མཆོད་པ་སྣ་ཚོགས་ཐོགས་པ་རིན་པོ་ཆེའི་ཕོ་བྲང་བཀྲ་བ་དག་བཤམས་ནས་ལྷག་པར་གུས་པས་བཅོམ་ལྡན་འདས་ལ་བསྟོད་ཅིང་ཕུལ་ལོ། ། དེ་བཞིན་དུ་ལྷ་མིན་དབང་པོ་སྟོབས་ལྡན་དང་། སྒྲ་གཅན་ལ་སོགས་པ་དང་། བྱའི་རྒྱལ་པོ་འདབ་བཟང་རྣམས་ཀྱིས་ཀྱང་མཆོད་དོ། ། དེ་ནས་ཀླུའི་བུ་མོ་རྣམས་ཀྱིས་རིན་པོ་ཆེའི་གདུགས་དག་དང། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོས་མུ་ཏིག་དམར་པོས་སྙིམ་པ་བཀང་ཞིང་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་ན་ནོར་བུ་སྣ་ཚོགས་ལས་མེ་དང་ཆུ་འབར་འཛག་བྱེད་པ་དག་བྱས་སོ། ། གྲུལ་བུམ་རྣམས་དང་རྒྱལ་ཆེན་བཞིའི་ལྷས་རིན་པོ་ཆེའི་བླ་བྲེ་དག་དང་། དྲི་ཟ་རྣམས་ཀྱིས་ས་སྲུངས་ཀྱི་བུའི་སྟེང་དུ་རྫིང་བུ་པདྨས་གཏམས་པ་དག་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་གདུགས་ཀྱིས་བརྒྱན་པ་དག་དང་། བརྒྱ་བྱིན་གྱིས་རིན་པོ་ཆེའི་ཁང་པ་དང་། ས་སྲུངས་ཀྱི་བུའི་སྟེང་དུ་རྫིང་ཡོད་པ་དག་དང་། གཞན་ཡང་འདོད་གཟུགས་ཀྱི་ལྷའི་བུ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པས། བཅོམ་ལྡན་འདས་འཛུམ་པ་མཛད་པ་ན་རྟ་ཐུལ་གྱིས་དེའི་རྒྱུ་ཞུས་པས་དེ་དག་བྱང་ཆུབ་ཏུ་ལུང་བསྟན་ཅིང་། ཀུན་ཏུ་རྒྱུ་རྣམས་ཀྱང་སོ་སོར་ལུང་བསྟན་ཏོ། ། དེའི་ཚེ་ཡང་རྒྱལ་པོ་ཟས་གཙང་མ་བུ་ལ་ཆགས་པས་ཀུན་ཏུ་དཀྲིས་པ་ན། བཅོམ་ལྡན་འདས་ཀྱིས་དེ་འདུལ་བའི་ཏིང་ངེ་འཛིན་ཡབ་སྲས་མཇལ་བའི་མདོ་བསྟན་པས་རྒྱལ་པོ་ཟས་གཙང་མ་ཐེག་པ་ཆེན་པོ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་མཐར་གྱིས་ཤཱཀྱ་བདུན་ཁྲི་དང་ལྷན་ཅིག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པ་ན་རྟ་ཐུལ་གྱིས་དེའི་རྒྱུ་ཞུས་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་དང་ཤཱཀྱ་རྣམས་བྱང་ཆུབ་ཏུ་ལུང་བསྟན་ཅིང་ཤཱ་རིའི་བུ་ལ་མདོ་འདི་བསྒྲག་པར་བྱའོ་ཞེས་བཀའ་སྩལ་ཏོ། ། ཡབ་སྲས་མཇལ་བའི་ཚེ་ཇི་ལྟར་མཛད་པའི་རྣམ་ཐར་བཟང་པོ་འདི་དག་ལ་ལེགས་པར་དཔྱོད་ཤེས་ན་ཆོས་རྣམ་དག་ཅིག་བྱེད་པ་ལ་ཚེ་འདིའི་གཉེན་ཉེ་དུ་ལ་མ་ཆགས་པ་ཞིག་ངེས་པར་དགོས་པ་དང་། རང་གི་གཉེན་ཉེ་དུ་དང་གཡོག་འཁོར་དང་མཛའ་བཤེས་ཇི་ལྟ་བུ་ཞིག་ཡིན་ཡང་དེ་ལ་ཕན་པར་སེམས་ན་ཚེ་འདིའི་ཆེ་ཐབས་དང་། སྲིད་པའི་ཕུན་ཚོགས་ལ་མི་སྦྱོར་བར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་དབེན་པའི་གནས་སུ་ལམ་སྒྲུབ་པ་ལ་སྦྱོར་དགོས་པ་སོགས་བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་དངོས་རྗེས་གསུམ་གྱི་གནད་རྣམས་ལ་ངེས་པ་བརྟན་པོ་སྐྱེ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་དགུང་ལོ་བཞི་བཅུ་ཞེ་གཅིག་ཏུ་ཕེབས་པ་ལྕགས་ཕོ་བྱི་བའི་ལོར་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་དབྱར་གནས་མཛད་དེ། དེ་ཡང་འདི་ལྟར། བཅོམ་ལྡན་འདས་ཡུམ་སྒྱུ་མ་ལྷ་མཛེས་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་བཞེས་པ་དེ་རྗེས་སུ་གཟུང་བར་བཞེད་པ་དང་། གཞན་ཡང་ལྷ་བགྲང་བ་ལས་འདས་པ་ཞིག་ལ་དགེ་བའི་རྩ་བ་ཡོད་པར་གཟིགས་ནས་སུམ་ཅུ་རྩ་གསུམ་དུ་གཤེགས་ཏེ། ཆོས་བཟང་ལྷའི་མདུན་སར་བཞུགས་ནས། གདུགས་དཀར་མོ་ཅན་གྱི་གཟུངས་དབུའི་གཙུག་ཏོར་ནས་ཕྱུང་ངོ་། ། དེ་ནས་ལྷའི་དགའ་བའི་ཚལ་དུ་གཤེགས་ཏེ་བརྒྱ་བྱིན་དང་ཚངས་པ་སོགས་སྡེ་བརྒྱད་དང་། བློ་གྲོས་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་མང་པོ་དང་ལྷན་ཅིག་གོ ། དེའི་ཚེ་འོད་བཀྱེ་བས་སྟོང་གསུམ་འདིའི་ངན་སོང་ཐམས་ཅད་སྡུག་བསྔལ་ལས་གྲོལ་བ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུའི་སྟེང་དུ་འཁོད་ནས་ཆེད་དུ་བརྗོད་པ་དང་། བརྒྱ་བྱིན་གྱིས་གསོལ་པ། ལྷའི་རིས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཤི་འཕོས་ནས་དགུང་བདུན་ལོན་ལགས་ན་གང་དུ་སྐྱེས། བཀའ་སྩལ་པ། ལྷའི་དབང་པོ། དེ་ནི་མནར་མེད་པའི་དམྱལ་བར་སྐྱེས་སོ། ། བརྒྱ་བྱིན་གྱིས་དེ་ལ་བསྐྱབ་པར་ཞུས་པས་ངན་སོང་སྦྱོང་པའི་བརྟག་པ་གསུངས་ཏེ། བརྒྱ་བྱིན་ལ་ངན་སོང་སྦྱོང་བའི་ཆོ་ག་བསྟན། བརྒྱ་བྱིན་གྱིས་དེའི་ལུས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བས་དེ་སྐད་ཅིག་གིས་དམྱལ་བ་ལས་ཐར་ནས་དགའ་ལྡན་དུ་སྐྱེས་ཏེ་གཙང་མའི་རིས་ཀྱི་ལྷ་རྣམས་དང་ལྷན་ཅིག་དགའ་བའི་ཚལ་དེར་འོངས་ནས་བཅོམ་ལྡན་འདས་དང་བརྒྱ་བྱིན་ལ་ཆེད་དུ་བརྗོད་ཅིང་མཆོད་པའི་སྤྲིན་གྱིས་མཆོད་དོ། ། དེ་ནས་བཅོམ་ལྡན་འདས་ལྷའི་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་དུ་ཨར་མོ་ནིག་སྟེ་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱི་སྟེང་དུ་བཞུགས་ཏེ། ཤཱ་རིའི་བུ། འོད་སྲུངས་ཆེན་པོ། ཀཱ་ཏྱའི་བུ་ཆེན་པོ། གང་པོ། ནམ་གྲུ། རྟ་ཐུལ། ཀ་པི་ན། གསུས་པོ་ཆེ། རབ་འབྱོར་ལ་སོགས་པ་དགྲ་བཅོམ་པ་བརྒྱད་སྟོང་དང་། ཀུན་དགའ་བོ་དང་ཐབས་ཅིག་ཏུ་དབྱར་གནས་པ་མཛད། དེའི་ཚེ་བྱང་ཆུབ་སེམས་དཔའ་མང་པོ་ཡང་འདུས་ཤིང་ཡུམ་སྒྱུ་འཕྲུལ་ཆེན་མོ་ཡང་མཆོག་ཏུ་དགའ་བར་མཛད་ལ། རྒྱལ་བའི་སྲས་ལེགས་པར་གནས་ལ་དབྱིག་ལྡན་གྱི་གཟུངས་སྩལ་ཏོ། ། དེའི་ཚེ་ལྷ་རྣམས་ཐགས་བཟང་རིས་ཀྱི་དཔུང་དང་འཐབས་པས་ཕམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱ་བྱིན་སྐྲག་བཞིན་དུ་འོངས་ཏེ་ཞུས་པས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྩལ་ནས་དབུགས་ཕྱུང་ངོ་། ། སྤྱན་རས་གཟིགས་ཀྱིས་ལྷ་རྣམས་མཆོད་རྟེན་བགྱིད་པར་འཚལ་ན། དེའི་བསོད་ནམས་འཕེལ་བའི་ཐབས་ཞུས་པས། རྟེན་འབྲེལ་སྙིང་པོ་གསུངས་སོ། ། ལྷའི་བུ་ཤིན་ཏུ་བརྟན་པས་ཞག་བདུན་ནས་ཤི་སྟེ་དམྱལ་བར་སྐྱེའོ་ཞེས་པའི་སྒྲ་ཐོས་པ་བརྒྱ་བྱིན་ལ་སྨྲས་ཏེ། དེས་ཞུས་པས་གཙུག་ཏོར་རྣམ་པར་རྒྱལ་བ་ངན་འགྲོ་རྣམ་སྦྱོང་གསུངས་པས་ལྷའི་བུ་དེའི་སྡིག་པ་དག་ཅིང་ཚེ་སྲིངས་སོ། ། དེའི་ཚེ་ས་བཅུ་པ་འབའ་ཞིག་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱམས་པས་འཛམ་བུ་གླིང་པ་རྣམས་ཀྱི་འཚེ་བ་ཞི་བར་གསོལ་པས། བཅོམ་ལྡན་འདས་ཀྱིས་ཞབས་ས་ལ་བརྡབས་ཤིང་། སྤྲུལ་པའི་ཁྲོ་བོ་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་ནས་མི་གཡོ་བའི་རྒྱུད་གསུངས་སོ། ། ལྷའི་བུ་ཞིག་ཤི་འཕོས་ནས་ཕག་ཏུ་སྐྱེ་བར་མཐོང་བས་སྐྲག་སྟེ་བྲང་བརྡུངས་པ་དང་། བཅོམ་ལྡན་འདས་དེར་གཤེགས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོངས་ཤིག་གསུངས། དེས་དེ་ལྟར་བྱས་པས་ཡངས་པ་ཅན་དུ་ཚོང་དཔོན་ཞིག་གི་བུར་སྐྱེས་ཏེ་མིང་ཤེས་ལྡན་ཞེས་བཏགས་སོ། ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་དུ་བཞུགས་པའི་རིང་མོའུ་འགལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་བསྟན་པ་སྐྱོང་ཕྱིར་བཞུགས། སྐྱེ་བོ་ཕལ་པ་སུས་ཀྱང་བཅོམ་ལྡན་འདས་གང་ན་བཞུགས་མ་ཤེས་པ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་གསལ་རྒྱལ་དང་། འཁོར་རྣམ་བཞི་རྣམས་ཀྱིས་མོའུ་འགལ་གྱི་བུ་ཆེན་པོ་མཉན་ཡོད་ན་དབྱར་གནས་པ་ལ་དྲིས་པ། བཅོམ་ལྡན་འདས་གང་ན་བཞུགས། ལྷའི་གནས་ན་བཞུགས་སོ། ། དེ་རྣམས་དགའ་སྟེ་དབྱར་ཟླ་བ་གསུམ་རྫོགས་པ་དང་སླར་ཡང་མོའུ་འགལ་གྱི་བུའི་གན་དུ་སོང་ནས། ད་ནི་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ཞིག་ལོན་པས། བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་སྤྱན་འདྲེན་དུ་གསོལ། མོའུ་འགལ་གྱི་བུས་སྐད་ཅིག་ལ་ལྷའི་ཡུལ་དུ་ཕྱིན་ཏེ། བཅོམ་ལྡན་འདས་ལ་འཁོར་བཞི་པོའི་ཚིག་གིས་བསྙུན་གསོལ་ནས། བཅོམ་ལྡན་འདས་འཛམ་བུ་གླིང་པ་རྣམས་ཀྱིས་ལྷའི་གནས་སུ་འཛེག་མི་ནུས་ཤིང་ལྷ་རྣམས་ལ་འཛམ་བུའི་གླིང་དུ་འབབ་པའི་མཐུ་མཆིས་པས། ད་ནི་འཛམ་བུ་གླིང་དུ་གཤེགས་སུ་གསོལ་ཞེས་དེ་དག་གི་མཆིད་གསོལ་པ་དང་། མོའུ་འགལ་གྱི་བུ་ཁྱོད་སོང་ལ་བཅོམ་ལྡན་འདས་དེང་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་གྱི་ཨ་པ་ཛ་རིའི་ནགས་ཤིང་ཨུ་དུམ་ཝ་རའི་དྲུང་དུ་གཤེགས་སོ་ཞེས་བསྒོ་ཞིག ། དེས་ཀྱང་སྐད་ཅིག་ལ་འཛམ་བུའི་གླིང་དུ་ཕྱིན་ནས་མི་རྣམས་ལ་གོ་བར་བྱས་ཏེ་སླར་མཉན་ཡོད་ནས་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏོ། ། མ་འགགས་པས་རྒྱལ་པོ་ཨུ་ཏྲཱ་ཡཱ་ན་ལ་སྦྲན་པས་དེ་དགའ་སྟེ་གྲོང་ཁྱེར་གསལ་ལྡན་གཙང་མར་བྱས་ནས་མཆོད་པའི་ཡོ་བྱད་དག་བཤམས་ཤིང་། འཁོར་རྣམ་བཞིས་ཀྱང་ཕྱོགས་དེ་ལྷའི་དགའ་ཚལ་བཞིན་དུ་བྱས་སོ། ། དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ལ་བཅོམ་ལྡན་འདས་འཛམ་བུའི་གླིང་དུ་ཞབས་ཀྱིས་གཤེགས་པར་བཞེད་པ་ན། བརྒྱ་བྱིན་གྱིས་བི་ཤྭ་ཀརྨ་ལ་བསྒོས་པས་དེས་ཐེམ་སྐད་གསུམ་སྤྲུལ་ཏེ། དབུས་མ་བཻ་ཌཱུརྱའི་ཐེམ་སྐས་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སོ། ། གཡས་པ་གསེར་གྱི་ཐེམ་སྐས་ལ་ཚངས་པ་གཟུགས་ཀྱི་ལྷས་བསྐོར་ཏེ་ནོར་བུའི་རྔ་ཡབ་ཀྱིས་བཅོམ་ལྡན་འདས་ལ་གཡོབ་ཅིང་སོང་ངོ་། ། གཡོན་པ་ཤེལ་གྱི་སྐས་ལ་བརྒྱ་བྱིན་འདོད་པའི་ལྷ་རྣམས་ཀྱིས་བསྐོར་ཏེ་གདུགས་ཐོགས་ནས་སོང་ངོ་། ། བཅོམ་ལྡན་འདས་ཀྱིས་བི་ཤྭ་ཀརྨའི་ཆེད་དུ་ཕྱེད་ནི་ཞབས་ཀྱིས་བྱོན་ལ། མ་དད་པ་བཟློག་པའི་ཕྱིར་དུ་ཕྱེད་ནི་རྫུ་འཕྲུལ་གྱིས་བྱོན་ཏེ། དཔག་ཚད་བཅུ་གཉིས་མན་ཆད་མིའི་དྲི་མནམ་པས་ལྷ་རྣམས་འོང་མི་བཟོད་པ་ལ་ཙན་དན་གྱི་དྲིས་ཁྱབ་པར་མཛད་ཅིང་། སྐྱེས་པས་ལྷའི་བུ་མོ་དང་བུད་མེད་ཀྱིས་ལྷའི་བུ་མཐོང་ན་འཆི་བར་འགྱུར་བས་སྐྱེས་པ་རྣམས་ཀྱིས་ལྷའི་བུ་མཐོང་ཞིང་བུད་མེད་རྣམས་ཀྱིས་ལྷའི་བུ་མོ་མཐོང་བར་མཛད་དེ་གྲོང་ཁྱེར་གསལ་ལྡན་དུ་གཤེགས་ནས་བརྒྱ་བྱིན་གྱིས་བཤམས་པའི་སེང་གེའི་ཁྲི་ལ་བཞུགས་སོ། ། དེའི་ཚེ་རྒྱལ་པོ་ཨུ་ཏྲཱ་ཡ་ན་དང་འཁོར་རྣམ་བཞིས་བསུས་ཤིང་དྲི་ཟ་ཆོས་ཀྱི་ཕྲེང་བས་པི་ཝང་བརྡུངས་པས་ཉན་ཐོས་ཆེན་པོ་རྣམས་ཀྱི་ལུས་ཀྱང་གཡོས་སོ། ། གནས་དེར་ལྷ་དང་མི་དད་པ་ཅན་གྱིས་ལྷ་ལས་བབས་པའི་མཆོད་རྟེན་བང་རིམ་བཞི་པའམ་བརྒྱད་པ་ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ་བརྩིགས་སོ། ། དེ་ནས་བཅོམ་ལྡན་འདས་དགུང་ལོ་ང་བདུན་ལ་བབ་པ་མེ་ཕོ་འབྲུག་གི་ལོ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད་དེ། དེ་ཡང་འདི་ལྟར་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷ་མི་བགྲང་བ་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད། འཛམ་བུའི་གླིང་གི་རྒྱལ་པོ་ཆེ་དགུ་ཐམས་ཅད་ཀྱིས་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཆོད་པ་ན་རྫོགས་བྱེད་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་ཕྲག་དོག་གིས་ཡིད་དཀྲུགས་ཏེ་སྟོན་པ་ལ་འགྲན་པར་འདོད་པ་ན་བདུད་སྡིག་ཏོ་ཅན་གྱིས་ཀྱང་མུ་སྟེགས་ཀྱི་སྟོན་པ་དྲུག་པོའི་རྒྱུད་བསྐུལ་ཏེ། སྟོན་པ་ལ་འགྲན་པའི་བསམ་པ་ཆེས་ཆེར་སྐྱེས་ནས་རྫོགས་བྱེད་ལ་སོགས་པ་མུ་སྟེགས་པ་དྲུག་པོ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ཏེ། རྒྱལ་པོ་བདག་ཅག་དང་གཽ་ཏ་མ་གཉིས་ཀ་ཤེས་པར་སྨྲ་བ་ཡིན་ན་ལྷན་ཅིག་རྫུ་འཕྲུལ་འགྲན་དུ་གཞུག་པའི་རིགས་སོ། ། རྒྱལ་པོས་བགད་དེ་ཁྱེད་རྣམས་རེ་གླེན། སངས་རྒྱས་རྫུས་འཕྲུལ་ཆེན་པོ་དང་ལྡན་ན་ཇི་ལྟར་འགྲན། སྟོན་པ་དྲུག་གིས་སྨྲས་པ། བདག་ཅག་གཉིས་ཀྱིས་ཞག་བདུན་ན་རྫུ་འཕྲུལ་ཆེན་པོ་འགྲན་ན་མངོན་ཏེ། བསྒྲུན་པའི་འོག་ཏུ་གང་རྒྱལ་བ་གཟིགས་ཤིག་རྒྱལ་པོས་ཀྱང་བདག་གིས་དེ་བཞིན་བགྱི་ན་ཁྱེད་སྐྱེངས་ཀྱིས་དོགས་སོ། ། ཞེས་སྨྲས་ཏེ། རྒྱལ་པོས་བཅོམ་ལྡན་འདས་ལ་དོན་དེ་གསོལ་པ་དང་། ང་ཉིད་དུས་མཁྱེན་ནོ་ཞེས་གནང་ངོ་། ། རྒྱལ་པོས་ཆོ་འཕྲུལ་སྟོན་པའི་གནས་བྱེད་དུ་བཅུག་པ་ན། ཞག་བདུན་གྱི་ཉིན་པར་བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ཡངས་པ་ཅན་དུ་གཤེགས་སོ། ། སྟོན་པ་དྲུག་གིས་ཀྱང་གཽ་ཏ་མའི་ཆོ་འཕྲུལ་གྱིས་བདག་མི་ཐུབ་བོ་ཞེས་བྱས་ན་ཁྱེད་ཡིད་མི་ཆེས་ཀྱིས་ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་བྲོས་སོ་ཞེས་བསྒྲགས་ནས་ང་རྒྱལ་སྐྱེས་ཏེ་རྗེས་སུ་བསྙེགས་ཤིང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡངས་པ་ཅན་དུ་དོང་ངོ་། ། ཡངས་པ་ཅན་པ་རྣམས་ཀྱིས་བཅོམ་ལྡན་འདས་བསུས་སོ། ། སྟོན་པ་དྲུག་གིས་ལི་ཙ་བྱི་རྣམས་ལ་གཽ་ཏ་མ་དང་ཆོ་འཕྲུལ་འགྲན་པར་གནང་ན་ཞག་བདུན་ན་འགྲན་ནོ། ། དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། ང་ཉིད་ཀྱིས་དུས་མཁྱེན་ནོ། ། ཞེས་གསུངས་ནས། སང་འགྲན་པ་ལས་དེ་རིང་བཅོམ་ལྡན་འདས་ཡུལ་ཀཽ་ཤམྦིར་རྒྱལ་བོ་ཨུ་ཏྲ་ཡ་ན་ཅན་དུ་གཤེགས་སོ། ། དེར་ཡང་འགྲན་པར་ཞུས་པ་ལས་ཡུལ་ཝརྒར་རྒྱལ་པོ་ཤུན་ཙི་ད་ལ་ཅན་དུ་གཤེགས་སོ། ། དེར་ཡང་བགྲན་པར་ཞུས་པ་ལས། ཡུལ་ཙམྤར་རྒྱལ་པོ་ཨིནྡྲ་ཝརྨི་ཅན་དུ་གཤེགས་སོ། ། དེར་ཡང་འགྲན་པར་ཞུས་པ་ལས་ཝཱ་ར་ཎཱ་སིའི་རྒྱལ་པོ་ཚངས་བྱིན་ཅན་དུ་གཤེགས་སོ། ། དེར་ཡང་འགྲན་པར་ཞུས་པ་ལས། སེར་སྐྱར་ཤཱཀ་རིགས་ཅན་དུ་གཤེགས་སོ། ། སྟོན་པ་དྲུག་པོ་ཡང་ང་རྒྱལ་ལྷག་པར་སྐྱེས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གཽ་ཏ་མ་དང་རྫུ་འཕྲུལ་འགྲན་དུ་ཆུག་ཅིག་ཅེས་ཡང་ནས་ཡང་དུ་བསྐུལ་ལོ། ། རྒྱལ་པོས་གལ་ཏེ་ཁྱོད་དོན་འདི་ལན་གསུམ་གྱི་བར་དུ་ཟེར་ན་སྨྱུགས་ཏེ་བཏང་ངོ་། ། ཞེས་སྨྲས་པ་དང་། དེ་རྣམས་འདི་སྙམ་དུ་རྒྱལ་པོ་འདི་ནི་གཽ་ཏ་མའི་ཕྱོགས་བྱེད་ཀྱིས། རྒྱལ་པོ་གསལ་རྒྱལ་དེ་གཟུ་བོ་ཞིག་ཡོད་ཅེས་གྲག་གི། དེའི་གན་དུ་འགྲོའི་ཞེས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ་བསྙེགས་སོ། ། བཅོམ་ལྡན་འདས་ཀྱང་མཉན་ཡོད་དུ་བྱོན་ནས་རྒྱལ་བྱེད་ཚལ་དུ་བཞུགས་སོ། ། དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞོན་པ་ལྔ་བརྒྱ་དང་འཁོར་འབུམ་བཞི་ཁྲི་དང་། ལི་ཙ་བྱི་བཞོན་པ་ལྔ་བརྒྱ་དང་། འཁོར་བདུན་ཁྲི་དང་། ཨུ་ཏྲ་ཡ་ན་འཁོར་སྟོང་ཕྲག་བརྒྱད་ཁྲི་དང་། ཤུན་ཙི་ད་ལ་འཁོར་ལྔ་ཁྲི་དང་། ཨིནྡྲ་ཝརྨི་དྲུག་ཁྲི་དང་། ཚངས་བྱིན་བརྒྱད་འབུམ་དང་། ཤཱཀ་རིགས་ཁྲི་ཁྲག་དགུ་པོ་དག་རྗེས་སུ་འབྲངས་ཏེ། མཉན་ཡོད་ཀྱི་ལྗོངས་ཡོངས་སུ་གང་བར་གྱུར་ཏོ། ། དེ་ནས་སྟོན་པ་དྲུག་གིས། རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། དགེ་སྦྱོང་གཽ་ཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས། དུས་ལ་བབ་པ་དང་བྱོལ་ཞིང་བྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱིས། རྒྱལ་པོ་ནི་ས་དང་འདྲ་བས་བྱམས་སྡང་མེད་པའི་ཞལ་ཆེ་གཅོད་པའི་རིགས་སོ། ། གཽ་ཏ་མ་རྒྱལ་ན་བདག་ཅག་དེའི་དབང་དུ་མཆི་ལ། བདག་ཅག་རྒྱལ་ན་བདག་ཅག་དབང་བར་མཛོད་ཅིག ། རྒྱལ་པོས་སྨྲས་པ། ཅིའི་ཕྱིར་ཁྱེད་ལྟ་བུའི་མ་རབས་ཅི་ཡང་མི་ཤེས་པས་ཆོས་ཀྱི་རྒྱལ་པོ་ཆེན་པོ་དང་ཆོ་འཕྲུལ་འགྲན་པར་བྱེད་ཁྱེད་ཕམ་གྱིས་དོགས་སོ། ། སྨྲས་པ་ཁྱོད་ཀྱང་གཽ་ཏ་མས་བླུས་ཟིན་ནམ་བསྒྲུན་ན་མངོན་པར་འགྱུར་རོ། ། རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་གིས་བཅོམ་ལྡན་འདས་ལ་ཞུའོ། ། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་ལན་གསུམ་གྱི་བར་དུ་གསོལ་བས། བཅོམ་ལྡན་འདས་ཀྱིས་མཉན་ཡོད་འདིར་སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཞིང་སྐྱེ་བོའི་ཚོགས་ཆེན་པོའང་ཞག་བདུན་ན་འདུ་བར་མཁྱེན་ནས། རྒྱལ་པོ་ཆེན་པོ་ཞག་བདུན་ན་དེ་བཞིན་བྱ་ཡི་ཁྱོད་སོངས་ལ་འདི་མ་ཡིན་པ་ཡངས་པ་དག་ཏུ་འདུན་ཁང་རྩིགས་ཤིག ། དེ་ནས་རྒྱལ་པོས་སྟོན་པ་དྲུག་ལ་དོན་དེ་སྨྲས་པ་དང་། དེ་རྣམས་བགྲོས་པ་གཽ་ཏ་མ་འབྲོས་པ་འམ་གྲོགས་ཚོལ་བ་གཉིས་ལས་གདོན་མི་ཟ་བར་གྲོགས་འཚོལ་བར་འགྱུར་བས། བདག་ཅག་གིས་ཀྱང་གྲོགས་བཙལ་ལོ་ཞེས། གྱད་ཡུལ་གྱི་ཀུན་ཏུ་རྒྱུ་རབ་བཟང་གི་དྲུང་དུ་སོང་སྟེ་བདག་ཅག་གི་གྲོགས་ཀྱིས་ལ་གཽ་ཏ་མ་དང་རྫུ་འཕྲུལ་འགྲན་པར་གྱིས་ཤིག་རབ་བཟང་གིས་སྨྲས་པ། ཁོ་བོ་ཉིན་མོ་དལ་འབབ་ཀྱི་མཚོ་འགྲམ་ན་གནས་ནས་བསོད་སྙོམས་བསླངས་པ་མ་དྲོས་པར་ཟ་བ་ན། ཤཱ་རིའི་བུའི་དགེ་ཚུལ་སྐུལ་བྱེད་ཀྱིས་ཕྱག་དར་ཁྲོད་པ་ཁྱེར་བ་མ་དྲོས་པའི་ལྷས་བཀྲུས་ནས་འབུལ་ཞིང་དེའི་ཆུ་བདག་གི་མགོར་འདེབས་པས། བདག་ཅག་དེའི་ཡང་སློབ་དང་ཡང་མི་མཉམ་ན། རྫུ་འཕྲུལ་ཆེན་པོ་དེ་ཁྱེད་ཀྱིས་རྫུ་འཕྲུལ་ལ་བོས་པ་མ་ལེགས་སོ། ། དེ་ནས་སྟོན་པ་དྲུག་གིས་དེ་བོར་ནས་གངས་རིའི་སུལ་ན་གནས་པའི་དྲང་སྲོང་ལྔ་བརྒྱ་ལ་ཚུལ་དེ་སྨྲས་པ་དང་། དེ་རྣམས་ཀྱིས་ཁས་བླངས་ཏེ་འོང་རན་པའི་ཚེ་མཚན་མ་སྟོན་ཅིག་ཅེས་སྨྲས་སོ། ། དེའི་ཚེ་བློན་པོས་དབྱེན་བྱས་པས་རྒྱལ་པོ་གསལ་རྒྱལ་གྱིས། མས་དབེན་གྱི་གཅུང་ནག་པོའི་ཡན་ལག་བཅད་དེ་སྲང་དུ་དོར་བ། དེའི་གཉེན་བཤེས་རྣམས་ཀྱིས་སྟོན་པ་དྲུག་ལ་འདི་སོས་པའི་བདེན་ཚིག་མཛོད་ཅིག་ཅེས་སྨྲས་པས་དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་རོ། ། ཕྱོགས་དེར་ཀུན་དགའ་བོ་འོངས་པ་ལ་དེ་བཞིན་དུ་སྨྲས་པ་དང་། དེས་བཅོམ་ལྡན་འདས་ལ་ཞུས་པས་བདེན་པའི་ཚིག་འདི་བྱོས་ཤིག་ཅེས་བཀའ་སྩལ་པ་བཞིན། ཀུན་དགའ་བོས་ཀྱང་དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས་འདིའི་ཡན་ལག་སྔར་བཞིན་དུ་གྱུར་ཅིག་ཅེས་སྨྲས་པ་དང་། ནག་པོའི་ཡན་ལག་སྔ་ཁོ་བཞིན་དུ་སོས་པས་སྐྱེ་བོའི་ཚོགས་ཀྱིས་ཀུན་དགའ་བོས་མུ་སྟེགས་པ་ཕམ་པར་བྱས་སོ་ཞེས་ཨ་ལ་ལའི་སྒྲ་བོ་ཆེ་བཏོན་ཏོ། ། ནག་པོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཕྱིར་མི་འོང་ཐོབ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་དུ་བཀུག་ཀྱང་མ་ཉན་པར་དེས་ཀུན་དགའ་ར་བ་དེ་ཉིད་དུ་འཆགས་བྱས་པས་དུམ་བུའི་ཀུན་དགའ་ར་བར་མིང་ཆགས་ཏེ་བཅོམ་ལྡན་འདས་ལ་བསྙེན་བཀུར་ཞིང་རྫུ་འཕྲུལ་ཡང་གྲུབ་བོ། ། རྒྱལ་པོ་གསལ་རྒྱལ་གྱིས་མཉན་ཡོད་ནས་རྒྱལ་བྱེད་ཚལ་གྱི་བར་དུ་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གོས་བརྒྱ་སྟོང་རི་བས་གཡོགས་པ་ཙན་དན་གྱི་ཆག་ཆག་བཏབ་པ། བ་དན་དང་རྒྱལ་མཚན་བསྒྲེང་བ། དར་གྱི་ཆུན་འཕྱང་དཔྱངས་པ། ལྷ་རྣམས་ཀྱི་དགའ་བའི་ཚལ་བཞིན་དུ་བྱས་ནས། དེར་བཅོམ་ལྡན་འདས་ཀྱི་བཞུགས་གདན་རིན་པོ་ཆེས་སྤྲས་པའི་གསེར་གྱི་སེང་གེའི་ཁྲི་ཡང་བཤམས་སོ། ། མུ་སྟེགས་ཅན་གྱི་དགེ་བསྙེན་རྣམས་ཀྱིས་ཀྱང་རང་གི་འབྱོར་པ་དང་བསྟུན་པའི་གོས་ཀྱིས་གཡོགས་པའི་འདུན་ཁང་དྲུག་དང་སྟན་དྲུག་ཀྱང་བཤམས་པ་ལ་སྟོན་པ་དྲུག་སྔར་འོངས་ཏེ་འདུག་ནས། ལྷ། བདག་ཅག་ནི་མཆིས་ལགས་ན་དགེ་སྦྱོང་གཽ་ཏ་མ་དགུག་ཏུ་གསོལ་ཞེས་ཕོ་ཉ་བཏང་ངོ་། ། རྒྱལ་པོ་འཁོར་དང་བཅས་པས་ཀྱང་དེ་ཐོས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་སོང་ནས། བཅོམ་ལྡན་འདས་སྤྱན་འདྲེན་པར་བྲམ་ཟེའི་ཁྱེའུ་བླ་མ་བཏང་བས་དགུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་གཅིག་གི་ཉིན་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་གཤེགས་སོ། ། དེ་མཐོང་ནས་རྒྱལ་པོ་གསལ་རྒྱལ་གྱིས་མུ་སྟེགས་ཅན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་ན་ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་སྟོན་ཅིག ། དེ་རྣམས་ཀྱིས་སྨྲས་པ། ལྷ། སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན། ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽ་ཏ་མ་འམ་བདག་ཅག་གང་གི་ལགས་སུས་འཚལ། དེ་ནས་དུམ་བུའི་ཀུན་དགའ་ར་བ་བའི་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡང་ལས་ཤིང་ཨཱ་མྲཱ་འདབ་མ་དཀར་པོས་ཀླུབས་པ་བྱའི་ཚོགས་སྐད་འབྱིན་པ་བླངས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་བྱང་ཕྱོགས་སུ་བཞག་ཅིང་ཁྱིམ་བདག་ངན་པ་བཟང་སྦྱིན་གྱི་རྫུ་འཕྲུལ་གྱིས་ལྷའི་དཔག་བསམ་གྱི་ཤིང་བླངས་ནས། ལྷོ་ཕྱོགས་ངོསསུ་བཞག་པ་དང་། རྒྱལ་པོས་སྟོན་པ་དྲུག་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ཟིན་ན་ད་ཁྱེད་ཀྱིས་སྟོན་ཅིག་སྨྲས་པ། ལྷ། ཆོ་འཕྲུལ་འདི་སུའི་ཡིན་པ་སུས་འཚལ། དེའི་ཚེ་ཆོ་འཕྲུལ་ཆེན་པོ་བལྟ་བར་སྤྲོ་བའི་སྲོག་ཆགས་གྲངས་མེད་པ་དང་། ནམ་མཁའ་ལ་ལྷ་བརྒྱ་སྟོང་དུ་མ་ཡང་འདུས་པ་ན། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་སྒོ་འཕར་གྱི་གསེབ་ནས་འོད་ཟེར་ཕྱུང་བས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ཐམས་ཅད་བསྲེགས་པ་དང་། སྟོན་པ་དྲུག་གིས་སྨྲས་པ། ལྷ། ད་ནི་དགེ་སྦྱོང་གཽ་ཏ་མའི་འདུན་ཁང་ཚིག་ན་གལ་ཏེ་དེས་རྔོ་ཐོག་ན་འདིར་མཆིས་ལ་ཞི་བར་བགྱིད་གྲང་། དེས་རྒྱལ་པོ་དང་བཙུན་མོ་ཕྲེང་ལྡན་མ་དང་། དབྱར་ཚུལ་མ་དང་། བཙུན་མོའི་འཁོར་ཕྱ་མཁན་དྲང་སྲོང་བྱིན་དང་། སོ་ཕག་མཁན་མནའ་མི་དང་། མགོན་མེད་ཟས་སྦྱིན་དང་། ཙམྤ་མོ་སོགས་དད་པ་ཅན་མང་པོ་ཅང་མི་ཟེར་པར་སེམས་ཁོང་དུ་ཆུད་ནས་འདུག་ཅིང་། སྟོན་པ་དྲུག་དང་དེའི་སློབ་མ་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། ། སངས་རྒྱས་ཀྱི་མཐུས་མེ་དེས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་དྲི་མ་ཐམས་ཅད་བསྲེགས་ནས་རང་ཉིད་ཞི་སྟེ་འདུན་ཁང་མཛེས་པར་གྱུར་པ་དང་། རྒྱལ་པོ་དགའ་ནས་མུ་སྟེགས་ཅན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱིས་ད་ནི་ཁྱོད་ཀྱིས་སྟོན་ཅིག་དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་རོ། ། དེ་ནས་བཅོམ་ལྡན་འདས་ཆོ་འཕྲུལ་གྱི་འདུན་ཁང་དུ་བྱོན་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་ཐོག་མར་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་ས་ལ་བཙུགས་མ་ཐག་ཏུ་སྐྱེས་ནས་རིན་པོ་ཆེ་སྣ་བདུན་གྱི་ལྗོན་པ་ཆུ་ཞེང་དཔག་ཚད་ལྔ་བརྒྱ་པ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་པ། འབྲས་བྲེ་ལྔ་ཤོང་བའི་བུམ་པ་ཙམ་གྱི་འབྲས་བུ་ཅན། དྲི་བསུང་དང་ལྡན་པ་ཆོས་ཀྱི་སྒྲ་འབྱུང་བ་ཉི་འོད་ཟིལ་གྱིས་གནོན་པ་ཞིག་སྤྲུལ་ཏོ། ། འདི་ནས་བརྩམས་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་ཉིན་རེ་བཞིན་ཆོ་འཕྲུལ་རེ་མཐོང་བ་ཙམ་གྱིས་དད་པར་གྱུར་པའི་སྐྱེ་བོའི་ཚོགས་གྲངས་མེད་པ་ལ་ཆོས་བསྟན་པས་ལམ་གསུམ་ལ་སོ་སོར་ངེས་པར་མཛད་དོ། ། ཚེས་གཉིས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་ཤིན་ཏུ་མཐོ་བ་མཛེས་པ་ཁ་དོག་ལྔར་འཚེར་བ། མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པའི་ཤིང་སྣ་ཚོགས་སྐྱེས་པ་གཡས་ཀྱི་རི་ལ་འབྲས་རོ་བརྒྱ་དང་ལྡན་པ་སྐྱེས་པ་ལ་མི་མང་པོ་དག་ཡིད་བཞིན་དུ་ཚིམ་པར་ཟའོ། ། གཡོན་གྱི་རི་ལ་རྩྭ་བཟང་བ་སྐྱེས་པ་ལ་དུད་འགྲོའི་ཚོགས་ཟ་ཞིང་ཚིམ་པར་གྱུར་ཏོ། ། ཚེས་གསུམ་ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱིས་ཞལ་བསིལ་བའི་ཆུ་ས་ལ་དོར་བ་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱ་པ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་པདྨ་ཁ་དོག་སྣ་ཚོགས་པས་གང་བ། དེ་དག་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཟེར་གྱིས་གནམ་ས་ཀུན་སྣང་བར་བྱས་པས་འཁོར་ཐམས་ཅད་ཀྱིས་རྫིང་དེ་ལ་བལྟ་ཞིང་བསྟོད་དོ། ། ཚེས་བཞི་ལ་རྒྱལ་པོ་ཨིནྡྲ་ཝརྨིས་བསྙེན་བཀུར་བ་ན་རིན་པོ་ཆེའི་རྫིང་དེའི་ངོས་བཞིར་ཡུར་བ་ཆེན་པོ་བརྒྱད་བརྒྱད་ལ་ཆུ་འབབ་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཕྱིར་ཡང་འཁོར་ཞིང་རྫིང་ཉིད་དུ་འབབ་པ་སྤྲུལ་ཏོ། ། ཚེས་ལྔ་ལ་རྒྱལ་པོ་ཚངས་བྱིན་གྱིས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཀུན་སྡུག་བསྔལ་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ནས་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་ཏོ། ། ཚེས་དྲུག་ལ་ལི་ཙ་བྱི་རྣམས་ཀྱིས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དག་གཅིག་གི་བསམ་པ་གཅིག་གིས་ཤེས་པ་དང་སོ་སོའི་དགེ་བ་དང་མི་དགེ་བའི་ལས་ཀྱང་རྟོགས་པར་མཛད་པས་ཐམས་ཅད་དགའ་སྟེ་བསྟོད་དོ། ། ཚེས་བདུན་ལ་ཤཱཀྱ་རྣམས་ཀྱིས་བསྙེན་བཀུར་བ་ན་འཁོར་དེ་དག་སོ་སོ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་ཞིང་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་བསྟི་སྟང་བྱེད་པར་མཐོང་བས་སྤྲོ་བ་སྐྱེས་སོ། ། ཚེས་བརྒྱད་ལ་བརྒྱ་བྱིན་གྱིས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་མ་ཐག་ས་གཡོས་པས་སྟོན་པ་དྲུག་གིས་གྲོགས་སུ་ཤོག་ཅིག་བྱས་པའི་དྲང་སྲོང་ལྔ་བརྒྱ་པོས་བརྡ་བྱས་པའོ་སྙམ་ནས་དེར་དོང་པ་དང་། སྐུ་ལས་འོད་ཟེར་བཀྱེ་བས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉི་མ་ལྟར་མཛེས་པ་མཐོང་ནས་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ། བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་བྱོན་ནས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བརྒྱ་བྱིན་གྱིས་བཤམས་པའི་སེང་གེའི་ཁྲི་ལ་བཞུགས་སོ། ། དེའི་ཚེ་མོའུ་འགལ་གྱི་བུ་ཆེན་པོས་བདག་གི་རྫུ་འཕྲུལ་གྱིས་མུ་སྟེགས་འདི་རྣམས་ཕམ་པར་བགྱིའོ། ། བཀའ་སྩལ་པ། མུ་སྟེགས་འདི་རྣམས་ང་རྫུ་འཕྲུལ་ལ་འབོད་པས་ང་ཉིད་ཀྱིས་རྫུ་འཕྲུལ་བསྟན་པར་བྱའོ། ། ཞེས་གསུངས་ནས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་མུ་སྟེགས་ཅན་དང་ལྷན་ཅིག་ཏུ་རྫུ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། རྒྱལ་པོ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཅི་ནས་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་དུ་གསོལ། བཅོམ་ལྡན་འདས་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ནས། ཕྱོགས་བཞིར་གཤེགས་པ་དང་། བཞེངས་པ་དང་། བཞུགས་པ་དང་། གཟིམས་པའི་སྤྱོད་ལམ་བཞི་མཛད་ཅིང་འོད་ཟེར་སྣ་ཚོགས་པ་འབྱིན། སྐུའི་སྨད་ནས་མེ་འབར་སྟོད་ནས་ཆུའི་རྒྱུན་འབེབས་པ་དང་། གོ་ཟློག་པ་དག་ཀྱང་མཛད་དེ། འདི་ནི་ཉན་ཐོས་དང་ཐུན་མོང་བའི་ཆོ་འཕྲུལ་ཡིན་ནོ་ཞེས་གསུངས་ནས་སེང་གེའི་ཁྲི་ལ་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་གཡས་གཡོན་ནས་མཆོད་དེ་བསྙེན་བཀུར་རོ། ། ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ལ་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། ། གསལ་རྒྱལ་གྱིས་ཀྱང་བདག་ལགས་སོ། ། ཞེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་རེག་པས་ཀླུ་རྣམས་ཀྱིས་པདྨ་ཤིང་རྟའི་འཕང་ལོ་ཙམ་གསེར་གྱི་འདབ་མ་སྟོང་དང་ལྡན་པ་རྡོ་རྗེའི་ཟེ་བ་ཅན་ཕུལ་བ་ས་བརྟོལ་ནས་ཕྱུང་བ་དང་། བཅོམ་ལྡན་འདས་པདྨ་དེའི་སྙིང་པོ་ལ་བཞུགས་སོ། ། དེ་བཞིན་དུ་པདྨ་དེ་འདྲ་བ་རབ་ཏུ་མང་པོ་བྱུང་བ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་མང་པོ་བཞུགས་པས་འོག་མིན་གྱི་བར་དུ་གང་ཞིང་སངས་རྒྱས་དེ་དག་ཁ་ཅིག་ནི་འབར། ཁ་ཅིག་ནི་གསལ་བར་མཛད། ཁ་ཅིག་ནི་ཆར་འབེབས། ཁ་ཅིག་ནི་གློག་འབྱིན། ཁ་ཅིག་ནི་ཀུན་ཤེས་པ་ལུང་སྟོན། ཁ་ཅིག་ནི་ཞུ་བ་ཞུ། ཁ་ཅིག་ནི་ལན་འདེབས། ཁ་ཅིག་ནི་འཆག་པར་མཛད། ཁ་ཅིག་ནི་བཞེས། ཁ་ཅིག་ནི་བཞེངས། ཁ་ཅིག་ནི་བཞུགས། ཁ་ཅིག་ནི་གཟིམས་ཏེ་ཇི་ལྟར་བྱིས་པ་རྣམས་ཀྱིས་ཀྱང་སྒྲིབ་པ་མེད་པར་སངས་རྒྱས་ཀྱི་སྐུ་མཐོང་བ་དེ་ལྟར་བྱིན་གྱིས་བརླབས་སོ། ། ཡུལ་སོ་སོ་ནས་ལྷགས་པའི་རྒྱལ་པོ་འཁོར་དང་བཅས་པ་དང་། ལྷ་དང་མི་འབུམ་ཕྲག་དུ་མ་ཆོ་འཕྲུལ་ལ་མིག་མི་འཛུམ་པར་བལྟ་ཞིང་རྒྱུན་མི་འཆད་པར་ཕྱག་འཚལ། དགའ་བ་སྐྱེས་ནས་མེ་ཏོག་དང་སྤོས་ཀྱི་ཕྱེ་མ་དག་གིས་གཏོར་ཏོ། ། སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། བརྩམས་པར་བྱ་ཞིང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དག་གསུངས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱིས་མཚན་མ་ཟུངས་ཤིག ། ཅེས་གསུངས་པའི་མོད་ལ་མི་སྣང་བར་གྱུར་ཏོ། ། གསལ་རྒྱལ་གྱིས་སྟོན་པ་དྲུག་ལ་སྨྲས་པ། ཀྱེ་བཅོམ་ལྡན་འདས་ཀྱིས་ནི་ཆོ་འཕྲུལ་བསྟན་ཟིན་གྱིས། ཁྱེད་རྣམས་ཀྱི་རེས་ལ་བབ་པས་སྟོན་ཅིག ། དེའི་ཚེ་རྫོགས་བྱེད་ཅང་མི་སྨྲ་བར་གནག་ལྷས་ཀྱི་བུ་ལ་གྲུ་ཕུག་བྱས་པས། དེས་ཀྱང་ཡང་དག་རྒྱལ་བ་ཅན་ལ། དེས་ཀྱང་མི་ཕམ་པ་ལ། དེས་ཀྱང་ཀཱ་ཏྱའི་བུ་ནོག་ཅན་ལ། དེས་ཀྱང་གཉེན་གྱི་བུ་ལ། དེས་ཀྱང་རྫོགས་བྱེད་ལ་བྱས་སོ། ། རྒྱལ་པོས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཅང་མི་ཟེར་བར་གཅིག་ལ་གཅིག་གྲུ་ཕུག་བྱེད་ཅིང་ཡུལ་ཡུལ་པོ་དང་ཞུམ་ཞུམ་པོར་གྱུར་ནས་མགོ་སྨད་ཅིང་སྤོབས་པ་མེད་དེ་སེམས་ཁོང་དུ་ཆུད་ནས་འདར་ཞིང་འདུག་གོ ། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེང་གེའི་ཁྲི་མནན་པས་དེ་ལས་བ་ལང་གི་སྐད་ལྟ་བུའི་སྒྲ་ཆེན་པོ་གྲག་མ་ཐག་སྲིན་པོ་ཆེན་པོ་ལྔ་བྱུང་ནས་སྟོན་པ་དྲུག་གི་ཁྲི་བཤིག་གོ ། ཕྱག་ན་རྡོ་རྗེས་ནི་རྩེ་ལ་མེ་འབར་བའི་རྡོ་རྗེ་ཐོགས་ནས་སྟོན་པ་དྲུག་གི་མགོར་གཟས་ཤིང་རླུང་དམར་དང་ཆར་དྲག་པོ་བཏང་བས་སྟོན་པ་དྲུག་པོ་སྔངས་ཤིང་འཇིགས་སྐྲག་ནས་བྱེར་ཏེ། གནག་ལྷས་ཀྱི་བུ་རིའི་གསེབ་ཏུ་ཞུགས། ཡང་དག་རྒྱལ་བ་ཅན་ནི་རྩྭའི་ཚང་ཚིང་དུ། མི་ཕམ་སྐྲའི་ལ་བ་ཅན་ནགས་ཐིབས་པོར། ཀཱ་ཏྱའི་བུ་ནོག་ཅན་འདུན་ཁང་དུ། གཉེན་གྱི་བུ་ནི་ལྷ་ཁང་དུ་ཞུགས་སོ། ། རྫོགས་བྱེད་ནི་རྫིང་དུ་ལྕེབས་ཏེ་དམྱལ་བ་ཆེན་པོར་སོང་ངོ་། ། དེ་ནས་རྫོགས་བྱེད་དང་མིང་གཅིག་པའི་སློབ་མའི་གཙོ་བོ་ཞིག་ཚབ་ཏུ་བསྐོས་ཏེ། སྟོན་པ་དྲུག་པོ་བྲམ་ཟེའི་གྲོང་དུ་བྲོས་སོ། ། དེ་དག་གི་འཁོར་དགུ་ཁྲི་སངས་རྒྱས་ལ་དད་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱི་བ་སྤུའི་ཁུང་བུ་བརྒྱད་ཁྲི་ནས་འོད་བཀྱེ་སྟེ། འོད་རེ་རེ་ལ་པདྨའི་སྟེང་དུ་སྤྲུལ་པའི་སངས་རྒྱས་ཆོས་འཆད་པ་བཞུགས་པར་བསྟན་ཏོ། ། དེ་ནས་ཚེས་དགུ་ལ་ཚངས་པས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ཚངས་གནས་ལ་ཐུག་གི་བར་དུ་མཐོ་བ་འོད་ཟེར་གྱིས་གནམ་ས་གསལ་བར་མཛད་དེ་ཆོས་བསྟན་ཏོ། ། ཚེས་བཅུ་ལ་རྒྱལ་ཆེན་བཞིས་བསྙེན་བཀུར་བ་ན་སྲིད་པའི་རྩེ་ལ་ཐུག་གི་བར་གྱི་སྐུ་ལས་འོད་ཟེར་འབར་བར་གྱུར་ཏོ། ། ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་ན་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་བཀྱེ་སྟེ་ཆོས་བསྟན་ཏོ། ། ཚེས་བཅུ་གཉིས་ལ་ཁྱིམ་བདག་ཙི་ཏས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་གསེར་གྱི་འོད་བཀྱེ་བས་དེས་རེག་པའི་སེམས་ཅན་ཀུན་བྱམས་པ་ལ་གནས་པར་མཛད་དོ། ། ཚེས་བཅུ་གསུམ་ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན་སྟོན་པ་སེང་གེའི་ཁྲི་ལ་བཞུགས་པའི་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་བ། སྐུ་ལས་འདོམ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འོད་ཟེར་གཉིས་པོ་དེའི་སྟེང་ནས་པདྨ་གཉིས་བྱུང་བ་ལ་སྤྲུལ་པའི་སངས་རྒྱས་གཉིས་བྱུང་ཞིང་། དེ་གཉིས་ཀྱི་ལྟེ་བ་ནས་ཀྱང་འོད་ཟེར་གཉིས་གཉིས་བྱུང་སྟེ་ཚུལ་དེ་འདྲ་བས་སྟོང་ཆེན་པོའི་འཇིག་རྟེན་གང་བར་སྤྲུལ་ཏོ། ། ཚེས་བཅུ་བཞི་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་བསྙེན་བཀུར་བ་ན་དེས་མེ་ཏོག་གཏོར་བ་དེ་དག་ཚངས་པའི་འཇིག་རྟེན་ལ་ཐུག་པའི་རིན་པོ་ཆེའི་ཤིང་རྟ་གསེར་ལྟར་འབར་བ་ནོར་བུ་རིན་པོ་ཆེས་སྤྲས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ཅིང་། དེ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ་འོད་ཀྱིས་སྟོང་གསུམ་མཐོང་བར་མཛད་དོ། ། ཚེས་བཅོ་ལྔའི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་བ་ན་སྣོད་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པས་གང་སྟེ་ཆོ་འཕྲུལ་བལྟ་བའི་འཁོར་ཐམས་ཅད་ཚིམ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་རེག་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་མྱོང་བ་མེ་འབར་བས་སྲེག་པ་སོགས་སྡུག་བསྔལ་གྱིས་མནར་བ་དག་བདག་ཅག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་ཞེས་སྨྲ་བ་འཁོར་རྣམས་ཀྱིས་མཐོང་ཞིང་ཐོས་པས་སྐྲག་ཅིང་སྙིང་རྗེ་སྐྱེས་ལ། དམྱལ་བ་པ་རྣམས་ཀྱིས་ཀྱང་སངས་རྒྱས་མཐོང་ཞིང་སངས་རྒྱས་ཀྱི་ཕྱག་སོར་ལྔ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཐོན་ནས་འོད་དེས་དམྱལ་བ་པ་རྣམས་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡུག་བསྔལ་རྣམས་ཞི་ཞིང་ཆོས་ཐོས་མ་ཐག་མཐོ་རིས་སུ་སྐྱེས་སོ། ། དེ་ལྟར་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་ན་ལྷ་དང་མི་དད་པ་ཅན་དག་གིས་གནས་དེར་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་བརྩིགས་སོ། ། དེ་ནས་རིམ་གྱིས་ལྷ་དང་མིའི་ཡུལ་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རིར་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དང་། ཉན་ཐོས་བགྲང་བ་ལས་འདས་པ་དང་ལྷ་དང་ཀླུ་ལ་སོགས་པའི་གདུལ་བྱ་བགྲང་བ་ལས་འདས་པ་ལ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་བཀའ་སྩལ་ཏོ། ། དེ་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བརྗོད་དོ། ། དེ་ནས་ཡུལ་གཞན་དང་གཞན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་སོགས་བཀའ་བར་པའི་སྡེར་གཏོགས་ཀྱི་མདོ་མཐའ་ཡས་པ་གསུངས། དེ་ནས་ཡངས་པ་ཅན་ལ་སོགས་པར་མདོ་སྡེ་དགོངས་འགྲེལ་སོགས་བཀའ་ཐ་མའི་སྡེར་གཏོགས་ཀྱི་མདོ་རྣམས་གསུངས། གསང་སྔགས་ཀྱི་ཆོས་འཁོར་བསྐོར་ཚུལ་ནི། བྱ་རྒོད་ཕུང་པོར་ཤེར་ཕྱིན་གྱི་མདོ་གསུང་བ་དང་དུས་མཉམ་དུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོ་སོགས་སྔགས་བླ་མེད་ཀྱི་ཆོས་མཐའ་ཡས་པ་གསུངས། དེ་བཞིན་དུ་རི་རབ་ཀྱི་རྩེ་དང་། སུམ་ཅུ་རྩ་གསུམ་གྱི་གནས་དང་། དགའ་ལྡན་གྱི་གནས་དང་། གནས་གཙང་མ་ལ་སོགས་པའི་ལྷ་གནས་མང་པོ་དང་། ཀླུའི་གནས་དང་། གནོད་སྦྱིན་གྱི་གནས་དང་། ཨཽ་ཌཱི་ཡ་ན་ལ་སོགས་པའི་འཛམ་བུའི་གླིང་གི་གནས་ཁྱད་པར་ཅན་མང་པོར་གསང་སྔགས་རྒྱུད་སྡེ་བཞིའི་ཆོས་མཐའ་ཡས་པ་གསུངས་སོ། ། དེ་ལས་བླུན་རྨོངས་འགའ་ཞིག་འདི་སྙམ་དུ་སྟོན་པ་ཐུབ་པའི་དབང་པོས་མདོ་ཕྱོགས་ཀྱི་ཆོས་རྣམས་གསུངས་པ་ཡིན་གྱི་སྔགས་ཀྱི་རྒྱུད་རྣམས་མ་གསུངས་སོ་སྙམ་དུ་སེམ་ཞིང་དེ་སྐད་དུ་སྨྲ་བ་ནི་རྣམ་པར་མི་འཚམ་པའི་བབ་ཅོལ་ཏེ། སྟོན་པས་སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད་པའི་ཚེ་ཆོས་བཟང་ལྷའི་མདུན་སར་དབུའི་གཙུག་ཏོར་ནས་འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་མཆོག་ཏུ་གྲུབ་པའི་གཟུངས་བཀའ་སྩལ་ཏེ། དེ་ནས་བཟུང་སྟེ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་འཕགས་མ་གདུགས་དཀར་ཅན་གྱི་དབང་དང་གདམས་ངག་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཡོད་དོ། ། ཡང་བཅོམ་ལྡན་འདས་རི་བོ་པོ་ཏ་ལར་ཕེབས་པའི་ཚེ་ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་གཟུངས་གསུངས་ཤིང་གཞན་ཡང་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་གཟུངས་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གཟུངས་སོགས་བྱ་བའི་རྒྱུད་མང་དུ་གསུངས་ཤིང་། བྱ་རྒྱུད་པདྨའི་རིགས་ཀྱི་དབང་དང་གདམས་ངག་ཀྱང་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཡོད་དོ། ། ཡང་སྟོན་པས་རྒྱལ་པོ་མ་སྐྱེས་དགྲའི་སྡིག་སྒྲིབ་སྦྱོང་བའི་ཆེད་དུ་བྱ་རྒྱུད་རྡོ་རྗེའི་རིགས་རྣམ་འཇོམས་ཀྱི་རྒྱུད་གསུངས་ཤིང་དེའི་གདམས་ངག་ཀྱང་རྒྱུན་མ་ཆད་པར་ཡོད་དོ། ། གཞན་ཡང་དམ་ཚིག་གསུམ་བཀོད་སོགས་བྱ་བའི་རྒྱུད་མཐའ་ཡས་པ་གསུངས་པ་ཡོངས་སུ་གྲགས་པ་ལྟར་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དང་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་གསུངས་པ་དང་། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། དེ་ཉིད་བསྡུས་པ་སོགས་མངོན་པར་བྱང་ཆུབ་པའི་དུས་སུ་འོག་མིན་དུ་གསུངས་པ་དང་། སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད་པའི་ཚེ་ལྷའི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་དམྱལ་བར་སྐྱེས་པ་བརྒྱ་བྱིན་གྱིས་མཐོང་ནས་བཅོམ་ལྡན་འདས་ལ་དེ་ངན་སོང་ལས་ཐར་བའི་ཐབས་ཞུས་པས། བཅོམ་ལྡན་འདས་ཀྱིས་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་གསུངས་ནས་བརྒྱ་བྱིན་ལ་དེའི་གདམས་ངག་གནང་ནས་བརྒྱ་བྱིན་གྱིས་ངན་སོང་སྦྱོང་བའི་ཆོ་ག་བྱས་པས་ལྷའི་བུ་དེ་དེ་མ་ཐག་དམྱལ་བ་ནས་ཐར་ཏེ་ལྷ་གནས་གོང་མར་སྐྱེས་ནས་སྟོན་པ་ལ་བཀའ་དྲིན་དྲན་པའི་དད་གུས་ཆེན་པོས་ཕྱག་དང་མཆོད་པ་བྱས་ཏེ། ཨེ་མ་སངས་རྒྱས་རྣམས་ཀྱི་ནི། ། སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། ། གང་ཕྱིར་མཚམས་མེད་ལྷུང་པ་ཡི། ། སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། ། ཞེས་ཆེད་དུ་བརྗོད་པ་ཡོངས་སུ་གྲགས་པ་ལྟར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྟོན་པས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་ནས་འཁོར་བྱེ་བ་ཕྲག་དུ་མ་ལ་དུས་འཁོར་གྱི་རྒྱུད་གསུངས་ཤིང་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་ལ་སོགས་པ་བླ་མེད་ཀྱི་རྒྱུད་ཕལ་མོ་ཆེ་གསུངས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་པར་མཛད་པ་དང་། གཞན་ཡང་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་རབ་དང་ཕུལ་དང་རྩ་མོར་གྱུར་པ་ནི་དཔལ་གསང་བ་འདུས་པའི་རྒྱུད་ཡིན་པར་གྲུབ་ཆེན་ཐམས་ཅད་མཐུན་པར་གསུངས་ལ། གསང་བ་འདུས་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་འདུས་པའི་གླེང་གཞིར། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་གའི་དབྱིབས་ཅན་གྱི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་གི་དབུས་སུ་བཞུགས་ནས་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བའི་འཁོར་གྱི་ཚོགས་ལ་འདུས་པའི་རྒྱུད་གསུངས་པར་བཤད་ཅིང་། རྩ་རྒྱུད་ལེའུ་བཅུ་བདུན་པར་རྗེ་བཙུན་བྱམས་པ་མགོན་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏེ། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་བསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ་དེ་བཞིན་གཤེགས་པ་མར་མེ་མཛད་འདས་པ་ནས་བཟུང་འོད་སྲུངས་ཀྱི་བར་དུ་སངས་རྒྱས་རྣམས་ཀྱིས་བླ་མེད་ཀྱི་རྒྱུད་མ་གསུངས་པ་ལ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ལ་ངོ་མཚར་ཆེ་བའི་བསྔགས་པ་རྒྱ་ཆེར་བརྗོད་པ་ལྟར་དང་། བཅོམ་ལྡན་འདས་ཀྱིས་ཨོ་ཌཱི་ཡ་ནའི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་རྗེས་སུ་བཟུང་བའི་ཕྱིར་དུ་གསང་བ་འདུས་པའི་རྒྱུད་གསུངས་ཤིང་ཕྱག་རྡོར་ལ་རྒྱུད་བཏད་པར་མཛད། དེར་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཀྱང་བསྒོམས་ནས་ཚེ་གཅིག་ཉིད་ལ་ཟུང་འཇུག་གྲུབ་པར་གྲུབ་ཆེན་ཐམས་ཅད་མཐུན་པར་གསུངས་པ་ལྟར་རོ། ། དེ་ལ་འདི་སྙམ་དུ་བླ་མེད་ཀྱི་རྒྱུད་ཕལ་ཆེར་དུ་རྡོ་རྗེ་འཆང་གིས་གསུངས་ཞེས་འབྱུང་གི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་ཞེས་མི་འབྱུང་བས་བཅོམ་ལྡན་འདས་ཀྱིས་གསུངས་པ་མིན་ནོ་ཞེ་ན། དེ་ནི་རྣམ་པར་མ་བརྟགས་པའི་གཏམ་སྟེ། བཅོམ་ལྡན་འདས་ཀྱིས་ལོངས་སྐུའི་ཆ་ལུགས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ནས་རྒྱུད་གསུངས་པ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་མིན་ཞེས་ཇི་ལྟར་སྨྲ། བཅོམ་ལྡན་འདས་ཀྱིས་ཆ་ལུགས་བསྒྱུར་ནས་ཆོས་བསྟན་པ་འདུལ་བ་ལུང་ན་ཡང་སྣང་སྟེ། མཐའ་འཁོབ་ཀྱི་རྒྱལ་པོ་ཀ་པི་ནས་གྲོང་ཁྱེར་ཆེན་པོ་དྲུག་གི་རྒྱལ་པོ་ཐམས་ཅད་དང་། ཁྱད་པར་རྒྱལ་པོ་གསལ་རྒྱལ་ལ་ཆེད་དུ་དམིགས་པའི་ཕོ་ཉ་བཏང་བ། ཁྱེད་རྣམས་ཞག་བདུན་ན་ང་འཕྲད་པར་ཤོག་ཅིག ། དེ་ལྟར་མ་འོངས་ན་དམག་དྲངས་ཏེ་ཁྱེད་ཀྱི་ཡུལ་མེད་པར་བྱེད་དོ་ཞེས་སྤྲིངས་པ་དང་། ཕོ་ཉ་དེས་གྲོང་ཁྱེར་ལྔར་ཕྱིན་ཏེ་གཏམ་དེ་སྨྲས་པ་དང་། དེ་རྣམས་སྐྲག་ནས་མཉན་ཡོད་དུ་ལྷགས་ཏེ་རྒྱལ་པོ་གསལ་རྒྱལ་ལ་དོན་དེ་སྨྲས་པ་དང་། ཕན་ཚུན་བགྲོས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་དོན་དེ་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་ཕོ་ཉ་དེ་ངའི་གན་དུ་ཐོངས་ཤིག་ཅེས་གསུངས་པས་རྒྱལ་པོ་གསལ་རྒྱལ་སོགས་ཀྱིས་ཕོ་ཉ་ལ་ངེད་ལས་ལྷག་པའི་འཕྲུལ་གྱི་རྒྱལ་པོ་ཞིག་བཞུགས་པས་དེའི་གན་དུ་སོངས་ཤིག ། དེས་རྒྱལ་བྱེད་ཚལ་དུ་སོང་བ་དང་། བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བཞུགས་པ་ལ་ཕྲིན་ཡིག་དེ་ཕུལ་བ་དང་། འཕྲུལ་གྱི་རྒྱལ་པོས་ཡི་གེ་དེ་རྡོག་པས་མནན་ནས། ཕོ་ཉ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ང་ནི་རྒྱལ་པོ་ཆེན་པོ་གླིང་བཞི་ལ་དབང་བ་ཡིན་ན་ཁྱོད་ཀྱི་རྒྱལ་པོ་གླེན་པ་དེ་ཅིའི་ཕྱིར་བཀའ་མི་ཉན། ཁྱོད་སོངས་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཞེས་གྱིས་ཤིག ། ཁྱོད་ཞག་བདུན་ན་ངའི་གན་དུ་ཤོག་ཅིག ། དེ་མ་འོངས་ན་ཁྲིམས་ལ་སྦྱར་རོ། ། ཞེས་གྱིས་ཤིག ། ཅེས་བསྒོ་ནས་བཏང་བ་ན། རྒྱལ་པོ་ཀ་པི་ན་མཉན་ཡོད་དུ་ལྷགས་པ་ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་ཀ་པི་ན་བསུས་ཏེ་རྒྱལ་བྱེད་ཚལ་དུ་ཕྱིན་པ་ན། དེའི་ཚེ་རྒྱལ་བྱེད་ཚལ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་འདྲ་བར་སྤྲུལ་ཞིང་བཅོམ་ལྡན་འདས་ཀྱང་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་བཞུགས། མོའུ་འགལ་གྱི་བུ་ཆེན་པོ་ནི་བློན་པོ་རིན་པོ་ཆེར་སྤྲུལ་ཏོ། ། དེ་རྒྱལ་པོ་ཀ་པི་ན་ཆེན་པོས་མཐོང་བ་དང་། འདི་བདག་ལས་བྱད་གཟུགས་ནི་ལྷག་ན་སྟོབས་ནི་ཇི་འདྲ་བ་ཞིག་སྙམ་པ་དང་། བརྒྱ་བྱིན་གྱིས་དབང་པོའི་གཞུ་ཁྱེར་ཏེ་ཁ་ལོ་བའི་ཆས་སུ་བྱས་ནས་བློན་པོ་ཆེན་པོ་ལ་ཕུལ་ལོ། ། བློན་པོས་ཀྱང་རྒྱལ་པོའི་བཀས་གསེར་སའི་རྒྱལ་པོ་ལ་བྱིན་པ་དང་དེས་བླངས་ཀྱང་མ་ཐེག་གོ ། དེ་ནས་འཕྲུལ་གྱི་རྒྱལ་པོས་གཞུ་དེ་བླངས་ཏེ་མཐེ་ཆུང་གིས་བདུངས་ནས་ཀ་པི་ན་ལ་འགེངས་སུ་བཅུག་པ་དང་། དེས་བསྒུལ་བར་ཡང་མ་ནུས་ནས་འཕྲུལ་གྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་གནམ་རུ་དེའི་གཞུ་རྒྱུད་སྦྲེངས་པ་ཙམ་གྱིས་ས་གཡོས་མདའ་གཅིག་འཕངས་པས་ལྕགས་ཀྱི་རྔ་བོ་ཆེ་བདུན་ཐལ་ཕྱུང་དུ་སོང་ནས་མདའ་ལྔར་གྱུར་ཏེ། དེ་དག་གི་རྩེ་མོ་ལས་འོད་ཟེར་གྲངས་མེད་པ་བྱུང་ནས་འོད་ཟེར་རེའི་རྩེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་བྱུང་ངོ་། ། འོད་ཟེར་དེ་དག་གིས་སེམས་ཅན་སོ་སོའི་དོན་བྱས་ཤིང་ཆེད་དུ་བརྗོད་པ་དང་ཆོས་སྟོན་པའི་སྒྲ་དག་ཀྱང་གྲག་གོ ། དེ་ནས་རྒྱལ་པོ་ཀ་པི་ན་སྟོབས་ཀྱི་དྲེགས་པ་ཞི་ནས་ཨེ་མ་འདི་ཅི་ཞིག་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་པས་བདེན་པ་མཐོང་ངོ་། ། དེ་ནས་བཅོམ་ལྡན་འདས་རང་བཞིན་གྱི་སྐུར་མཛད་པ་དང་། རྒྱལ་པོ་ཀ་པི་ན་བློན་པོ་ཁྲི་བརྒྱད་སྟོང་དང་ལྷན་ཅིག་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏེ། ཚེ་དང་ལྡན་པ་ཀ་པི་ན་ཆེན་པོར་གྲགས་སོ། ། དེ་ལ་རྒྱལ་པོ་ཀ་པི་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོས་བཏུལ་བ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་བཏུལ་བ་མིན་ཞེས་ཤེས་ལྡན་སུ་ཞིག་སྨྲ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་ཞེས་པའང་བླ་མེད་ཀྱི་རྒྱུད་ལ་མང་དུ་སྣང་སྟེ། དུས་ཀྱི་འཁོར་ལོའི་རྒྱུད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་ནི་ཡོངས་སུ་གྲགས་པ་ལྟར་དང་། དུས་འཁོར་གྱི་རྒྱུད་ལ་སོགས་པ་བླ་མེད་ཀྱི་རྒྱུད་མང་པོ་ཞིག་གི་རྩ་བ་ནི་འཇམ་དཔལ་མཚན་བརྗོད་ཡིན་པར་གྲགས་ལ། མཚན་བརྗོད་ལས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ། གསང་སྔགས་རིགས་ཆེན་ཐམས་ཅད་དང་། ། གསང་སྔགས་རིག་སྔགས་འཆང་བའི་རིགས། ། རིགས་གསུམ་ལ་ནི་རྣམ་པར་གཟིགས། ། འཇིག་རྟེན་འཇིག་རྟེན་འདས་པའི་རིགས། ། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། ། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། ། ཚིག་གི་བདག་པོས་ཚིགས་སུ་བཅད། ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། ། གཉིས་སུ་མེད་པར་འབྱུང་བ་དང་། ། མི་སྐྱེ་ཆོས་ཅན་འདི་གསུངས་པ། ། ཞེས་དང་། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། ། ཞེས་འབྱུང་བ་ལྟར་རོ། ། ཡང་བདེ་མཆོག་གི་རྒྱུད་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་ནི། བདེ་མཆོག་གི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། རྩོད་པའི་དུས་སུ་ཤཱཀྱ་སེང་གེས་གསུངས་པ་ཞེས་གསལ་བར་གསུངས་པ་ལྟར་རོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་སྙིང་ནས་ཉམས་ལེན་བྱ་བར་འདོད་པ་དག་གིས་བླུན་པོའི་འཆལ་གཏམ་ལ་ཡིད་གཏད་པར་མི་བྱ་བར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་། མཐར་སྔགས་ལམ་གྱི་འབྲས་བུ་མཐར་ཐུག་ཟུང་འཇུག་གྲུབ་པའི་བར་ཐམས་ཅད་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་བསྟན་པ་ཡིན་པར་ངེས་པ་གཏིང་ནས་འདྲོངས་པར་བྱས་ལ། རྒྱལ་བའི་བཀའ་ལས་ལྷག་པའི་གདམས་ངག་མེད་པར་ཤེས་པར་བྱས་ལ་རྒྱལ་བའི་བཀའ་ཉིད་གདམས་པའི་མཆོག་ཏུ་ཡིད་ཆེས་པར་བྱའོ། ། དེ་ལྟར་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཆོས་མཐའ་ཡས་མུ་མེད་པ་ཞིག་བཀའ་སྩལ་པ་དེ་དག་ཀྱང་། ཇི་སྐད་དུ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། ། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ། ། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། ། ཞེས་གང་གསུངས་པ་ལྟར། ལྷ་དང་ཀླུ་ལ་སོགས་པ་འགྲོ་བ་རང་རང་གི་སྐད་དང་མཐུན་པར་སྟོན་པར་མཛད་ཅིང་གསུང་གཅིག་ཉིད་འགྲོ་བ་རང་རང་གི་སྐད་དང་མཐུན་པར་གོ་བ་དང་། རང་རང་གི་དབང་པོ་དང་བསམ་པ་དང་འཚམས་པའི་ཆོས་མཐའ་ཡས་པ་འབྱུང་བ་དང་། སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་ཆོས་ཀྱི་རྣམ་གྲངས་མཐའ་ཡས་མུ་མེད་པ་རྒྱུན་དུ་འབྱུང་བས་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་ནི་རྒྱལ་བ་རང་ཉིད་མ་གཏོགས་སུས་ཀྱང་བརྗོད་པར་མི་ནུས་ལ། འོན་ཀྱང་གདུལ་བྱའི་ཉོན་མོངས་པའི་གཉེན་པོ་དང་མཐུན་པར་སྡོམ་གྱིས་བསྡུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཅེས་འབྱུང་ངོ་། ། དེ་ལྟར་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་ཏེ་ལྷ་མི་བགྲང་བ་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་ནས། སྐུ་དངོས་ཀྱི་གདུལ་བྱ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་གཉིས་འདུལ་བའི་དུས་ལ་བབ་པ་ན་གྲོང་ཁྱེར་རྩ་ཅན་དུ་ཕེབས་ནས། སྟོན་པས་སྐུ་དངོས་ཀྱི་གདུལ་བྱ་རབ་བཟང་དང་། རབ་དགའ་གཉིས་ལུས་པ་ལ། རབ་དགའ་འདུལ་བའི་ཕྱིར་པི་ཝང་རྒྱུད་སྟོང་པ་ཁོག་པ་བཻ་ཌཱུརྱ་ལས་བྱས་པ་བསྣམས་ཏེ་དྲི་ཟར་སྤྲུལ་ནས་རབ་དགའི་སྒོ་དྲུང་དུ་ཕྱིན་པ་དང་། དེ་དང་གླུ་དབྱངས་འགྲན་ཞིང་རྒྱུད་རིམ་གྱིས་གཅིག་མ་གཏོགས་པ་བཅད་ཀྱང་སྒྲ་གདངས་ཁྱད་མེད་དོ། ། དེ་ནས་སྟོན་པས་རྒྱུད་གཅིག་ཀྱང་བཅད་དེ་ནམ་མཁའ་ཁོ་ན་ལས་སྒྲ་གདངས་སྔར་བཞིན་དུ་བྱུང་བ་དང་། རབ་དགའ་ང་རྒྱལ་ཆག་སྟེ་ངོ་མཚར་སྐྱེས་པ་དང་། སྟོན་པས་སྐུ་མངོན་སུམ་དུ་བསྟན་པས་དེ་ལ་རབ་དགའ་དད་ནས་ཕྱག་བྱས་ཏེ་ཆོས་ཉན་པའི་ཕྱིར་འདུག་པ་ལ་ཆོས་བསྟན་ཏེ་བདེན་པ་མཐོང་། ། དེ་ནས་རྫིང་བུ་དལ་འབབ་ཀྱི་འགྲམ་ན་ཀུན་ཏུ་རྒྱུ་རབ་བཟང་ལོ་བརྒྱ་ཉི་ཤུ་ལོན་པ་དགྲ་བཅོམ་པར་གྲགས་པ་ཞིག་ཡོད་པས། རྫིང་དལ་འབབ་ཀྱི་འགྲམ་ཨུ་དུམ་ཝཱ་རའི་ཚལ་གྱི་མེ་ཏོག་རྙིངས་པ་དང་སྟོན་པ་མྱ་ངན་ལས་འདའོ་ཞེས་ཐོས་པའི་རྒྱུས་བདག་གི་ཐེ་ཚོམ་སེལ་བར་འགྱུར་སྲིད་སྙམ་སྟེ་སོང་ནས་ཀུན་དགའ་བོ་ལ་ལན་གསུམ་ཞུས་པས་མ་གནང་བ་སྟོན་པས་མཁྱེན་ནས། ང་དང་མུ་སྟེགས་ཅན་གཏམ་གླེང་བའི་ཐ་མ་འདི་ཡིན་གྱིས་ཐོངས་གསུངས་ནས། རབ་བཟང་ལ་དགའ་བར་བྱ་བའི་གཏམ་མང་པོ་མཛད་ནས། རབ་བཟང་། ང་ནི་ན་ཚོད་ཉི་ཤུ་རྩ་དགུ་ལོན་ཏེ་རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་ཅིག་ཏུ་དགེ་བ་གང་ཡིན་ཅི་ཞེས་བྱས་གྱུར་ཅིང་། རབ་བཟང་ཆོས་འདུལ་བ་གང་ལ་འཕགས་ལམ་ཡན་ལག་བརྒྱད་མེད་པ་དེ་ལ་དགེ་སྦྱོང་གི་འབྲས་བུ་བཞི་མེད་ལ། ཡན་ལག་བརྒྱད་ཡོད་ན་ཡོད་དེ། འདི་ལས་ཕྱི་རོལ་ན་དགེ་སྦྱོང་མེད་ཅེས་སོགས་གསུངས་པས་བདེན་པ་མཐོང་། ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་ཐོབ་སྟེ། སྟོན་པ་མྱ་ངན་ལས་འདའ་བ་བལྟ་བར་མི་བཟོད་དོ་སྙམ་ནས་གནས་ལྔ་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། ། དེ་ནས་སྟོན་པས་འཁོར་རྣམས་ལ་བཀའ་སྩལ་པ། འཁོར་རྣམ་བཞིས་ཕན་བདེར་འགྱུར་བའི་གསུང་རབ་ཡན་ལག་བཅུ་གཉིས་བཀླག ། སྟོན་པ་སོ་ཐར་ལ་གྱིས། རྒན་པས་གཞོན་པ་རྣམས་ཡོ་བྱད་ཀྱིས་བསྡུ། གཞོན་པས་རྒན་པའི་མིང་འབོད་མི་བྱ། དད་པ་ཅན་ལ་སྟོན་པ་འཁྲུངས་པ། སངས་རྒྱས་པ། ཆོས་གསུངས་པ། མྱ་ངན་ལས་འདས་པའི་ཕྱོགས་བཞི་བསྟན་པར་བྱའོ། ། དགེ་སློང་དག་དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག ། ཅེས་གསུངས་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་བལྟ་བ་ནི་རྙེད་པར་དཀའ་ཡི་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག ། དགེ་སློང་དག་རེ་ཤིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ། ། ཞེས་གསུངས་ནས་ཤིང་སཱ་ལ་ཟུང་གི་འགྲམ་དུ་མ་འོངས་པ་ན་བྱང་ཕྱོགས་གངས་རིའི་ལྗོངས་འདིར་རྒྱལ་བ་རང་ཉིད་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་རྒྱ་ཆེར་དར་བར་འགྱུར་རོ་ཞེས་སྟོན་ཕྱིར་དབུ་བྱང་ཕྱོགས་སུ་བསྟན་ནས། དགུང་ལོ་བརྒྱད་ཅུ་སོང་ནས་གྱ་གཅིག་གི་ཐོག་ཏུ་ཕེབས་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དོན་དམ་པར་ནམ་མཁའ་མ་ཟད་ཀྱི་བར་དུ་གཟུགས་སྐུའི་བཀོད་པ་དང་འཕྲིན་ལས་རྒྱུན་ཆད་པ་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ཤིན་ཏུ་དཀོན་ཞིང་རྙེད་པར་དཀའོ་ཞེས་འདོམས་པ་དང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་སོགས་ཀྱིས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། ། དེ་ནས་རྒྱལ་བ་རང་ཉིད་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཀྱང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་བྱིན་གྱིས་བརླབས་ཤིང་། སྐུ་གདུང་དང་རིང་བསྲེལ་མང་དུ་འཕེལ་ཏེ་འཛམ་བུའི་གླིང་ཐམས་ཅད་མཆོད་རྟེན་གྱིས་ཁྱབ་པར་བྱིན་གྱིས་བརླབས་སོ། ། སྟོན་པ་སྐུ་བལྟམས་པ། སངས་རྒྱས་པ། མྱ་ངན་ལས་འདས་པ། འདི་རྣམས་ཀྱི་ལོ་དུས་ལ་སྔོན་གྱི་མཁས་པ་རྣམས་ལ་བཞེད་ཚུལ་མི་འདྲ་བ་མང་དུ་བྱུང་སྟེ། མཁས་པ་འགའ་ཞིག་ནི་སྟོན་པ་ཤིང་ཕོ་བྱི་བའི་ལོ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུ་ལོར་མྱ་ངན་ལས་འདས་པར་བཞེད་པ་དང་། མཁས་པ་འགའ་ཞིག་ནི། མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་ལ་མྱ་ངན་ལས་འདས་པར་བཞེད་པ་དང་། ཡང་མཁས་པ་འགའ་ཞིག་དུས་འཁོར་གྱི་རྩིས་ཀྱི་སྟེང་ནས་རྣམ་དག་ཡར་ལོག་གི་རྩིས་བྱས་པ་ན་སྔར་གྱི་མཁས་པ་དེ་དག་གི་བཞེད་ཚུལ་དེ་དག་ལ། སྟོན་པ་སངས་རྒྱས་པའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་དུས་མེའི་རི་མོ་ས་གའི་སྟེང་དུ་མི་འབབ་པས་སྟོན་པའི་འཁྲུངས་ལོ་སོགས་ལོ་ཁམས་དེ་དག་མི་འཐད་ཅེས་དེ་སུན་ཕྱུང་ནས་སྟོན་པ་སྐུ་བལྟམས་པ་སོགས་ཀྱི་ལོ་དུས་གཞན་དུ་འཆད་པ་དང་། མྱ་ངན་ལས་འདས་པའི་དུས་ཀྱང་ཕལ་མོ་ཆེར་ས་གའི་ཉ་ལ་བཞེད་ཅིང་། མཁས་པ་མང་པོ་ཞིག་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་བཞེད་པ་སོགས་བཞེད་ཚུལ་མང་དུ་སྣང་ནའང་། འདིར་བརྗོད་པ་དེ་དག་ནི་མཁས་གྲུབ་ནོར་བཟང་རྒྱ་མཚོས་ཇི་ལྟར་གསུངས་པ་ལྟར་བརྗོད་པ་ཡིན་ལ། ཇི་ལྟར་ཡང་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བ་རྣམས་ཀྱིས་སྟོན་པའི་འཁྲུངས་ལོ་སོགས་ལ་མཁས་པ་མང་པོ་བཞེད་པ་མི་མཐུན་པ་དེ་དག་ལ་བློ་མི་བདེ་བ་བྱ་མི་དགོས་ཏེ། སྟོན་པ་འཁྲུངས་པ་དང་སངས་རྒྱས་པ་སོགས་ལོ་དུས་གང་ལ་ཡིན་ཡང་རུང་། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་བདག་ཅག་སྙིགས་མའི་འགྲོ་བ་ཉམ་ཐག་རྣམས་ཀྱི་དོན་དུ་དགའ་ལྡན་གྱི་གནས་ནས་ཞིང་འདིར་བྱོན་ཏེ་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། རོལ་རྩེད་མཛད་པ་དང་། ཁབ་ནས་བྱུང་སྟེ་དཀའ་བ་སྤྱད་པ་དང་། བྱང་ཆུབ་ཤིང་དྲུང་དུ་བདུད་བཏུལ་ནས་འཚང་རྒྱ་བའི་མཛད་པ་རྣམས་བསྟན་ཅིང་མཛད་པ་བཟང་པོ་དེ་དག་རེ་རེ་ནས་གདུལ་བྱ་བགྲང་བ་ལས་འདས་པ་ཞིག་སྨིན་གྲོལ་ལ་འགོད་པར་མཛད་པ་དང་། ལྷ་དང་མིའི་མཆོད་པ་ཚད་མེད་པས་མཆོད་པ་དང་། སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་སྟོན་པར་མཛད་དོ་སྙམ་དུ་དད་གུས་བསྒོམ་པར་བྱ་བ་དང་། ལྷག་པར། མཛད་པ་ཀུན་ལས་གསུང་གི་ནི། ། མཛད་པ་མཆོག་ཡིན་དེ་ཡང་ནི། ། འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། ། འདི་ལས་སངས་རྒྱས་རྗེས་དྲན་བྱོས། ། ཞེས་གང་གསུངས་པ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ཇི་སྙེད་ཅིག་མཛད་པ་དེ་ཐམས་ཅད་གདུལ་བྱ་འདུལ་བའི་དོན་ཁོ་ནར་མཛད་ཅིང་། དེ་ཡང་ཐོག་མར་ལྔ་སྡེ་ལ་སྟོད་གཡོགས་སྨད་གཡོགས་ཟླུམ་པོར་བགོ་བ་སོགས་འདུལ་བའི་བསླབ་བྱ་དང་བདེན་པ་བཞིའི་ཆོས་སྟོན་པར་མཛད་པ་དེ་ནས་བཟུང་། ཐ་མར་ཀུན་ཏུ་རྒྱུ་རབ་བཟང་དགྲ་བཅོམ་ལ་བཀོད་པ་དང་། འཁོར་རྣམས་ལ་མི་རྟག་པ་བསྟན་པའི་བར་ཆོས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཤ་སྟག་ཏུ་གསུངས་པ་ཡིན་པས་ན། བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱེད་པ་རྣམས་ཀྱིས་རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་གང་ཟག་རང་ཉིད་འཚང་རྒྱ་བའི་ཐབས་ཤ་སྟག་ཏུ་གསུངས་པ་ཡིན་པར་ཤེས་པར་བྱས་ལ་སྟོན་པ་ཐུགས་རྗེ་ཅན་དེས་བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་ཆོས་འདི་སྙེད་ཅིག་གསུངས་སོ་སྙམ་དུ་སྟོན་པའི་ཡོན་ཏན་དང་བཀའ་དྲིན་དང་ཐུགས་རྗེ་དྲན་པའི་སྒོ་ནས་དད་ཅིང་གུས་པས་མཆོད་ཅིང་གསོལ་བ་གདབ་པ་ལྷུར་བྱའོ། ། སྟོན་པས་ཆོས་སྟོན་པའི་ཐོག་མར་ཡང་ལྔ་སྡེ་ལ་སྡུག་བསྔལ་བདེན་པའི་རྣམ་ལ་མི་རྟག་པ་ནས་བརྩམས་ཏེ་སྟོན་པར་མཛད། མཐར་མྱ་ངན་ལས་འདའ་བའི་ཚེ་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ནོ་ཞེས་མི་རྟག་པ་སྟོན་པར་མཛད་པ་འདི་ལ་བློ་གྲོས་ཅན་རྣམས་ཀྱིས་ལེགས་པར་དཔྱོད་ཤེས་ན་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ལ་ཉམས་ལེན་ལ་བསྐུལ་བའི་གནད་ཁྱད་པར་ཅན་ཞིག་ཡིན་པར་ཤེས་པར་ནུས་ཏེ། ཐོག་མར་ཆོས་ལ་བསྐུལ་བའི་ཚེ་ན་ཚེ་འདི་རིང་དུ་མི་གནས་པར་མྱུར་དུ་འཇིག་པའི་ངང་ཚུལ་བསམས་ནས་དེས་བསྐུལ་ཏེ་ཆོས་ལ་འཇུག་དགོས་པ་དང་། སྐྱེས་བུ་འབྲིང་གི་སྐབས་སུ་མི་རྟག་པའི་ཚུལ་བསམས་ནས་འཁོར་བའི་ཕུན་ཚོགས་གང་ལའང་ཡིད་བརྟན་མེད་པའི་ཚུལ་བསམས་ཏེ་དེས་བསྐུལ་ནས་ལམ་སྒོམ་པ་ལ་འཇུག་དགོས་པ་དང་། སྐྱེས་བུ་ཆེན་པོའི་སྐབས་སུའང་མི་རྟག་པ་བསམས་ཏེ་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་རིམ་གྱིས་བརྒྱུད་པའི་ངང་ཚུལ་བསམས་ལ་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་སོགས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་དང་། དབུ་མའི་ལྟ་བ་སྒོམ་པའི་ཚེ་ནའང་། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། ། སྡུག་བསྔལ་ལས་ནི་བདག་མེད་གསུངས། ། ཞེས་གསུངས་པ་ལྟར། ཐོག་མར་མི་རྟག་པ་བསྒོམས་ནས་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བློ་བཟློག་པར་བྱས། དེས་རྒྱུད་སྦྱངས་ནས་མཐར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་ལྟ་བ་སྒོམ་པ་ལ་འཇུག་པ་དང་། ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྔགས་ལམ་ལ་སློབ་པའི་ཚེ་ནའང་མི་རྟག་པ་དྲན་པས་རྒྱུད་བསྐུལ་ནས་ལམ་ལ་སློབ་དགོས་པ་ཡིན་པས་སྟོན་པའི་རྣམ་ཐར་གདུལ་བྱ་རང་ཉིད་ཀྱི་ཉམས་ལེན་དུ་འཁྱེར་བའི་ཚུལ་དེ་ལྟར་དུ་ཤེས་པར་བྱའོ། ། སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་སྟེ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། ། ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། ། ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། ། ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། ། མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས། ། ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། ། ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། ། ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས། ། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་གསང་བ་གསུམ་གྱི་རྣམ་ཐར་ནི་རྒྱལ་བ་ནང་ཕན་ཚུན་མ་གཏོགས་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་དང་། རྣམ་ཐར་བརྒྱད་ལ་དབང་ཐོབ་བའི་དགྲ་བཅོམ་པ་རྣམས་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་མངོན་ཤེས་དང་ལྡན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཇི་ཙམ་བརྟགས་ཀྱང་ཤེས་པར་ནུས་པ་མིན་ན་བློ་ཆུང་བདག་འདྲ་བས་ཕྱོགས་ཙམ་ཡང་ཤེས་པར་ག་ལ་ནུས། དེ་མ་ཟད་ཐུན་མོང་བའི་གདུལ་བྱ་རྣམས་ཀྱིས་ཤེས་པར་ནུས་པའི་མཛད་པ་རྣམ་ཐར་རྣམས་ཀྱང་བདག་འདྲ་བས་ཆ་ཙམ་ཞིག་ཀྱང་བརྗོད་པར་ག་ལ་ནུས། སྔར་བརྗོད་པ་དེ་དག་ནི་རྒྱལ་བ་ཉིད་ཀྱི་གསུང་ཚད་མ་དབང་པོར་བྱས་ཏེ། རྒྱ་ཆེར་རོལ་པའི་མདོ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་དང་། གཞན་ཡང་མདོ་མང་པོ་ལ་བརྟེན་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་ལས་བརྩམས་ཏེ་ཅུང་ཟད་ཅིག་བརྗོད་པ་ཡིན་ལ། སྟོན་པའི་ཡོན་ཏན་བསམ་པ་ནི་རང་གི་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་ཐབས་བླ་ན་མེད་པ་ཡིན་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་དང་གཞུང་ཤིང་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་སངས་རྒྱས་ཀྱི་ཡོན་ཏན་བསམས་ནས་དེ་ལ་ཐོབ་འདོད་བསྐྱེད་པ་ཞིག་ངེས་པར་དགོས་ཀྱི། སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་དང་ཐོབ་འདོད་མེད་ན་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་མི་སྐྱེ་བར་རྗེ་བཙུན་བྱམས་པ་མགོན་པོས་གསུངས་པ་ལྟར་རོ། ། དེས་ན་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་སངས་རྒྱས་ཀྱི་ཡོན་ཏན་བསམས་ནས་དད་པ་ཐོབ་པ་ཞིག་མེད་མི་རུང་དུ་སྣང་བས་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་མཐོང་བ་ཞིག་གལ་ཆེ་བར་བསམས་ནས་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། ། དེ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དབྱར་དེ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས་རྒྱལ་པོའི་ཁབ་ཀྱི་བདེ་ཆེན་མའི་ཕུག་ཏུ་འོད་སྲུངས་ཆེན་པོ་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་མཛད། དེའི་ཚེ་ཀུན་དགའ་བོ་ལ་མདོ་སྡེ་བསྡུ་བར་གསོལ་བ་བཏབ་པ་ན། དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་རྣམས་བརྩེགས་པ་གདན་དུ་བཏིང་བའི་སྟེང་དུ་འཕགས་པ་ཀུན་དགའ་བོས་འཛེགས་ཏེ། ཞལ་མཉན་ཡོད་དུ་ཕྱོགས། ཕྱག་ཐལ་མོ་སྦྱར། གདོང་མཆི་མ་དང་བཅས་བཞིན་དུ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བརྗོད་པ་ན། ལྷ་གྲངས་མེད་པ་ནམ་མཁའ་ལས་བབས་ཏེ་གུས་པར་ཉན་ཞིང་མདོ་སྡེའི་སྡེ་སྣོད་བསྡུས་སོ། ། དེ་ཡང་དང་པོ་བདེན་བཞིའི་ཆོས་འཁོར་ནས་བཟུང་ཐ་མ་ཀུན་ཏུ་རྒྱུ་རབ་བཟང་ལ་གསུངས་པ་དང་། འཁོར་རྣམས་ལ་གསུང་གི་ཐ་མ་མི་རྟག་པ་བསྟན་པ་ཡན་ཆད་མདོ་སྡེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཚིག་གཅིག་ཀྱང་མ་ལུས་པར་བློ་ལས་བཏོན་པའོ། ། དེ་ལྟར་འཕགས་པ་ཀུན་དགའ་བོས་མདོ་སྡེ་བསྡུས་ནས་ཁྲི་ལས་བབས་ཏེ་འཁོད། དེ་ནས་འཕགས་པ་ཉེ་བར་འཁོར་ཁྲི་ལ་འཛེགས་ཏེ་འདུལ་བའི་སྡེ་སྣོད་རྣམས་བསྡུས། དེ་ནས་འོད་སྲུངས་ཆེན་པོ་ཁྲི་ལ་འཛེགས་ཏེ་མངོན་པའི་སྡེ་སྣོད་རྣམས་བསྡུས་སོ། ། དེ་ནས་འོད་སྲུངས་ཆེན་པོ་འདི་སྙམ་དུ་བདག་གིས་བསྟན་པའི་བྱ་བ་བྱས་ཟིན་གྱི། ད་ནི་མྱ་ངན་ལས་འདའོ་སྙམ་དུ་དགོངས་ནས་འཔགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་དེ། ཁྱོད་ཀྱིས་ཀྱང་བསྟན་པ་ཤ་ནའི་གོས་ཅན་ལ་གཏོད་ཅིག་ཅེས་གསུངས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་ཕྱག་བྱས་ཏེ་ལྷོ་ཕྱོགས་ཀྱི་རི་བྱ་རྐང་ཅན་ཞེས་བྱ་བའི་རི་བོ་གསུམ་འདུས་ཀྱི་དབུས་སུ་བྱོན་ནས་རྩྭའི་གདན་ལ་སྐྱིལ་མོ་ཀྲུང་བཅས། བཅོམ་ལྡན་འདས་ཀྱིས་གནང་བའི་སྣམ་སྦྱར་སྐུ་ལུས་ལ་བཀབ་སྟེ། ཇི་སྲིད་བྱམས་མགོན་མ་བྱོན་གྱི་བར་དུ་པུར་མི་ཉམས་པར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། ། དེ་ནས་འཕགས་པ་ཀུན་དགའ་བོས་འཁོར་རྣམ་བཞི་ལ་རྗེས་སུ་གདམས་ཤིང་། བསྟན་པ་ལོ་བཞི་བཅུ་ཙམ་གྱི་རིང་བསྐྱངས་ནས་ནམ་ཞིག་ན་བསྟན་པ་ཤ་ནའི་གོས་ཅན་ལ་གཏད་དེ། ཁྱོད་ཀྱིས་བསྟན་པ་ཉེར་སྦས་ལ་གཏོད་ཅིག་ཅེས་ལུང་བསྟན་ནས་མྱ་ངན་ལས་འདས་སོ། ། དེ་ནས་འཕགས་པ་ཤ་ནའི་གོས་ཅན་གྱིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་མཐར་བསྟན་པ་ཉེར་སྦས་ལ་གཏད། དེ་ནས་འཕགས་པ་ཉེར་སྦས་ཀྱིས་སངས་རྒྱས་གཉིས་པ་བཞིན་དུ་བསྟན་པའི་བྱ་བ་བསམ་གྱིས་མི་ཁྱབ་པ་མཛད་དེ། སློབ་མ་དགྲ་བཅོམ་ཐོབ་པའང་གྲངས་མེད་པ་བྱུང་སྟེ། དགྲ་བཅོམ་ཐོབ་པ་རེ་རེ་བྱུང་བ་ན་སོ་ཤིང་སོར་ལྔ་པ་རེ་རེ་དོར་བས་བྲག་ཕུག་འདོམ་ལྔ་བཅུ་ཡོད་པ་ཞིག་སོ་ཤིང་གིས་ཡོངས་སུ་གང་བར་གྱུར་ཏོ། ། འཕགས་པ་ཉེར་སྦས་ཀྱིས་བསྟན་པ་དྷི་དྷི་ཀ་ལ་གཏད། འཕགས་པ་དྷི་དྷི་ཀས་བསྟན་པ་འཕགས་པ་ནག་པོ་ལ་གཏད། དེས་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ། དེ་དག་ལ་བསྟན་པའི་གཏད་རབས་བདུན་དུ་གྲགས་སོ། ། ཐུབ་པའི་བསྟན་པ་དུས་ཇི་ཙམ་གནས་པ་ནི། སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་རྒྱལ་བ་གཞན་ལས་ཐུགས་རྗེ་ཆེས་ལྷག་པས་རྒྱལ་བ་རང་ཉིད་མྱ་ངན་ལས་འདས་ནས་ཀྱང་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་བྱིན་གྱིས་བརླབས་ཤིང་། གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ལ་སོགས་པ་གནས་བརྟན་བཅུ་དྲུག་ལ་བསྟན་པའི་གནས་ཚད་མ་རྫོགས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བསྟན་པ་སྐྱོངས་ཤིག་ཅེས་བཀའ་བསྒོས། རྣམ་ཐོས་སྲས་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཞི་ལ་བསྟན་པ་བསྟན་འཛིན་དང་བཅས་པ་བསྲུང་ཞིང་སྐྱོང་བར་བཀའ་བསྒོ་བར་མཛད་དོ། ། དེ་ལྟར་རྒྱལ་བའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་ལོ་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་པ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་དང་། གཉིས་པ་དང་། གསུམ་པ་རྣམས་ལ་རིམ་པ་ལྟར། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས་དགྲ་བཅོམ་པའི་ལེའུ་དང་། ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་དུ་ཞུགས་པའི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བཞི་པ་དང་། ལྔ་པ་དང་། དྲུག་པ་རྣམས་ལ་གོ་རིམ་བཞིན་དུ། ལྷག་མཐོང་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བདུན་པ་དང་། བརྒྱད་པ་དང་། དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་། མདོ་སྡེ་དང་། འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང་། མདོ་སྡེའི་ལེའུ་དང་། འདུལ་བའི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་པ་བཅུ་པ་ལ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ། འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བཤད་དོ། ། དེས་ན་བདག་ལེགས་སུ་འདོད་པ་དག་གིས་རྒྱལ་བའི་བསྟན་པ་དང་ལན་ཅིག་མཇལ་བའི་སྐབས་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་ཚང་ལ་མ་ནོར་བ་བྱང་ཆུབ་ལམ་གྱི་རིམ་པ་ལ་བག་ཆགས་ཅི་ཐེབས་བྱའོ། ། ། །
༈ རྒྱལ་ཚབ་བྱམས་པ་མགོན་པོ་ནས། འཕགས་པ་ཐོགས་མེད་སོགས་
རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར།
༈ ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་རིམ་པ་སྟོན་པའི་བླ་མ་བརྒྱུད་པ་ལ་རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་སུ་མཛད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་སྟོན་པ་ལ་ཐོག་མར་རྗེ་བཙུན་བྱམས་པ་མགོན་པོའི་རྣམ་ཐར་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། ། ཞེས་བསྔགས་པ། འདྲེན་པ་མཉམ་མེད་སྟོན་པ་ཐུབ་པའི་དབང་པོ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ་རྒྱལ་བ་འོད་སྲུངས་ཀྱི་དུས་ནས་ཞིང་འདིར་འབྱོན་པ་ལ་ཉེ་བའི་བར་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་བསྟན་ནས་འཛམ་བུའི་གླིང་དུ་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ། རྗེ་བཙུན་བྱམས་པ་མགོན་པོ་ལ་པྲོག་ཞུ་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་བས། དེ་ནས་བཟུང་རྒྱལ་ཚབ་བྱམས་པ་མགོན་པོ་ཞེས་གྲགས་པ་རྗེ་བཙུན་བྱམས་མགོན་འདི་ཉིད་སྔོན་ཐུགས་ཇི་ལྟར་བསྐྱེད་པའི་ཚུལ་ནི། མདོ་སྡེ་བསྐལ་བཟང་ལས། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བ་ཡི། ། རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱར་གྱུར་པ་ན། ། བདེ་གཤེགས་མཐུ་ཆེན་གདུགས་ཚོད་དག་ལ་སྤྱན་དྲངས་ནས། ། དང་པོར་བླ་མེད་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། ཞེས་གསུངས་པ་ལྟར་རྗེ་བཙུན་བྱམས་པ་མགོན་པོ་འདི་ཉིད་སྔོན་བསྐལ་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སྔོན་རོལ་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཐུབ་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། དེ་བཞིན་གཤེགས་པ་དེ་ལ་གདུགས་ཚོད་ཕུལ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོས་གཟིགས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་མཛད་དོ། ། ཡང་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་ཞིང་ཚད་མེད་བསམ་གྱིས་མི་ཁྱབ་པའི་སྔ་རོལ་ཏུ། རྗེ་བཙུན་བྱམས་པ་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གསེར་མདོག་ཅན་ཞེས་བྱ་བར་གྱུར་པའི་དུས་རྫོགས་པའི་སངས་རྒྱས་གསེར་ཟངས་འོད་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་བསོད་ནམས་ཀྱི་མཐུ་ཆེན་པོས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་འབྱོར་པས་ཀྱང་བསྒྲུན་དུ་མེད་པའི་བཀོད་པ་དང་། མཆོད་པ་དང་། བསྙེན་བཀུར་བ་ཐམས་ཅད་ཀྱིས་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིར་བཀུར་སྟིར་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད། ཡང་སྔོན་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ཐད་དུ་བསྐལ་པ་འཛིན་པ་ཞེས་བྱ་བ་བྱུང་བ་ལ། བསྐལ་པ་ཆེན་པོ་དེ་ལ་གླིང་བཞི་པའི་སངས་རྒྱས་ཀྱི་ཞིང་འདིར་གླིང་བཞིར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་ཞིག་བྱུང་ངོ་། ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དེ་ལ་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཞིག་ཡོད་དོ། ། དེ་ལ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་རྣམ་པར་མཛེས་ལ་བསོད་ནམས་བརྒྱའི་མཚན་དང་ལྡན་ཞིང་འོད་འདོམ་གང་པ་ཡོད་ལ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ཅིང་བལྟ་བས་ཆོག་མི་ཤེས་པ་ཞིག་བཙས་སོ། ། དེ་བཙས་མ་ཐག་ཏུ་ལྷ་འབུམ་གྱིས་མཆོད་པ་བྱས་ནས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བར་མིང་བཏགས་སོ། ། དེ་དུས་གཞན་ཞིག་ན་ངེས་པར་བྱུང་ནས་སྐྲ་དང་ཁ་སྤུ་བྲེག་ཏེ་གོས་ངུར་སྨྲིག་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བར་གྱུར་ནས་བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་བཀོད་པར་གྱུར་ཏོ། ། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དང་རང་གི་སློབ་མ་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་ལ་སོགས་པ་ལ་ཡང་དང་ཡང་དུ་བསྐུལ་ཏེ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་དུ་བཅུག་གོ ། དེའི་ཚེ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་དེ། བདེ་བ་ཅན་གྱི་ཞིང་གི་བཀོད་པ་བློ་ཡུལ་དུ་བཟུང་ནས་ཞིང་དེ་འགྲུབ་པའི་ཕྱིར་དུ་བསྐལ་པ་གྲངས་མེད་པར་རྫོགས་སྨིན་སྦྱང་གསུམ་གྱི་སྤྱོད་པ་སྤྱད་པ་མཐར་ཕྱིན་པར་མཛད་ནས་བདེ་བ་ཅན་གྱི་ཞིང་གྲུབ་སྟེ་ཞིང་དེར་མངོན་པར་རྫོགས་པར་སངས་རྒྱས་སོ། ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སློབ་མ་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་པོ་དེས་ཀྱང་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་ཅིང་། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་དེ་དག་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བར་ལུང་བསྟན་ནས་དེ་དག་གིས་རང་རང་གི་ཞིང་བཟུང་བ་ན། དང་པོ་འཁོར་བ་འཇིག་ནས་ཐ་མ་མོས་པ་སྣང་མཛད་ཀྱི་བར་ཐམས་ཅད་ཀྱིས་རང་རང་གི་སངས་རྒྱས་ཀྱི་ཞིང་གདུལ་སླ་བ་དང་ཞིང་དག་པ་ཤ་སྟག་བཟུང་ནས། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདི་དང་། མ་འོངས་པའི་ཚེ་ལོ་བརྒྱད་ཁྲི་པའི་དུས་གཉིས་པོ་འདི་ལུས་ཏེ། དེ་ཡང་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདི་ནི་དུས་ཀྱི་སྙིགས་མར་གྱུར་པས་སེམས་ཅན་རྣམས་ཚེ་ཐུང་ཞིང་ལོངས་སྤྱོད་དབུལ་ལ་ནད་མང་ཞིང་ཕལ་ཆེར་དུས་མ་ཡིན་པའི་འཆི་རྐྱེན་གྱིས་འཆི་བར་འགྱུར་བ་མ་རུངས་པ་དམུ་རྒོད་པ། དྲིན་ལན་ལོག་པར་འཇལ་བས་གང་བ་འདི་ནི་རྒྱལ་བ་དེ་དག་ཐམས་ཅད་སྐྲག་ནས་འདི་ལྟ་བུའི་དུས་ངན་པ་མ་རུངས་པ་འདི་དག་གི་ཁྲོད་དུ་སུ་ཞིག་འཇུག་ཅེས་ཡལ་བར་བོར་བ་ན་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཐུགས་རྗེས་མ་བཟོད་པར་དུས་འདིར་འབྱོན་པའི་ཐུགས་བསྐྱེད། མ་འོངས་པའི་ཚེ་ལོ་བརྒྱད་ཁྲི་པའི་དུས་དེ་ནི་སྣོད་བཅུད་ཐམས་ཅད་ཕུན་སུམ་ཚོགས་པས་གང་བ། སྣོད་རྣམས་ལྷའི་ཡུལ་དང་མཚུངས་པ། མི་རྣམས་ཚེ་རིང་ཞིང་གཟུགས་བཟང་བ་ལོངས་སྤྱོད་ཆེ་བ་ཕན་ཚུན་འཚེ་བ་གང་ཡང་མེད་ཅིང་རང་བཞིན་གྱིས་དགེ་བའི་ལམ་ལ་གནས་པ་ཤ་སྟག་འབྱུང་བས་འདི་དག་ནི་ཤིན་ཏུ་བཟང་ངོ་ཞེས་ཐམས་ཅད་ཀྱིས་བཏང་སྙོམས་སུ་བཞག་སྟེ་ལུས་པ་ན། རྗེ་བཙུན་བྱམས་མགོན་འདི་ཉིད་དེའི་ཚེ་རིག་བྱེད་ཀློག་པ་སྟོང་གི་ལྔ་པ་དྲི་མེད་འོད་ཅེས་བྱ་བར་གྱུར་པ་དེས་ཐུགས་རྗེས་མ་བཟོད་ནས་ཚེ་ལོ་བརྒྱད་ཁྲི་བའི་དུས་ཀྱི་འགྲོ་བ་འདི་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཏང་སྙོམས་སུ་བཞག་པས། འདི་དག་ལ་ཆོས་སྟོན་པ་པོ་མེད་པས། འདི་དག་ལ་གནས་སྐབས་སུ་འཁོར་བའི་བདེ་འབྱོར་ཅུང་ཟད་ཡོད་ཀྱང་ལས་ཉོན་གྱིས་བཅིངས་པས་འཁོར་བ་ལས་མ་འདས་ཤིང་། སླར་ཡང་འཁོར་བ་མཐའ་མེད་དུ་འཁྱམས་ནས་སྡུག་བསྔལ་བརྒྱུད་མར་མྱོང་བར་འགྱུར་བ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་ཀྱི་མགོན་དུ་ང་ཉིད་ཞིང་དེར་འཚང་རྒྱ་བར་བྱའོ་སྙམ་དུ་ཐུགས་བསྐྱེད་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ཀྱང་། དེ་ལྟར་དུ་བསྐལ་བཟང་གི་སངས་རྒྱས་ལྔ་པར་འགྱུར་བར་ལུང་བསྟན་ཏོ། ། དོན་གྱི་དབང་འདི་གཟིགས་ནས་རྗེ་བདག་ཉིད་ཆེན་པོས་བྱམས་མགོན་ལ་བསྟོད་པ་མཛད་པ་ན། བདེ་གཤེགས་སྔ་མས་བཏང་སྙོམས་མཛད་པ་ཡི། ། གྲངས་མེད་འགྲོ་ལ་བརྩེ་བས་མ་བཟོད་ནས། ། ཞིང་འདིར་བྱང་ཆུབ་སྙིང་པོར་གཤེགས་འགྱུར་བ། ། མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། ། ཞེས་བསྔགས་པ་མཛད་དོ། ། ཡང་སྔོན་འདས་པའི་བསྐལ་པ་བརྗོད་ཀྱིས་མི་ལང་བའི་སྔོན་རོལ་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ་བྱུང་སྟེ། དེ་ལ་བུ་སྟོང་ཡོད་དོ། ། དེའི་ཚེ་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་པོ་ཆེ་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེ་བཞིན་གཤེགས་པ་དེ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་བུ་སྟོང་དང་བཅས་པས་དུས་ཡུན་རིང་པོར་མཆོད་ཅིང་བསྙེན་བཀུར་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་དེ་བཞིན་གཤེགས་པ་དེས་རྒྱལ་བུ་སྟོང་པོ་དེ་རྣམས་ཀྱི་མིང་བུམ་པར་བཅུག་ནས་རིམ་བཞིན་ལུང་བསྟན་པ་ན། རྗེ་བཙུན་བྱམས་མགོན་འདི་ཉིད་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེའི་བུ་སྟོང་གི་ནང་ནས་བཞི་པ་སྐ་རགས་ཅན་ཞེས་བྱ་བ་ཡིན་པས། དེ་བཞིན་གཤེགས་པ་དེས་བུ་སྟོང་པོ་དེ་རིམ་བཞིན་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བར་ལུང་བསྟན་ཏེ། དོན་འདི་ལ་དགོངས་ནས། མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་། ། སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། ། བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པའི། ། རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་པ་མཛད་དོ། ། གཞན་ཡང་སངས་རྒྱས་མང་པོའི་སྤྱན་སྔར་ཐུགས་བསྐྱེད་པར་མཛད་ཅིང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་བསྐལ་བཟང་གི་སངས་རྒྱས་གཞན་ཐམས་ཅད་ལས་བསྐལ་པ་བཞི་བཅུ་རྩ་གཉིས་ཀྱིས་ཐུགས་བསྐྱེད་པ་སྔ་བར་གསུངས་སོ། ། དེ་ལྟར་རྗེ་བཙུན་བྱམས་པ་མགོན་པོས་ཐུགས་བསྐྱེད་ནས་བསྐལ་པ་བགྲང་བ་ལས་འདས་པར་ཚོགས་གཉིས་བར་མ་ཆད་དུ་བསགས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་བརྙེས་པ་ནས་བཟུང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཡོངས་འཛིན་དུ་བསྟེན་ཏེ་དབུའི་གཙུག་ཏུ་འབྲལ་མེད་དུ་བསྒོམས་པས་གདུལ་བྱ་རྣམས་ཀྱིས་བྱམས་མགོན་གྱི་དབུའི་གཙུག་ན་བྱང་ཆུབ་མཆོད་རྟེན་ཡོད་པར་མཐོང་སྟེ། ད་ལྟ་བྱམས་མགོན་གྱི་སྐུ་ལ་དབུའི་གཙུག་ཏུ་བྱང་ཆུབ་མཆོད་རྟེན་རེ་བྱེད་སྲོལ་ཡོད་པ་འདི་ཡང་དེའི་རྒྱུ་མཚན་གྱིས་ཡིན་པར་གསུངས། དེ་ལྟར་རྗེ་བཙུན་བྱམས་པ་མགོན་པོས་བསྐལ་པ་གྲངས་མེད་མུ་མེད་པར་ཚོགས་གཉིས་བར་མ་ཆད་དུ་བསགས་ནས། དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། བྱམས་མགོན་འདི་ཉིད་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་ནས་དེ་བཞིན་གཤེགས་པ་དེ་ཉིད་ལ་བསྙེན་བཀུར་ཞིང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཉིན་རེ་བཞིན་སེམས་ཅན་བརྒྱ་བརྒྱ་ཙམ་བསླབ་པའི་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་ཟས་མི་བཟའ། སྲོག་ཆགས་ཀྱི་དོན་དུ་འགྱུར་བ་མཐོང་ཚེ་ཞག་མང་པོའི་བར་དུ་ཟས་བཅད་ཀྱང་དེས་མི་སྐྱོ་བར་སེམས་ཅན་གྱི་དོན་ལ་བརྩོན་པར་མཛད་དེ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་བསླབ་པའི་གཞི་ལྔ་ལ་བཀོད་དོ། ། དེ་ལྟར་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་ནས་སྲོག་ཆགས་བྱེ་བ་ཕྲག་གསུམ་ཐེག་པ་ཆེན་པོའི་ལམ་ལ་བཀོད། སྲོག་ཆགས་བགྲང་བ་ལས་འདས་པ་ཞིག་ཐེག་པ་དམན་པའི་ལམ་ལ་བཀོད། སྲོག་ཆགས་གྲངས་མེད་མུ་མེད་པ་ཞིག་ལ་བྱམས་པའི་ཏིང་ངེ་འཛིན་བསྐྱེད་པར་མཛད། ཐ་ན་གྲོང་དང་གྲོང་ཁྱེར་དང་ཚོང་དུས་དང་ཡུལ་འཁོར་ལ་སོགས་པ་གང་དང་གང་དུ་བྱོན་པའི་སེམས་ཅན་དེ་དང་དེ་དག་གིས་ཞལ་མཐོང་བ་དང་། གསུང་ཐོས་པ་དང་ཕྱག་གིས་རེག་པ་དང་གང་དུ་ཞབས་བཞག་པའི་ས་དེ་དང་དེ་དག་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བྱམས་པའི་ཏིང་ངེ་འཛིན་ལ་བཀོད་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ལེགས་སོའི་བསྔགས་པ་བརྗོད་ཅིང་། དཀར་ཕྱོགས་ཀྱི་ལྷ་ཐམས་ཅད་ཀྱིས་འདི་ལྟ་བུར་སེམས་ཅན་ཐམས་ཅད་བྱམས་པ་ལ་འགོད་པ་ངོ་མཚར་རོ། ། ཞེས་རྒྱ་ཆེར་བསྔགས་པས་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་མཚན་གྲགས་ཤིང་། དེའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ད་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་བྱམས་པའི་མཚན་དང་ལྡན་པར་འགྱུར་ཞིང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་དེ་བཞིན་གཤེགས་པ་བྱམས་པ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། དེ་ནས་རྗེ་བཙུན་བྱམས་པ་མགོན་པོས་ཚོགས་གཉིས་ཕལ་ཆེར་རྫོགས་ཏེ་ས་བཅུ་པ་ལ་གནས་པའི་ཚེ་འོད་ཟེར་ཆེན་པོའི་དབང་བསྐུར་པ་ཐོབ་སྟེ། དེའི་ཚུལ་རྒྱས་པར་བརྗོད་ན་ཡི་གེ་མང་དུ་དོགས་པས་རྗེ་བདག་ཉིད་ཆེན་པོས་ཚིགས་བཅད་དུ་བསྒྲིགས་ནས་གསུངས་པ་ནི། མ་ལུས་སེམས་ཅན་བདེ་ལ་འགོད་ཕྱིར་དུ། ། རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱིས། ། འོད་ཟེར་ཆེན་པོའི་དབང་གིས་མགོན་ཁྱོད་ལ། ། ཆོས་ཀྱི་རྒྱལ་སྲིད་གཏད་པ་དགོངས་པར་རིགས། ། གང་ཚེ་ཁྱོད་ཀྱིས་དབང་བསྐུར་ས་བརྙེས་ཚེ། ། གྲངས་མེད་འབུམ་ཕྲག་བཅུ་ཡི་ཏིང་འཛིན་དང་། ། ཀུན་མཁྱེན་ཡེ་ཤེས་ཉིད་དུ་དབང་བསྐུར་བའི། ། ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་པའི་མཐར། ། སྟོང་གསུམ་འབུམ་ཕྲག་བཅུ་ཡི་རྡུལ་སྙེད་ཀྱི། ། པདྨོའི་འཁོར་གྱིས་བསྐོར་བའི་པདྨ་ནི། ། རྩ་བ་རིན་ཆེན་ལྟེ་བ་ཙན་དན་མཆོག ། ཟེའུ་འབྲུ་རྡོ་ཡི་སྙིང་པོ་ལོ་མ་ནི། ། འཛམ་བུ་ཆུ་བོའི་གསེར་ལྟར་ཀུན་ཏུ་སྣང་། ། རིན་ཆེན་ཀུན་གྱིས་རབ་སྤྲས་འདབ་བརྒྱ་འབྱེད། ། རིན་ཆེན་དྲ་བས་ཀུན་ནས་གཡོགས་པ་ལ། ། དེ་དང་འཚམ་པར་ཁྱོད་སྐུ་བཞུགས་པ་ནི། ། འཁོར་གྱི་པདྨར་དེ་སྙེད་རྒྱལ་བའི་སྲས། ། ཁྱོད་ཀྱི་ཞལ་དུ་ཕྱོགས་ནས་འཁོད་པ་རྣམས། ། འབུམ་ཕྲག་བཅུ་ཡི་ཏིང་ངེ་འཛིན་ལ་རོལ། ། དེ་ཚེ་ཁྱོད་ཀྱི་ཞབས་མཐིལ་པུས་མོ་དང་། ། ལྟེ་བ་རྩིབ་ལོགས་ཕྱག་གི་མཐིལ་གཉིས་ནས། ། གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཕྱུང་ནས། ། ངན་སོང་གསུམ་དང་མི་དང་ལྷ་མིན་ལྷ། ། གནས་ཀུན་སྣང་བྱས་སྡུག་བསྔལ་ཞི་བར་མཛད། ། ཕྲག་པ་རྒྱབ་མགུལ་ཞལ་གྱི་སྒོ་རྣམས་ནས། ། སྔར་གྱི་འོད་ཀྱིས་ཉན་རང་ས་དགུའི་བར། ། བྱང་སེམས་གནས་རྣམས་སྣང་མཛད་རིམ་བཞིན་དུ། ། ཆོས་སྣང་ཏིང་འཛིན་ཐབས་ཤེས་ཚུལ་རྣམས་བསྒྲུབས། ། སྔར་བཞིན་མཛོད་སྤུ་ནས་ཕྱུང་འོད་ཟེར་གྱིས། ། ཕྱོགས་བཅུའི་བདུད་གནས་ཐམས་ཅད་ཟིལ་མནན་ནས། ། དབང་བསྐུར་བརྙེས་པའི་རྒྱལ་བའི་སྲས་རྣམས་ཀྱི། ། སྐུ་ཡི་དཀྱིལ་འཁོར་དག་ཏུ་ནུབ་པར་མཛད། ། ཡན་ལག་མཆོག་ལས་སྟོང་གསུམ་འབུམ་ཕྲག་བཅུའི། ། ཕྲ་རབ་རྡུལ་སྙེད་འོད་ཟེར་ཕྱུང་ནས་ཀྱང་། ། བདེ་གཤེགས་འཁོར་གྱི་དཀྱིལ་འཁོར་སྣང་བྱས་ཏེ། ། འཇིག་རྟེན་ལན་བཅུར་བསྐོར་ནས་བར་སྣང་ལ། ། འོད་ཀྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་ཡིས། ། ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་ཆར་ཕབ་ནས། ། འཇིག་རྟེན་ལན་བཅུར་བསྐོར་ནས་རྒྱལ་རྣམས་ཀྱི། ། ཞབས་ཀྱི་མཐིལ་དུ་ཀུན་ནས་ནུབ་པར་གྱུར། ། དེ་ནས་སྲས་བཅས་རྒྱལ་བས་དཔའ་བོ་ཁྱོད། ། དབང་བསྐུར་དུས་ལ་བབ་པར་གཟིགས་གྱུར་ནས། ། དབང་བསྐུར་ཐོབ་པའི་རྒྱལ་བ་སྲས་བཅས་ཀྱི། ། རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རི་མོ་ལས། ། གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཟེར་གྱིས། ། འཁོར་བཅས་འོད་ཕྱུང་ཕྱོགས་ཀུན་སྣང་བྱས་ཏེ། ། མུ་མེད་ཆོ་འཕྲུལ་བསྟན་ནས་ཁྱོད་ཀྱི་ནི། ། རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རྣམས་སུ་ནུབ། ། དེ་ནས་དེ་མ་ཐག་ཏུ་ཁྱོད་ཀྱི་སྟོབས། ། འབུམ་འགྱུར་ལས་ཀྱང་ལྷག་པར་འཕེལ་བའི་ཚེ། ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་མཛོད་སྤུ་ནས། ། སྔར་བཞིན་འོད་ཀྱིས་ཞིང་ཀུན་སྣང་བྱས་ནས། ། འཇིག་རྟེན་ལན་བཅུ་བསྐོར་ཏེ་ཆོ་འཕྲུལ་བསྟན། ། བྱང་སེམས་བྱེ་བ་མང་བསྐུལ་ཞིང་ཀུན་བསྐྱོད། ། ངན་འགྲོ་ཞི་མཛད་བདུད་རྣམས་ཟིལ་མནན་ཏེ། ། བདེ་གཤེགས་རྣམས་ཀྱི་གདན་ཀུན་རབ་བསྟན་ནས། ། འོད་ཟེར་གཙོ་བོ་ཁྱོད་ཀྱི་སྤྱི་བོ་དང་། ། འཁོར་གྱི་འོད་ཟེར་འཁོར་གྱི་སྤྱི་བོར་ནུབ། ། དེ་ཚེ་བྱང་སེམས་རྣམས་ཀྱིས་སྔོན་མེད་པའི། ། སྟོང་ཕྲག་བཅུ་ཡི་ཏིང་འཛིན་ཐོབ་པར་གྱུར། ། དེ་ལྟར་གླང་པོ་རིན་ཆེན་གསེར་ཁྲི་ཡིས། ། བརྒྱན་པའི་སྟེང་དུ་འཁོར་ལོས་སྒྱུར་བའི་སྲས། ། རྒྱ་མཚོ་བཞི་ཡི་ཆུས་བཀང་གསེར་བུམ་གྱིས། ། སྤྱི་བོའི་གནས་ནས་རྒྱས་པར་དབང་བསྐུར་བ། ། དེ་བཞིན་ཐུབ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ། ། མངོན་པར་དབང་བསྐུར་ཁྱོད་ཀྱིས་འཁོར་བ་རུ། ། ལས་ཀྱིས་ཀུན་ནས་མནར་བའི་སེམས་ཅན་ཀུན། ། ཟག་མེད་བདེ་བའི་དཔལ་ལ་འགོད་དུ་གསོལ། ། ཞེས་གསུངས་པ་ལྟར་རོ། །
མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོ་ཞིང་འདིར་བྱོན་ནས་འཚང་རྒྱ་བའི་མཛད་པ་སྟོན་ཚུལ་ནི། ཐུབ་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་རིམ་གྱིས་རྫོགས་ནས་མཐར་རྟགས་ཙམ་འཛིན་པ་ལོ་ལྔ་བརྒྱ་དང་། དེ་ནས་དེ་ཡང་ནུབ་སྟེ་སེམས་ཅན་རྣམས་རྨོངས་ཤིང་ཉོན་མོངས་པ་ཁོ་ནའི་དབང་དུ་སོང་སྟེ་ཕན་ཚུན་གཅིག་ལ་གཅིག་འཚེ་ཞིང་སྡིག་པ་ཁོ་ན་སྤྱོད་པས་བསོད་ནམས་ཇེ་དམན་ཇེ་དམན་ལ་སོང་སྟེ་ཚེ་ལོ་ཉི་ཤུ་དང་། དེ་ཡང་ཇེ་ཐུང་ཇེ་ཐུང་ལ་སོང་སྟེ་མཐར་ཚེ་ལོ་བཅུ་ལ་རིང་མཐའ་བྱེད་པའི་དུས་འབྱུང་ཞིང་། དེ་ནས་མུ་གེའི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མཚོན་གྱི་བསྐལ་པ་རྣམས་རིམ་གྱིས་བྱུང་སྟེ་སེམས་ཅན་རྣམས་ཕན་ཚུན་འཐབ་རྩོད་ཀྱིས་སྡུག་བསྔལ་ཞིང་ཉམ་ཐག་པ་དམྱལ་བར་གནས་པ་ལྟ་བུར་འགྱུར་ལ། དེའི་དུས་སུ་རྗེ་བཙུན་བྱམས་པ་མགོན་པོའི་སྤྲུལ་པ་ཁྲུ་གང་པ་སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་བ། གཟི་བརྗིད་འབར་ཞིང་འོད་འཕྲོ་བ་ཞིག་བྱོན་པ་སེམས་ཅན་དེ་རྣམས་ཀྱིས་མཐོང་ནས་ངོ་མཚར་ཞིང་དད་པ་སྐྱེས་ཏེ་འདི་ལྟ་བུའི་སྐུ་གཟུགས་མཛེས་པ་ཅི་ལས་བྱུང་ཞེས་གསོལ་པས། སྤྲུལ་པའི་བྱམས་མགོན་དེས་ངས་བཟོད་པ་བསྒོམས་པས་འདི་ལྟར་བྱུང་བ་ཡིན། ཁྱེད་རྣམས་ཀྱང་འཐབ་རྩོད་སྤོངས་ལ་བཟོད་པ་སྒོམས་ཤིག ། དེ་ལྟར་བྱས་ན་ང་དང་འདྲ་བར་འགྱུར་རོ། ། ཞེས་གསུངས་པས། བྱམས་མགོན་གྱི་ཐུགས་བསྐྱེད་ཀྱི་མཐུས་སེམས་ཅན་དེ་དག་གིས་བཟོད་པ་བསྒོམས་པས་རིམ་གྱིས་བསོད་ནམས་རྒྱས་ནས་ཚེ་རིང་དུ་འཕེལ་ཏེ་ཚེ་ལོ་ཉི་ཤུ་པ་དང་། སུམ་ཅུ་པ་སོགས་ཚེ་ཇེ་རིང་ཇེ་རིང་དུ་གྱུར་ཅིང་བདེ་སྐྱིད་ཀྱང་ཇེ་འཕེལ་དུ་སོང་སྟེ་འཛམ་བུའི་གླིང་གི་ས་ཆེན་པོའི་ཁྱོན་འདི་ཐམས་ཅད་ལག་མཐིལ་ལྟར་མཉམ་ཞིང་ཡངས་པ། ངམ་གྲོག་དང་ཚེར་མ་དང་ལྗན་ལྗིན་དང་གྱོ་མོ་དང་གསེག་མ་ལ་སོགས་པ་མེད་ཅིང་། ནེའུ་གསིང་མཛེས་པས་ཁྱབ་པ། རྐང་པ་བཏེག་ན་སོར་བཞི་འཕར་ཞིང་མནན་ན་ནེམ་ཞེས་བྱེད་པ་ཤ་སྟག་སྟེ། ཤིང་བལ་ལྟར་འཇམ་པ། འབྲུ་དང་། ལོ་ཏོག་དང་། འཁྲི་ཤིང་གེལ་པ་ལ་སོགས་པས་གང་ཞིང། ཧ་ཅང་ཡང་མི་དྲོ་ཧ་ཅང་ཡང་མི་གྲང་བ་རླུང་ཤིན་ཏུ་ཆུང་བ། དུས་དང་ཚད་མཉམ་པར་ལྡང་ཞིང་དྲི་ཕུན་སུམ་ཚོགས་པ། མངར་ཞིང་ཞིམ་པའི་ས་ལུ་མ་རྨོས་པར་སྐྱེ་ཞིང་། ལྷའི་ཆར་བབས་པས་སའི་བཅུད་འཕེལ་བ། ཚོན་སྣ་ཚོགས་ཀྱིས་སྤྲས་པའི་གོས་ཀྱི་ལྗོན་ཤིང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་འཕང་དུ་རྒྱང་གྲགས་ཀྱི་ཚད་ཙམ་ཡོད་པས་གང་བ། བར་བར་ན་ལྟེང་ཀ་དང་ཁྲུས་ཀྱི་རྫིང་བུ་དང་ལྡན་པ་སྟེ་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ཞིག་འབྱུང་ངོ་། ། དེར་སྐྱེས་པའི་མི་རྣམས་ནི། ལུས་ལ་ཧ་རི་ཙན་དན་གྱི་དྲི་བྲོ་བ། ཀུ་ཤའི་གོས་ཁྱད་པར་དུ་འཕགས་པ་གྱོན་པ། ལྷའི་དཔལ་འབྱོར་ལ་ལོངས་སྤྱོད་ཅིང་ཚེ་ལོ་བརྒྱད་ཁྲི་ཐུབ་པ། ལུས་ངག་ཡིད་གསུམ་མི་དགེ་བ་དང་བྲལ་བ། ཁ་དོག་བཟང་ཞིང་ལུས་གཟུགས་ཆེ་བ། དེ་ལ་ད་ལྟའི་ཁྲུ་བརྒྱད་ཅུ་འམ་བརྒྱད་ཅུ་རྩ་བརྒྱད་པ། འདོམ་ཉི་ཤུ་རྩ་གཉིས་ཙམ་ཡོད་པ། ཀུན་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པ། མི་དེ་དག་ལ་འདོད་པ་དང་ཟ་བ་དང་རྒས་པ་སྟེ་དེ་ཙམ་མ་གཏོགས་ནད་ཀྱི་མིང་ཙམ་ཡང་མི་གྲག་པ་ལྷའི་ལུས་དང་ཁྱད་པར་མེད་པར་འགྱུར་རོ། ། སྟོན་པའི་བསྟན་པ་རྟགས་ཙམ་འཛིན་པ་འདི་ནུབ་པ་ཡན་ཆད་ཀྱིས་བསྐལ་པ་ཡ་ཐོག་རིང་མོ་རྫོགས་པ། དེ་ནས་རྗེ་བཙུན་བྱམས་པ་མགོན་པོ་མ་བྱོན་གྱི་བར་ལ་རང་སངས་རྒྱས་མང་དུ་འབྱུང་ཞིང་། བར་གྱི་ཁུག་པ་བཅོ་བརྒྱད་ཀྱི་འགོར་རྗེ་བཙུན་བྱམས་པ་མགོན་པོ་འབྱོན་པར་གསུངས་སོ། ། རྗེ་བཙུན་བྱམས་པ་མགོན་པོ་གང་དུ་འབྱོན་པའི་གནས་ནི་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཚུལ་བསྟན་པའི་ས་གྲོང་ཁྱེར་རྩྭ་ཅན་དུ་ཏོག་གི་བློ་གྲོས་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་འབྱུང་ལ། ཕོ་བྲང་དེའི་ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་ཡོད་པ། རིན་པོ་ཆེ་སྣ་བདུན་གྱི་སོ་ཕག་གི་རྩིག་པ་རིམ་པ་བདུན་དང་། འོབས་རིམ་པ་བདུན་དང་། རིན་པོ་ཆེ་ལས་གྲུབ་པའི་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་ཞིང་དྲིལ་བུའི་དྲ་བས་མཛེས་པ། དེ་དག་རླུང་གིས་བསྐྱོད་པ་ན་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་འབྱུང་སྟེ། སེམས་ཅན་རྣམས་དགའ་བར་བྱེད་པ། ལྷ་རྫས་ལས་གྲུབ་པའི་མེ་ཏོག་མནྡྷ་ར་དང་། ཀུ་མུད་ཏ་དང་། ཨུཏྤལ་དང་། མི་ཡུལ་ན་ཡོད་པའི་མེ་ཏོག་སྣ་ཚོགས་པའི་རྒྱན་བཀྲམ་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་དང་། མཚོ་པདྨས་བརྒྱན་པ་རྣམས་ལ་ཆུ་བྱ་མང་པོ་སྒྲ་སྙན་པ་སྣ་ཚོགས་སྒྲོག་པ། སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་མེ་ཏོག་གིས་གང་བ་ཡོད་པ། གྲོང་ཁྱེར་དེའི་ཕྱོགས་བཞི་དང་དབུས་ཀུན་ན་གཞན་ལས་ཁྱད་པར་དུ་འཕགས་པའི་རིན་པོ་ཆེའི་དཔག་བསམ་གྱི་ཤིང་རེ་བ་ཐམས་ཅད་སྐོང་བ་ཡོད་པས། དེས་ལྷའི་འབྱོར་བ་ཡང་ཟིལ་གྱིས་གནོན་པར་བྱེད་དོ། ། དེར་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དཔུང་ཚོགས་ཡན་ལག་བརྒྱད་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དང་ལྡན་པ། བཙུན་མོ་བརྒྱད་ཁྲི་དང་། ཁམས་ཀྱི་རྒྱལ་ཕྲན་བཞི་སྟོང་བརྒྱད་ཅུ་ལ་དབང་བསྒྱུར་པ་ཆོས་ཀྱི་སྲིད་སྐྱོང་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་ཞིང་། དེའི་མདུན་ན་འདོན་ཆེན་པོ་བྲམ་ཟེ་ཚངས་རབ་ཅེས་པ་ཐོས་པ་མང་ཞིང་རིག་བྱེད་ཀུན་ལ་མཁས་པ། དེ་ལ་བཙུན་མོ་ཚངས་ལྡན་མ་ཞེས་བྱ་བ་སྒྱུ་རྩལ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་མཛེས་པ་ཞིག་འབྱུང་སྟེ། བྲམ་ཟེ་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་རྗེ་བཙུན་བྱམས་མགོན་འབྱོན་པར་འགྱུར་རོ། ། དེ་ཡང་རྗེ་བཙུན་བྱམས་པ་མགོན་པོས་དུས་དང་ཡུལ་དང་རིགས་དང་རུས་དང་ཡུམ་ལྔ་ལ་གཟིགས་ནས་དགའ་ལྡན་གྱི་གནས་ནས་བབས་ཏེ་འཛམ་བུའི་གླིང་དུ་འབྱོན་པ་ཡིན་ནོ། ། དེ་ཡང་དུས་ནི་ཚེ་ལོ་བརྒྱད་ཁྲི་པ་སྣོད་བཅུད་ཐམས་ཅད་ཕུན་སུམ་ཚོགས་པ་བྱམས་མགོན་རང་ཉིད་ཀྱི་འདུལ་བར་འོས་པའི་སེམས་ཅན་རྣམས་འདུལ་བའི་དུས་ལ་གཟིགས་པའོ། ། ཡུལ་ནི་འཛམ་བུའི་གླིང་ལ་གཟིགས་པའོ། ། རིགས་ནི་དེའི་དུས་ཀྱི་མི་རྣམས་བྲམ་ཟེའི་རིགས་མཆོག་ཏུ་བྱེད་པས་བྲམ་ཟེའི་རིགས་ལ་གཟིགས་པའོ། ། རུས་ནི་ཡབ་ཡུམ་གཉིས་ཀའི་རིགས་རྒྱུད་སྐྱོན་མེད་པ་ལ་གཟིགས་པའོ། ། ཡུམ་ནི་བྲམ་ཟེ་ཚངས་ལྡན་མ་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་སྨོན་ལམ་གྱི་མཐུ་ཅན་དེ་ལ་གཟིགས་པའོ། ། དེ་ལྟར་གཟིགས་ནས་དུས་ལ་བབ་པ་ན་ལྷ་རྣམས་ཀྱིས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་དགའ་ལྡན་ནས་བབས་ཏེ་འཛམ་བུའི་གླིང་དུ་གཤེགས་ཏེ་ཡུམ་ཚངས་ལྡན་མའི་ལྷུམས་སུ་ཞུགས་སོ། ། དེ་ནས་ཟླ་བ་བཅུའི་རིང་ལ་དཀར་ཕྱོགས་ཀྱི་ལྷ་རྣམས་ལ་ནུབ་རེ་བཞིན་ཆོས་སྟོན་པ་སོགས་གདུལ་བྱའི་དོན་རྒྱ་ཆེར་མཛད་ནས་ཟླ་བ་བཅུ་སོང་བ་ན་ཡུམ་ཚངས་ལྡན་མ་སྐྱེད་མོས་ཚལ་མེ་ཏོག་བཟང་རྒྱས་ཞེས་བྱ་བར་བྱོན་ནས་ཕྱག་གཡས་པས་ཤིང་གི་ཡལ་ག་ལ་འཇུས་ཏེ་གནམ་དུ་གཟིགས་པ་ན་རྩིབ་ལོགས་གཡས་ནས་སྐུ་བལྟམས། དེའི་འོད་ཀྱིས་འཇིག་རྟེན་ཐམས་ཅད་བཀང་སྟེ་སྐད་ཅིག་དེ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུན་བཅད་དེ་བདེ་བས་ཁྱབ་པར་བྱས། ལྷའི་དབང་པོ་བརྒྱ་བྱིན་གྱིས་བར་སྣང་ལས་བླངས། ཀླུའི་རྒྱལ་པོ་རྣམས་ཀྱིས་ནམ་མཁའ་ལས་བདུད་རྩིའི་ཁྲུས་གསོལ། དེ་ནས་ཕྱོགས་བཞིར་གོམ་པ་བདུན་བོར་བའི་ཤུལ་དུ་གཏེར་ཆེན་པོ་རེ་དང་པདྨ་རེ་བྱུང་ཞིང་། ཕྱོགས་བཞིར་གཟིགས་ཏེ། ང་ཡི་སྐྱེ་བའི་ཐ་མ་ནི། ། འདི་ཡིན་ཡང་སྲིད་ཡོད་མ་ཡིན། ། ཡང་དང་ཡང་དུ་ཕྱིར་མི་འོང་། ། ཟག་མེད་མྱ་ངན་འདས་པར་འགྲོ། ཞེས་གསུངས། དེའི་ཚེ་བྱམས་མགོན་སྐུ་བལྟམས་པ་དང་མཉམ་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་ལ་སྲས་སྟོང་དང་། གཞན་ཡང་འཇིག་རྟེན་ན་ཡ་རབས་ཀྱི་རིགས་མང་པོ་བཙའ་ཞིང་གཏེར་རྣམས་ཀྱང་ཁ་བྱེ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས། བྱམས་མགོན་གྱི་དབུ་ཐོག་ཏུ་གདུགས་དཀར་པོ་བཟུང་། ཕྱོགས་ཐམས་ཅད་རོལ་མོའི་སྒྲ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་ཁྱབ་པར་བྱེད་དོ། ། དེ་ནས་ཡབ་ཡུམ་གཉིས་ཀྱིས་གཞོན་ནུ་དེ་མཚན་མཁན་ལ་བསྟན་པ་ན་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ཡིན་པས་མྱུར་དུ་འཚང་རྒྱ་བར་འགྱུར་རོ། ། ཞེས་ལུང་སྟོན། དེ་ནས་བྱམས་མགོན་གྱིས་སྒྱུ་རྩལ་སྟོན་པ་སོགས་གཞོན་ནུ་རོལ་རྩེད་མཛད་པས་སྲོག་ཆགས་གྲངས་མེད་པ་ཞིག་སྨིན་གྲོལ་ལ་འགོད་ཅིང་ལོ་ཉི་ཁྲིའི་བར་དུ་ཁྱིམ་དུ་བཞུགས། དེ་ནས་འཚང་རྒྱ་བའི་དུས་ལ་བབ་པ་ན། རྒྱལ་པོ་དུང་གིས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་མཆོད་སྡོང་སྤོམས་སུ་འདོམ་དྲུག་ཅུ་རྩ་བཞི། འཕང་དུ་འདོམ་སྟོང་ཡོད་པ་ཞིག་བྱམས་པའི་ཡབ་ཚངས་རབས་ལ་ཕུལ་ལོ། ། ཚངས་རབས་ཀྱིས་བྲམ་ཟེ་རྣམས་ལ་བྱིན་ནོ། ། བྲམ་ཟེ་རྣམས་ཀྱིས་དེ་མ་ཐག་བགོས་སོ། ། རྗེ་བཙུན་བྱམས་པས་མཆོད་སྡོང་དེ་ཉིད་མི་རྟག་པར་དགོངས་ཏེ་ཡབ་ལ་གནང་བ་གསོལ་ནས་བྲམ་ཟེ་དང་རྒྱལ་བུ་བཞི་སྟོང་བརྒྱད་ཅུ་དང་བཅས་ཏེ་རབ་ཏུ་བྱུང་ནས་ཀླུ་ཤིང་ཞེས་པའི་བྱང་ཆུབ་ཀྱི་ཤིང་འཕང་དུ་དཔག་ཚད་ཙམ་དུ་འཕགས་ཤིང་། ལོ་འདབ་དང་འབྲས་བུས་མཛེས་པའི་ཡལ་གས་ཁོ་ར་ཁོར་ཡུག་ཏུ་རྒྱང་གྲགས་དྲུག་གི་བར་ཁེབས་པའི་དྲུང་དུ་འཁོད་དེ་རབ་ཏུ་བྱུང་བའི་ནུབ་མོ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེ་ནས། ད་ནི་གནས་བཟང་མཆོག་ཐོབ་པས། ། ད་བཟོད་གནས་གཞན་མི་འགྲོ་སྟེ། ། འཆི་བདག་ན་རྒ་ལས་གྲོལ་བས། ། ཟབ་མོ་བདུད་རྩིའི་སྒོ་འདི་རྙེད། ། ཅེས་གསུངས་ནས་ཞག་བདུན་དུ་ཆོས་མ་གསུངས་པ་ལས། ཚངས་པས་གདུགས་དཀར་པོ་གསེར་གྱི་རྩ་བ་ཅན་ཁ་དོག་སྣ་ལྔའི་མུ་ཏིག་དང་དྲིལ་བུའི་དྲ་བས་གཡོགས་པ་དཔག་ཚད་གསུམ་ཡོད་པ་འཛིན་ཅིང་། ལྷའི་རིན་པོ་ཆེས་བརྒྱན་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཞིང་། མེ་ཏོག་དང་རིན་པོ་ཆེ་དང་སྤོས་ཀྱི་ཆར་རབ་ཏུ་ཕབ་སྟེ། རྗེ་བཙུན་བྱམས་པ་མགོན་པོ་ཁྱེད་ཉིད་ཀྱིས། ། ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་དུ་གསོལ། ། ཞེས་སོགས་ཀྱིས་གསོལ་བ་བཏབ་པས་ཅང་མི་གསུང་བས་གནང་སྟེ། མེ་ཏོག་མཛེས་པར་རྒྱས་པའི་སྐྱེད་མོས་ཚལ་དུ་གཤེགས་སོ། ། དེར་གཤེགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དག་མཐོང་བས་རྒྱལ་པོ་དུང་ཡང་བུ་དང་བཙུན་མོ་དང་བཅས་རྒྱལ་པོ་བཞི་སྟོང་བརྒྱད་ཅུ། ཚངས་རབས་སོགས་བྲམ་ཟེ་བཞི་སྟོང་བརྒྱད་ཅུ། སྲོག་ཆགས་སྟོང་ཕྲག་གྲངས་མེད་པ་དག་ཀྱང་འཁོར་དེར་འདུས་ཏེ་རབ་ཏུ་བྱུང་ངོ་། ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འདུས་པ་དང་པོ་ལ་དགྲ་བཅོམ་པ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ ། གཉིས་པ་ལ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བཞིའོ། ། གསུམ་པ་ལ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སོ། ། དེའི་ཚེ་རྒྱལ་བའི་འོད་ཟེར་གྱི་མཐུས་མུན་པའི་ཆ་ཤས་མ་མཆིས་ཤིང་ཉི་ཟླའི་འོད་ཀྱང་ཟིལ་གྱིས་མནན་པ་ལྟར་གྱུར་ནས། ཉིན་མཚན་གྱི་དབྱེ་བ་མེ་ཏོག་རྣམས་ཁ་བྱེ་བའི་ཚེ་ཉིན་མོ། ཟུམ་པའི་ཚེ་མཚན་མོའོ། ། ཡང་བྱ་རྣམས་སྒྲ་གྲག་པའི་ཚེ་ཉིན་མོ། མི་གྲག་པའི་ཚེ་མཚན་མོའོ། ། དེ་ཙམ་མ་གཏོགས་མཚན་མོའི་མུན་པ་མ་མཆིས་ཏེ་ཡུལ་འཁོར་ཀུན་རྩེ་ཞིང་དགའ་མགུར་སྤྱོད་ལ། ཐམས་ཅད་ཀྱང་བྱམས་མགོན་གྱི་མཐུས་ཕན་ཚུན་བྱམས་པ་ལ་གནས་ཤིང་ཆོས་བཞིན་སྤྱོད་པ་ཤ་སྟག་གོ ། དེ་ནས་རྒྱལ་བ་ཉན་ཐོས་རྣམས་དང་ཐབས་གཅིག་ཏུ་གྲོང་ཁྱེར་དུ་བསོད་སྙོམས་ལ་རྒྱུ་བ་ན། བརྒྱ་བྱིན་དང་ཚངས་པ་སོགས་ལྷ་ཐམས་ཅད་ཀྱིས་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པ་དང་། ཕྲེང་བ་དང་མཆོད་པའི་བྲེ་བྲག་རྣམས་ཀྱི་ཆར་མངོན་པར་འབེབས་ལ། གང་དུ་བཞུགས་པའི་ས་དེར་རིན་པོ་ཆེའི་ཁྲི་དང་འཇམ་ཞིང་རེག་ན་བདེ་བའི་གདིང་བ་གྱ་ནོམ་པ་འདིང་བར་བྱེད་དོ། ། སྐྱེ་དགུ་ཀུན་ཡང་བསྟོད་པའི་དབྱངས་སྙན་པོ་སོགས་ཀྱིས་མཆོད་དོ། ། དེ་ལྟར་ལོ་དྲུག་ཁྲིའི་བར་དུ་སེམས་ཅན་གྲངས་མེད་དཔག་ཏུ་མེད་བརྗོད་དུ་མེད་པའི་དོན་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡོངས་སུ་མྱ་ངན་ལས་འདའ་སྟེ། སྐུ་གདུང་ནི་རིལ་པོ་གཅིག་ཏུ་བཞུགས་སོ། ། རྗེ་བཙུན་བྱམས་པ་མགོན་པོ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚེ་ཡབ་ཡུམ་དང་། འཁོར་འདུས་པ་དང་སྐུ་ཚེའི་ཚད་ལ་སོགས་པ་ནི་མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་བྱམས་པ་སྐྱེ་བའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཏོག་གི་བློ་གྲོས་ཞེས་བྱའོ། ། རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་གཅིག་གོ ། ཡབ་ནི་ཚངས་བཟང་ཞེས་བྱའོ། ། ཡུམ་ནི་ཚངས་བདག་མ་ཞེས་བྱའོ། ། སྲས་ནི་བསོད་ནམས་སྟོབས་ཆེན་ཞེས་བྱའོ། ། རིམ་གྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ ། གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བཞིའོ། ། གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སོ། ། སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། ། དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། ། སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། ། ཞེས་གསུངས་པ་ལྟར་རོ། ། སྟོན་པ་ཤཱཀྱའི་རྒྱལ་པོ་འདིའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསླབ་པའི་གཞི་རྣམས་ལེགས་པར་བསྲུང་ཞིང་ཐོས་བསམ་སྒོམ་གསུམ་ལ་འབད་ཀྱང་ཐེག་པ་གསུམ་གྱི་འབྲས་བུ་མ་ཐོབ་པ་རྣམས་རྗེ་བཙུན་བྱམས་པ་མགོན་པོ་ཞིང་འདིར་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་རྗེས་སུ་འཛིན་པར་ཐུབ་པས་གསུངས་ཤིང་བྱམས་མགོན་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། ཤཱཀྱ་སེང་གེའི་བསྟན་པ་ལ། ། བསླབ་གཞི་ཡང་དག་བླངས་ནསནི། ། ཇི་ལྟར་གསུངས་བཞིན་རབ་བསྒྲུབས་ན། ། ང་ཡི་བསྟན་ལ་ལྷགས་པ་ཡིན། ། དགེ་འདུན་ལ་ཡང་ཆོས་གོས་དང་། ། ཞལ་ཟས་དང་ནི་བཏུང་བ་དང་། ། བསྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས། ། ཕུལ་ན་ང་ཡི་བསྟན་ལ་ལྷགས། ། བཅུ་བཞི་དང་ནི་བཅོ་ལྔ་དང་། ། དེ་བཞིན་ཟླ་ཕྱེད་ཚེས་བརྒྱད་དང་། ། ཆོ་འཕྲུལ་གྱི་ནི་ཟླ་བ་ལ། ། བསྙེན་གནས་ཡན་ལག་བརྒྱད་བསྲུངས་ཤིང་། ། མཆོད་དང་གསོ་སྦྱོང་ལེགས་བྱས་ན། ། ང་ཡི་བསྟན་ལ་ལྷགས་པ་ཡིན། ། ཞེས་གསུངས་པ་ལྟར་རོ། ། དགའ་ལྡན་དུ་རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ་སྐྱེས་ནས་བྱམས་མགོན་ལས་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་ཐོས་པར་འདོད་པ་རྣམས་ཀྱིས་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་ཡིད་ལ་བྱས་ཏེ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཡང་དང་ཡང་དུ་འབུལ་བ་དང་། ཁས་བླངས་པའི་བསླབ་ཁྲིམས་དག་པར་བསྲུང་བ་དང་། སྟོན་པ་ཐུབ་པའི་དབང་པོ་དང་མགོན་པོ་བྱམས་པ་གཉིས་ཀ་ལ་གསོལ་བ་བཏབ་ན་ཇི་ལྟར་སྨོན་པ་དེ་བཞིན་དུ་འགྲུབ་པར་མདོ་ལས་གསུངས། བྱམས་པས་དམ་བཅས་པའི་གཟུངས་ཁ་ཏོན་དུ་བྱས་ནའང་དགའ་ལྡན་དུ་སྐྱེ་བ་དང་། བྱམས་པ་མགོན་པོས་ངེས་པར་རྗེས་སུ་འཛིན་པར་ཞལ་གྱིས་བཞེས་ཤིང། སྔོན་གྱི་དམ་པ་མང་པོས་ཞིང་གཤེགས་ཁར་དགའ་ལྡན་དུ་ཕེབས་བཞེད་ནས་བྱམས་པས་དམ་བཅས་པའི་གཟུངས་ཁ་ཏོན་དུ་མཛད་པ་དང་། བྱམས་པའི་སྐུ་བཞེངས་པ་དང་། བྱམས་པའི་སྨོན་ལམ་འདོན་ཞིང་གཞན་ལའང་རྒྱ་ཆེར་སྤེལ་བར་མཛད་པའི་རྣམ་ཐར་མང་དུ་སྣང་ངོ་། ། བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གི་གཞུང་རྩ་བ་མཐར་ཐུག་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཏུ་སྦྱར་ཏེ་སྟོན་པའི་གཞུང་ནི་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་ཡིན་ཏེ། མངོན་རྟོགས་རྒྱན་གྱིས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཐམས་ཅད་བརྗོད་བྱ་དངོས་པོ་བརྒྱད། དེ་ལ་ནང་གསེས་ཀྱིས་ཕྱེ་བས་དོན་བདུན་ཅུར་གཏན་ལ་ཕབ། དེའི་དང་པོ་སེམས་བསྐྱེད་ནས་ཐ་མ་འཕྲིན་ལས་ཀྱི་བར་ཐམས་ཅད་གང་ཟག་གཅིག་གིས་ཉམས་སུ་ལེན་ཚུལ་གསལ་བར་སྟོན་པ་ནི་བྱང་ཆུབ་ལམ་གྱི་རིམ་པ་སྟེ། རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་འདི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། ། དེ་ལྟར་རྗེ་བཙུན་བྱམས་པ་མགོན་པོས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གི་གཞུང་རྩ་བ་མངོན་རྟོགས་རྒྱན་དང་། དེའི་ཉམས་ལེན་གྱི་གནད་རྣམས་མདོ་མང་པོ་ནས་བཏུས་ཏེ། རྒྱས་པར་སྟོན་པ་མདོ་སྡེ་རྒྱན་དང་། བྱང་ཆུབ་ལམ་གྱི་རིམ་པའི་ཞི་ལྷག་གཉིས་ཀྱི་ཉམས་ལེན་ཟུར་དུ་བཀར་ནས་སྟོན་པ་དབུས་མཐའ་རྣམ་འབྱེད་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་གཉིས་བྱང་ཆུབ་ལམ་གྱི་རིམ་པའི་ལྟ་བའི་གནད་མཐར་ཐུག་པ་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བའི་དབུ་མའི་ལྟ་བ་དང་མཐུན་པར་སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་གནས་རིགས་གཏན་ལ་ཕབ་སྟེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་རྒྱུད་བླ་མ་རྣམས་མཛད་དེ། དེ་དག་ལ་བྱམས་ཆོས་སྡེ་ལྔ་ཞེས་ཡོངས་སུ་གྲགས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་ལ་གསོལ་བ་གདབ་པ་དང་། བྱམས་མགོན་གྱི་གཞུང་འདི་དག་ལ་གཅེས་པོ་ཆེར་བཟུང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པར་བྱའོ། ། ། །
༈ རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། ། ཞེས་བསྔགས་པ། འཕགས་པ་ཐོགས་མེད་ནི། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། ། ལོ་ནི་དགུ་བརྒྱ་ལོན་བ་ན། ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། ། བསྟན་བཅོས་དེ་ནི་དོན་ལ་མཁས། ། མདོ་སྡེ་ངེས་དོན་དྲང་བའི་དོན། ། རྣམ་པ་མང་པོ་རབ་ཏུ་འབྱེད། ། འཇིག་རྟེན་རིག་པ་སྟོན་བདག་ཉིད། ། གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། ། དེ་ཡི་རིག་པ་གྲུབ་པ་ནི། ། ས་ལའི་ཕོ་ཉ་མོ་ཞེས་བརྗོད། ། དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། ། བློ་ནི་བཟང་པོ་སྐྱེ་བར་འགྱུར། ། བསྟན་པ་ཡུན་རིང་གནས་བྱའི་ཕྱིར། ། མདོ་ཡི་དེ་ཉིད་བསྡུས་དོན་བྱེད། ། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། ། དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། ། ཞེས་གསལ་བར་ལུང་བསྟན་པ་ཐུབ་པའི་བསྟན་པ་ཉམས་དམས་པ་གསོ་བའི་ཕྱིར་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཞིང་འདིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང། རྒྱལ་བ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན་ནང་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དང་། དེ་ནས་ཀྱང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་བོ་ཞིག་གིས་ཐེག་ཆེན་རྒྱལ་བའི་བཀའ་མིན་ནོ་ཞེས་ལོག་པར་བཟུང་སྟེ་ཐེག་པ་ཆེན་པོའི་བསྟན་པ་ཆེས་ཆེར་ཉམས་དམས་པར་བྱས་ཤིང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་ཕན་ཚུན་རྩོད་པར་བྱེད་པས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཕྱོགས་སུ་གྱེས་པས་རྒྱལ་བའི་བསྟན་པ་ཤིན་ཏུ་ཉམས་ཤིང་། ལྷག་པར་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་ཏེ་ཡིད་བསྒྱུར་བའི་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ། འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། ། ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། ། དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། ། མུ་སྟེགས་འཆལ་པའི་ཀླད་པ་རྣམ་པར་འགེམས། ། ཞེས་པར་རིག་ནས་དམག་དྲངས་ཏེ་བསྟན་པ་བསྣུབས་སོ། ། དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར་ཏེ། དེའི་སྙིང་གར་རྐང་རྗེས་འདྲ་བ་ཞིག་ཡོད་པས། ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། ། དེ་ནས་ཡང་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ་བཀྲུ་ཆུ་གཏོར་བས་ཁྲོས་ཏེ་ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ། ། དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པ་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རྒྱལ་བའི་བསྟན་པ་གསོ་བའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཡོད་པ་དེའི་བསམ་པ་ལ་ཐུབ་པའི་བསྟན་པ་ལ་དགྲ་ལན་གསུམ་བྱུང་སྟེ་ནུབ་པས། ད་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལས་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པས་ཐོགས་མེད་འཁྲུངས་སོ། ། དེ་ནས་ཡུམ་གྱིས་སྲས་འཁྲུངས་མ་ཐག་ལྕེ་ལ་གྷི་ཧང་གིས་ཡི་གེ་ཨ་འདྲི་བ་སོགས་བློ་རྣོ་བའི་ཐབས་བྱས་ཤིང་རྣམ་པ་ཀུན་ནས་གཙང་སྦྲ་ལ་གནས་ཏེ་བུ་འདིས་རྒྱལ་བའི་བསྟན་པ་འཛིན་པ་ཞིག་ནམ་འོང་སྙམ་དུ་དེ་འབའ་ཞིག་ཡིད་ལ་བརྣགས་ཏེ་དེའི་ཐབས་ལ་འབད་ཅིང་ཡི་གེ་དང་རྩིས་དང་བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ཡུམ་རང་ཉིད་ཀྱིས་བསླབས། དེ་ཆེར་སྐྱེས་པའི་ཚེ་གཞོན་ནུ་དེས། ཡུམ། ཕའི་ལས་གང་ཡིན་ཞུས་པས་ཡུམ་གྱིས་ཁྱོད་ཕའི་རིགས་སྐྱོང་པའི་ཕྱིར་བསྐྱེད་པ་མིན་གྱི། སངས་རྒྱས་ཀྱི་བསྟན་པ་ཉམས་པ་སེམས་ཀྱིས་མ་བཟོད་ནས་དེའི་ཕྱིར་བསྐྱེད་པ་ཡིན་པས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ཀློག་པ་དང་། བསམ་གཏན་ལ་འབད་ནས་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་ཅེས་གསུངས་ནས་རབ་ཏུ་བྱུང་སྟེ་དགེ་ཚུལ་དང་། དེ་ནས་མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ནས་ལོ་རེ་ལ་ཚིགས་བཅད་འབུམ་འབུམ་གྱི་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་པར་མཛད་པས་རིང་པོར་མ་ཐོགས་པར་སྡེ་སྣོད་གསུམ་ཐུགས་སུ་ཆུད། འོན་ཀྱང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྟོགས་དཀའ་བར་བྱུང་ནས་ཤེར་ཕྱིན་གྱི་མདོ་སྡེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ནམ་ཞིག་ན་རྙེད་སྙམ་དུ་དེ་འབའ་ཞིག་ཐུགས་ལ་བཅངས་ནས་ཚུལ་ཁྲིམས་དག་པར་བྱ་བ་དང་། ཚོགས་བསག་པ་དང་། སྒྲིབ་པ་སྦྱོང་བའི་སྒོ་དུ་མ་ལ་འབད་པ་དང་། ནང་དུ་ཡང་དག་འཇོག་ལ་རྟག་ཏུ་འགྲུས་པར་མཛད། དེ་ནས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཞིག་ལ་སྒྱུ་འཕྲུལ་དྲ་བའི་དབང་ཞུ་བར་མཛད་ནས་དེའི་དཀྱིལ་འཁོར་དུ་ཞུགས་ཏེ་ལྷག་པའི་ལྷ་གང་ལ་འབྲེལ་ཆེ་དང་། གང་ལ་གསོལ་བ་བཏབ་ན་བྱིན་རླབས་མྱུར་བརྟག་པའི་ཕྱིར་མེ་ཏོག་དོར་བ་ན་མེ་ཏོག་བྱམས་མགོན་ལ་བབས་སོ། ། དེ་ནས་རྗེ་བཙུན་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་སྙམ་དུ་དགོངས་ཏེ་རི་བྱ་རྐང་གི༌ཕུག་ཏུ་བསྒྲུབ་ཏུ་བྱོན་ཏེ་ལོ་གསུམ་ཏུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན་རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། ། བསྒྲུབས་ན་མི་འགྲུབ་གང་ཡང་མེད། ། དཀའ་ཡང་བརྣགས་པ་མ་དོར་ན། ། རི་བོ་རྣམས་ཀྱང་ཐལ་བར་རློག ། ཟེར་བས་བརྩོན་འགྲུས་བརྩོམ་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན་ཆུ་ཐིགས་ཀྱིས་བྲག་ཟད་པ་མཐོང་ནས་བརྩོན་པས་ཡུན་རིང་དུ་བསྒྲུབ་དགོས་པར་མཐོང་ནས་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་མཐོང་བ་ན་སྐྱོ་སྟེ་ཕྱིར་འཐོན་པས་བྱ་སྒྲོས་བྲག་ཟད་པ་མཐོང་སྟེ་ད་དུང་བརྩོན་པ་བྱེད་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་མཚམས་བཅད་དེ་བསྒྲུབས། དེ་ལྟར་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་མ་བྱུང་བས་སྐྱོ་སྟེ་འཐོན་ནས་ཕྱིན་པ་ན་ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུགས་ཤིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་རྣམས་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད་དེ་དེར་འབུ་རྣམས་བླང་ངོ་སྙམ་སྟེ་གྲོང་ཁྱེར་ཨ་ཙན་ཏ་ཞེས་བྱ་བར་ཕྱིན་ཏེ། གསེག་ཤང་གཏེང་བར་བཅུག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་འབུ་རྣམས་ཤི་ཡི་དོགས་ཏེ། སྤྱན་བཙུམས་ཏེ་ལྗགས་ཀྱིས་བླངས་པ་ན་ཁྱི་མོ་མེད་པར་རྗེ་བཙུན་འོད་དང་བཅས་པར་མཐོང་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། ། ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། ། ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང། ། གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། ། བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཀྱང་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས་རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། ། ས་བོན་མི་རུང་མི་འཁྲུངས་ལྟར། ། སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། ། སྐལ་བ་མེད་པས་བཟང་མི་མྱོང་། ། ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་དག་ནས་མཐོང་བ་ཡིན། དེ་ལྟར་ཡིན་པར་ཁྱོད་རང་ང་ཕྲག་གོང་དུ་ཁྱེར་ལ་མི་རྣམས་ལ་སྟོན་ཅིག་གསུངས་ནས་བསྟན་པས་མཐོང་བ་མ་བྱུང་བས་དེས་ཡིད་ཆེས་སོ། ། ཁྱོད་ཅི་འདོད་གསུང་བ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་གྲོ་སྐད་གཅིག ། མི་ལོ་ལྔ་བཅུར་བཞུགས་ཏེ་རྗེ་བཙུན་བྱམས་པ་མགོན་པོ་ལ་ཐེག་པ་ཆེན་པོའི་ཆོས་མཐའ་ཡས་པ་གསན་ཞིང་། ལྷག་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་གནད་རྣམས་གཏིང་ཕྱིན་པར་ཞུས་ཏེ་ཇི་ལྟར་གསུངས་པའི་དོན་རྣམས་ལ་སེམས་པ་དང་འཇལ་བ་དང་རྟོག་པར་བྱེད་ཅིང་བསྒོམས་པའི་མཐུས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ཐོབ་ཅིང་། མི་བརྗེད་པའི་གཟུངས་དང། ཐོགས་པ་མེད་པའི་སྤོབས་པ་དང་། ཐེག་པ་ཆེན་པོའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་ཅིང་ཆོས་ཉིད་མངོན་དུ་གྱུར་ཏེ་འཕགས་པའི་ས་ཐོབ། དེ་ནས་གདུལ་བྱའི་དོན་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ལམ་གྱི་རིམ་པ་ཚང་བར་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས་རྗེ་བཙུན་བྱམས་པ་མགོན་པོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་བྱང་ཆུབ་ལམ་གྱི་རིམ་པ་སྟོན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་། མདོ་སྡེ་རྒྱན་དང་། འབྱེད་རྣམ་གཉིས་དང། རྒྱུད་བླ་མ་སྟེ་ཆོས་ལྔ་བརྩམས་སོ། ། འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་དུ་བཞུགས་པའི་ཡུན་ཚད་ལ་ལྷའི་གྲོ་སྐད་ཅིག་མི་ལོ་ལྔ་བཅུ་གསུངས་པ་འདི་ལ་གྲོ་སྐད་གཅིག་ལ་མི་ལོ་ལྔ་བཅུ་ཇི་ལྟར་འོང་སྙམ་དུ་དོགས་པར་མི་བྱ་སྟེ་མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། ། འདོད་པ་དག་གི་ལྷ་རྣམས་ལས། ། འོག་མ་རྣམས་ཀྱི་ཉིན་ཞག་གཅིག ། གོང་མ་གཉིས་ཀ་ཉིས་འགྱུར་རོ། ། ཞེས་གསུངས་པ་ལྟར། རྒྱལ་ཆེན་རིས་བཞི་པའི་ཞག་གཅིག་ལ་མི་ལོ་ལྔ་བཅུ་འོང་ལ། ལྷ་གནས་གོང་མ་རྣམས་ཉིས་འགྱུར་དུ་གསུངས་པའི་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ལ་མི་ལོ་བརྒྱ། འཐབ་བྲལ་བའི་ཞག་གཅིག་ལ་མི་ལོ་ཉིས་བརྒྱ། དགའ་ལྡན་པའི་ཞག་གཅིག་ལ་མི་ལོ་བཞི་བརྒྱ་འོང་བས་དགའ་ལྡན་གྱི་ལྷའི་སྔ་དྲོའི་ཆ་གཅིག་ལ་མི་ལོ་ལྔ་བཅུ་ངེས་བར་འོང་ངོ་། ། དེ་ནས་འཕགས་པ་ཐོགས་མེད་ཆོས་ཀྱི་བདུད་རྩིས་ཚིམ་ནས་འཛམ་བུའི་གླིང་དུ་རྒྱལ་བའི་བསྟན་པ་སྤེལ་ཕྱིར་འབྱོན་པ་ན་སྔར་དགའ་ལྡན་དུ་ཡར་འབྱོན་དུས་བྱམས་མགོན་གྱི་ན་བཟའ་ལ་འཇུས་ཏེ་དེའི་རྫུ་འཕྲུལ་གྱིས་བྱོན་པ་ཡིན་ཡང། འཛམ་བུའི་གླིང་དུ་མར་འབྱོན་པའི་ཚེ་འཕགས་པ་ཐོགས་མེད་རང་ཉིད་ཀྱི་རྫུ་འཕྲུལ་གྱིས་བྱོན་ཏེ་མ་ག་དྷའི་ཡུལ་གྱི་ཕྱོགས་དབེན་པའི་ནགས་ཚལ་ཞིག་དུ་མང་དུ་ཐོས་པའི་སློབ་མ་ཉུང་ཤས་དང་བཅས་བཞུགས་ཏེ། དེ་དག་ལ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པས་དེ་དག་ཐམས་ཅད་ཀྱིས་བཟོད་པ་ཐོབ་ཅིང་རྫུ་འཕྲུལ་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་སྟེ་བསྟན་པའི་བྱ་བ་རྒྱ་ཆེར་ནུས་པ་ཤ་སྟག་བྱུང་བས་གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པ་ཞེས་གྲགས་པར་ཆོས་འབྱུང་འགའ་ཞིག་ལས་བཤད། གནས་དེར་བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་ཅིང་མངོན་པར་རྟོགས་པའི་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རིམ་གྱིས་རྒྱུད་བླ་མའི་འགྲེལ་པ་དང་། མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་མཛད་ཅིང། རྗེ་བཙུན་གྱི་མན་ངག་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རྒྱས་པར་སྟོན་པ་བྱང་ཆུབ་སེམས་དཔའི་ས་སོགས་ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་མཛད་དེ། ས་སྡེ་ལྔ་ནི་སའི་དངོས་གཞི། བྱང་ས། ཉན་ས། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ་སྟེ་སྡེ་ལྔའོ། ། གཞི་བསྡུ་བ་ལ་མདོ་སྡེ་བསྡུ་བ། འདུལ་བ་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་བཤད་བསྡུ་བ་སྟེ་བཞི་ཡོད་དོ། ། སྡོམ་གཉིས་ནི། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་བཏུས་གཉིས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེར་ཕྱིན་གྱི་སྒྲུབ་ཐབས། ཡང་ཤེར་ཕྱིན་གྱི་སྒྲུབ་ཐབས། སངས་རྒྱས་རྗེས་དྲན་གྱི་མདོའི་འགྲེལ་པ། ཆོས་རྗེས་དྲན་གྱི་མདོའི་འགྲེལ་པ། དགེ་འདུན་རྗེས་དྲན་གྱི་མདོའི་འགྲེལ་པ། བསམ་གཏན་གྱི་སྒྲོན་མ། འཕགས་པ་བྱམས་པའི་སྒྲུབ་ཐབས། ཆོས་སྐུའི་ཡོན་ཏན་ཐུན་མོང་མ་ཡིན་པའི་བསྟོད་པ་རྣམས་མཛད་དོ། ། སློབ་དཔོན་འཕགས་པ་ཐོགས་མེད་འདི་ས་གསུམ་པ་བརྙེས་པར་གྲགས་ཤིང་། དེ་ལྟར་ན་ས་དང་པོ་ཐོབ་པའི་ཚེ་སྤྲུལ་པ་མི་འདྲ་བ་རྒྱ་ཕྲག་དུས་གཅིག་ལ་སྟོན་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཏུ་དུས་གཅིག་ལ་ཕྱིན་ནས་སངས་རྒྱས་བརྒྱ་ཕྲག་ལ་དུས་གཅིག་ཏུ་མཆོད་པ་དང་བསྙེན་བཀུར་བྱ་ནུས་པ་དང། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་ཏུ་སྤྲུལ་པ་བརྒྱ་ཕྲག་བཀྱེ་ནས་དེ་དང་དེའི་གདུལ་བྱ་རྣམས་ལ་དུས་གཅིག་ཏུ་ཆོས་སྟོན་ནུས་པ་དང་། རང་དང་གཞན་གྱི་ཚེ་རབས་བརྒྱ་ཕྲག་མང་པོ་མངོན་སུམ་དུ་མཐོང་བ་དང། མཚན་དཔེ་རྗེས་མཐུན་པ་ཐོབ་ཅིང་ལས་ཉོན་གྱི་དབང་དུ་མི་འགྲོ་བར་སྙིང་རྗེ་དང་སྨོན་ལམ་གྱི་དབང་ཁོ་ནས་སྐྱེ་བ་ལེན་པ་དང་། མཆོག་གི་སྤྲུལ་སྐུའི་ཞལ་མངོན་སུམ་དུ་མཐོང་སྟེ་ནམ་འདོད་དུ་སངས་རྒྱས་ལས་ཆོས་ཉན་ནུས་པ་སོགས་ཡོན་ཏན་མཐའ་ཡས་པ་མདོ་ལས་གསུངས་པས་བདག་ཉིད་ཆེན་པོ་འདིའི་ཡོན་ཏན་ནི་ས་ལ་གནས་པའི་སེམས་དཔའ་ནང་ཕན་ཚུན་དང་སངས་རྒྱས་རྣམས་ཀྱིས་མཁྱེན་པ་མ་གཏོགས་བློ་དམན་དག་གིས་ཕྱོགས་ཙམ་ཡང་ཤེས་ནུས་པ་མ་ཡིན་ནོ། ། སློབ་དཔོན་བདག་ཉིད་ཆེན་པོ་འདིའི་སྐུ་ལ་མཚན་དཔེ་རྗེས་མཐུན་པ་ཡོད་པ་དང་། དགུང་ལོ་བརྒྱ་ཕྲག་བརྒལ་བའི་ཚེ་ནའང་སྐུ་ལ་སྐྲ་དཀར་དང་གཉེར་མ་མེད་ཅིང་གཞོན་ནུའི་ཉམས་ལྟར་སྐུ་བལྟ་བས་ཆོག་མི་ཤེས་ཤིང་གཞོན་ཤ་ཆགས་པ་ཞིག་ཡོད་པར་བཤད། སློབ་དཔོན་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བའི་ཚེ་མུ་སྟེགས་ཀྱི་སྨྲ་བ་ངན་པ་རྣམས་ཕལ་ཆེར་ནུབ། སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་འཕེལ་ནས་འཛམ་བུའི་གླིང་གི་ཆེ་དགུ་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོ་འདི་ལ་མཆོད་ཅིང་བསྙེན་བཀུར། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འདོད་པ་ཐམས་ཅད་བདག་ཉིད་ཆེན་པོ་འདིའི་སློབ་མར་གྱུར་ཏེ་སློབ་དཔོན་འདིས་ཆོས་སྟོན་པའི་ཚེ་ཐེག་པ་ཆེན་པོའི་ཆོས་ཉན་པ་ཁྲི་ཕྲག་བརྒལ་བ་བྱུང་ཞེས་གྲགས་ཤིང་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་པུ་ཞེས་གཏམ་དུ་གྲགས་སོ། ། སློབ་དཔོན་འདིས་སྐུ་ཚེའི་མཇུག་ལ་ནཱ་ལནྡྲའི་མཁན་པོ་མཛད་དེ་ལོ་བཅུ་གཉིས་སུ་ནཱ་ལནྡྲ་བསྐྱངས་ཏེ་བསྟན་པའི་བདག་པོ་མཛད། རྒྱ་གར་གྱི་གནས་ཐམས་ཅད་དུ་མཆོད་གཞི་མང་དུ་བཙུགས། དགེ་འདུན་དུ་གྱི་སྡེ་ཆེས་ཆེར་འཕེལ་བར་མཛད། མཐར་རྒྱལ་པོའི་ཁབ་ཏུ་སྐུའི་བཀོད་པ་བསྡུས་ཏེ། དགའ་ལྡན་རྒྱལ་བ་མ་ཕམ་པའི་ཞབས་དྲུང་དུ་ཕེབས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ཅིང་དགའ་ལྡན་གྱི་ལྷ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པ་དང་འདུལ་བར་འོས་པའི་གདུལ་བྱ་གང་དང་གང་ན་ཡོད་པའི་ཞིང་དེ་དང་དེར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱ་བགྲང་བ་ལས་འདས་པ་སྐད་ཅིག་དང་སྐད་ཅིག་ལ་འཁོར་བ་དང་ངན་སོང་ལས་བསྒྲལ་ཏེ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁྲིད་ཅིང་བཞུགས་སོ། ། བདག་ཉིད་ཆེན་པོ་འདི་གང་དུ་མྱ་ངན་ལས་འདས་པའི་གནས་དེར་དད་པ་ཅན་དག་གིས་མཆོད་རྟེན་བརྩིགས་སོ། ། སློབ་དཔོན་འདི་ལ་སློབ་མ་བསྟན་པ་འཛིན་པ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་གྱུར་པ་ནི་མཁས་མཆོག་དབྱིག་གཉེན་ནོ། ། སློབ་དཔོན་འདི་ཐུགས་བསྐྱེད་ཤིན་ཏུ་རྒྱ་ཆེ་བས་དེང་སང་ཡང་སློབ་དཔོན་འདིའི་གསུང་ས་སྡེ་རྣམས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གནས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་འཕགས་པ་ཐོགས་མེད་ལ་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་གུས་ཆེན་པོས་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་འདེབས་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་དམ་གྱི་མཐིལ་དུ་བྱེད་པ་དང་། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་ཚེ་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ལས་འབྲས་ཀྱི་དམིགས་སྐོར་ལ་སའི་དངོས་གཞི་ནས་གསུངས་པ་ལྟར་བསམ། སྐྱབས་འགྲོའི་དམིགས་སྐོར་ལ་གཏན་ལ་དབབ་པ་བསྡུ་བ་ནས་གསུངས་པ་ལྟར་བསམ། ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་ནི་རྒྱུད་བླ་དང་དེའི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ནས་གསུངས་པ་ལྟར་བསམ། སྐྱེས་བུ་འབྲིང་གི་དམིགས་སྐོར་ལ་བདེན་བཞིའི་གནས་ཚུལ་བསམས་ཏེ་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བསྐྱེད་ཚུལ་ཉན་ས་དང་མངོན་པ་ཀུན་བཏུས་ནས་གསུངས་པ་ལྟར་བསམ། བསླབ་པ་གསུམ་རྒྱུད་ལ་བསྐྱེད་ཚུལ་ཉན་ས་ནས་གསུངས་པ་ལྟར་བསམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་ཚུལ་རྣམས་བྱང་ས་ནས་གསུངས་པ་ལྟར་བསམ། ཞི་གནས་བསྒྲུབ་ཚུལ་དང་སྤྱིར་ལྷག་མཐོང་གི་རྟོག་པ་སྐྱེ་ལུགས་རྣམས་ཉན་ས་ནས་གསུངས་པ་ལྟར་བསམ། ཟབ་མོ་དབུ་མའི་ལྟ་བ་ཐུན་མོང་མིན་པ་ནི་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ལས་གསུངས་པ་ལྟར་བསམས་ལ་བྱང་ཆུབ་ལམ་གྱི་རིམ་པ་ལ་ངེས་པ་ཕུ་ཐག་ཆོད་པ་རྙེད་པར་བྱས་ལ་ཉམས་ལེན་སྙིང་བོར་བྱའོ། ། ། །
༈ འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། ། ཞེས་བསྔགས་པ། མཁས་མཆོག་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པར་འཁྲུངས་ཏེ་འཕགས་པ་ཐོགས་མེད་འཁྲུངས་ནས་ཐུན་མོང་བའི་རིག་གནས་རྣམས་ལ་སྦྱངས་ཤིང་རབ་ཏུ་བྱུང་ནས་རིང་ཞིག་ལོན་པ་ན་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཀྱི་སེམས་ཆེས་ཆེར་རྒྱས་པ་རྒྱལ་བའི་བསྟན་པ་སྤེལ་བའི་སྨོན་ལམ་གྱི་མཐུ་ཅན་ཡུམ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དེ་ཉིད་ཀྱིས་བྲམ་ཟེ་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་ཏེ། ཁྱེའུ་དེའི་ལྕེ་ལ་གྷི་ཧང་གི་ཡི་གེ་ཨ་འདྲི་བ་སོགས་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་ལྟར་གྱི་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྦྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ་ནར་སོན་པ་ན་ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་རྣམས་ཡུམ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། དེ་ནས་ཡུམ་གྱིས་སྲས་ལ་འདི་སྐད་དུ། བུ། ཁྱོད་སྐྱེད་པ་ནི་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཆེད་དུ་བསྐྱེད་པ་མ་ཡིན་གྱི། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བསྐྱེད་པ་ཡིན་པས་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག ། ཅེས་བསྐུལ་ནས་ནཱ་ལནྡྲར་རབ་ཏུ་བྱུང་། རབ་ཏུ་བྱུང་ཙམ་ཉིད་ནས་མཁན་སློབ་ཀྱིས་བསྟན་པ་ལྟར་འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་མིག་འབྲས་ལྟར་བསྲུངས་བ་གཞིར་བཞག་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ནས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ཕྲ་ཞིང་ཕྲ་བ་དག་རྟོགས་པར་བྱ་བའི་ཕྱིར་དང་། སྡེ་པ་བཅོ་བརྒྱད་སོ་སོའི་ལུགས་མ་འདྲེས་པར་ཤེས་པར་བྱ་བའི་ཕྱིར་དང་། གཞན་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར་མཁས་གྲུབ་དུ་མའི་འབྱུང་གནས་ཁ་ཆེའི་ཡུལ་དུ་ཕེབས་ནས་མཁས་པ་ཆེན་པོ་འདུན་བཟང་གི་དྲུང་དུ་སྔོན་དགྲ་བཅོམ་པ་རྣམས་ཀྱིས་མངོན་པ་སྡེ་བདུན་དང་འདུལ་བ་ལུང་སྡེ་བཞིའི་གནད་རྣམས་བསྡུས་ཏེ་གཏན་ལ་ཕབ་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་ཡོད་པ་དེ་ལ་སྦྱངས་སོ། ། བསྟན་བཅོས་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བྱེ་བྲག་བཤད་མཚོ་ཆེན་མོ་ཞེས་ཀྱང་བརྗོད། བྱེ་བྲག་བཤད་མཛོད་ཅེས་ཀྱང་བརྗོད་དོ། ། དེ་ལྟ་བུའི་བསྟན་བཅོས་ཆེན་པོ་དེ་ཡོངས་སུ་རྫོགས་པ་ཐུགས་ལ་བཟུང་ནས་དོན་གྱི་གནད་མཐའ་དག་ལ་འཁྲུལ་པའི་དྲི་མ་ཕྲ་མོའང་མེད་པར་དྲི་མ་མེད་པའི་རིགས་པ་ཕྲ་མོས་ལེགས་པར་དཔྱད་ནས་མཐའ་དག་པར་ཐུགས་ལ་ཆུད་པར་མཛད། གཞན་ཡང་སློབ་དཔོན་འདུན་བཟང་ལ་མངའ་བའི་སྡེ་སྣོད་གསུམ་གྱི་བཤད་སྲོལ་མཐའ་དག་ལ་སྦྱངས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ། ཁ་ཆེའི་ཡུལ་དུ་གདུལ་བྱ་བགྲང་བ་ལས་འདས་པ་ལ་ཆོས་མང་དུ་བསྟན་ཅིང་དྲི་མ་མེད་པའི་རིགས་ལམ་རྒྱས་པར་མཛད། དེ་ནས་རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ་བདུད་སྡིག་ཏོ་ཅན་གྱིས་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་མ་བཟོད་ནས་ཆོམ་རྐུན་པ་མང་པོ་དང་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱི་ཡིད་བསྒྱུར་ཏེ་དེ་དག་གིས་སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཕྲོགས། ཡང་གླེགས་བམ་ལ་སོགས་པ་གསར་དུ་བཞེངས་ནས་ཕེབས་པར་ལན་གསུམ་གྱི་བར་དུ་ཕྲོགས་པ་ན་སློབ་དཔོན་གྱི་ཐུགས་ལ་ད་ནོར་ནི་མེད་གླེགས་བམ་མེད་ཀྱང་ཆོས་ཐམས་ཅད་ནི་བློ་ལ་ཡོད་པ་སུས་ཀྱང་དབྲོག་ཏུ་མི་བཏུབ་པས་ཡོ་བྱད་གང་ཡང་མེད་པར་འགྲོའོ་སྙམ་དུ་དགོངས་ནས་ཕེབས་ཏེ་ནཱ་ལནྡྲར་བྱོན། དེར་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན། གཅེན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་བརྩམས་པ་གསན་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། ། བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། ། ཏིང་འཛིན་མ་གྲུབ་གླང་ཆེན་གྱི། ། རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། ། ཞེས་ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་སྐུར་བ་བྱས་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མིན་དུ་འགྱུར་བ་མཁྱེན་ནས། དེ་བཟློག་པའི་ཕྱིར་སློབ་མ་གཉིས་ས་བཅུ་པ་དང་། བློ་གྲོས་མི་བཟད་པས་བསྟན་པ་འཛིན་དུ་བཅུག་ནས། གཅུང་ཅན་དུ་སོང་ལ་སྲོད་དང་ཐོ་རངས་ཐོན་ཅིག་ཅེས་བསྒོ་བ་ལྟར་བསྒྲུབས་པས། མདོ་བཏོན་པས་དེ་སློབ་དཔོན་དབྱིག་གཉེན་གྱིས་གསན་པ་ན། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་འབྲས་བུ་ཁ་གཡེལ་བ་འདྲ་གསུང། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་པ་བཏབ་པ་ལྕེ་འདིས་ལན་པས་གཅོད་གསུང་ནས་སྤུ་གྲི་འཚོལ་བའི་ཚེ་ཁོང་གཉིས་ཀྱིས་ལྗགས་དགུམ་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པས། སློབ་དཔོན་དབྱིག་གཉེན་འཔགས་པ་ཐོགས་མེད་ཀྱི་སར་བྱོན་ཏེ་ཆོས་གསན་པས་དད་ནས་འཕགས་པ་ཐོགས་མེད་ལ་ཉེས་པ་བཤགས་ཏེ་ཐེག་པ་ཆེན་པོའི་ཆོས་རྣམས་རིམ་གྱིས་གསན་ཞིང། དེའི་ཚེ་འཕགས་པ་ཐོགས་མེད་ལ་རྗེ་བཙུན་བྱམས་པ་མགོན་པོ་འབྲལ་མེད་དུ་བཞུགས་ནས་བྱ་བ་ཐམས་ཅད་རྗེ་བཙུན་ལ་ཞུ་ཞིང་མཛད་པ་དེ་གཅུང་གིས་མཁྱེན་ནས་ལྷག་པའི་ལྷ་དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུངས་ནས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱོད་སོ་སོའི་སྐྱེ་བོ་ཡིན་ཞིང་དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས་ཚེ་འདི་ལ་ང་མཐོང་བའི་སྐལ་པ་མེད་ཀྱིས། སྒྲིབ་པ་སྦྱང་བར་བྱ་བའི་ཕྱིར་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོག་རྣམ་རྒྱལ་གྱི་གཟུངས་ཐོན། ཕྱི་མ་ལ་མཇལ་གསུངས། དེ་ནས་སློབ་དཔོན་དབྱིག་གཉེན་གཅེན་ལ་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ། ། ང་ནི་ཆར་སྡོད་བྱ་དང་འདྲ། ། ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། ། བྱ་ཡི་གྲེ་བར་སོང་བ་མེད། ། ཅེས་གསུངས་ཤིང་རྗེ་བཙུན་བྱམས་པ་མགོན་པོའི་བཀའ་བཞིན་བསྒྲུབས་ཏེ་ཐོག་མར་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་དམིགས་པ་དང་། སྐྱེས་བུ་ཆེན་པོའི་ཡང་སྒྲུབ་པའི་དམིགས་པ་བདེན་པ་བཞིའི་གནས་ཚུལ་ཞིབ་ཏུ་སྟོན་པ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ་སྐྱེས་དང་བཅས་པ་འདུན་བཟང་ལ་སྤྲིངས་སོ། ། དེའི་སློབ་མ་དག་གིས་ལོ་དང་གྲགས་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ། ། ཞེས་སྨྲས་པ་དང་། ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་གསུང་ཞིང། ཤིན་ཏུ་མཉེས་ནས་འདི་ལ་རང་འགྲེལ་ཞིག་མཛོད་ཅེས་བསྐུལ་མ་མཛད། དེ་ནས་སློབ་དཔོན་འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གསན་ཏེ་ལན་རེ་ཙམ་གྱིས་ཐུགས་སུ་ཆུད། བྱམས་མགོན་གྱི་བཀའ་ལྟར་ལྷག་པའི་ལྷ་བསྒྲུབ་པར་བཞེད་ནས་རྡོ་རྗེ་སློབ་དཔོན་ཞིག་ལ་རྗེ་བཙུན་རྣམ་རྒྱལ་མའི་དབང། ཕྱག་རྡོར་གྱི་དབང་དང་གདམས་ངག་གསན་ཏེ་གསུངས་སྔགས་བཟླས་པས་མྱུར་དུ་གྲུབ་སྟེ་ལྷག་པའི་ལྷ་དེ་གཉིས་ཀྱི་ཞལ་གཟིགས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐུགས་རྒྱུད་ལ་འཁྲུངས། རྒྱལ་བའི་བཀའ་འཛམ་བུ་གླིང་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་དེ་དེའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གསུམ་ཡོད་པར་གྲགས་པ་དང་། ཐེག་པ་ཆེན་པོ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ། འདུས་པ་རིན་པོ་ཆེའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་མདོ་ལྔ་བརྒྱ། གསང་སྔགས་ཀྱི་གཟུངས་རྒྱུད་སྡེ་ལྔ་བརྒྱ་རྣམས་ཐུགས་སུ་ཆུད་དེ་ལོ་རེའི་ནང་དུ་ལན་རེ་ཁ་ཏོན་དུ་མཛད་དེ། དེ་ཡང་ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་ཞུགས་ནས་ཉིན་མཚན་སྦྲེལ་མ་ཞག་བཅོ་ལྔ་རེའི་རིང་ལ་གོང་དུ་སྨོས་པའི་མདོ་དེ་རྣམས་ཚར་རེ་ཁ་ཏོན་དུ་འགྲོ་བར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ནི་ཉིན་རེ་བཞིན་ཁ་ཏོན་དུ་མཛད་དེ། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བདག་ཉིད་ཆེན་པོ་འདི་ལས་མང་དུ་ཐོས་པ་རྒྱ་ཆེ་བ་སུ་ཡང་མེད་དོ་ཞེས་འཕགས་ཡུལ་གྱི་མཁས་པ་རྣམས་གཏམ་དུ་གླེང་ངོ་། ། དེ་ནས་རྗེ་བཙུན་བྱམས་མགོན་གྱི་བཀའ་བཞིན་ཐེག་པ་ཆེན་པོའི་མདོ་འགྲེལ་རྣམས་རིམ་གྱིས་མཛད་དེ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གི་གནད་རྣམས་ཞིབ་ཏུ་སྟོན་པ་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། ཐེག་བསྡུས་ཀྱི་འགྲེལ་པ། ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ། ཉི་ཤུ་པའི་རང་འགྲེལ། རང་བཞིན་གསུམ་ངེས་པར་བསྟན་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་པ་བརྒྱ་པ། རྣམ་པར་བཤད་པའི་རིགས་པ། ལས་གྲུབ་པའི་རབ་ཏུ་བྱེད་པ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་བསྟན་བཅོས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། དེའི་རང་འགྲེལ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། དེའི་རང་འགྲེལ། དཀོན་མཆོག་གསུམ་གྱི་བསྟོད་པ། སྒོ་དྲུག་པའི་གཟུངས་ཀྱི་རྣམ་བར་བཤད་པ། ཡོན་ཏན་བདུན་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། ཚོགས་ཀྱི་གཏམ། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། ཆོས་རྗེས་སུ་དྲན་པའི་འགྲེལ་པ། དགེ་འདུན་རྗེས་སུ་དྲན་པའི་འགྲེལ་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། ག་ཡ་གོ་རིའི་མདོའི་བཤད་པ། མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། བློ་གྲོས་མི་བཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ། མདོ་སྡེ་ས་བཅུ་པའི་འགྲེལ་བ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་རྣམས་མཛད་དོ། ། འཔགས་པ་ཐོགས་མེད་མྱ་ངན་ལས་འདས་པའི་འོག་ཏུ་ནཱ་ལནྡྲའི་མཁན་པོ་མཛད་དེ་ཉིན་རེ་བཞིན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མང་པོའི་མཁན་པོ་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་འཆག་མེད་གནང་བ་དང་། མུ་སྟེགས་ཀྱི་སྨྲ་བ་ངན་པ་བྱུང་ན་དེ་མ་ཐག་ཚར་གཅོད་པ་དང་། བསྟན་བཅོས་རྩོམ་པ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་དུས་འདའ་བར་མཛད། དེ་དུས་འཛམ་བུ་གླིང་གི་ཆེ་དགུ་མཐའ་དག་གིས་བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་ནས་མཆོད་ཅིང་བསྙེན་བཀུར་བ་དང། རང་རང་གི་དབང་པོ་དང་འཚམས་པའི་ཆོས་ཀྱི་བགོ་སྐལ་ལེན་པར་བྱེད་པས་དད་པ་ཅན་དག་གིས་གསོལ་བ་བཏབ་པ་ལྟར་ཡུལ་གཞན་དང་གཞན་དུའང་བྱོན་ནས་གང་དང་གང་དུ་རྒྱལ་བའི་བསྟན་པ་ཉམས་པ་དེ་དག་གསོས། སྔར་ཡོད་པ་རྣམས་ཆེས་ཆེར་འཕེལ་བར་མཛད། སློབ་དཔོན་འདི་ཤར་ཕྱོགས་གཽ་རིའི་ཡུལ་དུ་བྱོན་ནས་སྐལ་པ་དང་ལྡན་པ་མང་པོ་ཞིག་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ཆེར་གསུངས་པས་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་བས་ཐམས་ཅད་དད་པ་ལྷག་པར་འཕེལ་ཏེ་སློབ་དཔོན་འདིའི་བཀའ་བཞིན་བསྒྲུབས་པས་ཕྱོགས་དེར་རྒྱལ་བའི་བསྟན་པ་རྒྱ་ཆེར་འཕེལ། རྒྱལ་བའི་བསྟན་པ་རིང་དུ་གནས་པའི་ཕྱིར་དགེ་འདུན་གྱི་སྡེ་གང་དང་གང་ན་ཡོད་པ་དེ་དང་དེར་མཆོད་གཞི་རྒྱ་ཆེན་པོ་འཛུགས་པར་མཛད། ཨོ་ཌི་བི་ཤའི་ཡུལ་དུ་བྲམ་ཟེ་ཆེན་པོ་ཞིག་གིས་སྦྱིན་བདག་བྱས་ཏེ་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་ཆོས་འཁོར་བཙུགས་ཏེ་དུས་སྟོན་རྒྱས་པར་བྱས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་འཆད་ཉན་རྒྱས་པར་བྱུང་སྟེ་བདག་ཉིད་ཆེན་པོ་འདིའི་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་བྱུང་ཞེས་གྲགས་སོ། ། སློབ་དཔོན་རང་ཉིད་དང་ལྷན་ཅིག་ཏུ་གནས་པའི་དགེ་སློང་སྡེ་སྣོད་འཛིན་པའང་སྟོང་ཙམ་རེ་ཡོད་ཅིང་། དེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ། སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་ནུས་པ་ཤ་སྟག་བྱུང་ཞེས་གྲག་གོ ། དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བའི་བར་དུ་རྒྱ་གར་དུ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ནས་མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་སློབ་མ་སྡེ་སྣོད་འཛིན་པ་སྟོང་དང་བཅས་བལ་ཡུལ་དུ་བྱོན་ཏེ་བལ་ཡུལ་ན་གནས་པའི་དགེ་འདུན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཅིང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཕྱོགས་དེར་མཆོད་གཞི་ཡང་མང་དུ་འཛུགས་པར་མཛད། དེ་ནས་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་མཆོད་རྟེན་གོ་མ་སཱ་ལ་གནྡྷེ་ལ་ཞབས་བསྐོར་མཛད་ཅིང་བཞུགས་པ་ན་ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པའི་ཁྱིམ་བཙུན་ཞིག་གིས་ཞིང་རྨོད་པ་དང་ཆང་གི་བུམ་པ་ཐོགས་པ་གཟིགས་པས་རྒྱལ་བའི་བསྟན་པ་འདི་ལྟར་ཉམས་དམས་སོ་སྙམ་དུ་ཐུགས་ཕྱུང་ནས་དགེ་འདུན་རྣམས་ལ་ཐ་མའི་གསུང་ཆོས་མང་དུ་སྩལ་ཏེ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་འགོ་གཤམ་ལྡོག་ནས་བཟླས་ཏེ་སྐུ་ཚེའི་འདུ་བྱེད་བཏང་སྟེ་དེ་ཉིད་དུ་སྐུའི་བཀོད་པ་བསྡུས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་གང་དུ་བཞུགས་པའི་གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། ། སློབ་དཔོན་དབྱིག་གཉེན་གང་དུ་མྱ་ངན་ལས་འདས་པའི་ས་དེར་སློབ་མ་དད་པ་ཅན་དག་གིས་སྐུ་གདུང་བཞུགས་པའི་མཆོད་རྟེན་བརྩིགས་པ་ད་ལྟའང་ཡོད་དོ། ། སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་སློབ་མ་བསྟན་པ་འཛིན་ནུས་པ་བསམ་གྱི་མི་ཁྱབ་པ་བྱུང་ཞིང་། དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་བཞིའོ། །
དེ་ལ་འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་ནི་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུའི་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། དེ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་མཁས་མཆོག་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ཤིང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་གསན་ནས་ཐེག་ཆེན་གྱི་མདོ་སྡེ་མཐའ་དག་ལ་སྦྱངས། སྡེ་པ་བཅོ་བརྒྱད་པོ་སོ་སོའི་ལུགས་མ་འདྲེས་པར་མཁྱེན་ཅིང་འདུལ་བ་འབུམ་སྡེ་ཐུགས་ལ་བཟུང་སྟེ་རྒྱུན་དུ་ཁ་དོན་དུ་མཛད། དེ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པར་མཛད་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་གཟུངས་དང། སྤོབས་པ་དང། མངོན་པར་ཤེས་པ་དང། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་མང་པོ་ཐུགས་ལ་འཁྲུངས། ལྷག་པར་སློབ་དཔོན་དབྱིག་གཉེན་གྱི་མན་ངག་ལ་བརྟེན་ནས་ལམ་རིམ་གྱིས་བགྲོད་དེ་འཕགས་པའི་ས་ཐོབ་པས་སློབ་དཔོན་འཕགས་ཡོན་ཏན་འོད་ཅེས་སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར་ཅིང་། རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཕྱིར་འདུལ་བ་ལུང་སྡེ་བཞིའི་གནད་ཐམས་ཅད་བསྡུས་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། དེ་ལ་ནི་འདུལ་བའི་མདོ་ཞེས་ཡོངས་སུ་གྲགས་ཤིང་རྒྱལ་བའི་བཀའ་དང་ཁྱད་པར་མེད་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཚད་མར་འཛིན་ཅིང་འདུལ་བ་ལུང་ལ་བལྟ་བའི་མིག་ལྟ་བུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྔོན་བྱོན་པའི་མཁས་གྲུབ་ཐམས་ཅད་ཀྱིས་གཙིས་པོ་ཆེར་མཛད་དོ། ། གཞན་ཡང་འདུལ་བའི་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་ཡང་མཛད་དེ། ད་ལྟ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་དང། བར་མ་རབ་བྱུང་དང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དང་གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་བདག་ཉིད་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བས་བསྟན་པ་འདི་ལ་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ ། བདག་ཉིད་ཆེན་པོ་འདི་འཕྲིན་ལས་ཀྱི་ཁྱབ་བདལ་ཤིན་ཏུ་ཆེ་བས་ལྷན་ཅིག་གནས་པའི་དགེ་སློང་ཡང་སྟོང་ཕྲག་ལྔ་རེ་ཙམ་ཡོད་པར་བཤད་ཅིང་། དེ་ཐམས་ཅད་ཀྱང་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། ཉིན་ཞག་ཕྲུགས་རེའི་ནང་དུ་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་རླབས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་སྔོན་རྒྱལ་བ་ཞལ་བཞུགས་དུས་དང་བསྟན་པའི་གཏད་རབས་ཀྱི་སྐབས་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་ཅེས་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། །
བདག་ཉིད་ཆེན་པོ་དབྱིག་གཉེན་གྱི་སློབ་མ་མངོན་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་བློ་གྲོས་བརྟན་པ་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བཱི་ཧཱར་ཞེས་བྱ་བ་ན་འབྲུ་མར་གྱིས་ཟངས་བཀང་བའི་ནང་ན་ཞུགས་ཏེ་འབུམ་སྡེ་བརྒྱད་ཅུ་ཞལ་ཏོན་མཛད་པའི་ཚེ་ཕུག་རོན་ཞིག་རྒྱུན་དུ་ཉན་ནས་སྡོད་པ་ནམ་ཞིག་ཚེ་འཕོས་ཏེ་མཐའ་འཁོབ་འདྲ་མ་ཞེས་བྱ་བར་དམངས་རིགས་ཀྱི་བུར་སྐྱེས། སྐྱེས་མ་ཐག་ངའི་སློབ་དཔོན་གང་ན་བཞུགས་ཞེས་འདྲི་བ་ལ། ཕས་ཁྱོད་ཀྱི་སློབ་དཔོན་སུ་ཡིན་དྲིས་པས་དབྱིག་གཉེན་ཡིན་ཟེར། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས་དབྱིག་གཉེན་བཞུགས་པར་ཐོས་ནས། ཅུང་ཟད་སྐྱེས་པ་དང་སློབ་དཔོན་དབྱིག་གཉེན་ཅན་དུ་བསྐྱལ། སློབ་དཔོན་གྱིས་དེ་ལ་ཡི་གེ་ཕྱི་མོ་སློབ་པ་ནས་བཟུང་སྟེ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས། ཆུང་ངུའི་དུས་ན་ནཱ་ལནྡྲ་ན་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ་སྲན་མའི་ཕུད་ཕུལ་ལ་བཟའ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང་། ཡང་ཕུལ་བས་འགྲིལ། འཕགས་མས་མ་གསོལ་བར་རང་ཟ་བ་མི་འོང་སྙམ་ནས་ཟད་ཟད་ཕུལ་ཡང་འགྲིལ་བས་བྱིས་པ་ངུས་སོ། ། དེར་འཕགས་མས་ཞལ་དངོས་སུ་བསྟན་ཏེ་ངུ་མི་དགོས། ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱིས་ཁྱིམ་དུ་སོངས་གསུངས། དེ་ནས་མཁྱེན་རབ་ཐོགས་མེད་དུ་གྱུར་ཏེ་རྟེན་དེ་ལ་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། ། སློབ་དཔོན་དེ་ལ་མདོ་དཀོན་མཆོག་བརྩེགས་པའི་ལེའུ་བཞི་བཅུ་ཞེ་དགུ་ཡན་ཆད་ཐུགས་ལ་མངའ་ཞིང་འགྲེལ་པ་ཡང་མཛད་ཅེས་གྲགས་སོ། ། དེའི་ཚེ་མཁས་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། སློབ་དཔོན་དེས་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་གཟེར། ཆོས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ། རབ་ཏུ་བྱེད་པ་སྡེ་བརྒྱད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་བརྩམས་སོ། །
སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཅེས་བྱ་བར་བྲམ་ཟེའི་རིགས་སུ་འཁྲུངས། སྐུ་འཁྲུངས་ནས་རིང་པོར་མ་ལོན་པར་བྲམ་ཟེའི་རིག་བྱེད་ཐམས་ཅད་དང་། གཞན་ཡང་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སྔོན་ཡུན་རིང་པོ་ནས་གོམས་པའི་བག་ཆགས་བརྟས་པས་འཁོར་བ་མཐའ་དག་མེ་འབར་བའི་རླུབས་ལྟར་གཟིགས་ནས་ངེས་འབྱུང་ཤུགས་དྲག་པོས་བྲམ་ཟེའི་རིགས་དང་། ལོངས་སྤྱོད་དང་སློབ་འཁོར་རྒྱ་ཆེན་པོ་ལ་མ་ཆགས་པར་གནས་མ་བུ་པའི་སྡེ་པའི་མཁན་པོ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་། མཚན་ཕྱོགས་ཀྱི་གླང་པོར་གསོལ། མཁན་པོ་དེ་ཉིད་ལ་བརྟེན་ཏེ་གནས་མ་བུ་པའི་ལུགས་དང་མཐུན་པའི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ཤིང་ཁྱད་པར་ལྷག་པོར་རྟོགས། དེ་ནས་ཐེག་པ་ཆེན་པོའི་ལུང་དང་མན་ངག་མཐའ་དག་གསན་པར་བཞེད་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཐེག་པ་ཆེན་པོའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་ཁ་ཏོན་དུ་མཛད། དེ་ནས་རྡོ་རྗེ་སློབ་དཔོན་ཞིག་ལས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དབང་དང་སྒྲུབ་ཐབས་ལེགས་པར་གསན་ནས་སྒྲུབ་པ་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་དུ་གཟིགས་ཤིང་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་ཐོབ། དེ་ནས་བཟུང་ནམ་འདོད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང་ཆོས་གསན་པར་མཛད། དེ་ནས་ཨོ་ཌི་བི་ཤའི་ཡུལ་གྱི་ནགས་ཚལ་ཤིན་ཏུ་དབེན་པའི་བྲག་རིའི་ཕུག་ཅིག་ཏུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་ནཱ་ལནྡྲར་མུ་སྟེགས་ཀྱི་རྩོད་པ་བྱེད་པ་བྱུང་བ་ན་སློབ་དཔོན་འདིས་ཚར་བཅད་དོ། ། བདག་ཉིད་ཆེན་པོ་འདིས་སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་བཀྲལ་ཞིང། ལྷག་པར་ཚད་མ་གཏན་ལ་འབེབ་པ་ལ་དམིགས་པ་བརྟག་པ་སོགས་ཚད་མའི་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས། སླར་ཡང་ཨོ་ཌི་བི་ཤའི་ཡུལ་དུ་གཤེགས་ནས་སྔར་གྱི་ཕུག་པར་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དུས་ནམ་ཞིག་ན་རིགས་པའི་མིག་དང་བྲལ་བའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཏེ་རིགས་པའི་མིག་སྦྱིན་པར་མཛད་བཞེད་པ་ན། གདུལ་བྱ་རྣམས་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་པ་དང་། སྔར་བརྩམ་པའི་ཚད་མའི་བསྟན་བཅོས་རྣམས་ཀྱང་རྣམ་གྲངས་མང་བས་ཁ་འཐོར་བ་ལྟ་བུར་གྱུར་པར་གཟིགས་ཏེ། སྔར་མཛད་པ་དེ་དག་ཐམས་ཅད་ཀྱི་གནད་བསྡུས་ཏེ་གསུང་རབ་སྤྱིའི་དགོངས་འགྲེལ་ཚད་མ་ཀུན་ལས་བཏུས་པ་བརྩོམ་པར་བཞེད་ནས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། ། ཞེས་པ་སྒྲུབ་ཕུག་གི་བྲག་ངོས་ལ་རྡོ་རྒྱུས་ཀྱིས་བྲིས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་སུ་འོད་ཀྱི་སྣང་བ་ཆེན་པོ་བྱུང་། ས་གཡོས་ཤིང་སྒྲ་ཆེན་པོ་གྲག ། མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་བྱིན་པ་རེངས་པར་གྱུར། དེ་གང་གི་ལྟས་ཡིན་སྙམ་དུ་མུ་སྟེགས་ཐུབ་རྒྱལ་ནག་པོས་མངོན་ཤེས་ཀྱིས་བརྟགས་པས་ཚད་མ་མདོའི་མཆོད་བརྗོད་བྲིས་པའི་བྱིན་རླབས་ཀྱི་མཐུར་མཐོང་ནས། སློབ་དཔོན་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་རྫུ་འཕྲུལ་གྱིས་འོངས་ནས་མཆོད་བརྗོད་ཀྱི་ཚིག་དེ་བསུབས་ནས་བཞག ། དེ་ལྟར་ལན་གསུམ་བྱས་པའི་ཐ་མ་ལ་སློབ་དཔོན་གྱིས་ཀྱལ་ཀས་བསུབས་པ་ཡིན་ན་འདི་ལ་དགོས་པ་ཆེན་པོ་ཡོད་པས་ཞོག་ཅིག ། རྩོད་པར་འདོད་ན་གཟུགས་སྟོན་དང་རྩོད་པར་བགྱིའོ། ། ཞེས་བྲིས་པས་བསོད་སྙོམས་ལས་འཁོར་བའི་ཚེ་ཁོ་དངོས་སུ་བསྡད་འདུག་པ་རིགས་པ་དྲི་མ་མེད་པས་ལན་གསུམ་གྱི་བར་དུ་ཕམ་པར་བྱས་པའི་ཚེ། ད་རྫུ་འཕྲུལ་འགྲན་ཟེར་ནས་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཆོས་གོས་རྣམ་གསུམ་དང་ཡོ་བྱད་བསྲེགས་པས། སློབ་དཔོན་ཐུགས་ཤིན་ཏུ་སྐྱོ་ནས་སེམས་ཅན་མ་རུངས་པ་འདི་འདྲ་བ་བསམ་གྱིས་མི་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་མི་ནུས་ཀྱི། ཐོད་ལེ་ཀོར་ནམ་མཁར་འཕངས་ནས་འདི་ནམ་ས་ལ་བབས་པའི་ཚེ་རང་ཉིད་གཅིག་བུ་གྲོལ་བ་དོན་དུ་གཉེར་བར་བགྱིའོ་སྙམ་དུ་དགོངས་པས། ཐོད་ལེ་ཀོར་འབབ་དུས་མ་བྱུང་བས་ནམ་མཁར་གཟིགས་པ་ན་རྗེ་བཙུན་འཇམ་པའི་དབྱངས་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་ཐོད་ལེ་ཀོར་དེ་བསྣམས་ནས། བུ། མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་ལས་བློ་གྲོས་ངན་སྐྱེ་སྟེ། ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ། ཁྱོད་ཀྱི་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། ། ཕྱི་མའི་དུས་ན་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། ། ཞེས་ལུང་བསྟན་ཅིང་དབུགས་ཕྱུང་ནས་ཚད་མ་ཀུན་ལས་བཏུས་པ་བརྩོམ་པར་སྐུལ་མ་མཛད་པ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཐུགས་རྗེ་དང་སྙིང་སྟོབས་ཆེར་བཞེས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དེ། འཛམ་བུ་གླིང་གི་འགྲོ་བ་ཐམས་ཅད་ལ་བློ་གྲོས་ཀྱི་མིག་སྦྱིན་པར་མཛད་དོ། ། དེ་ནས་སླར་ཡང་བསམ་གཏན་ལ་རྩེ་གཅིག་ཏུ་བཞུགས་པས་སངས་རྒྱས་མང་པོའི་ཞལ་མཐོང་ཞིང། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་མང་པོ་ཐོབ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཚལ་དེའི་ལྗོན་ཤིང་དང་མེ་ཏོག་རྣམས་ཀྱང་སློབ་དཔོན་གྱི་ཕྱོགས་སུ་མགོ་འདུད། གླང་པོ་ཆེ་ལ་སོགས་པ་ནགས་ཚལ་དེ་ན་གནས་པའི་རི་དྭགས་རྣམས་ཀྱང་སློབ་དཔོན་གྱི་ཞབས་ལ་མགོ་བོས་གཏུག་ཅིང་གུས་པའི་ཚུལ་བྱེད། ཡུལ་དེའི་རྒྱལ་པོ་འཁོར་དང་བཅས་པས་ཀྱང་ཞབས་ལ་ཕྱག་བྱས་སོ། ། དེ་ནས་ལྷོ་ཕྱོགས་སུ་བྱོན་ཏེ་མུ་སྟེགས་ཀྱི་སྨྲ་བ་ངན་པ་རྣམས་ཚར་བཅད། དགེ་འདུན་གྱི་སྡེ་རྣམས་ལ་སྡེ་སྣོད་གསུམ་རྒྱ་ཆེར་བཤད་དེ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་སྤེལ་བར་མཛད་དོ། ། དེ་ནས་སླར་ཡང་ཨོ་ཌི་བི་ཤའི་ཡུལ་དུ་བྱོན་ནས་ཡུལ་དེའི་རྒྱལ་པོ་འཁོར་བཅས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། བྲམ་ཟེ་ཆེན་པོ་ཞིག་གིས་སྦྱིན་བདག་བྱས་ཏེ་དགེ་འདུན་གྱི་སྡེ་མང་དུ་བཙུགས། ཡུལ་དེའི་སྐྱེ་བོ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་རྙེད་པའི་ཕྱིར་ཨ་རུ་རའི་སྡོང་པོ་ཆེན་པོ་སྐམ་པོ་ཞིག་བདེན་ཚིག་བརྗོད་ནས་སོར་ཆུད་པར་མཛད་དོ། ། དེ་ལྟར་འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་ནས་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པའི་སྒྲུབ་ཕུག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞིང་གཞན་དུ་གཤེགས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་མཆོག་དབྱིག་གཉེན་ལ་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་གུས་ཆེན་པོས་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིས་མཛད་པའི་ལེགས་བཤད་རྣམས་ལ་བལྟས་ནས་ལུང་ཙམ་སྐྱབས་སུ་གྱུར་པ་མིན་པར་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་དྲི་མ་མེད་པའི་རིགས་པས་རྙེད་པར་བྱས་ལ་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པ་ཉམས་ལེན་ལ་བརྩོན་པར་བྱའོ། ། ། །
༈ དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། ། ཞེས་བསྔགས་པ། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མཆོག་བཞིའི་ནང་ཚན། འཕགས་པ་རྣམ་གྲོལ་སྡེ་ནི། ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་འཁྲུངས། གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་གནས་མ་བུ་པ་ཀུ་རུ་ཀུལླིའི་སྡེ་ལས་རབ་ཏུ་བྱུང་ཞིང་ལོ་ལོན་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། སྡེ་པ་དེ་ལུགས་ཀྱི་འདུལ་བའི་བཅས་མཚམས་ཆེ་ཕྲ་མཐའ་དག་ལ་མཁས་པར་སྦྱངས་ཤིང་ཕྱག་ལེན་ལ་ཐེབས་པར་མཛད། སྔོན་ཡུན་རིང་པོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་ཚོགས་གཉིས་རྒྱ་ཆེན་པོ་བསགས། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པས་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་སྡེ་སྣོད། དེའི་ནང་ནས་ཀྱང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་མན་ངག་རྣམས་གསན་བཞེད་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་སློབ་དཔོན་དབྱིག་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང། ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྣམས་རྫོགས་པར་གསན་ནས་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་པར་མཛད། ཤེར་ཕྱིན་གྱི་མདོ་སྡེའི་དོན་རྗེ་བཙུན་བྱམས་པ་མགོན་པོས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཏུ་སྦྱར་བ་མངོན་པར་རྟོགས་པའི་རྒྱན་གསན་ཏེ་དེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཐུགས་ཉམས་སུ་བཞེས་པས་ལམ་རིམ་གྱིས་བགྲོད་དེ་ཆོས་ཉིད་མངོན་སུམ་དུ་གཟིགས་པ་འཕགས་པའི་ལམ་ཐོབ། གཟུངས་དང་སྤོབས་པ་དང། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་མངོན་དུ་གྱུར། རྗེ་བཙུན་བྱམས་པ་མགོན་པོ་ཞལ་མཐོང་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་དང་པོ་སེམས་བསྐྱེད་ནས་བཟུང་ཐ་མ་འཕྲིན་ལས་ཀྱི་བར་དོན་བདུན་ཅུ་པོ་རེ་རེ་ནས་ཤེར་ཕྱིན་གྱི་མདོ་དང་འབྱོར་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྨོན་ཞིང། དེ་ལྟར་དུ་བྱམས་མགོན་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་པས། རྗེ་བཙུན་བྱམས་མགོན་གྱིས་ཝཱ་ར་ཎཱ་སིའི་གཙུག་ལག་ཁང་དུ་སོངས་དང་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན། རྗེ་བཙུན་གྱི་བཀའ་བཞིན་ཝཱ་ར་ཎཱ་སིའི་གཙུག་ལག་ཁང་དུ་བྱོན་པ་ན། དེའི་ཚེ་དགེ་བསྙེན་ཞི་བའི་གོ་ཆ་ཞེས་བྱ་བ་ཞིག་གིས་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་པོ་ཏ་ལ་ནས་སྤྱན་དྲངས་ཏེ་ཝཱ་ར་ཎཱ་སིའི་གཙུག་ལག་ཁང་དུ་ཕེབས་པ་དང་དུས་འགྲིག ། དེ་ཡང་རྒྱལ་བ་མྱ་ངན་ལས་འདས་ནས་བདུད་སྡིག་ཏོ་ཅན་གྱི་མཐུས་རྒྱལ་བའི་བསྟན་པ་ཉམས་པར་བྱེད་པའི་མུ་སྟེགས་ཅན་གྱི་གནོད་པ་རིམ་པར་བྱུང་བས་འཕགས་ཡུལ་ན་བཞུགས་པའི་རྒྱལ་བའི་བཀའི་གླེགས་བམ་མང་པོ་ཞིག་ནུབ་པར་གྱུར་པ་ལ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་སྤྱན་དྲངས་ཏེ་རྒྱ་གར་ན་བཞུགས་ཤིང། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་སྔར་ནས་བཞུགས་པས་འཕགས་པ་གྲོལ་སྡེས་མངོན་རྟོགས་རྒྱན་ཤེར་ཕྱིན་དེ་གཉིས་དང་སྦྱར་ཡང་འགའ་ཞིག་གི་ཐད་ལ་འབྱོར་དཀའ་བར་བྱུང་བ་ཝཱ་ར་ཎཱ་སིའི་གཙུག་ལག་ཁང་དུ་ཉི་ཁྲི་ལ་གཟིགས་པས་ཐམས་ཅད་འབྱོར་ཏེ། དོན་བདུན་ཅུའི་དང་པོ་སེམས་བསྐྱེད་སྟོན་པ་ལ་ཉི་ཁྲིར། ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བརྩོན་པར་བྱའོ། ། ཞེས་གསུངས། དེ་བཞིན་དུ་བྱང་ཆུབ་དོན་གཉེར་མདོར་བསྟན་རྒྱས་བཤད། གཞན་དོན་དོན་གཉེར་མདོར་བསྟན་རྒྱས་བཤད། ས་ལྟ་བུའི་སེམས་བསྐྱེད་ནས་ཆོས་ཀྱི་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་སེམས་བསྐྱེད་ཉེར་གཉིས་རེ་རེ་ནས་མདོ་དང་འབྱོར་ཞིང། དེ་བཞིན་དུ་གདམས་ངག་གི་དང་པོ་སྒྲུབ་པ་ནས་བཟུང་འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར་རེ་རེ་ནས་རྒྱལ་བས་གསུངས་པའི་མདོ་དང་འབྱོར་པས། རྒྱ་མཚོར་བགྲོད་པའི་དེད་དཔོན་གྱིས་ཡིད་བཞིན་གྱི་དོན་བུ་རྙེད་པ་ལྟར་ཐུགས་རབ་ཏུ་ཚིམ་པར་གྱུར་ཏོ། ། དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་གདན་དྲངས་ཚུལ་ནི། དགེ་བསྙེན་དེ་ནགས་ཁྲོད་ཞིག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པའི་ཚེ་ཡུལ་དེའི་རྒྱལ་པོ་ཞིག་གིས་བསྐུལ་ནས་པོ་ཏ་ལར་འགྲོ་བར་ཆས་ནས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་སོང་བ་ན་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབས། དེ་ནས་པོ་ཏ་ལར་འགྲོ་བའི་ལམ་ཡིག་ལྟར་འགའ་ཞིག་གི་ཐད་དུ་ས་འོག་ཏུ་བགྲོད་པ་དང་། རྒྱ་མཚོ་ལ་གཟིངས་བཅས་ཏེ་བགྲོད་པ་སོགས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཕྱིན་ཏེ་པོ་ཏ་ལའི་རི་བོའི་གཤམ་དུ་སླེབས་པ་ན་གཡང་ས་ཆེན་པོ་སུས་ཀྱང་བགྲོད་མི་ནུས་པ་ཞིག་བྱུང་བས་ལྷ་མོ་རལ་གཅིག་མ་ལ་གསོལ་བ་བཏབ་པས་ལྷ་མོའི་མཐུས་གཡང་ས་ཆེན་པོ་དེ་ལ་ཟམ་པ་ཞིག་བྱུང་ནས་ཐར། དེ་ནས་གཅན་གཟན་གྱི་འཇིགས་པ་ཆེན་པོ་བྱུང་བ་ལ་འཕགས་པ་ཉིད་ལ་གསོལ་བ་བཏབ་པས་འཇིགས་པ་ལས་གྲོལ། དེ་ནས་རི་བོ་ལ་འཛེགས་པ་ན་རི་བོའི་གཤམ་དུ་རྗེ་བཙུན་མ་སྒྲོལ་མའི་གནས་དང། ཁྲོ་གཉེར་ཅན་མའི་གནས་དང། རིའི་རྩེ་མོ་ན་འཕགས་པའི་གཞལ་མེད་ཁང་ཡོད་པ་རྣམས་སུ་རིམ་གྱིས་ཕྱིན་ཏེ་འཕགས་པའི་ཞལ་དངོས་སུ་མཇལ། ཉི་ཁྲི་ལེ་བརྒྱད་མ་གདན་དྲངས། འཕགས་པ་ཐུགས་རྗེ་ཆེན་པོའི་མཐུས་གེགས་མེད་པར་ཝཱ་ར་ཎཱ་སིར་སླེབས་ནས་དེའི་གཙུག་ལག་ཁང་དུ་ཉི་ཁྲི་བཞུགས་སོ། ། དེ་ནས་འཕགས་པ་རྣམ་གྲོལ་སྡེས་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་མཛད། འཛམ་བུའི་གླིང་དུ་མདོ་རྒྱན་སྦྱར་བའི་ཐོག་མ་འདི་ཡིན་ནོ། ། སློབ་དཔོན་བདག་ཉིད་ཆེན་པོ་འདིས་བསྟན་པའི་དོན་དུ་མདོ་རྒྱན་སྦྱར་ནས་སྐལ་པ་དང་ལྡན་པ་དག་ལ་རྒྱ་ཆེར་སྤེལ་ཞིང་། དེའི་ཚེ་ཤེར་ཕྱིན་གྱི་གདམས་ངག་ཉན་པའི་སློབ་མ་སྟོང་ཕྲག་མང་པོ་བྱུང་ཞིང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་པར་འདོད་པ་མཐའ་དག་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་བརྟེན་པ་ཞིག་བྱུང་ངོ་། ། སློབ་དཔོན་འདིས་ལོ་སུམ་ཅུ་ཙམ་གྱི་རིང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་དགའ་ལྡན་དུ་རྒྱལ་བ་མི་ཕམ་པའི་ཞབས་དྲུང་དུ་ཕེབས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་འཕགས་པ་གྲོལ་སྡེ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིས་མདོ་རྒྱན་སྦྱར་བའི་ཤིང་རྟའི་སྲོལ་ཕྱེ་བ་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱལ་བའི་གསུང་རབ་ཉིད་ལས་གསུངས་པའི་ཚུལ་ལ་ངེས་པ་རྙེད་པར་བྱས་ནས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་མ་ཚང་པ་མེད་པ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པ་ཆིག་བསྒྲིལ་དུ་བྱའོ། ། ། །
༈ དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། ། ཞེས་བསྔགས་པ། བཙུན་པ་རྣམ་གྲོལ་སྡེ་ནི། གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། འཕགས་པ་རྣམ་གྲོལ་སྡེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་མན་ངག་མངོན་པར་རྟོགས་པའི་རྒྱན་ཉི་ཁྲི་དང་སྦྱར་བ་གསན་ཏེ། དེའི་དོན་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་སྦྱངས་པས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་དང་། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཏེ་ཐེག་པ་ཆེན་པོའི་ཚོགས་ལམ་དུ་ཞུགས་ཏེ་ཐེག་པ་ཆེན་པོའི་ལམ་རིམ་གྱིས་བགྲོད་ཕྱིར་ལོ་བཅུའི་རིང་ལ་རྗེ་བཙུན་བྱམས་མགོན་བསྒྲུབས་ཏེ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྦྱངས་ཤིང། རྗེ་བཙུན་བྱམས་པ་མགོན་པོའི་ཞལ་མངོན་སུམ་དུ་མཐོང་བ་དང་། དེའི་མཐུས་ཐེག་པ་ཆེན་པོའི་ལམ་རྣམས་མྱུར་དུ་བགྲོད་ནུས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་འབད་ཀྱང་བྱམས་མགོན་གྱི་ཞལ་མ་མཐོང་བ་ན། བྱམས་མགོན་གྱི་ཞལ་མྱུར་དུ་མཐོང་བའི་ཐབས་གཞན་ལ་དྲིས་པས་སྡིག་སྒྲིབ་སྦྱོང་བའི་དོན་དུ་སྦྱིན་སྲེག་བྱས་ན་ལེགས་ཞེས་ཟེར་བ་ལྟར་ཞི་བའི་ཐབ་ཁུང་དུ་བྱམས་མགོན་སྤྱན་དྲངས་ནས་སྲེགས་བླུགས་འབུམ་ཕྲག་བཅུ་གཉིས་ཕུལ་བས་བྱམས་མགོན་གྱི་ཞལ་གཟིགས། དེ་ནས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཆེས་ཆེར་རྒྱས་ཏེ་འཕགས་པ་གྲོལ་སྡེའི་མན་ངག་ལ་བརྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱས་པར་སྟོན་པ་ཉི་ཁྲི་རྣམ་འགྲེལ་མཛད་དོ། ། སློབ་དཔོན་འདི་རྗེ་བདག་ཉིད་ཆེན་པོས་དད་པའི་སར་གནས་ཞེས་ཚོགས་ལམ་པ་ཡིན་པར་བཤད་དོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་བཙུན་པ་རྣམ་གྲོལ་སྡེ་ལ་གསོལ་བ་འདེབས་ཤིང་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི༌བར་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་གནད་ཐམས་ཅད་རྒྱལ་བའི་ཡུམ་ཉིད་ལས་གསུངས་པའི་ཚུལ་ལ་ངེས་པ་རྙེད་པར་བྱས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་བསྐྱེད་ནས་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ཆིག་བསྒྲིལ་དུ་བྱའོ། ། ། །
༈ རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། ། ཞེས་བསྔགས་པ། སློབ་དཔོན་མཆོག་གི་སྡེ་ནི་རྒྱལ་བའི་བསྟན་པ་ལ་རབཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། བཙུན་པ་གྲོལ་སྡེ་བསྟེན་ནས་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་དང། ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་མངོན་པར་རྟོགས་པའི་རྒྱན་ལས་འབྱུང་བ་ལྟར་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་གསན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་པས་མྱོང་བ་ཕུལ་དུ་ཕྱིན་པ་ཐོན་ཏེ་སྐལ་པ་དང་ལྡན་པ་མཐའ་ཡས་པ་ལ་ཤེར་ཕྱིན་གྱི་མན་ངག་འདོམས་པར་མཛད་ཅིང་མདོ་རྒྱན་སྦྱར་བའི་མན་ངག་རྒྱ་ཆེར་སྤེལ་ལོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་མཆོག་གི་སྡེ་ལ་གསོལ་བ་འདེབས་ཤིང་སློབ་དཔོན་འདིས་ཇི་ལྟར་བསྟན་པ་ལྟར་མདོ་རྒྱན་སྦྱར་བའི་མན་ངག་ཐོབ་པར་བྱས་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པར་བྱའོ། ། ། །
༈ ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། ། ཞེས་བསྔགས་པ། སློབ་དཔོན་དུལ་བའི་སྡེ་ནི། རྒྱལ་བའི་བསྟན་པ་ལ་ཞུགས་ནས་སློབ་དཔོན་མཆོག་གི་སྡེ་ཡོངས་འཛིན་དུ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་ཤིང། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་གདམས་ངག་མངོན་པར་རྟོགས་པའི་རྒྱན་ལ་སྦྱངས་ནས་བྱང་ཆུབ་ལམ་གྱི་རིམ་པའི་གནད་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དེ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པས་རྟོགས་པ་ཕུལ་དུ་ཕྱིན་པ་ཐོབ། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཞེངས། དེ་ལ་གསོལ་བ་རྩེ་གཅིག་བཏབ་པས། བྱམས་མགོན་གྱི་སྐུ་དེས་གསུང་བྱོན་ནས་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་པ་ལ། རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་དགོས་པས་འཕགས་མ་སྒྲོལ་མའི་སྐུ་བཞེངས་ཞེས་གསུངས་པ་ལྟར་རྗེ་བཙུན་སྒྲོལ་མའི་སྐུ་བཞེངས། དེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རྗེ་བཙུན་མ་སྒྲོལ་མས་འཕྲིན་ལས་མཛད་དེ་སྐལ་བ་དང་ལྡན་པ་མང་པོ་ལ་ཤེར་ཕྱིན་གྱི་མན་ངག་རྒྱ་ཆེར་སྤེལ་ཞིང། ཁྱད་པར་དུ་ཡང་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་མཁན་ཆེན་ཞི་བ་འཚོ་ལ་གྲོལ་སྡེ་རྣམ་གཉིས་ལས་བྱུང་བའི་མན་ངག ། བྱང་ཆུབ་ལམ་གྱི་རིམ་པའི་གནད་ཐམས་ཅད་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང་སྦྱར་ཏེ་ངེས་པ་གཏིང་ཚུགས་པར་བསྐྱེད་པ་མདོ་རྒྱན་སྦྱར་བའི་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པ་གནང་སྟེ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་དུལ་བའི་སྡེ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདི་ནས་བརྒྱུད་པའི་ལམ་གྱི་རིམ་པ་ལ་བག་ཆགས་ཅི་ཐེབས་བྱའོ། ། གྲོལ་སྡེ་རྣམ་གཉིས་དང་། མཆོག་སྡེ་དུལ་སྡེ་གཉིས་ཏེ་སློབ་དཔོན་བཞི་པོ་འདི་གང་དུ་འཁྲུངས་པའི་ཡུལ་དང་། རིགས་དང་རུས་གང་ཡིན་པ་དང། སྐུ་ཚེ་རིལ་པོའི་མཛད་པ་རྣམ་ཐར་ཞིབ་པ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ། ། ། །
༈ རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། ། ཅེས་བསྔགས་པ། མཁན་པོ་ཡང་དག་རྣམ་སྣང་མཛད། མཚན་གཞན་བོ་དྷི་ས་ཏྭ་ཞེས་ཀྱང་བྱ། ལེགས་སྦྱར་གྱི་སྐད་ལ་ཤནྟཱ་རཀྵི་ཏ། བོད་སྐད་དུ་ཞི་བ་འཚོ་ཞེས་བརྗོད་པ་མཁན་ཆེན་ཞི་བ་འཚོ་ནི། སྔོན་བསྐལ་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་ས་ལམ་མཐར་ཕྱིན་ནས་ཞིང་འདིར་ཐུབ་པའི་བསྟན་པ་སྤེལ་བའི་སླད་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། གཞོན་ནུ་ནས་ཁྱིམ་གྱི་གནས་ནི་སྡུག་བསྔལ་དུ་མའི་འབྱུང་གནས་བཙོན་ར་ལྟ་བུ་དང་། ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་རིག་ནས་སྲིད་པའི་ཕུན་ཚོགས་ལ་ཆགས་པ་མེད་པར་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་མཁན་པོ་ཡེ་ཤེས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དེ་ཡང་རྩ་བའི་སྡེ་པ་བཞི་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་པས། མཁན་པོ་དེ་ཉིད་ལ་བརྟེན་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་པ་ཆེ་ཕྲ་མཐའ་དག་ཐུགས་སུ་ཆུད་པར་མཛད་ནས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད། དེ་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྣམས་གསན་བཞེད་ནས་སློབ་དཔོན་དུལ་བའི་སྡེ་ལ་བསྙེན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་གསན་ཏེ། དེའི་མན་ངག་ཤེར་ཕྱིན་གྱི་མདོ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་ཟབ་མོའི་ལམ་གྱི་རིམ་པ་གཉིས་ཡོད་པ་གཉིས་ཀ་མེད་མི་རུང་དུ་གཟིགས་ནས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བའི་མན་ངག་མཐར་ཐུག་པ་དབུ་མའི་གཞུང་རྣམས་ལ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད། གཞུང་དེ་དག་གི་དོན་ལ་དྲི་མ་མེད་པའི་རིགས་པས་ལེགས་པར་དཔྱད་ནས་ངེས་ཤེས་གཏིང་ཕྱིན་པར་རྙེད་པ་ན་ཐུགས་རྒྱུད་ལ་སྦྱར་ཏེ་ཉམས་སུ་བཞེས་པས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་མྱོང་གི་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ན་སྐལ་བ་དང་ལྡན་པ་གཞན་དག་ལ་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཏེ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་སྟོན་པའི་བསྟན་བཅོས་དབུ་མ་རྒྱན་འགྲེལ་པ་དང་བཅས་པ་མཛད་དེ་གདུལ་བྱ་མཐའ་ཡས་པ་ལ་རྒྱ་ཆེར་སྤེལ་ཏེ་འཕགས་ཡུལ་དུ་ཤེར་ཕྱིན་གྱི་མན་ངག་ཉིན་མོ་ལྟར་གསལ་བར་མཛད། བདག་ཉིད་ཆེན་པོ་འདི་ནི་དགུང་ལོ་བརྒྱ་ཕྲག་མང་པོ་བཞུགས་པས། སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་རིམ་པ་མང་དུ་ཡོད་ཅིང་སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་ནི་སློབ་དཔོན་སེང་གེ་བཟང་པོ་དང་། མཁས་མཆོག་ཀཱ་མ་ལ་ཤཱི་ལ་གཉིས་སོ། ། མཁན་ཆེན་ཞི་བ་འཚོ་འདི་ནི་རྒྱལ་སྲས་གཞན་གྱིས་དཔག་པར་དཀའ་བའི་སྙིང་སྟོབས་དང་བྱང་ཆུབ་ཀྱི་སེམས་ཤིན་ཏུ་སྟོབས་ཆེ་བས་སྙིགས་མའི་དུས་འདིར་འགྲོ་བའི་དོན་མཛད་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་ཆེས་ཕུལ་དུ་བྱུང་བ་ཞིག་སྟེ། དོན་གྱི་དབང་འདི་ལ་གཟིགས་ནས་རྗེ་བདག་ཉིད་ཆེན་པོས། རླབས་ཆེན་སྤྱོད་པའི་གཏེར་གྱུར་ཅེས་བསྔགས་པ་ཡིན་ནོ། ། མཁན་ཆེན་ཞི་བ་འཚོ་འདིས་རྒྱ་བོད་ཐམས་ཅད་དུ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ཡིན་ཞིང། ལྷག་པར་བྱང་ཕྱོགས་བོད་ཡུལ་འདི་སྟོན་པ་ཐུགས་རྗེ་ཅན་དེས་ཀྱང་འདུལ་མ་ནུས་པར་མུན་པའི་གླིང་དུ་ལུས་ཤིང། སློབ་དཔོན་འདིའི་གོང་དུ་བྱོན་པའི་ཤིང་རྟ་ཆེན་པོ་གཉིས་སོགས་བདག་ཉིད་ཆེན་པོ་དེ་དག་ཐམས་ཅད་ཀྱིས་འདུལ་བར་མ་ནུས་པར་མཐའ་འཁོབ་མུན་གླིང་དུ་ལུས་པ་སློབ་དཔོན་འདིས་ཐུགས་ཀྱིས་མ་བཟོད་ནས་ཞིང་འདིར་བྱོན་ཞིང་དེ་ལྟ་ནའང་རྟེན་འབྲེལ་སྒོ་མང་པོ་ཞིག་ནས་འགྲིག་དགོས་པའི་དབང་གིས་སློབ་དཔོན་འདི་བྱོན་ནས་ལོ་དགུ་བརྒྱ་ལྷག་ཙམ་གྱི་བར་དུ་བོད་དུ་རྒྱལ་བའི་བསྟན་པ་འཛུགས་པའི་རྟེན་འབྲེལ་མ་འགྲིག་པར་ནམ་ཞིག་ན་བོད་ཁམས་མུན་པའི་གླིང་དུ་རྒྱལ་བའི་བསྟན་པའི་སྒྲོན་མེ་འཛུགས་པར་ནུས་སྙམ་དུ་དེ་འབའ་ཞིག་ཐུགས་ལ་བརྣགས་ནས་སྐུ་ཚེ་བྱིན་གྱིས་བརླབས་ཏེ་བཞུགས་པ་ལས། དུས་ནམ་ཞིག་ན་བོད་ཁམས་ཀྱི་རྗེ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་དུ་རྒྱལ་བསྟན་གྱི་སྲོལ་བཙུགས། ཇོ་བོ་ཤཱཀྱ་མུ་ནི་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་རྒྱ་བལ་ནས་སྤྱན་དྲངས་ལྷ་སར་གཙུག་ལག་ཁང་བརྩིགས། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང་མཆོད་རྟེན་རྣམས་བརྩིགས། ཆོས་ཀྱི་བརྡ་སློབ་པ་སོགས་བསྟན་པ་རིན་པོ་ཆེའི་སྲོལ་བཙུགས་ཀྱང་སྙིགས་མའི་སྐྱེ་བོ་རྣམས་བསོད་ནམས་དམན་པ་དང། བདུད་སྡིག་ཏོ་ཅན་འཁོར་ནག་ཕྱོགས་ཀྱི་འབྱུང་པོ་གདུག་པ་ཅན་རྣམས་དང་བཅས་པས་མི་རྣམས་ཀྱི་ཡིད་བསྒྱུར་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་འདས་ནས་སྡིག་བློན་མང་པོས་རྒྱལ་བའི་བསྟན་པ་ཉམས་པར་བྱས་ཏེ། ཇོ་བོ་ཤཱཀྱ་མུནེ་མུན་ཁང་དུ་སྦ་བ་དང། ཆོས་བྱེད་རྣམས་ལ་ཆད་པས་གཅོད་པ་སོགས་རྣམ་པ་ཀུན་ནས་འཚེ་བར་བྱས་ཤིང་སླར་ཡང་ནག་ཕྱོགས་ཀྱི་སྟོབས་ཆེར་རྒྱས་ཏེ་ཇོ་བོ་རིན་པོ་ཆེ་བྱེ་ཐེམས་སུ་སྦ་བ་དང། དེས་ཀྱང་མི་ཆོག་པར་དེ་ནས་བཏོན་ཏེ་མང་ཡུལ་སྐྱིད་གྲོང་དུ་སྤྱུགས་པ་དང། རྒྱལ་བསྟན་གྱི་མཚན་ཙམ་ཡང་འདོན་དབང་མེད་པར་སྡིག་བློན་མང་པོས་ཁྲིམས་དམ་པར་བྱས་ཏེ་རྒྱལ་བསྟན་ཡི་གེ་འབྲུ་རེ་ཡང་ཀློག་ས་མེད་པར་མུན་གླིང་ཁོ་ནར་གྱུར་པ་ན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པ་རིགས་གསུམ་མགོན་པོས་བོད་ཡུལ་དུ་རྒྱལ་བསྟན་འཛུགས་པར་ཐུགས་བསྐྱེད་དེ་སྤྱན་རས་གཟིགས་སྲོང་བཙན་སྒམ་པོས་བོད་ཡུལ་དུ་རྒྱལ་བསྟན་གྱི་སྲོལ་བཙུགས་པ་བདུད་སྡེ་དཔུང་དང་བཅས་པས་ཉམས་པར་བྱས་པ་དེ་ཉིད་གསོ་ཕྱིར་རྗེ་བཙུན་འཇམ་དཔལ་དབྱངས་མིའི་རྗེ་བོར་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྒྱ་ཟ་ཀོང་ཇོ་ལས་སྐུ་འཁྲུངས་ནས་རིང་པོ་མ་ལོན་པ་ན་ཡབ་གཤེགས། འཁྲུངས་མ་ཐག་ནས་ཆོས་ཀྱི་བག་ཆགས་བརྟས་པ་དེ་བདུད་སྡེས་མ་བཟོད་པར་བདུད་བློན་རྣམས་ཀྱིས་འདི་རྒྱ་བཟའི་བུ་མིན་གྱི་ཞང་གི་ཚ་བོ་ཡིན་ཞེས་དབྲོག་པར་བརྩམས་པ་ན། རྒྱལ་བུ་ཆུང་ངུ་དེའི་ཞལ་ནས། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། ། སྣ་རྣམ་ཞང་གིས་ཅི་བགྱི་འཚལ། ། ཞེས་གསུངས་ནས་རང་ལ་རང་གིས་ཁྲི་སྲོང་ལྡེ་བཙན་ཞེས་མཚན་བཏགས། རྒྱ་བཟའི་སྲས་ཡིན་པར་ཡོངས་སུ་གྲགས་པར་བྱས། དེ་ནས་རྒྱལ་བུ་ཆུང་ངུ་དེས་སྔར་ཡབ་མེས་བཀའ་དྲིན་ཅན་དེ་དག་གིས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བཙུགས་པ་ད་ལྟ་མིང་ཙམ་ཡང་མེད་པ་འདི་ཐབས་གང་ཞིག་བྱས་ན་གསོ་བར་ནུས་སྙམ་དུ་དེ་འབའ་ཞིག་སེམས་པར་མཛད་དོ། ། དེ་ནས་དུས་ནམ་ཞིག་ན་རྒྱལ་པོས་སྦ་གསལ་སྣང་ལ་སོགས་པ་ཁ་ཤས་རྒྱ་ཡུལ་དུ་རྒྱལ་བའི་བཀའ་འཚོལ་དུ་བཏང། དེ་དག་གིས་ཀྱང་རྒྱལ་པོའི་བཀའ་བཞིན་རྩོལ་བ་ཆེན་པོས་ཕྱིན་ཏེ་རྒྱ་ནག་ནས་རྒྱལ་བའི་བཀའ་མང་པོ་སྤྱན་དྲངས། རྒྱལ་པོའི་སྐུ་མདུན་དུ་སླེབས་ཀྱང་སྡིག་བློན་རྣམས་དབང་ཆེ་བས་རྒྱལ་བའི་བཀའ་མཚན་ཙམ་ཡང་འདོན་དབང་མེད་པས་རེ་ཤིག་བཀའ་རྣམས་བྲག་ལ་སྦས། དེ་ནས་རྒྱལ་བུས་གསལ་སྣང་དང་གྲོས་བྱས་ཏེ་གསལ་སྣང་གིས་རྒྱ་གར་དུ་ཕྱིན་ནས་རྒྱལ་བའི་བཀའ་དང་དེའི་དོན་སྟོན་པའི་པཎྜི་ཏ་འཚོལ་རྩིས་དང། བདུད་བློན་རྣམས་ཀྱི་སྣང་ངོར་མང་ཡུལ་སྐྱིད་གྲོང་གི་དཔོན་དུ་བསྐོས་ཏེ་བཏང། དེ་ནས་གསལ་སྣང་གིས་རྒྱ་གར་དུ་ཕྱིན་ཏེ་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་དང་ཤྲཱི་ན་ལནྡྲར་མཆོད་པ་ཕུལ་བས་མེ་ཏོག་གི་ཆར་བབས། བྱང་ཆུབ་ཀྱི་ཤིང་ལས་འོ་མའི་རྒྱུན་བབས་ཤིང་དགེའོ་ཞེས་པའི་སྒྲ་འོད་དང་བཅས་པ་བྱུང། དེ་ནས་གསལ་སྣང་བལ་ཡུལ་དུ་བྱོན་པས་བལ་རྗེའི་མཆོད་གནས་སུ་མཁས་ཤིང་གྲུབ་པའི་པཎ་ཆེན་ཤནྟཱ་རཀྵི་ཏ་བཞུགས་པ་མང་ཡུལ་སྐྱིད་གྲོང་དུ་སྤྱན་དྲངས། བཞུགས་གནས་སུ་གཙུག་ལག་ཁང་གཉིས་བརྩིགས། སློབ་དཔོན་ལ་སེམས་བསྐྱེད་ཞུས་པས། སེམས་བསྐྱེད་ཞུ་བ་ལ་ཡོན་དགོས་གསུངས། གསེར་དངུལ་སོགས་རིན་པོ་ཆེ་དང་། དར་ཟབ་སྣམ་གོས་སོགས་ཡོ་བྱད་ཅི་ཡོད་ཕུལ་བས་ད་དུང་ཕུལ་ཅིག་གསུངས། ད་ལུས་ལ་བཅིངས་པའི་སྐ་རགས་གཅིག་མིན་པ་མེད་ཞུས་པས་དེ་ཡང་ཕུལ་ཅིག་གསུངས་ནས་ཕུལ། སེམས་བསྐྱེད་ཞུས་ཟིན་པ་ན་སློབ་དཔོན་གྱིས་འབུལ་བ་ཐམས་ཅད་ཚུར་གནང་ནས་ཁྱོད་དང་ང་གཉིས་སྐྱེ་བ་འདི་ལ་ངོ་ཤེས་པ་ཙམ་མ་ཡིན། སྐྱེ་བ་དུ་མའི་སྔ་རོལ་ནས་ངའི་དྲུང་དུ་སེམས་བསྐྱེད་པའི་སྲས་ཀྱི་ཐུ་བོ་ཡིན། ཁྱོད་ཀྱི་མིང་ཡེ་ཤེས་དབང་པོ་བྱ་བར་འགྱུར་རོ་གསུངས་ནས་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད། དེ་ནས་གསལ་སྣང་གིས་སློབ་དཔོན་ལ་ཕྱག་བྱས་ཏེ། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་དུ་བོད་ཀྱི་རྒྱལ་པོའི་དགེ་བའི་བཤེས་གཉེན་དུ་འབྱོན་པ་ཅི་གནང་། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས་བོད་ངའི་གདུལ་སྐལ་ཡིན། བོད་ཀྱི་རྒྱལ་པོ་དང་ཁྱོད་ལྷན་ཅིག་མ་སྐྱེས་པས་ཁྱོད་གཉིས་ཀྱི་སྐྱེ་བ་དགུའི་བར་དུ་མང་ཡུལ་དང་ཟ་ཧོར་གཉིས་སུ་བསྒུགས་ནས་བསྡད་པ་ཡིན། ད་ཁྱེད་གཉིས་ཀྱང་ནར་སོན་ནས་དུས་ལ་བབ་པར་གདའ་བས་ངས་བོད་ཀྱི་རྒྱལ་པོའི་དགེ་བའི་བཤེས་གཉེན་བྱས་ལ་ཡུལ་བྱན་ཀར་ཆུ་བོ་ལོ་ཧི་ཏའི་འགྲམ། རི་ཧས་པུ་རིའི་དྲུང་དུ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་བ་ཞེས་བྱ་བའི་གཙུག་ལག་ཁང་གཅིག་ཀྱང་བཞེངས་སུ་གསོལ། ཞེས་གསུངས་ནས་སློབ་དཔོན་སླར་བལ་ཡུལ་དུ་གཤེགས། གསལ་སྣང་བོད་དུ་འོངས་ཏེ་རྒྱལ་པོའི་སྐུ་མདུན་དུ་མཆིས་ནས་དབེན་པ་ཞིག་ཏུ་ཆོས་བྱ་བར་རིགས་པ་དང་མཁས་པ་ཆེན་པོ་ཤནྟཱ་རཀྵི་ཏ་ཞེས་བྱ་བ་ད་ལྟ་བལ་ཡུལ་ན་བཞུགས་ཡོད། བོད་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས། པཎྜི་ཏ་དེའི་བཀའ་མཆིད་ཀྱང་འདི་ལྟར་གནང་ཞེས་རྒྱལ་པོ་ལ་ཞིབ་ཏུ་གསོལ་བས་རྒྱལ་པོའི་ཞལ་ནས། ངེད་གཉིས་ཀྱིས་པཎྜི་ཏ་སྤྱན་དྲངས་ཏེ་རྒྱལ་བའི་བསྟན་པ་འཛུགས་པར་བདུད་བློན་འདི་དག་གིས་ཤེས་ན་ཁྱོད་སྲོག་དང་འབྲལ་བར་བྱེད་ཅིང་དོན་ཆེན་པོ་ལས་ཉམས་པར་འགྱུར་བས་ཁྱོད་རེ་ཤིག་ཡུལ་དུ་སོང་ལ་ཡིབ་ལ་སྡོད་ཅིག་ངས་ཐབས་ཀྱིས་དོན་གྲུབ་པ་ཞིག་བྱའོ་གསུངས་ནས་གསལ་སྣང་རེ་ཤིག་དབེན་པར་བྱོལ། དེ་ནས་རྒྱལ་པོའི་ཐབས་མཁས་ཀྱི་མཛད་པ་དུ་མས་བདུད་བློན་རྣམས་ཀྱི་བསམ་སྦྱོར་མཐའ་དག་བྱེ་མའི་ཆངས་བུ་ལྟར་ཞིག་སྟེ་ཆབ་སྲིད་ཆོས་ཀྱིས་སྐྱོང་བའི་དུས་ལ་བབ་པ་ན། རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྩལ་པ། ངའི་ཡབ་མེས་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཙུགས་པ་དེ་ཞང་མ་ཞང་སོགས་སྡིག་བློན་རྣམས་ཀྱིས་བཤིག ། ཇོ་བོ་ཤཱཀྱ་མུ་ནེ་མང་ཡུལ་སྐྱིད་གྲོང་དུ་སྤྱུགས་འདུག་པས། ད་ཇོ་བོ་ཤཱཀྱ་མུ་ནེ་དེ་སྤྱན་དྲངས། ངེད་རང་རྗེ་བློན་འབངས་དང་བཅས་པ་རྣམས་ཆོས་བྱེད་པ་མི་རུང་ངམ་གསུངས་པས། རྒྱལ་པོའི་བཀའ་བཞིན་རྗེ་བློན་འབངས་དང་བཅས་པ་རྣམས་ཆོས་བྱེད་པ་ལ་འཆམ་ནས་ཆོས་བྱེད་པ་ལ་རྒྱ་གར་ནས་འོངས་པའི་རྒྱུས་ཅན་དགོས་པས་སུ་ཡོད་ཅེས་གླེང་བ་ན། གསལ་སྣང་མང་ཡུལ་ནས་འོངས་པ་མཆི་བས་དེ་རྗེའི་སྤྱན་སྔར་དགུག་འཚལ་ཟེར་བ་བཞིན་གསལ་སྣང་རྒྱལ་པོའི་སྤྱན་སྔར་བཀུག་ནས་བཀའ་སྩལ་པ། རྒྱ་གར་དང་བལ་ཡུལ་ན་ཆོས་ལ་མཁས་པའི་པཎྜི་ཏ་སུ་ཡོད། དེ་ཁྱོད་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོ་བ་ན། གསལ་སྣང་གིས་གསོལ་པ། ཟ་ཧོར་རྒྱལ་པོའི་སྲས་དགེ་སློང་ཤནྟཱ་རཀྵི་ཏ་ཞེས་བྱ་བ་ད་ལྟ་བལ་ཡུལ་ན་མཆིས་པ་དེ་དམ་པའི་ཆོས་དང་གཙུག་ལག་ཀུན་ལ་མཁས་པ་ཅིག་བདོག་ཅེས་གསོལ་པས། རྗེའི་ཞལ་ནས་ཁྱོད་ཡུལ་དུ་མ་འགྲོ་བར་པཎྜི་ཏེ་དེ་སྤྱན་དྲང་བའི་ཕྱིར་བལ་ཡུལ་དུ་སོངས་ལ་བལ་རྗེ་ལ་ངའི་བཀའི་སྒྲོམ་བུ་འདི་ཕུལ་ལ་པཎྜི་ཏ་དེ་ངེས་པར་སྤྱན་འདྲོངས་པར་གྱིས་ཤིག ། ཅེས་མངགས་ནས་གསལ་སྣང་བལ་ཡུལ་དུ་བརྗངས། གསལ་སྣང་བལ་ཡུལ་དུ་འབྱོར་ནས་བལ་རྗེ་ལ་རྒྱལ་པོའི་བཀའི་སྒྲོམ་བུ་ཕུལ་ནས་བོ་དྷི་ས་ཏྭ་བོད་ཡུལ་དུ་སྤྱན་འདྲེན་པར་ཆད། རིམ་གྱིས་མང་ཡུལ་དུ་ཕེབས་པ་ན་བོད་ནས་རྒྱལ་པོས་ཕེབས་བསུར་ཁང་ལང་འགྲོ་སྣ་ར་དང་། གཉེར་སྟག་ཚང་ལྡོང་གཟིགས། སྦྲང་རྒྱ་ར་ལེགས་གཟིགས་གསུམ་བཏང་བ་འབྱོར། དེ་ནས་རིམ་གྱིས་ཕེབས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཕེབས་སུ་ཉེ་བ་ན། གསལ་སྣང་གིས་སྔོན་ལ་ཕྱིན་ནས་རྒྱལ་པོ་ལ་ཕྱག་ཕུལ། པཎྜི་ཏ་བྱོན་ཡོད་པའི་ལོ་རྒྱུས་རྣམས་གསོལ་བས་རྒྱལ་པོ་དགྱེས་ཏེ་གསལ་སྣང་ཁམས་བཟང་ཞིང་པཎྜི་ཏ་བདེ་བར་བྱོན་པ་ལེགས་ཞེས་རྒྱལ་པོས་བཀུར་སྟི་བགྱིས་པ་ན་ཞང་བློན་དག་ན་རེ། རྒྱ་བལ་གྱི་མི་ངན་སྔགས་མཁན་ཡང་མང་པོ་འོང་བས་སྔོན་ལ་རྟོག་དཔྱོད་མཛད་པ་ལེགས་ཟེར། སངས་ཤི་སོགས་འགའ་ཞིག་གིས་བརྟགས་ཀྱང་ཨཱ་ཙརྱའི་སྐད་མ་གོ ། ཁ་ཆེ་ཨ་ནན་ཏ་ལ་ལོ་ཙཱ་བཅོལ་ནས་དྲིས་པས། སློབ་དཔོན་གྱི་ཞལ་ནས། ལྷ་དཀོན་མཆོག་མཆོད། དམ་ཚིག་དང་སྡོམ་པ་ལ་གནས། གཙོ་བོར་སེམས་ཅན་ལ་ཕན་པ་འབའ་ཞིག་བྱེད་གསུངས། བློན་པོ་དེ་དག་གིས་རྒྱལ་པོ་ལ་ཨཱ་ཙརྱ་འདི་སྤྱོད་པ་ཁྱད་པར་དུ་འཕགས་པ་འདུག་པས་ཐུགས་འཕྲིག་བྱ་མི་འཚལ་ཞེས་གསོལ་ནས་ཕོ་བྲང་དུ་སྤྱན་དྲངས། ཕོ་བྲང་གི་ཆབ་སྒོར་བྱོན་པ་ན་ཕོ་ཉས་རྒྱལ་པོ་ལ་སློབ་དཔོན་སྒོ་ན་བྱོན་ནོ་ཞུས་པས། རྒྱལ་པོས་གསེར་ཕྱེ་བྲེ་གང་ཕྱག་རྟེན་དུ་ཕུལ་ནས་ཕྱག་བྱས་ཞབས་སྤྱི་བོར་བླངས་ཏེ་བྱིན་རླབས་ཞུས་པ་ན། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཁོ་བོ་མཁྱེན་ནམ་གསུངས་པས། རྒྱལ་པོས་སློབ་དཔོན་དང་སྔོན་ཆད་ཞལ་མ་འཛོམ་ལགས་ཞུས་པས། སློབ་དཔོན་གྱི་ཞལ་ནས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་གཙུག་ལག་ཁང་གི་རྒྱན་བསྲུང་བའི་བྱིས་པ་གསུམ་གྱིས་བྱེ་མའི་མཆོད་རྟེན་བྱས་ཏེ་སྨོན་ལམ་བཏབ་པ། མ་འོངས་པ་ན་ངས་པཎྜི་ཏ་བྱ་བ། ཁྱོད་ཀྱིས་མཐའ་འཁོབ་ཀྱི་རྒྱལ་པོ་བྱ་བ། གསལ་སྣང་གིས་བརྡ་སྦྱོར་གྱི་བང་ཕྱིན་པ་བྱས་ལ་མཐའ་མཁོབ་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་དར་བར་བྱེད་པའི་སྨོན་ལམ་བཏབ་པ་མཉེལ་ལམ་གསུངས། རྒྱལ་པོའི་ཞལ་ནས། དེ་མད་བདག་སྒོམ་ཡུན་ཐུངས་པས་ལན་ཞེས་གསོལ། དེ་ནས་རྒྱལ་པོས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་གསོལ་བ་བཏབ་ནས་བརྟག་པ་ཞུས་པ་ན། སློབ་དཔོན་གྱིས། ངེད་ཨཱ་ཙརྱ་བྱ་བ་རྟེན་འབྲེལ་བརྟག་པ་ལ་མཁས་པ་ཡིན། རྒྱལ་པོ་ཁྱོད་ཀྱིས་མགོ་ལ་ཐོད་བཅིངས་པ་དང་སྦྱར་ན་སྟོད་དུ་མངའ་རིས་ཞྭ་ཙམ་ཞིག ། ཞབས་ལ་ལྷམ་གསོལ་བས་སྨད་དུ་མངའ་རིས་ལྷམ་ཙམ་ཞིག་ལ་ཆོས་ཁྲིམས་ཆགས། སྐ་རགས་མ་བཅིངས་པ་དང་སྦྱར་ན་བར་དུ་རྒྱལ་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཀྱང་རིན་པོ་ཆེའི་ཕྱག་རྟེན་ཕུལ་བས་རྒྱལ་བའི་བསྟན་པ་འཛུགས་བཏུབ་གསུངས། དེ་ནས་སློབ་དཔོན་གྱིས་ཕོ་བྲང་རླུང་ཚུབས་སུ་ཟླ་བ་བཞིར་དགེ་བ་བཅུ་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་ཁྲོས་ཏེ་འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་རྒྱབ། མི་ནད་ཕྱུགས་ནད་བྱུང་བས་བོད་འབངས་ཡོ་ལོག་ནས་ཆོས་བྱས་པས་ལན་ཟེར་བ་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་པོ་དྷི་ས་ཏྭའི་ཞབས་ལ་དབུ་གཏུགས་ཏེ་བཤུམ་བཞིན་དུ་བོད་བསོད་ནམས་དམན་པས་ནག་ཕྱོགས་ཀྱི་མི་མ་ཡིན་རྣམས་ཀྱིས་བར་ཆད་འདི་འདྲ་བྱས། བོད་ཀྱི་མི་རྣམས་ཀྱང་འདི་སྐད་ཟེར་བས་སློབ་དཔོན་རེ་ཤིག་བལ་ཡུལ་དུ་གཤེགས་ནས་སླར་འབྱོན་དགོས་ཞེས་ཞུས་ཏེ་སློབ་དཔོན་བལ་ཡུལ་དུ་བྱོན། དེ་ནས་རིང་ཞིག་ནས་སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་འཚོལ་དུ་བཏང། སང་ཤི་ལ་སོགས་པ་སུམ་ཅུ་མཁན་ཆེན་ཞི་བ་འཚོ་སྤྱན་འདྲེན་དུ་བཏང་ངོ་། ། དེའི་ཚེ་རྒྱ་ནག་ཏུ་ཧ་ཤང་ཞིག་ན་རེ། ད་ཟླ་བ་དྲུག་ཞག་དྲུག་ན་འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་འདི་འདྲ་ཞིག་འོང་ཞེས་འདྲ་འབག་བྱས་ཤིང། སང་ཤི་རྒྱ་ནག་ཏུ་སླེབ་པ་དང་རྒྱ་རྗེས་བྱ་དགའ་བྱིན། ཧ་ཤང་ལ་བསྒོམ་ལུང་བླངས་ཏེ་སླར་བོད་དུ་འཁོར་བ་ན་རྒྱལ་པོ་ལ་སྐྱེས་ཕུལ་ལོ། ། དེ་ནས་རྒྱལ་པོས་སང་ཤི་ལ་ཨཱ་ཙརྱ་ད་དུང་སྤྱན་མ་འདྲོངས་པས་ཁྱོད་སོངས་ཤིག་གསུངས། དེས་བལ་བོར་ཕྱིན་ནས་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཏེ་བྲག་དམར་འབྲིན་བཟང་དུ་ཕེབས་ནས་རྒྱལ་པོ་ལ། བོད་ཀྱི་ལྷ་སྲིན་མ་ཐུལ་བས་ཆོས་བྱེད་དུ་མི་སྟེར་ཞིང་བཙན་པོ་སྐུ་ཚེ་ཐུང་བ་ཡང་དེས་ལན་པས། མི་མ་ཡིན་གདུག་པ་ཅན་རྣམས་འདུལ་བ་ལ་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་མཐུ་རྩལ་དང་ལྡན་པ་ཞིག་ཡོད་པས་དེ་སྤྱན་དྲོངས་ཤིག་གསུངས་པ་ན། བཙན་པོས་རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ། སྦ་མང་རྗེ་གསལ་སྣང་སོགས་མི་ལྔ་སྤྱན་འདྲེན་དུ་བཏང་བས། སློབ་དཔོན་གྱིས་མཁྱེན་ཏེ་མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ་ནས་རིམ་གྱིས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་འདོགས་ཤིང་བྱོན་ཏེ། ཧས་པོ་རིར་ཕྱག་ཕེབས་ཏེ་བཙན་པོ་དང་མཇལ། མལ་གྲོ་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སོ། ། དེ་ནས་མཁན་ཆེན་བོ་དྷི་ས་ཏྭ་དང། སློབ་དཔོན་པདྨ་སམྦྷ་ཝ་གཉིས་ཀྱིས་ས་ཆོག་མཛད་དེ་ཨོ་ཏཱནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་རི་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག་མཐའ་ལྕགས་རིས་བསྐོར་བའི་བཀོད་པ་མཛད་དེ་ཕྱི་ལོ་ 787 མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང། 799 ས་མོ་ཡོས་ལ་ཚར་ནས་མཁན་ཆེན་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་སམྦྷ་ཝས་རབ་གནས་མཛད་དགའ་སྟོན་བྱས་ཏེ། 803 ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་རབ་བྱུང་བཏུབ་མི་བཏུབ་སད་པའི་ཕྱིར་ཡེ་ཤེས་དབང་པོ་ལ་སོགས་པ་མི་བདུན་རབ་ཏུ་བྱུང་བ་ན། རབ་ཏུ་བྱུང་མ་ཐག་ཏུ་དེ་དག་ལ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། བདུན་པོ་དེ་ལ་སད་མི་མི་བདུན་ཞེས་གྲགས་སོ། ། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གངས་རིའི་ཁྲོད་འདིར་མཁན་ཆེན་ཞི་བ་འཚོའི་མཁན་རྒྱུད་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་འདིའི་མཁན་རྒྱུད་འཕགས་པ་ཤཱ་རིའི་བུ། སྒྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་འགོད་པར་མཛད་དོ། ། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་པོ་དྷི་ས་ཏྭ་རྙེད་བཀུར་ཚད་མེད་པས་མཆོད་ཅིང་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་ཞུས་ཏེ། དེའི་འཕྲིན་ལས་ཀྱི་གྲོགས་སུ་ལོ་ཙཱ་མཁས་པ་ཡང་མང་དུ་བསླབས་རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་དང། སློབ་དཔོན་སངས་རྒྱས་གསང་བ་སོགས་མཁས་ཤིང་གྲུབ་པའི་པཎྜི་ཏ་ཆེན་པོ་མང་དུ་སྤྱན་དྲངས། རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་ཡས་པ་བསྒྱུར། གང་སྒྱུར་བའི་ཆོས་དེ་དག་ཐམས་ཅད་ལ་ལོ་ཆེན་མཁས་པ་རྣམས་ཀྱིས་ཞུས་ཏིག་ཡང་དག་པར་བྱས། དེ་དག་ཐམས་ཅད་ཀྱང་ཆོས་རྒྱལ་ཉིད་ཀྱི་སྤྱན་ལམ་དུ་ཕབ་ནས་ཆོས་ལྟར་བཅོས་པའི་བསྲེ་བསླད་ཕྲ་མོའང་མེད་པར་མཛད། བོད་ཁམས་ཐམས་ཅད་ལ་ཁྲིམས་འདི་ལྟར་བསྒྲགས་ཏེ། བོད་ཀྱི་མངའ་འོག་ན་གནས་པ་ཐམས་ཅད་ཀྱིས་དམ་པའི་ཆོས་ཚུལ་བཞིན་དུ་བྱ་བ་དང། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ལ་བླ་ལྷག་ཏུ་གུས་པར་བྱ་བ་དང་། ཆོས་བྱེད་པ་རྣམས་ཀྱིས་ཀྱང་མཁན་ཆེན་བོ་དྷི་ས་ཏྭས་བོད་ཁམས་འདིར་རྒྱལ་བསྟན་གྱི་སྲོལ་ཇི་ལྟར་གཏོད་པ་ལྟར་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པས་གཞི་བཟུང་ནས་སྤྱོད་པ་རྣམ་པར་དག་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་བའི་ལྟ་བ་རྣམ་པར་དག་པ་དེ་ཁོ་ན་བཞིན་བྱ་དགོས་པའི་བཀའ་ཁྲིམས་བསྒྲགས་སོ། ། དེ་ལྟར་མཁན་ཆེན་བོ་དྷི་ས་ཏྭས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བས་མཛད་ནས་སྐུའི་བཀོད་པ་བསྡུ་བ་ལ་ཕྱོགས་པ་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་འདི་ལྟར་བཀའ་སྩལ་ཏེ། བོད་དུ་མུ་སྟེགས་ནི་མི་འབྱུང་གིས། སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག། ། རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། ། ཞེས་ལུང་བསྟན་ཏེ་ཞི་བར་གཤེགས་སོ། ། དེ་ནས་དུས་ནམ་ཞིག་ན་མཁན་ཆེན་ཞི་བ་འཚོས་ཇི་ལྟར་ལུང་བསྟན་པ་བཞིན་རྒྱ་ནག་གི་ཧྭ་ཤང་ལྟ་བ་ལོག་པ་འཛིན་པ་ཞིག་བྱུང་ནས་དེའི་ལུགས་དར་ཏེ་ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ན་སངས་རྒྱས་ཟེར་ནས་ཆད་ལྟ་ལ་ཞེན་ཏེ་དགེ་སྦྱོར་མི་བྱེད། བོད་ཕལ་ཆེར་དེ་ལ་དགའ་སྟེ་དེའི་ལུགས་སློབ། དཔལ་དབྱངས་དང་། སྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་ལ། བཙན་པོས་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་བཞིན་དུ་ལྟ་སྤྱོད་ཀྱིས་ཤིག་གསུངས་པས། སྟོན་མུན་པ་རྣམས་ཁྲོས་ཏེ་ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་རྩེན་མིན་པ་རི་ལ་གསོད་ཟེར་བས་རྒྱལ་པོ་ཐུགས་མ་བདེ་ནས། ཡེ་ཤེས་དབང་པོ་འབོད་དུ་བཏང་བས་ལན་གཉིས་སུ་མ་ཁུགས་ནས་གསུམ་པ་ལ་མ་ཁུགས་ན་གསད་པར་བྱས་ཏེ་བཏང་བས། བྲག་ཕུག་འདོམ་བཅུ་གཉིས་པ་དཔྱང་ཐག་ལ་འགྲོ་དགོས་པ་ཞིག་ཏུ་ཕྱིན་ཏེ་གཤེགས་པར་ཞུ། མི་གཤེགས་ན་བདག་གསོད་དུ་འོང་བས་ལྕེབ་བྱས་པས་བྱོན་ཏེ་རྒྱལ་པོ་ལ་བདག་དགུག་མི་འཚལ། མཁན་པོའི་ཞལ་ཆེམས་འདི་ལྟར་བདོག་ཞུས་པས་རྒྱལ་པོ་མཉེལ་བསོས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང། དེ་ཧྭ་ཤང་གིས་ཚོར་ནས་ཡུམ་རྒྱས་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་སྤྱན་དྲངས་ཏེ་བཤད་པ་བསླབས། བསྟན་བཅོས་ལ་ཆོས་བྱ་མི་དགོས་ཉལ་པས་ཆོག་ཅེས་སྟོན་པ་བསམ་གཏན་ཉལ་བའི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན། ཡང་ལོན་གཉིས། དེ་རིགས་པས་བསྒྲུབ་པ་ལྟ་བའི་རྒྱབ་ཤ། ། ལུང་གིས་བསྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས་རྡོག་པས་གྲིལ་ལོ། ། དེའི་ཚེ་ཡེ་ཤེས་དབང་པོས་མཁན་པོའི་དགོངས་པ་འདི་བཞིན་ཡིན་ཞེས་སྙན་དུ་གསོལ་བས་བཙན་པོ་དགྱེས་ཏེ་ཁྱོད་ངའི་ཨཱ་ཙརྱ་ཞེས་གསུང་ངོ་། ། དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་། བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་གྲལ་དུ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས་ཏེ་རྩེན་མིན་རྣམས་དེའི་མཇུག་འཐུད། བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་ཕྲེང་བ་བཏད་དེ་ཁྱེད་གཉིས་གཤགས་ཀྱིས་ལ་གང་རྒྱལ་བ་ལ་ཕམ་པས་མེ་ཏོག་ཕྲེང་བ་ཕུལ་ཅིག ། ཕམ་པ་དེ་འདིར་མ་སྡོད་ཅིག་བཀའ་སྩལ་པ་དང། ཧྭ་ཤང་ན་རེ་ལས་དགེ་དང་མི་དགེ་སྤྱད་ན་མཐོ་རིས་དང་ངན་སོང་དུ་འགྲོ་བས་འཁོར་བ་ལས་མི་ཐར་ཞིང་སངས་རྒྱས་ཐོབ་པ་ལ་བསྒྲིབ་པ་ཡིན། དཔེར་ན་སྤྲིན་དཀར་ནག་གང་གིས་ཀྱང་ནམ་མཁའ་ལ་བསྒྲིབ་པ་དང་འདྲ། གང་ཞིག་ཅི་ལ་ཡང་མི་སེམས། ཅི་ཡང་མི་བསམ་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། ། ཅི་ལ་ཡང་མི་སེམས་མི་རྟོག་མི་དཔྱོད་པ་ནི་མི་དམིགས་པ་ཡིན་པས། ཅིག་ཅར་དུ་འཇུག་པ་ནི་ས་བཅུ་པ་དང་འདྲའོ། ། ཟེར་རོ། ། ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ལྟར་ཅི་ལ་ཡང་མི་བསམ་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། ། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་སོ་སོར་རྟོག་པའི་ཤེར་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། ། སོ་སོར་རྟོག་པའི་ཤེས་རབ་མེད་ན་རྣལ་འབྱོར་པ་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང། ཡིད་ལ་མི་བྱ་བར་མི་ནུས་སོ། ། གལ་ཏེ་བདག་གིས་ཆོས་དྲན་པར་མི་བྱའོ་སྙམ་ན་དེ་ཤིན་ཏུ་དྲན་པ་ཡིད་ལ་བྱས་པར་འགྱུར་རོ། ། དྲན་པ་མེད་པ་ཙམ་པོ་ལ་བྱེད་ན་བརྒྱལ་བའམ། འབོག་པའི་དུས་སུ་རྣམ་པར་མི་རྟོག་པར་འགྱུར་རོ། ། ཡང་དག་པའི་སོ་སོར་རྟོག་པ་མེད་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་དོ། ། དེ་དྲན་པ་ཙམ་པོ་བཀག་ཀྱང་ཡང་དག་པའི་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་པ་ཉིད་མ་རྟོགས་པར་སྒྲིབ་པ་སྤངས་པར་མི་འགྱུར་བས་ནའོ། ། དེས་ན་ཡང་དག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་སྣང་བ་རྒྱང་བསྲིངས་པ་ཡིན་ནོ། ། དེས་ན་དྲན་བཞིན་དུ་མི་དྲན་བྱར་མི་རུང་ངོ་། ། དྲན་པ་དང་ཡིད་ལ་བྱ་བ་མེད་པར་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱིས་དོན་ངེས་པར་རྟོགས་པའི་རྣལ་འབྱོར་པས་དུས་གསུམ་ཕྱི་ནང་སྟོང་པར་རྟོགས་ནས་རྟོག་པ་ཉེ་བར་ཞི་སྟེ་ལྟ་བ་ངན་པ་ཐམས་ཅད་སྤངས། དེ་བརྟེན་ནས་ཐབས་ཤེས་རབ་ལ་མཁས་པས་སྒྲིབ་པ་ཐམས་ཅད་བསལ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། ། ཞེས་གསུངས་སོ། ། དེ་ནས་བཙན་པོའི་ཞལནས། འཁོར་ཀུན་གྱིས་ཀྱང་མཆིད་གཤགས་ཐོབ་ཅིག་གསུངས། དེ་ནས་སྦ་ཡེ་ཤེས་དབང་པོས་ཅིག་ཅར་འཇུག་བྱ་བ་དང་། རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་ཏེ། རིམ་གྱིས་འཇུག་ན་རྒྱུ་མ་མཆིས་པས། ངེད་དང་མི་འདྲ་ཅིག་ཅར་འཇུག་ན་ཁྱེད་ད་རུང་ཅི་བྱེད། དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པའང་གོམ་པ་རེ་རེས་འཛེག་དགོས་ཏེ། གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར། ས་དང་པོ་ཐོབ་པའང་དཀའ་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། ངེས་རྩེན་མིན་གྱི་ལུགས་ཀྱིས་གསུང་རབ་ཀུན་ལ་ཤེས་རབ་གྱིས་སྦྱངས་པས་དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས་ཏེ་བསྒོམས་པས་བཟོད་པ་ཐོབ། ས་དང་པོ་སྐྱོན་མེད་པ་ལ་ཞུགས་ཏེ་ས་བཅུ་རིམ་གྱིས་སྦྱངས་པས་ཚོགས་གཉིས་རྫོགས་ནས་འཚང་རྒྱ་བ་ཡིན། ཁྱེད་ལྟར་ན་ཚོགས་མ་རྫོགས། བློ་མ་སྦྱངས་པར་འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཤེས་བྱ་ཐམས་ཅད་ཤེས་པར་ཇི་ལྟར་འགྱུར། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་སྟེ། ལྟོགས་ཏེ་འཆི་ན་སངས་རྒྱས་ག་ལ་འགྲུབ། མ་བརྟགས་མ་དཔྱད་པར་གོམ་པ་བོར་ཡང་བརྡེགས་འཆོས་ན་ཆོས་ག་ལ་རྟོགས་ཞེས་བྱས་བ་ལ་སོགས་པ་རྒྱས་པར་སྨྲས་པས། སྟོན་མུན་པས་ལན་སྨྲ་བར་མ་ནུས་ཏེ་མེ་ཏོག་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ་ཕམ་བླངས་སོ། ། དེའི་ཚེ་ཅོ་རྨ་རྨ་ལ་སོགས་པ་མྱ་ངན་སྐྱེས་ཏེ་རང་གི་རྟེན་རྡོས་བརྡུངས་ཏེ་ཤི་ཞེས་གྲགས་སོ། ། དེ་ནས་བཙན་པོས་ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་བཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཕྱིན་པ་སློབས། སྟོན་མུན་གྱི་ལུགས་བྱེད་དུ་མི་དབང་ངོ་ཞེས་བཀའ་སྩལ་ཏེ་ཧྭ་ཤང་རྒྱའི་ཡུལ་དུ་རྫངས། དཔེ་རྣམས་བསྡུས་ཏེ་གཏེར་དུ་སྦས་སོ། ། དེ་ལྟར་མཁན་ཆེན་ཞི་བ་འཚོ་དང་མཁས་མཆོག་ཀ་མ་ལ་ཤཱི་ལ་གཉིས་ནི་བོད་ཁམས་བསྟན་པའི་སྒྲོན་མེ་ཡིན་པས་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ ། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། མཁས་མཆོག་ཀ་མ་ལ་ཤཱི་ལ་ལ་བོད་ཁམས་སུ་བསྟན་པ་ལ་དག་ཐེར་མཛད་ནས་ལྟ་བ་ལོག་པར་སྨྲ་བ་རྣམས་སུན་ཕྱུང་བ་བཀའ་དྲིན་ཆེ་ཞེས་གུས་པས་མཆོད་པ་ཚད་མེད་པ་མཛད་ཅིང་ལུང་དང་རིགས་པ་དྲི་མ་མེད་པས་ལྟ་ངན་ལོག་པར་སྨྲ་བ་བཀག་པ་དེ་ལྟར་ཕྱིས་རབས་ཀྱི་གདུལ་བྱའི་དོན་དུ་ཡི་གེའི་འཁོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་མཁས་མཆོག་ཀ་མ་ལ་ཤཱི་ལས་དབུ་མ་སྒོམ་རིམ་གསུམ་མཛད། སླར་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ལེགས་པར་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་འདི་འཇིག་རྟེན་འདིར་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རིགས་པས་གསལ་བར་མཛད་པའི་བསྟན་བཅོས་ཞིག་མཛད་དགོས་པར་བསྐུལ་ཏེ། མཁས་མཆོག་ཀ་མ་ལ་ཤཱི་ལས་དབུ་མའི་ལམ་བཟང་གསལ་བར་སྟོན་པའི་བསྟན་བཅོས་དབུ་མ་སྣང་བ་མཛད་དོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་སློབ་དཔོན་ཞི་བ་འཚོ་ཡབ་སྲས་ཀྱིས་མཛད་པའི་དབུ་མ་རྒྱན་རྩ་འགྲེལ་དང་། དབུ་མ་སྒོམ་རིམ་གསུམ་པོ་འདི་དག་ལ་ཡང་དང་ཡང་དུ་བལྟས་ཏེ། ལམ་གྱི་རིམ་པའི་གནད་རྣམས་ལ་ངེས་པ་གཏིང་ཚུགས་པར་བརྙེད་པར་བྱའོ། ། ། །
༈ ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། ། ཞེས་བསྔགས་པ། སློབ་དཔོན་སེང་གེ་བཟང་པོ་ནི། སྔོན་ཡུན་རིང་པོ་ནས་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས། ཞིང་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་ཤེར་ཕྱིན་གྱི་མན་ངག་སྤེལ་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་སློབ་དཔོན་འདི་རྒྱལ་རིགས་སུ་སྐུ་འཁྲུངས། སྔོན་གྱི་ཆོས་འབྱུང་འགའ་ཞིག་ཏུ་སློབ་དཔོན་འདི་མའི་ལྟོ་ན་གནས་པའི་ཚེ་མ་ལ་སེང་གེའི་གནོད་པ་བྱུང་སྟེ་མའི་ལུས་སེང་གེས་ཟོས་ཀྱང་ལྟོ་ན་གནས་པའི་ཁྱེའུ་སེང་གེས་མ་ཟོས་པར་བདེ་བར་སྐྱེས་པས་སེང་གེ་བཟང་པོ་ཞེས་བཏགས་པར་བཤད། དེ་ནས་ནར་སོན་པ་ན་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། རང་དང་གཞན་གྱི་གྲུབ་པའི་མཐའ་ཐམས་ཅད་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་ཤེར་ཕྱིན་གྱི་དོན་འཚོལ་བ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་ལུས་དང་སྲོག་ལའང་མི་ལྟ་བར་བརྩོན་པ་ཆེར་མཛད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་ཐེག་པ་གསུམ་གའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་ངེས་པ་གཏིང་ཚུགས་པ་གཞན་གྱིས་དཀྲི་བར་མི་ནུས་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་དེ་འབའ་ཞིག་འཚོལ་བ་ལྷུར་མཛད་དོ། ། དེའི་ཚེ་མཁན་ཆེན་ཞི་བ་འཚོ་བསྟན་པའི་བདག་པོར་བཞུགས་པས་མཁན་ཆེན་ཞི་བ་འཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཤེར་ཕྱིན་གྱི་མན་ངག་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་དང་། འཕགས་པ་གྲོལ་སྡེའི་གཞུང་རྣམས་ལ་ཞིབ་ཏུ་སྦྱངས་ཤིང། རྒྱལ་བའི་དགོངས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་དབུ་མའི་གཞུང་རྣམས་ལའང་ཞིབ་ཏུ་སྦྱངས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་། དེ་ནས་ཐོགས་མེད་སྐུ་མཆེད་ལ་རིམ་གྱིས་བརྒྱུད་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པའི་མན་ངག་རྣམས་དང། རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་པའི་དབྱངས། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་རིམ་གྱིས་བརྒྱུད་པའི་ཟབ་མོའི་ལམ་གྱི་རིམ་པའི་མན་ངག་རྣམས་རྫོགས་པར་གསན། ཇི་ལྟར་གསན་པའི་དོན་ལམ་གྱི་རིམ་པའི་གནད་རྣམས་ལ་ཡང་དང་ཡང་དུ་སེམས་པ་དང། འཇལ་བ་དང་། རྟོག་པ་དང་། རང་གི་རྒྱུད་ལ་འདྲིས་པར་བྱ་བའི་ཕྱིར་དམིགས་རྣམ་གོམས་པ་ལྷུར་ལེན་པ་རྣམས་ལ་འབད་དེ་རྒྱལ་བའི་བསྟན་པའི་སྙིང་པོ་ཐེག་པ་གསུམ་གའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཁྱད་པར་ཅན་འཁྲུངས། དེ་ནས་སྐལ་བ་དང་ལྡན་པ་སྟོང་ཕྲག་མང་པོ་དག་ལ་ཤེར་ཕྱིན་གྱི་གདམས་ངག་འདོམས་པར་མཛད། ད་དུང་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་བཞེད་ནས། མཁན་ཆེན་ཞི་བ་འཚོ་ལ་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། མི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཅིག་རྨིས་ཏེ། ཤར་ཕྱོགས་ཁ་སརྤཱ་ཎིར་སོངས་ཤིག ། ཅེས་ལུང་བསྟན་ཏོ། ། ཇི་ལྟར་ལུང་བསྟན་པ་ལྟར་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ་རྨི་ལམ་བརྟགས་པས་ཐོ་རབས་ཀྱི་རྨི་ལམ་ན། ཨོ་ཏཱནྟ་པཱུ་རི་བི་ཧཱ་རའི་གནྔྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་ཐུག་པོ་ཞིག་གི་གསེབ་ན་ལྷའི་ལུས་སྟོད་སྤྲིན་གྱི་གསེབ་ནས་བྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་མགོན་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་དུ་མཆིས་ན་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ་ཁྱོད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ལ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ། ། མནལ་སད་དེ་མཆོད་པ་བྱས་ནས་བསྟན་བཅོས་བརྩམས་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ཕྱོགས་ཁ་སརྦཱ་ཎི་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་ངྷརྨཱ་པ་ལས་ཡུམ་འཆད་པ་ལ་སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ནས་གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་ཕེབས་ཏེ་དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེར་ཕྱིན་གྱི་མན་ངག་རྒྱ་ཆེར་འདོམས་པར་མཛད། རྒྱལ་པོ་ངྷརྨཱ་པ་ལས་སྦྱིན་བདག་བྱས་ནས་བྱམས་མགོན་གྱིས་ལུང་བསྟན་པ་ལྟར་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང་། མངོན་རྟོགས་རྒྱན་དང་བརྒྱད་སྟོང་པ་སྦྱར་བའི་མན་ངག་བརྒྱད་སྟོང་འགྲེལ་ཆེན་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་དང་། ཤེར་ཕྱིན་སྒོམ་པ། ཙནྡྲ་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་རྣམས་མཛད་དོ། ། བདག་ཉིད་ཆེན་པོ་འདི་ནི་མཁྱེན་རབས་དང་ཐུགས་རྗེ་མཚུངས་པ་མེད་པ་དང་། རྗེ་བཙུན་བྱམས་པ་མགོན་པོས་བྱིན་གྱིས་བརླབས་པའི་མཐུས་འགྲེལ་པ་དོན་གསལ་ནི་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་རྣམས་ལ་ཤེར་ཕྱིན་གྱི་མདོ་སྡེ་བལྟ་བའི་མིག་ལྟ་བུར་གྱུར་ཅིང་། བརྒྱད་སྟོང་འགྲེལ་ཆེན་ནི་དང་པོ་གནས་ཁང་བྱི་དོར་བྱ་བ་ནས་བཟུང་ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་བའི་རྣལ་འབྱོར་སྒོམ་པའི་བར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གནད་ཐམས་ཅད་ཤེར་ཕྱིན་གྱི་མདོ་སྡེ་ནས་ཇི་ལྟར་གསུངས་པ་ལྟར་ལམ་གྱི་ངོ་བོ་གང་ཡིན་དང་། གྲངས་ཇི་ཙམ་དུ་ངེས་པ་དང་། གོ་རིམ་ཇི་ལྟར་ཡིན་པའི་ཚུལ་རྣམས་འཁྲུལ་པ་ཕྲ་མོའང་མེད་པར་ཤིན་ཏུ་གསལ་བར་སྟོན་པ་དང་། དམིགས་སྐོར་རེ་རེ་ནས་གཅིག་ཉམས་སུ་ལེན་པའི་ཚེ་གཞན་རྣམས་འདོར་དགོས་པ་མིན་པར། དམིགས་སྐོར་རེ་རེའི་སྟེེང་དུ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཆ་ཚང་བར་བྱམས་མགོན་གྱི་མན་ངག་ལ་བརྟེན་ནས་རྩལ་དུ་བཏོན་ཏེ་འཆད་པ་དང་། དང་པོ་ཐར་པ་ཆ་མཐུན་ནས་བཟུང་མཐཪ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉིས་སྣང་འཁྲུལ་པའི་དངོས་གཉེན་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་བར་དང་། རྣམ་མཁྱེན་ཐོབ་ནས་འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་པའི་བར་ཐམས་ཅད་ཚང་བར་བསྟན་པས་འཛམ་བུ་གླིང་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་སེང་གེ་བཟང་པོ་ལ་གསོལ་བ་འདེབས་ཤིང་། སློབ་དཔོན་འདིའི་གཞུང་རྣམས་ལ་ཡང་དང་ཡང་དུ་བལྟས་ཏེ་རང་གིས་གང་ཉམས་སུ་བླང་བར་བྱ་བའི་ལམ་གྱི་རིམ་པའི་གནད་རྣམས་ལ་བདུད་དང་སྡིག་གྲོགས་གང་གིས་ཀྱང་ཡིད་གཞན་དུ་བསྒྱུར་མི་ཐུབ་པའི་ངེས་པ་བརྟན་པོ་རྙེད་པར་བྱའོ། ། ། །
༈ རྒྱལ་བའི་མན་ངག་ཀུན་འཛིན་ཀུ་ས་ལི། ཞེས་བསྔགས་པ། མཚན་དངོས་རིན་ཆེན་བཟང་པོ་ཞེས་བརྗོད་པའི་བདག་ཉིད་ཆེན་པོ་འདི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། སློབ་དཔོན་སེང་གེ་བཟང་པོ་ཡོངས་འཛིན་དུ་བསྟེན་ནས་རྗེ་བཙུན་བྱམས་པ་མགོན་པོ་ནས་བརྒྱུད་པའི་ཤེར་ཕྱིན་གྱི་མན་ངག་རྣམས་ཡོངས་སུ་རྫོགས་པར་གསན་ཤིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་མན་ངག་རྣམས་ཀྱང་ཡོངས་སུ་རྫོགས་པ་གསན། དེ་དུས་འཛམ་བུ་གླིང་ན་མཁས་ཤིང་གྲུབ་པའི་སྐྱེས་བུ་གང་དང་གང་ན་བཞུགས་པ་ཕལ་མོ་ཆེའི་ཞབས་ལ་གཏུགས་ནས་མདོ་སྡགས་ཀྱི་མན་ངག་མཐའ་དག་གསན་པར་མཛད་དེ། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་མན་ངག་མཐའ་དག་གསན་པ་ནི། བཀའ་གདམས་གླེགས་བམ་ལས། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། ། བཙུན་པ་གྲོལ་སྡེ་རྒྱལ་སྲས་མཆོག་གི་སྡེ། ། རྒྱལ་སྲས་དུལ་བའི་སྡེ་དང་གྲགས་པའི་དཔལ། ། སེང་བཟང་རིན་ཆེན་བཟང་དང་རིན་ཆེན་སྡེ། ། རྩ་བའི་བླ་མ་མཉམ་མེད་གསེར་གླིང་པ། ། རྒྱ་ཆེན་རྣམ་དག་སྤྱོད་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། འདིའི་རིན་ཆེན་བཟང་པོ་ཞེས་པ་ནི་ཀུ་ས་ལི་ཆེ་བ་དང་། རིན་ཆེན་སྡེ་ཞེས་པ་ཀུ་ས་ལི་ཆུང་བ་ཡིན་པར་སྔོན་གྱི་ཆོས་འབྱུང་དག་ལས་བཤད་དོ། ། འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་མཐའ་དག་དང་། ཁྱད་པར་ཕ་རྒྱུད་གསང་བ་འདུས་པའི་མན་ངག་རྣམས་བླ་མ་འདིས་རིག་པའི་ཁུ་བྱུག་ལ་གསན་ཏེ། བཀའ་གདམས་གླེགས་བམ་ལས། ཀླུ་སྒྲུབ་ཟླ་གྲགས་རིག་པའི་ཁུ་བྱུག་དང་། ། བླ་མ་ཨ་ཝ་ངྷུ་ཏི་ཆེ་ཆུང་གཉིས། ། ལྟ་བའི་བླ་མ་ལྔ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་མཐའ་དག་བླ་མ་འདིས་སློབ་དཔོན་སངས་རྒྱས་ཞི་བ་ལ་གསན་ཏེ་བཀའ་གདམས་གླེགས་བམ་ལས། སངས་རྒྱས་ཡེ་ཤེས་ཞབས་དང་གསང་བ་པ། ། ཞི་བ་ཀུ་སུ་ལུ་དང་ཀུ་སུ་ལུ། ། གསང་སྔགས་མ་ལུས་བདག་ལ་སྦྱིན་མཛད་པའི། ། དྲིན་ཅན་བླ་མ་ལྔ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། རྣལ་འབྱོར་རྒྱུད་ཀྱི་མན་ངག་རྣམས་བླ་མ་འདིས་སངས་རྒྱས་ཞི་བའམ་སངས་རྒྱས་གསང་བ་གང་རིགས་ལས་གསན་ཏེ་བཀའ་གདམས་གླེགས་བམ་ལས། སངས་རྒྱས་ཡེ་ཤེས་སངས་རྒྱས་ཞི་བ་དང་། ། སངས་རྒྱས་གསང་བ་དང་ནི་ཀུ་སུ་ལུ། ། ཀུ་སུ་ལུ་ཞེས་ཀྲི་ཡ་ཡོ་ག་ཡི། ། གདམས་པ་སྦྱིན་མཛད་ལྔ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། མཁས་གྲུབ་ཆེན་པོ་སངས་རྒྱས་བསྐྱང་ནས་བརྒྱུད་པའི་མན་ངག་རྣམས་ཀྱང་འདིས་ཡོངས་སུ་རྫོགས་པར་གསན་ཏེ། བཀའ་གདམས་གླེགས་བམ་ལས། མཁས་གྲུབ་ཆེན་པོ་བུངྔྷ་པཱ་ལི་དང་། ། སངས་རྒྱས་ཡེ་ཤེས་སངས་རྒྱས་ཞི་བ་དང་། ། སངས་རྒྱས་གསང་བ་མཉམ་མེད་ཀུ་སུ་ལུ། ། རྩ་བའི་བླ་མ་དྲིན་ཅན་ཀུ་སུ་ལུ། ། བྱིན་བརླབས་བླ་མ་དྲུག་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། ཡང་བླ་མ་ཀུ་ས་ལི་འདིས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་རྣམས་སློབ་དཔོན་བློ་གྲོས་བརྟན་པ་ལ་ཡང་གསན་ཏེ་བཀའ་གདམས་གླེགས་བམ་ལས། བྱམས་པ་ཐོགས་མེད་དབྱིག་གཉེན་བློ་གྲོས་བརྟན། ། ཀུ་སུ་ལུ་གཉིས་བླ་མ་གསེར་གླིང་པ། ། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་སྦྱིན་མཛད་པའི། ། དྲིན་ཅན་བླ་མ་བདུན་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་རོ། ། དེ་ལྟར་མདོ་སྔགས་ཀྱི་མན་ངག་མཐའ་དག་ཀུ་ས་ལི་ཆེ་བ་འདི་ལ་མངའ་བས་ན། དོན་འདི་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས། རྒྱལ་བའི་མན་ངག་ཀུན་འཛིན་ཞེས་བསྔགས་པ་མཛད་དོ། ། བདག་ཉིད་ཆེན་པོ་འདི་ནི་རྒྱལ་བའི་དམ་ཆོས་མ་ལུས་པ་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་སྟེ། འདིས་མདོ་སྔགས་ཀྱི་མན་ངག་མཐའ་དག་གསན་ནས་ཀུ་ས་ལི་ཆུང་བ་ལ་ཡོངས་སུ་རྫོགས་པ་གནང་། ཀུ་ས་ལི་ཆུང་བས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཡོངས་སུ་རྫོགས་པར་གནང་སྟེ་ཇོ་བོ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་བཞུགས་པ་འདི་བྱུང་བ་ཡིན་པས་ཀུ་ས་ལི་ཞེས་བྱ་བའི་བདག་ཉིད་ཆེན་པོ་འདི་ནི་སྤྱིར་འཛམ་བུ་གླིང་པ་ཐམས་ཅད་དང་། ཁྱད་པར་ཁ་བ་ཅན་པ་རྣམས་ལ་བཀའ་དྲིན་མཚུངས་མེད་དུ་གྱུར་པ་ཡིན་ནོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་ཀུ་ས་ལི་ཆེ་བ་ལ་གསོལ་བ་འདེབས་ཤིང་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་ལམ་གྱི་རིམ་པའི་མན་ངག་རྣམས་ཚང་བར་ཐོབ་པར་བྱས་ལ་དབེན་པའི་གནས་སུ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པར་བྱའོ། ། ། །
༈ འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། ཞེས་བསྔགས་པ། དགེ་བ་ཅན་ནམ་ཀུ་ས་ལི་ཆུང་བ། མཚན་དངོས་རིན་ཆེན་སྡེ། རྗེས་སུ་ཐུགས་དམ་ཉམས་རྟོགས་ལས་དཔགས་ཏེ་མཚན་དུ་གསོལ་བ་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་གྲགས་པ་འདི་ནི། ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞུགས་པ་ཞིག་སྟེ། སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་། བརྙེན་པར་རྫོགས་པའི་སྡོམ་པ་བཞེས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་། ཀུ་ས་ལི་ཆེ་བ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མན་ངག་མཐའ་དག་གསན་ཏེ་ཡོངས་སུ་རྫོགས་པ་ཐུགས་ལ་ཆུད་པར་མཛད། གདམས་ངག་དེ་དག་ཐམས་ཅད་ཀྱང་ཐོས་པ་ཙམ་ཞིག་ཏུ་མ་ལུས་པར་མན་ངག་སོ་སོ་ལ་སྦྱངས་ཏེ་ཉམས་ལེན་སྙིང་པོར་མཛད་ནས་གདམས་ངག་སོ་སོའི་ནུས་པ་ཐོན་པར་མཛད་ཅིང་། ལྷག་པར་རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོའི་ལམ་གྱི་རིམ་པ་གཉིས་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་པ་ཐེག་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་ཆུ་བོའི་རྒྱུན་བཞིན་དུ་ཡུན་བསྲིངས་ནས་ཉམས་ལེན་མཛད་པས་ལམ་གྱི་རིམ་པའི་རྟོགས་པ་ཡོངས་སུ་རྫོགས་པ་ཐུགས་ལ་འཁྲུངས་ཤིང་། དེའི་ནང་ནས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མིན་པ་ཐུགས་ལ་འཁྲུངས་ཏེ། བླ་མ་འདི་ཆོས་གསུང་བའི་རྩ་རུ་མི་གཅིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས། བླ་མ་ཨ་གསུངས་ནས་འགྱེལ་བ་ལ་གཞན་རྣམས་ཀྱི་རྟོག་པ་ལ་ཁྱི་ལ་ཅི་ཡང་མི་སྟོ་བར་འདུག་པ་ལ་ཚུལ་འཚོས་རེ་ཆེ་སྙམ་པ་བྱུང་བས། བླ་མས་དེ་མཁྱེན་ནས་སྐུ་རྒྱབ་བསྟན་པས་ཁྱི་ལ་བརྒྱབ་པའི་ཐད་ན་ཁྱུ་རེ་སྐྲངས་འདུག་པས་ཐམས་ཅད་ཡིད་ཆེས་སོ། ། དེ་ལྟར་ཀུ་ས་ལི་ཆུང་བའམ་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ་དེ་ནི་དབེན་པའི་གནས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གཙོ་བོར་མཛད་ནས། ཀྭ་ཡེ་ཕ་མར་གྱུར་པའི་འགྲོ་བ་མ་ལུས་་དྲང་བའི་ཕྱིར། ། བདག་ལ་ཡོད་པའི་ཉོན་མོངས་དུག་ལྔ་གང་དག་གིས། ། སེམས་ཅན་རྣམས་ཀྱི་དུག་ལྔ་མ་ལུས་དྲང་བར་བྱ། ། འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། ། འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམས་པར་བྱ། ། ན་ཚ་ལ་སོགས་འབྲས་བུར་གྱུར་པའི་སྡུག་བསྔལ་གྱིས། ། དེ་དང་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། ། ན་ཚ་ལ་སོགས་མེད་པའི་ཕན་བདེ་གང་ཡིན་དེ། ། འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམས་པར་བྱ། ། དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། ། སྐད་ཅིག་ཙམ་ཡང་འཁྱམ་པའི་གོ་སྐབས་ག་ལ་སྲིད། ། འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། ། མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་ཇི་སྙེད་པ། ། ཐམས་ཅད་སྐྱེ་བ་འདི་ལ་ཡོངས་སུ་རྫོགས་པར་བྱ། ། དེ་ཡང་ད་ལོ་ཟླ་བ་འདི་ལ་དྲང་བར་བྱ། ། དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། ། སྡུག་བསྔལ་བྲང་བྲེང་རབ་ཆད་ཙམ་ཞིག་ཐབས་སུ་བསྟེན། ། བློ་འདི་འབྱོངས་པར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། ། ཞེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གྱི་ཉམས་མགུར་མཛད་ཅིང་ཆུ་བོ་གངྒཱའི་འགྲམ་དུ་སྒོམ་ཞིང་བཞུགས་པ་ན། རྗེ་བཙུན་བྱམས་པ་མགོན་པོ་མདུན་དུ་བྱོན་ནས་ཞལ་བསྟན་ཏེ། ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། ། བསམ་པ་ཙམ་གྱིས་འཁོར་བའི་ལྗོན་པ་གཅོད་པའི་གླུ། ། བསྒོམས་པ་ཙམ་གྱིས་བྱང་ཆུབ་མྱུར་དུ་འབྱིན་པའི་གླུ། ། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། ། ཉོན་མོངས་དུག་ལྔས་དགྲ་བཞིན་འཇོམས་པར་རིག་ན་ཡང་། ། ཁྱོད་ཀྱི་འདི་ལྟར་ན་ནི་རྒྱུད་ལ་བསྟེན་པ་མཚར། ། ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང་། ། ཁྱོད་ཀྱི་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང་། ། རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཛད་ཚེ། ། རང་དབང་མེད་པར་འཁོར་བར་འཁྱམས་པ་སུ་ཡི་བཀའ། ། དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། ། གཞན་གྱི་མི་འདོད་བདག་གིས་ལན་པ་དམ་པ་ཡིན། ། ཐེག་པ་ཆེན་པོའི་གསུང་རབ་མཐའ་ཡས་མུ་མེད་ཀྱང་། ། འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། ། དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་དབྱངས་འདི། ། ཐོས་སམ་བསམ་མམ་བསྒོམ་མམ་བཤད་ཀྱང་རུང་། ། འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་དེ། ། ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། ། ཞེས་ཐུགས་ཤིན་ཏུ་མཉེས་པའི་སྒོ་ནས་དབུགས་དབྱུང་བར་མཛད་པས། བྱམས་སྙིང་རྗེའི་རྟོགས་པ་རྒྱ་ཆེར་འཕེལ་ཞིང་ཐེ་ཚོམ་གྱི་མདུད་པ་གྲོལ་ནས། མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་པའི་ནུས་པ་ཐོབ་སྟེ། འདི་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུས་དང་གནས་སྐབས་ཐམས་ཅད་དུ་དྲན་པ་བརྗེད་པ་མ་མཆིས་པར་ཆོས་འདི་བློ་ལ་སྦྱངས་ཤིང་ཁམས་བསོས་རྡོ་རྗེའི་གླུ་དབྱངས་འདི་བླངས་པས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་སྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེའི་ཚོགས་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་མ་རང་གི་བུ་གཅིག་པུ་ལ་བྱམས་པ་བཞིན་དུ་གུས་པར་དབང་དུ་འདུས་པར་གྱུར་ཏོ། ། གཞན་ཡང་ཡུལ་གྱི་རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཁྱེའུ་བུ་མོ་དམང་རིགས་ལ་སོགས་པ་ཐམས་ཅད་དབང་དུ་འདུས་ཏེ། དགའ་བས་རྗེས་སུ་འབྲང་ཞིང་མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་བྱམས་པའི་རང་བཞིན་ཅན་དུ་གྱུར་ཏོ། ། གཞན་ཡང་རྟ་དང་གླང་པོ་དང་མ་ཧེ་དང་སྤྲེའུ་དང་འདབ་ཆགས་རྣམས་དང་། གཅན་གཟན་གྱི་ཚོགས་རྣམས་དང་། ཐ་ན་སྲོག་ཆགས་གྲོག་སྤུར་ཡན་ཆད་མི་འཇིགས་ཤིང་། བག་ཕེབས་པར་རྣལ་འབྱོར་པའི་དྲུང་དུ་འཁོད་པར་གྱུར་ཏོ། ། དེ་ལྟར་རྣལ་འབྱོར་པའི་ཐུགས་ཀྱིས་དགོངས་ནས་སླར་ཡང་། ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། ། ཕ་མར་གྱུར་པའི་སེམས་ཅན་མ་ལུས་པ། ། བྱང་ཆུབ་མཆོག་ལ་འགོད་པའི་ཡི་དམ་བསམ། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པར། ། གཞན་དོན་འབའ་ཞིག་སྙིང་ལ་གོམས་པར་བྱ། ། འདི་ནི་བྱང་ཆུབ་བསྒྲུབ་པའི་གཙོ་བོ་ཡིན། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། བདེ་སྡུག་བཏང་སྙོམས་ཚོར་བ་ཅི་བྱུང་ཡང་། ། བྱང་ཆུབ་འབྱིན་པའི་གྲོགས་སུ་དང་དུ་བླངས། ། བསྐལ་པ་དུ་མར་བསོད་ནམས་ཅི་གསོག་ཀྱང་། ། ཉན་ཐོས་སྡར་མའི་ཆོས་སུ་ཤོར་མ་གྱུར། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། དེ་ཙམ་ཞིག་ཏུ་མི་འདོད་ཅི་བྱུང་ཡང་། ། བཟོད་པའི་གོ་ཆ་ཅུང་ཟད་ཤོར་མ་གྱུར། ། ལྷག་པར་དྲིན་གྱིས་བསྐྱངས་པའི་སྐྱེ་བོ་ཡིས། ། ལོག་སྒྲུབ་བྱས་ཀྱང་འཛུམ་པའི་བཞིན་གྱིས་བསྐྱངས། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། སྡང་བའི་སྐྱེ་བོའི་ཕྱོགས་ནས་སྡིག་བསགས་ཀྱང་། ། ངན་པའི་བསམ་པ་སྐད་ཅིག་ཤོར་མ་གྱུར། ། སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང་། ། རང་འདོད་འཁྲིས་པའི་བསྲུང་སྐྱོབ་བྱེད་མ་མྱོང་། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང་། ། ཆོས་མིན་དག་ལ་ཡིད་བརྟན་འཆའ་མ་མྱོང་། ། སེར་སྣ་གོམ་པས་འབྱོར་པ་ཆུང་ན་ཡང་། ། ལོག་པའི་འཚོ་བས་ལྟོ་གོས་བྱེད་མ་མྱོང་། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། ངན་པའི་གྲོགས་ཀྱིས་ཀུན་ནས་བསྐོར་ན་ཡང་། ། གཉེན་པོའི་རང་ཚུགས་གང་ལའང་བསྐྱེལ་མ་མྱོང་། ། མདོར་ན་འགྲོ་འམ་འདུག་གམ་ཅི་བྱེད་ཀྱང་། ། མ་བཏགས་བྱ་བ་གང་ཡང་བྱེད་མ་མྱོང་། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། དེ་ལྟར་ཡིན་མོད་འོན་ཀྱང་ཆོས་རྣམས་ལ། ། བདེན་པར་རྟོག་པ་རྡུལ་ཙམ་ཡོང་མ་མྱོང་། ། འདི་ནི་བྱང་ཆུབ་བསྒྲུབ་པའི་གཙོ་བོ་ཡིན། ། ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། ། དེ་ལྟར་སྒྲུབ་པའི་མཆོད་པ་དམ་པ་འདི། ། རྣལ་འབྱོར་བདག་གི་བསམ་པ་སྦྱང་བའི་ཕྱིར། ། བྱམས་པའི་དཔུང་གིས་ཡོན་འདི་བཞེས་སུ་གསོལ། ། བཞེས་ལ་བློ་འདི་འབྱོངས་པར་མཛད་དུ་གསོལ། ། ཞེས་རྗེ་བཙུན་བྱམས་པ་མགོན་པོ་ལ་སྒྲུབ་པའི་མཆོད་པ་རྒྱ་ཆེར་ཕུལ། དེའི་ཚེ་བར་སྣང་ལ་མཆོད་པའི་ལྷ་མོ་ལྔ་དང་། སྒྲ་དང་འོད་ལ་སོགས་པ་ཡིད་དུ་འོང་བའི་མཆོད་པ་གཞན་ཡང་དཔག་ཏུ་མེད་པའི་རྣམ་པར་བྱུང་བར་གྱུར་ཏོ། ། དེའི་ཚེ་བྱམས་པའི་རྣལ་འབྱོར་པ་ལ་བློ་སྦྱོང་འདི་ཞུ་བ་ཆེས་མང་དུ་བྱུང་ཡང་གཙོ་བོར་གྱུར་པ་ནི་ཇོ་བོ་རྗེ་ཉིད་དེ། ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར་པ་དང་། ལྷག་པར་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཏུ་གྱུར་ནས་ཁ་བ་ཅན་གྱི་གདུལ་བྱ་དམུ་རྒོད་ཅན་མཐའ་དག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་བྱིན་རླབས་ཀྱིས་སྐུ་མཐོང་བ་དང་གསུང་ཐོས་པ་ཐམས་ཅད་རང་དབང་མེད་པར་སེམས་དུལ་བར་འགྱུར་བ་དང་། ཐ་ན་མཚན་ཐོས་པ་ཙམ་གྱིས་ཀྱང་ཉོན་མོངས་པའི་གདུག་རྩུབ་ཞི་ནས་དད་པས་ཆོས་ལ་འདུན་པར་འགྱུར་བ་ད་ལྟའི་བར་དུ་བྱིན་རླབས་རྒྱུན་མ་ཆད་པ་འདི་བྱུང་བ་ཡིན་ནོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱི་ཀུ་ས་ལི་ཆུང་བ་སྐྱེས་མཆོག་བྱམས་པའི་རྣལ་འབྱོར་བ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་དྲན་པར་བྱས་ལ་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་ཞིང་ཁྱད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དགེ་སྦྱོར་གྱི་མཐིལ་དུ་བཟུང་བར་བྱའོ། ། ཀུ་ས་ལི་ཆེ་ཆུང་གཉིས་པོ་འདི་གང་དུ་འཁྲུངས་པའི་ཡུལ་ཇི་ལྟར་ཡིན་པ་སོགས་རྣམ་ཐར་རྒྱས་པ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ། ། ། །
༈ བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། ། ཞེས་བསྔགས་པ། སེམས་དཔའ་ཆེན་པོ་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་བྱ་བ་དེ་ནི་ཚེ་རབས་མང་པོར་བྱང་ཆུབ་ཀྱི་སེམས་ལ་གོམས་པར་མཛད་པས་ཐུགས་སྙིང་རྗེའི་དབང་དུ་གྱུར་ཏེ་ཐེག་པ་ཆེན་པོའི་བསྟན་པའི་སྲོག་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་སྟེ་གསེར་གླིང་དུ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། གསེར་གླིང་དེ་ནི་གླིང་བཞི་དང་གླིང་ཕྲན་བརྒྱད་གང་ཡང་མིན་ཞིང་། འཛམ་བུའི་གླིང་དང་ཅུང་ཟད་ཉེ་བའི་ཕྱོགས་ན་མཐའ་རྒྱ་མཚོས་བསྐོར་ཞིང་གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་མང་པོའི་འབྱུང་ཁུངས་ཡོད་པ། ཕྱོགས་ཐམས་ཅད་ནགས་ཚལ་སྡོན་པོའི་འཕྲེང་བ་འཁྲིགས་པས་བརྒྱན་པ། མེ་ཏོག་པངྨ་དང་ཨུཏྤལ་ལ་སོགས་པ་ཡིད་དུ་འོང་བ་མང་པོ་སྐྱེ་བའི་གནས་ལྷའི་དགའ་ཚལ་ལྟ་བུ་ཞིག་ཡོད་དེ། རང་བཞིན་གྱི་དཔའ་བོ་དང་རྣལ་འབྱོར་མ་མང་པོ་བཞུགས་པའི་གནས་ཡུལ་ཉེར་བཞིའི་ནང་ནས་སུ་ཝརྞ་དཱི་པ་ཞེས་པ་དེ་ཡིན་པར་གྲགས་སོ། ། དེ་འདྲ་བའི་གླིང་དེར་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་རྒྱལ་པོའི་སྲས་སུ་འཁྲུངས་ནས་རིང་པོ་མ་ལོན་པར་སི་ན་སི་ན་ཞེས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་ཚིག་རྒྱུན་དུ་བརྗོད་པ་ཞིག་བྱུང་། ཡུལ་དེར་རེས་སངས་རྒྱས་ཀྱི་བསྟན་པ་དར། རེས་མུ་སྟེགས་དར་བ་ལས་དེ་སྐབས་མུ་སྟེགས་དར་བའི་སྐབས་ཡིན་ཡང་རྒྱལ་པོའི་སྲས་སུ་སོང་བས་སུས་ཀྱང་བཟློག་པར་བྱེད་མ་ནུས་སོ། ། རྒྱལ་བུ་དེ་ཆེར་སྐྱེས་ནས་རི་ཕུག་ཅིག་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་ལི་མ་གཅིག་རྙེད་དེ་བྱུང་། དེ་ལ་མཆོད་པ་སྣ་ཚོགས་བྱས་པས་གླིང་དེ་སྔར་ལས་བདུན་འགྱུར་གྱིས་ལོ་ལེགས་པ་དང་། ནད་མེད་པ་དང་གནོད་པ་ཉུང་བ་ལ་སོགས་པ་བཀྲ་ཤིས་པར་གྱུར་ཏོ། ། དེས་གསེེར་གླིང་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་རྒྱལ་བུ་འདི་ཆོས་འཚོལ་དུ་བཏང་བ་དྲག་ཟེར་བས་རྒྱལ་བུ་ཤིན་ཏུ་དགྱེས་ནས། འཛམ་བུ་གླིང་དུ་བྱོན་པས་རྡོ་རྗེ་གདན་དུ་སྲིན་པོ་རྣམས་མཆོད་པ་ལ་འོངས་པ་དང་དུས་མཚུངས་པར་གྱུར། དེའི་ཚེ་གང་ཟག་ཡོན་ཏན་ཅན་ཐམས་ཅད་དེར་འདུ་བ་ཡིན་པས་མཁས་པ་དང་གྲུབ་པ་མང་པོ་འདུས་ཀྱང་བླ་མ་འདི་དམ་པ་གཞན་ལ་མོས་པ་མ་སྐྱེས། མ་ཧཱ་ཤྲཱི་རཏྣ་ལ་མོས་པ་ཆེར་སྐྱེས་ནས་ཞག་བདུན་འགྲོགས་ནས་སློབ་དཔོན་དེ་མེད་དེ་སོང་། རྒྱལ་བུས་ཕྱོགས་ཀུན་ཏུ་བཙལ་ཅིང་དྲིས་ཀྱང་མ་རྙེད་པས་ངལ་ནས་གཉིད་ལོག་པའི་རྨི་ལམ་དུ་བྱིས་པ་གཉིས་གླུ་ལེན་པ་ལ། རང་ཡུལ་འཁོར་དང་ལོངས་སྤྱོད་བོར། ། སྨིན་པ་གཅིག་གིས་རྩད་མ་ཆོད། ། རིང་ནས་ཕུང་ངམ་མྱུར་དུ་ཕུང་། ། རིགས་དག་བཟང་སྟེ་ཤེས་རབ་ཆུང་། ། ཟེར་བ་རྨིས། དེར་རྒྱལ་བུ་གཉིད་སད་པ་ན་སློབ་དཔོན་མ་ཧཱ་ཤྲཱི་རཏྣ་ཞེས་སྐྱེས་མཆོག་བྱམས་པའི་རྣལ་འབྱོར་པ་ཆེན་པོ་དངོས་སུ་བཞུགས་པ་མཐོང་བ་ན་དད་གུས་ཚད་མེད་པས་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པས་བླ་མ་དེས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ནས་རྒྱལ་བའི་བསྟན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མན་ངག་ཕལ་མོ་ཆེ་གསན། ཁྱད་པར་དུ་ཡང་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་གཉིས་ཀྱིས་བཀྲལ་བའི་མན་ངག་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མཐའ་དག་པར་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། མཚན་ཡང་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་བཏགས། རྒྱ་གར་གྱི་མཁས་གྲུབ་གཞན་མང་པོ་ལའང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་། གཙོ་ཆེར་བླ་མ་བྱམས་པའི་རྣལ་འབྱོར་བ་ཆེན་པོ་ལ་བརྟེན་ཏེ་ལོ་བདུན་གྱི་རིང་ལ་ཆོས་གསན་པ་དང་བྱང་ཆུབ་ལམ་གྱི་རིམ་པ་བསྒོམ་བཞིན་བཞུགས་པས་ལམ་གྱི་རིམ་པའི་དམིགས་སྐོར་མཐའ་དག་ལ་ཉམས་མྱོང་གི་རྟོགས་པ་ཕུལ་དུ་བྱུང་བ་ཐོབ། མངོན་པར་རྟོགས་པའི་རྒྱན་དང་ཤེར་ཕྱིན་གྱི་མདོ་སྤྱར་བའི་མན་ངག་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་དུ་ཡང་མགོན་པོ་འཇམ་པའི་དབྱངས་ནས་རྒྱལ་སྲས་ཞི་བ་ལྷ་ལ་བརྒྱུད་པའི་མན་ངག་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རླབས་ཆེན་པོ་ཐུགས་ལ་འཁྲུངས་ཏེ་དེ་ཁོ་ན་ཐུགས་དམ་གྱི་མཐིལ་དང་། ས་ལམ་འབྲས་བུ་དང་བཅས་པ་གཞན་ཐམས་ཅད་དེའི་ཡན་ལག་ཏུ་འགྲོ་བ་ཞིག་བྱུང་བས་དུས་དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་པོར་གྲགས། དོན་གྱི་དབང་འདི་གཟིགས་ནས་རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ཐུགས་ལ་མངའ་བརྙེས་ཞེས་བསྔགས་པ་མཛད་པ་ཡིན་ནོ། ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆེས་ཆེར་རྒྱས་པས་སྐྱེ་བོ་རྣམས་ཀྱིས་མཻ་ཏྲི་པ་ཞེས་བྱམས་པའི་མཚན་ནས་འབོད་དེ། འདི་ལ་གསེར་གླིང་མཻ་ཏྲི་པ་ཞེས་གྲགས་སོ། ། དེ་ནས་གསེར་གླིང་པས་ཐུགས་ལ་བཞེད་པའི་དོན་ཐམས་ཅད་གྲུབ་ནས་གསེར་གླིང་དུ་བྱོན་ཏེ་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བས་ཡུལ་དེའི་སྐྱེ་བོ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏོ། ། དེ་ནས་གསེར་གླིང་པས་ཡུལ་དེའི་སྐྱེ་བོ་ཐམས་ཅད་དང་འཛམ་བུའི་གླིང་ནས་ཆོས་དོན་གཉེར་གྱིས་ལྷགས་པ་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཏེ་ཆོས་ཀྱིས་མཐོ་བའི་ཁང་བཟང་མི་ཡུལ་དུ་བབས་པ་འདྲ་བར་ཐེག་ཆེན་པོའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་ཅིང་ཡུལ་དེའི་སྐྱེ་བོ་ཕལ་པ་དག་ཀྱང་དཀོན་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་ཁོ་ན་ཁ་ཏོན་དུ་བྱེད་ཅིང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་རང་བཞིན་གྱི་དགེ་བའི་ལས་ལ་བརྩོན་ཞིང་དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལྷུར་བྱེད། མུ་སྟེགས་ཀྱི་སྨྲ་བ་ངན་པ་རྣམས་ནི་ཉིན་བྱེད་ཤར་བའི་དུས་ཀྱི་འབྱུང་པོའི་བྱ་ལྟར་སྨྲ་བ་ནུབ་པར་གྱུར་རོ། ། དེ་ནས་གསེར་གླིང་པ་ཆེན་པོས་རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཕྱིར་དུ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་མདོ་རྒྱན་སྦྱར་བའི་འགྲེལ་བ་རྨད་དུ་བྱུང་བ་ཞིག་ཀྱང་མཛད་ཅིང་། བློ་སྦྱོང་སེམས་དཔའི་རིམ་པ་དང་། བློ་སྦྱོང་རྟོགས་པ་འབུར་འཇོམས། འཕགས་པ་མི་གཡོ་བའི་སྒྲུབ་ཐབས། མངོན་རྟོགས་རྒྱན་གྱི་འགྲེལ་པ་གཅོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ། ཆོགས་བདག་ཁྲོ་བོའི་སྒྲུབ་ཐབས་སོགས་མཛད་དོ། ། དེ་ལྟར་བདག་ཉིད་ཆེན་པོ་འདིས་སྤྱིར་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང་། ལྷག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསེར་གླིང་གི་ཕོ་བྲང་ཉིད་དུ་ལོ་བཅུ་གཉིས་བར་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་ཡོངས་སུ་རྫོགས་པ་གེགས་སེལ་བོགས་འདོན་དང་བཅས་པ་གནང་བས་ཇོ་བོ་རྗེའི་ཐུགས་ཀྱི་བུམ་བཟང་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་ཡོངས་སུ་གང་བས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མཐུས་མཐོང་ཐོས་དྲན་རེག་ཐམས་ཅད་རྗེས་སུ་འཛིན་ཅིང་སྨིན་གྲོལ་ལ་འགོད་ནུས་པ་དང་། པཎ་གྲུབ་གཞན་ལས་འཕྲིན་ལས་ཀྱི་ཁྱབ་བརྡལ་ཆེ་བ་དང་། ལྷག་པར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་འགྲོ་བ་དམུ་རྒོད་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་ཇོ་བོ་རྗེའི་སྐུ་མཐོང་བ་དང་། གསུང་ཐོས་པ་དང་། ཐ་ན་མཚན་ཙམ་ཐོས་པ་ཡན་ཆད་དད་ཅིང་འདུན་པ་དང་ཇོ་བོའི་མཚན་ཐོས་ཏེ་སྐུའི་རྣམ་པ་ཡིད་ལ་དྲན་པ་ན་རང་རང་གི་ཉོན་མོངས་གདུག་རྩུབ་རྣམས་སྐད་ཅིག་ལ་ཞི་ནས་དད་པ་དང་མོས་པ་ངང་གིས་སྐྱེ་བ་དང་། སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་པའི་དུས་མཐའ་འདིར་རང་རང་གི་ཡུལ་གྱི་རྒན་པོ་སྔ་མ་དག་གི་ཟེར་སྒྲོས་ལ་ཞེན་ཏེ་བདག་ཅག་གི་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཆགས་སྡང་རླུང་དམར་འཚུབ་པས་ཕྱོགས་ཀུན་གང་སྟེ་སྐྱེ་བོ་དམ་པ་ཅི་འདྲ་ཞིག་བྱོན་ཡང་དད་པ་སྐྱེ་དཀའ་བ་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ནི་གྲུབ་མཐའ་དང་ཡུལ་དང་སྡེ་དགོན་རིས་སུ་མ་ཆད་པར་མཆོག་་དམན་བར་མ་མཐའ་དག་གིས་མཚན་ཐོས་པ་ཙམ་གྱིས་ཐལ་མོ་སྦྱོར་བའི་འོས་སུ་བྱེད་ཅིང་། གསུང་གི་བདུད་རྩི་དག་ལའང་རང་གིས་ཉམས་སུ་ལེན་པར་མ་ནུས་ཀྱང་འདི་ནི་གཞན་ནོ་ཞེས་མི་སྤང་བར་སྨོན་ལམ་གྱི་ཡུལ་དུ་བྱེད་པ་འདི་བྱུང་བ་ཡིན་ནོ། ། དོན་གྱི་དབང་འདི་གཟིགས་ནས་ཇོ་བསྟོད་དུ། གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། ། བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས། ། འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། ། དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། ། ཞེས་གསུངས་སོ། ། དེ་ལྟར་གསེར་གླིང་པ་ཆེན་པོ་ཆོས་ཀྱི་གྲགས་པས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་དེའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོོ་བྲང་དུ་གཤེགས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བླ་མ་གསེར་གླིང་པ་ཆེན་པོ་ལ་གསོལ་བ་འདེབས་ཤིང་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དགེ་སྦྱོང་གྱི་མཐིལ་དུ་བཟུང་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་ནས་གོང་དུ་འཕེལ་བའི་ཐབས་སུ་གོ་བར་བྱས་ལ་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་ལ་བརྩོན་པ་ཆིག་བསྒྲིལ་དུ་བྱའོ། ། ། །
༈ རྗེ་བཙུན་འཇམ་དཔལ་དབྱངས་ནས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་
སོགས་ཟམ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར།
༈ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པ་ལ། རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་སུ་གསུངས་ཤིང་། རྒྱ་ཆེན་སྤྱོད་རྒྱུད་ལ་ཡང་། རྒྱ་ཆེན་སྤྱོད་པའི་རྒྱུད་དང་། རླབས་ཆེན་སྤྱོད་པའི་རྒྱུད་ཅེས་གཉིས་སུ་གསུངས། དེའི་རླབས་ཆེན་སྤྱོད་ཡོད་པའི་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་འོག་ཏུ་སྟོན་ལ། ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་དཔལ་དབྱངས། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ལ་རིམ་བཞིན་བརྒྱུད་པ་ལ་ཟབ་མོ་ལྟ་རྒྱུད་ཅེས་གསུངས། དེ་ལ། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག ། ཅེས་བསྔགས་པ་སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ནི་སྔར་བརྗོད་ཟིན་པ་ལྟར་རོ། ། རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། ། ཞེས་བསྔགས་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་སྟེ་སྐུའི་ཡོན་ཏན་གཅིག་པུའང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་གསུང་དབྱངས་འགག་པ་མེད་པས་རྒྱུན་མ་ཆད་པར་བསྐལ་པ་མུ་མེད་པའི་བར་དུ་བརྗོད་ཀྱང་ཟད་པའི་མཐའ་མེད་ན། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཇི་ཙམ་བརྗོད་ཀྱང་ཡོན་ཏན་ཆ་ཙམ་ཞིག་ཀྱང་བརྗོད་པར་ག་ལ་ནུས། དེ་ལྟར་ཡང་རྗེ་བདག་ཉིད་ཆེན་པོས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། ། ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། ། ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། ། བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། ། ཞེས་གསུངས་པ་ལྟར་རོ། ། དེ་ལྟ་ནའང་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས་པའི་ཚེ། ཡོན་ཏན་བསམས་ནས་དང་བ་བསྐྱེད་པའི་ཕྱིར་ཕྱོགས་ཙམ་ཞིག་བརྗོད་པ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྔོན་ཐུགས་བསྐྱེད་པའི་ཚུལ་ནི། སྔོན་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་བདུན་འདས་པ་དེའི་ཡང་ཕ་རོལ་ན། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ཞེས་པར་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་པ་འཇིག་རྟེན་དུ་བྱོན་པའི་ཚེ། རྗེ་བཙུན་འཇམ་དབྱངས་འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པ་ན། བུ་དང་། ཆུང་མ་དང་། གཉེན་འདབས་དང་། འཁོར་དུ་བཅས་པ་ལ་ལས་གཞན་མེད་ཅིང་མ་སྐྱེ་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ། ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་མཆོད་ནས་དགེ་བའི་རྩ་བ་འདི། བརྒྱ་བྱིན་ནམ། ཚངས་པའམ། ཉན་རང་ལ་སོགས་པ་གང་གི་དོན་དུ་བསྔོ་སྙམ་པ་ལ། སྟེང་གི་ནམ་མཁའ་ལས་ལྟ་མང་པོས་སྒྲ་བསྒྲགས་པ། རྒྱལ་པོ་ཆེན་པོ་དེ་ལྟར་སེམས་མ་བསྐྱེད་པར་་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་ཅེས་བསྐུལ་བ་དང་། རྒྱལ་པོ་ནམ་མཁའ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་ཡོངས་སུ་བསྐོར་ནས། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་དྲུང་དུ་དོང་སྟེ་སྔར་གྱི་བྱུང་ཚུལ་ཞུས་ནས། ཐུབ་པ་ཇི་ལྟར་སེམས་བསྐྱེད་ན། ། རྫོགས་པའི་བྱང་ཆུབ་སྐྱེ་བར་འགྱུར། ། ཡེ་ཤེས་དེ་ནི་གང་གིས་ཐོབ། ། དོན་དེ་བདག་ལ་བསྟན་དུ་གསོལ། ། བྱང་ཆུབ་སེམས་ནི་བསྐྱེད་བྱས་ཤིང་། ། ཐུབ་པ་ཁྱོད་འདྲར་བདག་ཀྱང་སྨོན། ། ཞེས་ཞུས་པ་ན། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། ། གང་གིས་སྨོན་ལམ་ཅི་བཏབ་པ། ། དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། ། རྒྱལ་པོ་ངས་ཀྱང་སྔོན་ཆད་ནི། ། རྫོགས་པའི་བྱང་ཆུབ་སེམས་སྐྱེད་གྱུར། ། སེམས་ཅན་ཀུན་ལ་ཕན་དོན་དུ། ། ངས་ནི་སྨོན་ལམ་དམ་པ་བཏབ། ། སྨོན་ལམ་ཇི་ལྟར་བཏབ་ཚུལ་དུ། ། ངས་ནི་འབྲས་བུ་ཐོབ་པར་གྱུར། ། བྱང་ཆུབ་དམ་པ་ངས་ཐོབ་པས། ། ང་ཡི་བསམ་པ་རྫོགས་པར་གྱུར། ། རྒྱལ་པོ་ཆེན་པོ་བརྟན་གྱིས་ལ། ། མི་འགྱུར་སེམས་ནི་བསྐྱེད་པར་གྱིས། ། གལ་ཏེ་སྤྱོད་པ་སྤྱད་བྱས་ན། ། ཁྱོད་ཀྱང་ཡང་དག་སངས་རྒྱས་འགྱུར། ། ཞེས་གསུངས་ཤིང་སེམས་བསྐྱེད་པར་བསྐུལ་བ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནམ་མཁས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དཔང་དུ་བཞག་སྟེ། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སྙིང་སྟོབས་ཆེན་པོས་འདི་ལྟར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་སྟེ། འཁོར་བ་ཐ་མ་མེད་པ་ཡི། ། སྔོན་གྱི་ཐ་མ་ཇི་སྲིད་པ། ། དེ་སྲིད་སེམས་ཅན་ཕན་དོན་དུ། ། སྤྱོད་པ་དཔག་ཡས་སྤྱད་པར་བྱ། ། འཇིག་རྟེན་མགོན་པོའི་སྤྱན་སྔར་འདིར། ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ། ། དབུལ་ཞིང་ཕོངས་ལས་སྒྲོལ་བར་བྱ། ། དེ་རིང་ཕན་ཆད་གལ་ཏེ་ཡང་། ། བདག་གིས་འདོད་ཆགས་སེམས་བསྐྱེད་ན། ། ཕྱོགས་བཅུ་དག་ན་གང་བཞུགས་པའི། ། སངས་རྒྱས་ཐམས་ཅད་བསླུས་པར་གྱུར། ། བྱང་ཆུབ་ནམ་ཞིག་ཐོབ་བར་དུ། ། ཐ་བའི་སེམས་དང་གནོད་སེམས་དང་། ། ཕྲག་དོག་དང་ནི་སེར་སྣ་ཡང་། ། དེ་རིང་ཕྱིན་ཆད་མི་བྱའོ། ། ཚངས་པའི་སྤྱོད་པ་བདག་གིས་སྤྱད། ། སྡིག་པའི་འདོད་པ་ཡོངས་སུ་བཏང་། ། ཚུལ་ཁྲིམས་སྡོམ་དང་དེས་པ་ལ། ། སངས་རྒྱས་རྗེས་སུ་བསླབ་པར་བྱ། ། བདག་ནི་བྱང་ཆུབ་རིངས་ཚུལ་དུ། ། འཚང་རྒྱར་མོས་ཤིང་སྤྲོ་བ་མེད། ། ཕྱི་མཐར་ཐུག་གི་བར་དུ་ཡང་། ། སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། ། ཚད་མེད་བསམ་གྱིས་མི་ཁྱབ་པའི། ། སངས་རྒྱས་ཞིང་ནི་སྦྱང་བར་བྱ། ། ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། ། བདག་གི་མིང་ནི་ཐོས་པར་བྱ། ། བདག་གིས་བདག་ལ་ལུང་བསྟན་ཏེ། ། སངས་རྒྱས་འགྱུར་བར་དོགས་པ་མེད། ། བདག་གི་ལྷག་བསམ་རྣམ་པར་དག ། བདག་དབང་འདི་ན་འདྲེན་པ་རྣམས། ། ལུས་དང་ངག་གི་ལས་རྣམས་ཀྱང་། ། རྣམ་པ་ཀུན་ཏུ་བདག་གིས་སྦྱང་། ། ཡིད་ཀྱི་ལས་ཀྱང་སྦྱང་བར་བྱ། ། མི་དགེའི་ལས་ནི་སྤྱད་མི་བྱ། ། ཞེས་ཐུགས་བསྐྱེད། བཅོམ་ལྡན་འདས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་བརྒྱ་སྟོང་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ། བདག་གིས་སྨོན་ལམ་བཏབ་པ་ནི། ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང་། བདག་གིས་སྤྱིན་པ་ལ་ཡང་དག་པར་བཙུད་པ་དང་། དེ་བཞིན་དུ་བདག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་པར་མ་མཐོང་བ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའོ། ། ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་པར་བལྟས་ཀྱང་། བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མཐོང་བར་མ་གྱུར་པ་དེའི་ཚེ་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་བོ། ། དེ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སྔོན་སྲོག་ཆགས་གྲངས་མེད་མུ་མེད་པ་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དུ་བཅུག་ནས་སྤྱིན་སོགས་ཕར་ཕྱིན་དྲུག་གི་ལམ་སྒོམ་པ་ལ་སྦྱར་ཏེ་སྨིན་པར་བྱས་ནས་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སངས་རྒྱས་གཅིག་མ་གཏོགས་གཞན་ཐམས་ཅད་མྱ་ངན་ལས་འདས་ཟིན། གཅིག་ནི། འཇིག་རྟེན་གྱི་ཁམས་འདི་ནས་འོག་ཏུ་དཔག་ཚད་གངྒཱའི་གླུང་བཞི་ཁྲི་བཞི་སྟོང་གི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་དབྱིངས་ཞེས་བྱ་བ་ན་ད་ལྟ་ཡང་བཞུགས་ཏེ་དེ་བཞིན་གཤེགས་པ་སའི་ལྷ་ཞེས་བྱའོ། ། གཞན་ཡང་རྗེ་བཙུན་འཇམ་དབྱངས་འདི་ཉིད། ཆོས་སྨྲ་བ་ཆོས་ཀྱི་རྒྱལ་མཚན་དུ་གྱུར་པའི་ཚེ། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལ་སོགས་པའི་བསྐལ་བཟང་གི་སངས་རྒྱས་སྟོང་པོ་ཐམས་ཅད་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་དུ་བཅུག་སྟེ་དགེ་བའི་བཤེས་གཉེན་མཛད་པ་ཡིན་ཏེ། དབུ་མ་ལ་འཇུག་པའི་རང་འགྲེལ་ལས། ཡོངས་སུ་འཛིན་པའི་ཁྱད་པར་ལས་ནི་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པར་འདོན་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། གཞན་ཡང་། རྗེ་བཙུན་འཇམ་དབྱངས་འདི་ཉིད་ཀྱི་ཐབས་མཁས་པ་ཆེན་པོས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་དེ་དང་དེའི་མཚན་རྐྱང་པ་བརྗོད་ཀྱང་བསྐལ་པ་བས་ལྷག་པར་མི་ཟད་ཅིང་། འཇམ་དཔལ་གྱིས་བྱང་ཆུབ་ཏུ་བཙུད་པའི་སངས་རྒྱས་རྣམས་ཀྱིས། འཇམ་དཔལ་ལ་དྲིན་གཟོའི་ཚུལ་དུ་གདུགས་སོགས་བསྐུར་བས་སྟོང་གསུམ་ཁེབས་པར་བྱུང་། ཡང་ལན་ཅིག་སྤྲུལ་པའི་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་ལ་ལྷུང་བཟེད་ཟས་ཀྱིས་བཀའ་སྟེ་ཕུལ་བ་ན། འཇམ་དཔལ་གྱིས། བཅོམ་ལྡན་འདས་ལ་ཞལ་ཟས་ཀྱི་ཕུད་མ་བསྩལ་བར་གསོལ་ན་བྱས་པ་མི་གཟོ་བར་འགྱུར་རོ་ཞུས་པས། འཁོར་གཞན་རྣམས་འཇམ་དཔལ་འདིས་བཅོམ་ལྡན་འདས་ལ་གང་དུ་ཕན་བཏགས་བསམས་པ་ན། སྟོན་པའི་ལྷུང་བཟེད་འོག་ཏུ་སོང་སྟེ་འཇིག་རྟེན་གྱི་ཁམས་གངྒཱའི་བྱེ་སྙེད་བདུན་ཅུ་རྩ་གཉིས་འདས་པའི་འཇིག་རྟེན་དུ་སོང་བ་ན་མཆོག་ཟུང་སོགས་ལ་ལྷུང་བཟེད་ཚོལ་བར་བཀའ་སྩལ་པས། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་གཉིས་ཚུན་དུ་བཙལ་ཀྱང་མ་རྙེད་པ་དང་། འཇམ་དཔལ་རང་ལ་བཀའ་གནང་བས་འཇམ་དཔལ་ཀྱིས་སྟན་དེ་ལ་འདུག་བཞིན་དུ་ལག་པ་བརྐྱངས་ནས་ལྷུང་བཟེད་བླངས་ནས་ཕུལ་ལོ། ། འཇམ་དཔལ་གྱིས་སྟོན་པ་ལ་ཕན་བཏགས་ཚུལ་དངོས་ནི། སྔོན་དེ་བཞིན་གཤེགས་པ་མི་ཐུབ་རྒྱལ་མཚན་འཇིག་རྟེན་དུ་བྱོན་པའི་ཚེ་རྗེ་བཙུན་འཇམ་དཔལ་དགེ་སློང་ཡེ་ཤེས་རྒྱལ་པོར་གྱུར་པས་ལྷུང་བཟེད་ཟས་ཀྱིས་བཀའ་སྟེ་བསྣམས་པ་ལ་བདག་ཅག་གི་སྟོན་པ་ཁྱེའུ་དྲི་མེད་དཔུང་པར་གྱུར་པས་སློངས་པས་ཟས་བྱིན་ནས། དེ་བཞིན་གཤེགས་པ་མི་ཐུབ་རྒྱལ་མཚན་གྱི་དྲུང་དུ་ཁྲིད་ནས་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག་པས་ཕན་བཏགས་པའོ། ། ཡང་རྒྱལ་པོ་མ་སྐྱེས་དགྲས་ཕ་གཟུགས་ཅན་སྙིང་པོ་བསད། སྟོན་པ་ལ་གླང་ཆེན་རྦད། དགེ་འདུན་ཕོ་མོའི་འཚོ་བ་བཅད། དགྲ་བཅོམ་མ་སེར་སྐྱ་བཟང་མོ་ཆུང་མར་དབང་མེད་དུ་བཀུག་པ་སོགས་ཀྱི་སྡིག་པ་ཆེན་པོ་བྱས་པས་འགྱོད་དེ་སྟོན་པ་ལ་སྡིག་པ་དང་འགྱོད་པ་སེལ་བར་ཞུས་པས། སྟོན་པས་རྗེ་བཙུན་འཇམ་དབྱངས་མ་གཏོགས་གཞན་གྱིས་ཁྱོད་ཀྱི་འགྱོད་པ་དང་ཐེ་ཆོམ་སེལ་བར་མི་ནུས་གསུངས་པས། རྒྱལ་པོས་འཕགས་པ་འཇམ་དཔལ་དང་། འོད་སྲུངས་གཉིས་རྒྱལ་པོའི་ཁབ་ཏུ་གདན་འདྲེན་པར་མཛད་འདོད་ནས་ཤཱ་རིའི་བུ་ལ། འཕགས་པ་འཇམ་དཔལ་ལ་འཁོར་དུ་མཆིས་དྲིས་པས། ལྔ་བརྒྱའོ་ཟེར་བ་ལ། རྒྱལ་པོས་འཇམ་དཔལ་ལ་སང་རྒྱལ་པོའི་ཁབ་ཏུ་གདུགས་ཚོད་ལ་གཤེགས་པར་ཅི་གནང་ཞུས་པས་ཞལ་གྱི་བཞེས་ནས། དེའི་སྲོད་ལ་ཤར་ཕྱོགས་སུ། དེ་བཞིན་གཤེགས་པ་བསྒྲགས་པའི་དཔལ་གྱི་དྲུང་དུ་བྱོན་ཏེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཉིས་སྟོང་ཁྲིད་ནས་ཞིང་འདིར་བྱོན་ནས་འཁོར་རྣམས་སྲོད་དང་། གུང་དང་། ཐོ་རངས་ཆོས་བསྟན་ཏེ་འཇམ་དཔལ་འཁོར་བརྒྱད་ཁྲི་ཉིས་སྟོང་ལྔ་བརྒྱ་དང་། འོད་སྲུངས་འཁོར་ལྔ་བརྒྱ་དང་བཅས་པ་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན། རྒྱལ་པོས་སྟོང་གི་བཤོས་གྲབས་ལས་མ་ཆུད་པས་རྒྱལ་པོ་སྤ་འཁུམས་པ་ན་གནོད་སྤྱིན་ཀུ་བེ་རས་ལུས་དངོས་སུ་བསྟན་ནས། རྒྱལ་པོ། འཕགས་པ་འཇམ་དཔལ་ནི་ཐབས་ལ་མཁས་པས་ཟས་གཅིག་གིས་ཀྱང་ཐམས་ཅད་ཁྱབ་པར་བྱེད་པས་མ་འཁུམས་ཤིག་ཅེས་དབུགས་དབྱུང་། དེ་ནས་གདུགས་ཚད་ལ་བབ་པ་ན། འཁོར་འདི་དག་ལ་ལྷུང་བཟེེད་མི་སྣང་བས་འབྲས་ཆན་གང་དུ་བླུགས་ཟེར་བ་ལ་འཇམ་དཔལ་གྱིས་ངའི་འཁོར་འདི་དག་ནམ་ཟ་བ་ན་རང་རང་གི་ཞིང་ནས་ལྷུང་བཟེེད་འདིར་འོང་ངོ་ཞེས་གསུངས་མ་ཐག་འཁོར་དེ་དག་རྣམས་ལ་རང་རང་གི་ལག་ཏུ་ལྷུང་བཟེད་བྱུང་ཞིང་ཟོས་ཟིན་ནས་ལྷུང་བཟེད་རྣམས་མཁའ་ལ་འཕགས་ཏེ་སོང་། རྒྱལ་པོས་བཤམས་པའི་བཟའ་བཏུང་རྣམས་ཅུང་ཟད་ཀྱང་ཉུང་དུ་མ་སོང་བས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། ། དེ་ནས་འཕགས་པ་འཇམ་དཔལ་གྱིས་རྒྱལ་པོ་ལ་སྡིག་པ་དང་འགྱོད་པའི་ངོ་བོ་ཇི་ལྟར་འདུག་ལྟོས་ཤིག་ཅེས་སོགས་དོན་དམ་ལ་སྦྱར་བའི་ཆོས་གསུངས་པས་རྒྱལ་པོའི་འགྱོད་པ་དང་ཐེ་ཚོམ་ཐམས་ཅད་བསལ་བས། རྒྱལ་པོས་འཕགས་པ་འཇམ་དཔལ་ལ་ཡོན་དུ་རིན་པོ་ཆེའི་གོས་ཞིག་ཕུལ་བ་ན། འཇམ་དཔལ་མ་མཐོང་ནས་མྱ་ངན་དུ་གྱུར་པ་ལ། སུ་འདུག་འདུག་ལ་ཕུལ་ཅིག་ཟེར་བའི་སྒྲ་ཞིག་བྱུང་བ་ན་འོད་སྲུངས་སོགས་ལ་ཕུལ་བས་ཀྱང་སུ་ཡང་མ་མཐོང་ཞིང་། མཐར་རང་ཡང་མ་མཐོང་བས་བདག་ཏུ་འདུ་ཤེས་པའི་རྣམ་རྟོག་དང་བྲལ་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་སོང་། ཏིང་ངེ་འཛིན་ལས་ལངས་པ་དང་འཕགས་པ་འཇམ་དཔལ་ལ་སོགས་པ་དངོས་སུ་མཐོང་ངོ་། ། ཡང་། སྔོན་མཚམས་མེད་ཀྱི་ལས་བྱས་པའི་ལས་ཀྱི་ལྷག་མ་ཅུང་ཟད་ཡོད་པ་ལ་སྤྱོད་པའི་བྱང་སེམས་ལྔ་འདུག་པ་དེ་དག་དམིགས་པ་དང་བྲལ་བར་བྱ་བའི་ཕྱིར། འཕགས་པ་འཇམ་དཔལ་གྱིས་ཕྱག་གཡས་ཀྱིས་རལ་གྲི་བླངས་པ་བརྡར་ནས་བཅོམ་ལྡན་འདས་ག་ལ་བ་དེར་བརྒྱུགས་པ་དང་། བཅོམ་ལྡན་འདས་ཀྱིས་ང་ནི་སད་ཟིན་གྱིས་ཐོངས་ཤིག་གསུངས་པས། དམིགས་པ་ལ་སྤྱོད་པའི་བྱང་སེམས་ལྔ་པོ་དེས། བདག་ཏུ་དམིགས་པ་བསད་ནས་མེད་པར་གོ ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཏེ། འཕགས་པ་འཇམ་་དཔལ་འདི་ནི་ཐབས་མཁས་པའོ་ཞེས་སོགས་ཀྱིས་བསྟོད་ནས་ནམ་མཁར་འཕགས་ཏེ། ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། ། ཡོངས་སུ་རྟོག་པས་ཀུན་ནས་བསྐྱེད། ། འདི་ལ་གྲུབ་པ་མ་མཆིས་ཏེ། ། ཆོས་འདི་ཐམས་ཅད་སྟོང་པ་ལགས། ། ཞེས་སྨྲས་སོ། ། ཡང་འཕགས་པ་འཇམ་དཔལ་གྱིས་སྟོང་པ་ཉིད་ལས་བརྩམས་ནས་སེམས་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། བར་ན་ཡང་མེད་པས། དེ་ལ་ནི་ཅི་ཡང་གྲོལ་རྒྱུ་ཡང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་པ་མེད་དོ་གསུངས་པས། དེ་ཐོས་པ་ཙམ་གྱིས་དགེ་སློང་མང་པོ་རྣམ་པར་གྲོལ། དགེ་སློང་ཁ་ཅིག་གིས་དེའི་དོན་ལ་མ་དད་ནས་ཅི་ཡང་གྲོལ་རྒྱུ་ཡང་མེད་ན་འོ་སྐོལ་ཆོས་བྱས་པ་ལ་དོན་མི་འདུག་པས་འདོང་ཟེར་ནས་སོང་ངོ་། ། ཡང་འཕགས་པ་འཇམ་དཔལ་གྱིས་དེ་རྣམས་འདུལ་པའི་ཕྱིར་སྤྲུལ་པའི་དགེ་སློང་ཅིག་སྤྲུལ་ཏེ་བཏང་བས། དེ་རྣམས་དང་ལམ་དུ་ཕྲད་པས་ཁོང་རྣམས་ན་རེ། དགེ་སློང་གར་འགྲོ་ཟེར། སྤྲུལ་པའི་དགེ་སློང་ན་རེ། ང་ནི་འཇམ་དཔལ་གྱིས་ཆོས་བསྟན་པ་ལ་མ་མོས་ཡིད་མ་ཆེས་ནས་འགྲོ་ཟེར། ཁོང་རྣམས་ན་རེ། ངེད་ཀྱང་འཇམ་དཔལ་གྱིས་ཆོས་བསྟན་པ་ལ་མ་མོས་ཡིད་མ་ཆེས་པར་འགྲོ་བ་ཡིན་པས་འདོང་ཟེར། དེེར་སྤྲུལ་པ་ན་རེ། ཁྱེད་ཀྱིས་འཇམ་དཔལ་གྱིས་ཆོས་ཇི་སྐད་བསྟན་པ་ལ་མ་དད་ཟེར། གྲོལ་རྒྱུ་ཡང་མེད། ཐོབ་རྒྱུ་ཡང་མེད་ཟེར་ནས་མ་དད་ཟེར། སྤྲུལ་པ་ན་རེ། འོ་ན་ཁྱེད་ཀྱི་རྟོགས་རྒྱུ་དང་གྲོལ་རྒྱུ་དེ་གྲུ་བཞི་འམ། ཟླུམ་པོ་འམ། ནར་མོ་ལ་སོགས་པ་དབྱིབས། དཀར་པོ་ལ་སོགས་པ་ཁ་དོག ། ཕྱི་དང་ནང་ལ་སོགས་པ་ཇི་ལྟར་འདུག་ལྟོས་ཤིག་གསུངས་པས། ཁོང་རྣམས་ཀྱིས་བཏགས་དོན་བཙལ་བས་མ་རྙེད་པས། སྤྲུལ་པ་ན་རེ། དེ་ལ་བསམས་ནས་འཇམ་དཔལ་གྱིས་གྲོལ་རྒྱུ་ཡང་མེད། ཐོབ་རྒྱུ་ཡང་མེད་མངོན་པར་རྟོགས་རྒྱུ་ཡང་མེད་པར་གསུངས་པ་ཡིན་ནོ་བྱས་པས་དགེ་སློང་དེ་དག་ཐམས་ཅད་སེམས་རྣམ་པར་གྲོལ་བར་གྱུར་ཏེ་སླར་ལོག་ནས་འཕགས་པ་འཇམ་དཔལ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་པ་སོགས་ཐབས་ལ་མཁས་པའི་མཛད་པའི་སྒོ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་དོ། ། ཡང་ལན་ཅིག་འཕགས་པ་འཇམ་དཔལ་གྱིས་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་ཁྲོད་དུ་དབྱར་གནས་པ། རྒྱལ་བྱེད་ཚལ་དུ་བྱོན་པ་ལ། དགེ་སློང་འོད་སྲུངས་མ་རངས་པས་འཇམ་དཔལ་ལ་སྐྲོད་པའི་ལས་བྱ་བའི་ཕྱིར་གཎྜི་བརྡུངས་པ་ན། ཕྱོགས་བཅུའི་ཞིང་ཐམས་ཅད་འཇམ་དཔལ་གྱིས་གང་བར་མཐོང་བ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ། ཁྱོད་ཀྱིས་འཇམ་དཔལ་གྲངས་མེད་པ་འདི་ནང་ནས་གང་སྐྲོད་འདོད་གསུངས་པས་འོད་སྲུངས་སྐྱེངས་ཏེ། གཎྜི་བོར་བར་འདོད་ཀྱང་འཇོག་མ་ཐུབ་པས་སྒྲ་རྒྱུན་མི་འཆད་པར་བྱུང་བས། འཇམ་དཔལ་ལ་བཟོད་པར་གསོལ་བ་དང་གཎྜི་བཞག་ཐུབ་བོ། ། གཞན་ཡང་འཕགས་པ་གང་པོས་གཅིར་བུ་པ་བདེན་པ་པོ་སོགས་མུ་སྟེགས་བྱེད་མང་པོ་བདེན་པ་མཐོང་བའི་སྣོད་དུ་གཟིགས་ནས་ཆོས་བསྟན་ཀྱང་མི་ཉན་ཞིང་མ་ཐུལ་བར་ལུས་པ་ན། འཕགས་པ་འཇམ་དཔལ་གྱིས་སྤྲུལ་པ་ལྔ་བརྒྱ་བཀྱེ་ནས་བཏུལ་བ་སོགས་ཀྱི་གཏམ་རྒྱུད་ཡོད་དོ། ། འོ་ན་འཕགས་པ་འཇམ་དཔལ་འདི་ད་ལྟ་བྱང་སེམས་རང་རྒྱུད་པ་ཡིན་ནམ་སངས་རྒྱས་ཟིན་གང་ཡིན་སྙམ་ན། འདི་ཉིད་སྔོན་དེ་བཞིན་གཤེགས་པ་ཀླུ་རིགས་མཆོག་ཏུ་སངས་རྒྱས་པ་དང་། མདོ་ཁ་ཅིག་ཏུ་ཀླུ་རིགས་སྒྲོན་མར་སངས་རྒྱས་པར་གསུངས། གཞན་ཡང་། འཕགས་པ་འཇམ་དཔལ་གྱིས་རབ་འབྱོར་ལ། ཁོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་བྱ་བའི་རྒྱུན་བཅད་པ་ནི་མ་ཡིན་ནོ། ། ཞེས་རྒྱུ་མཚན་དང་བཅས་པ་གསུངས་ཤིང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་སོ། ། འདི་བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་སོ། ། འདི་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་སོ། ། ཞེས་སོགས་མང་དུ་གསུངས། དེ་ལྟར་སངས་རྒྱས་ཟིན་ཀྱང་སླར་ཡང་དུལ་མེད་ཡང་དག་བསགས་པ་ཞེས་བྱ་བའི་ཞིང་དུ་རྒྱལ་བ་ཀུན་ཏུ་གཟིགས་སུ་འཚང་རྒྱ་བའི་ཚུལ་སྟོན་ཏོ། ། ཞིང་དེ་ནི་ལྷོ་ཕྱོགས་སུ་འབྱུང་ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ཀྱང་དེའི་ཁོངས་སུ་ཆུད་པར་གསུངས། ཞིང་དེའི་རྒྱ་ཁྱོན་ནི་གངྒཱའི་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་གི་ཐ་གྲུ་དང་མཉམ་ཞིང་། མཐོ་ཁྱད་སྲིད་པའི་རྩེ་མོ་དང་མཉམ་འོག་གཞི་རིན་པོ་ཆེ་སྣ་ཚོགས་ལས་སྒྲུབ་པ། ཞིང་དེར་མི་ཁོམ་པ་དང་། སྡུག་བསྔལ་མི་དགེ་བའི་སྒྲ་དང་། སྐྱོན་དུ་འགྱུར་བའི་སྒྲ་མེད་ཅིང་། སྒྲ་འབྱུང་བ་རྣམས་ཀྱང་ཆོས་ཀྱི་སྒྲར་འབྱུང་། སངས་རྒྱས་ཀྱི་ཞིང་གཞན་གྱི་སྣོད་ཀྱི་ཡོན་ཏན་ཀུན་འདིའི་སྣོད་ཀྱི་ཞིང་ལ་ཚང་བ་ཡིན་ལ། ཞིང་དེའི་དབུས་ན། བྱང་ཆུབ་ཀྱི་ཤིང་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་འཇིག་རྟེན་གྱི་ཁྱོན་དང་མཉམ་པ། དེའི་རྩ་བར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་ན་རྒྱལ་བ་ཀུན་ཏུ་གཟིགས་སྐུ་མདོག་གསེར་བཅོ་མ་ལྟ་བུ་རྡོ་རྗེའི་སྐྱིལ་མོ་ཀླུང་གིས་བཞུགས་ཤིང་། ཕྱག་གཡས་སྐྱབས་སྤྱིན། གཡོན་མཉམ་གཞག་མཛད་པ། སྐུའི་ཚད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང་ལྡན་པ། ཞིང་དེའི་གདུལ་བྱ་རྣམས་ཀྱིས་སྐུ་བལྟ་བར་འདོད་ཚེ། ཁྲིའི་སྟེང་ན་སྐུ་བཞུགས་པ། རང་གི་མདུན་དུ་བཞུགས་པར་མཐོང་བའི་མོད་ལ། ཆོས་ཞུ་མི་དགོས་པར་ཆོས་ཀྱི་ཚིག་དོན་མཐའ་དག་ཁོང་དུ་ཆུད་ནས་མཁས་པར་འགྱུར་བ་ཡིན། ཞིང་དེ་ན། ཉན་རང་དང་། བུད་མེད་དང་། མངལ་ནས་སྐྱེ་བ་མེད་ཅིང་། ཞེ་སྡང་དང་། ཐ་བ་དང་འཆབ་པ་མེད་པར་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ནམ་མཁའ་ལ་སྐྱིལ་མོ་ཀླུང་བཅས་པ། རྫུས་ཏེ་སྐྱེ་བ། སྐུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ་བྱང་ཆུབ་སེམས་དཔའ་ཤ་སྟག་མངོན་ཤེས་ལྔ་དང་ལྡན་པ། བཟའ་བཏུང་ཡིད་ལ་འདོད་པའི་ཚེ་རོ་མཆོག་དང་ལྡན་པའི་བཟའ་བཏུང་གིས་གང་བའི་སྣོད་ལག་པ་གཡས་པར་འབྱུང་། དེ་ཡང་གཞན་ལ་ཕུད་མ་ཕུལ་བར་རང་གིས་སྤྱོད་པ་ཚུལ་མ་ཡིན་ནོ་སྙམ་ནས་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ། ཕོངས་ཤིང་སྡུག་བསྔལ་བ་དང་། ཡི་དྭགས་རྣམས་ཚིམ་པར་བྱས་ཏེ། རང་གི་ཞིང་དུ་འོངས་ནས་ལོངས་སྤྱོད་པར་བྱེད་ཅིང་། དེ་བཞིན་དུ་གོས་དང་ལོངས་སྤྱོད་གཞན་ལ་ཡང་དེ་ལྟར་བྱེད་དོ། ། དེས་ན་སངས་རྒྱས་གཞན་ཐམས་ཅད་ཀྱི་མཚན་བརྗོད་པ་ལས། འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་ཕན་ཡོན་ཆེ་ཞིང་། དེ་བས་ཀྱང་རྒྱལ་བ་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ཕན་ཡོན་ཆེ་བ་ཡིན་ཏེ། ཞིང་བཀོད་ཀྱི་མདོ་ལས། རིགས་ཀྱི་བུ་དག་སངས་རྒྱས་བྱེ་བ་ཕྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི། གང་གིས་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་པ་བསོད་ནམས་ཆེས་མང་དུ་བསྐྱེད་ན། བཅོམ་ལྡན་འདས་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན་འཇམ་དཔལ་གཞོན་ནུར་གྱུར་པས་བསྐལ་པ་རེ་རེ་ཞིང་། སེམས་ཅན་གྱི་དོན་ཇི་སྙེད་དུ་བྱས་པའི་སེམས་ཅན་གྱི་དོན་དེ་ནི། སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་གྱིས་ཀྱང་མ་མཛད་དོ། ། ཞེས་གསུངས་པའི་ཕྱིར། འོ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་། ཀུན་གཟིགས་ཀྱི་ཞིང་གཉིས་གང་ཁྱད་པར་འཕགས་ན། བདེ་བ་ཅན་གྱིས་ཡོན་ཏན་ནི་རྒྱ་མཆོ་ཆེན་པོ་ནས་སྐྲའི་རྩེ་མོས་བླངས་པའི་ཆུ་ཐིགས་གཅིག་ཙམ། ཀུན་ཏུ་གཟིགས་ཀྱི་ཞིང་གི་ཡོན་ཏན་ནི་རྒྱ་མཚོ་ཆེན་པོའི་ཆུའི་མང་ཉུང་ལྟ་བུ་ཡིན་ནོ། ། འོ་ན། རྒྱལ་བ་ཀུན་གཟིགས་པའི་ཞིང་ཁམས་ལྟ་བུ་གཞན་ཡོད་དམ་མེད་སྙམ་ན་ཡོད་དེ། དེ་བཞིན་གཤེགས་པ་ཀུན་གཟིགས་ཀྱི་ཞིང་དང་། དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མངའ་བ་རྒྱ་མཚོའི་རྒྱལ་པོའི་ཞིང་སྨོན་ལམ་ལ་རབ་ཏུ་གནས་པ་མངོན་པར་འཕགས་པ་གཉིས་ལ་ཡོན་ཏན་ལྷག་ཆད་མེད། གཞན་ཡང་རྒྱལ་བ་ཀུན་ཏུ་གཟིགས་པའི་ཞིང་ཁམས་ལྟ་བུ་ཡོད་དེ། བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་དང་། བྱང་ཆུབ་སེམས་དཔའ་དབང་པོ་ཞི་བ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་བློ་གྲོས་རྣམས་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡང་དེ་དང་འདྲ་བར་འབྱུང་བར་གསུངས་པས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་གིས་ཀྱང་། འཕགས་པ་འཇམ་དཔལ་གྱི་ཞིང་ལྟར་བསྒྲུབ་པའི་སྨོན་ལམ་བཏབ་པས། དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའ་བཅུ་དྲུག་གིས་འཕགས་པ་འཇམ་དཔལ་གྱི་ཞིང་ལྟར་འགྲུབ་ཅིང་། ལྷག་མ་རྣམས་ཀྱིས་དེ་ལྟར་མི་འགྲུབ་ཀྱང་། བདེ་བ་ཅན་ལྟར་འགྲུབ་པར་གསུངས་སོ། ། འོ་ན། བདེ་བ་ཅན་གྱི་གདུལ་བྱ་དང་། རྒྱལ་བ་ཀུན་ཏུ་གཟིགས་པའི་གདུལ་བྱ་ལ་མང་ཉུང་གི་ཁྱད་པར་ཇི་ལྟར་ཡོད་ན་ཁྱད་པར་ཡོད་དེ། བདེ་བ་ཅན་ན་ཉན་ཐོས་ཡོད་ཅིང་། རྒྱལ་བ་ཀུན་ཏུ་གཟིགས་པའི་ཞིང་ཁམས་རྡུལ་མེད་ཡང་དག་བསགས་ན། འཁོར་བྱང་ཆུབ་སེམས་དཔའ་ཤ་སྟག་ལས་ཉན་རང་མེད། བདེ་བ་ཅན་གྱི་ཞིང་གི་གདུལ་བྱ་ནི་རྒྱལ་བ་ཀུན་ཏུ་གཟིགས་ཀྱི་ཞིང་གི་གདུལ་བྱ་ལ་ལྟོས་ན་ཏིལ་གྱི་རྫང་བ་ཞིག་གི་ཏིལ་འབྲུ་གཅིག་ལྟ་བུ། རྒྱལ་བ་ཀུན་ཏུ་གཟིགས་པའི་ཞིང་གི་གདུལ་བྱའི་གྲངས་རྗང་ནང་གི་ཏིལ་བྱིངས་པོ་ཙམ་གྱི་ཚོད་ཡིན་པར་གསུངས། གཞན་ཡང་རྒྱལ་བ་ཀུན་ཏུ་གཟིགས་པའི་ཞིང་ཁམས་སུ་སྐྱེ་བར་སྨོན་ལམ་བཏབ་པས། ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཐམས་ཅད་དུ་སྐྱེ་བའི་སྨོན་ལམ་བཏབ་པར་འགྲོ་ཞིང་། འཇམ་དཔལ་དང་། རྒྱལ་བ་ཀུན་ཏུ་གཟིགས་ལ་ཡི་དམ་བྱས་པས་མདོ་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་ཡི་དམ་བྱས་པར་འགྲོ་བར་གསུངས་སོ། ། དེས་ན་ཞིང་དེར་སྐྱེ་བའི་རྒྱུའི་གཙོ་བོ་ནི། ཞིང་དེའི་ཡོན་ཏན་ཡིད་ལ་ཡང་ཡང་སེམས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྤྱོད་པ་ཕྱིན་དྲུག་གི་གསལ་བའི་དབྱེ་བ་མཐའ་དག་ལ་སློབ་པ། འཕགས་པ་འཇམ་དཔལ་དང་། རྒྱལ་བ་ཀུན་ཏུ་གཟིགས་ཀྱི་མཚན་ནས་བརྗོད་པ། སྔགས་བཟླ་བ། དེ་གཉིས་ཀྱི་སྐུ་བཞེང་བ། དེའི་གསུང་རབ་འདྲི་ཀློག་སོགས་བྱ་བ་ཡིན་ནོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྤྱོད་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་བསམ་ནས་དད་གུས་ཆེན་པོས་གསོལ་བ་འདེབས་པ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་བྱང་ཆུབ་ལམ་རིམ་ལ་གོ་བ་ཆགས་པ་དང་། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱས་དགོས་ལ། ལྷག་པར་ཟབ་མོ་དབུ་མའི་ལྟ་བ་ཕུ་ཐག་ཚོད་པ་ཞིག་རྙེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཤིན་ཏུ་གསལ་ཞིང་རྣོ་བ་ཞིག་དགོས། ཤེས་རབ་དེ་ལྟ་བུ་ཞིག་སྐྱེ་བ་ལ་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་སྟེ་སེམས་རྒྱུད་ལ་བྱིན་རླབས་ཞུགས་པ་ཞིག་དགོས་ཞེས་མགོན་པོ་འཇམ་དཔལ་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོ་ལ་དངོས་སུ་གདམས་པ་ལྟར་ཡིན་པས་ན་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་ཤུགས་དྲག་འདེབས་ཤིང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ། ། ། །
༈ ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། ། ཞེས་བསྔགས་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སྔོན་བསྐལ་པ་གྲངས་མེད་མུ་མེད་པའི་དུས་ནས་ཐུགས་བསྐྱེད། བསྐལ་ཆེན་གྲངས་མེད་མང་པོར་ཚོགས་གཉིས་བར་མ་ཆད་དུ་བསགས། འཇིག་རྟེན་གྱི་ཁམས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བར་སེམས་ཅན་གྲངས་མེད་པའི་དོན་མཛད་བཞིན་པ་ལས། ཞིང་འདིེར་ཐུབ་པའི་བསྟན་པ་སྤེལ་བའི་སླད་དུ་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞིང་འདིར་བྱོན་ནས་རྒྱལ་བའི་བསྟན་པ་སྤེལ་བར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞིང་འདིར་ཐུབ་པའི་བསྟན་པ་སྤེལ་བའི་ཕྱིར་འབྱོན་པ་དང་ཇི་ལྟར་ཐུགས་བསྐྱེད་པ་ལྟར་རྒྱལ་བ་མྱ་ངན་ལས་འདས་ནས་བསྟན་པ་ཉམས་དམས་པར་གྱུར་པ་ན་འཕགས་པ་ཀླུ་སྒྲུབ་བྱོན་ནས་བསྟན་པ་རྒྱ་ཆེར་སྤེལ་བར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ནི། སྔོན་ཐུགས་བསྐྱེད་ཚུལ་སྤྲིན་ཆེན་པོའི་མདོ་ལས་ཇི་ལྟར་གསུངས་པ་ནི། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་མུ་མེད་པ་འདས་པའི་སྔོན་རོལ་ཏུ་བདག་ཉིད་ཆེན་པོ་འདི་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བར་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ཞེས་བྱ་བ་དང་མཇལ་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ལ་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་ཅིང་རིན་པོ་ཆེ་རིན་ཐང་མེད་པ་སྤར་བ་གང་གཏོར་ཏེ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་མཛད་ཅིང་། ལྷག་པར་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པ་ལ་ཐུག་པའི་ཚེ། བདག་རབ་ཏུ་བྱུང་སྟེ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་ཀྱང་འདོར་བར་གྱུར་ཅིག་ཅེས་ཞིང་འདིར་སྟོན་པའི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་དང་དམ་བཅའ་མཛད་དོ། ། དེ་ལྟར་ཐུགས་བསྐྱེད་པ་ལྟར་ཞིང་འདིར་སྟོན་པ་ཐུབ་པའི་དབང་པོ་བྱོན་པའི་ཚེ་ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འཁྲུངས་པ་ན། ཐུབ་པའི་དབང་པོས་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་གཞོན་ནུ་དེའི་ཡོན་ཏན་རྒྱ་ཆེར་བསྔགས་ཤིང་། རྒྱལ་བ་རང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་ཏུ་གྱུར་ནས་རྒྱལ་བའི་བསྟན་པ་རྒྱས་པར་བྱེད་པར་ལུང་བསྟན། ལངྐར་གཤེགས་པའི་མདོ་ལས་ཀྱང་། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། ། དགེ་སློང་དཔལ་ལྡན་ཆེར་གྲགས་པ། ། དེ་མིང་ཀླུ་ཞེས་བོད་པ་སྟེ། ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ། ང་ཡི་ཐེག་པ་འཇིག་རྟེན་དུ། ། བླ་མེད་ཐེག་ཆེན་རབ་བཤད་ནས། ། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། ། བདེ་བ་ཅན་དུ་དེ་འགྲོ་འོ། ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། ། ལོ་ནི་བཞི་བརྒྱ་ལོན་པ་ན། ། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། ། བསྟན་པ་ལ་ནི་དད་ཅིང་ཕན། ། རབ་ཏུ་དགའ་བའི་ས་ཐོབ་པ། ། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། ། རིག་པ་རྨ་བྱ་ཆེན་མོ་ནི། ། བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། ། བསྟན་བཅོས་སྣ་ཚོགས་དོན་དང་ནི། ། དངོས་པོ་མེད་པའི་དོན་དེ་རིག ། གང་ཚེ་ལུས་དེ་བོར་བ་ན། ། བདེ་བ་ཅན་དུ་སྐྱེ་བར་འགྱུར། ། དེ་ནི་མཐར་གྱི་སངས་རྒྱས་ཉིད། ། ངེས་པ་ཁོ་ནར་ཡང་དག་ཐོབ། ། ཅེས་དང་། གསེར་འོད་དམ་པའི་མདོ་ལས་ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་རྒྱ་ཆེར་བསྔགས་པ་དེ་ཡང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་འདི་ཉིད་ཡིན་ཏེ། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པའི་མདོ་འཇུག་འགྲེལ་དུ་དྲངས་པ་ལས། ཀུན་དགའ་བོ། ལི་ཙཱ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱས་ཏེ། མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། ། ཞེས་གསུངས། རྔ་བོ་ཆེའི་མདོ་ལས་ཀྱང་། ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་པའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས་ཀྱང་བདག་ཉིད་ཆེན་པོ་འདིས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་ལུང་བསྟན་ཅིང་། སྔར་སྨོས་པ་དེ་དག་ཀྱང་མཚོན་བྱེད་ཙམ་ཡིན་གྱི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པའི་མདོ་རྒྱུད་ཀྱི་གསུངས་རབ་བརྒྱ་ཕྲག་ཙམ་ཡོད་ཅེས་འཕགས་ཡུལ་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དུས་ཇི་ཙམ་ལ་བྱོན་པ་ནི་རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུ་ཇི་ལྟར་འབྱུང་བ་རྒྱལ་བ་ཉིད་ཀྱི་གསུང་ཚད་མར་གྱུར་པ་ལས་ཤེས་ཏེ། སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞེས་ཞུས་པའི་ལན་དུ། ཀུན་དགའ་བོ་དགེ་སློང་འོད་སྲུངས་དང་ཁྱོད་གཉིས་ཀྱི་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ། ། ཞེས་སོགས་ལུང་བསྟན་པ་ལྟར་རྒྱལ་བ་མྱ་ངན་ལས་འདས་ནས་གནས་བརྟན་འོད་སྲུངས་ཆེན་པོ་དང་འཕགས་པ་ཀུན་དགའ་བོ་དང་གནས་བརྟན་ཉེ་བར་འཁོར་གསུམ་གྱིས་རྒྱལ་བས་གསུངས་པའི་སྡེ་སྣོད་གསུམ་མ་ལུས་པར་བསྡུས་ཏེ་བཀའ་བསྡུ་དང་པོ་མཛད་ནས་འཇིག་རྟེན་དུ་རྒྱལ་བའི་བསྟན་པ་མི་ནུབ་པར་དར་ཞིང་རྒྱས་པར་བྱས། དེ་ནས་འོད་སྲུངས་ཆེན་པོ་མྱ་ངན་ལས་འདས་ནས་འཕགས་པ་ཀུན་དགའ་བོས་རྒྱལ་བའི་བསྟན་པ་བཟུང་སྟེ་ལོ་བཞི་བཅུའི་རིང་ལ་རྒྱ་ཆེར་སྤེལ། དེ་ནས་རིམ་གྱིས་ལེགས་མཐོང་ཆེན་པོའི་བར་བསྟན་པའི་གཏད་རབས་བདུན་གྱིས་རྒྱལ་བསྟན་མི་ནུབ་པར་སྤེལ་བར་མཛད། དེ་ནས་རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ཙམ་ན་དགེ་སློང་རྩིང་སྤྱོད་ཅན་མང་པོ་ཞིག་གིས་གསེར་དངུལ་གྱི་རུང་བ་ཞེས་པ་ལ་སོགས་པ་འདུལ་བའི་བསླབ་པ་དང་འགལ་བའི་གཞི་བཅུ་དར་བ་ན་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་རྒྱལ་བའི་བསྟན་པ་ལ་རྨ་ཕྱུང་ངོ་ཞེས་མྱ་ངན་ཆེན་པོ་བྱས་ཤིང་སྨྲེ་སྔགས་བཏོན་ཏེ་འཛམ་བུའི་གླིང་དང་རྒྱལ་ཆེན་བཞིའི་ལྷ་གནས་དང་སུམ་ཅུ་རྩ་གསུམ་སོགས་ལྷ་གནས་གོང་མ་རྣམས་སུའང་བསྒྲགས་ཏེ་དཀར་ཕྱོགས་ཀྱི་ལྷ་རྣམས་མྱ་ངན་ཆེན་པོར་གྱུར་ཅིང་བདུད་རིགས་རྣམས་དགའ་བའི་ཅ་ཅོ་སྒྲོག་པ་ཞིག་བྱུང་བ་ན་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་བྱོན་ཏེ། ཆོས་རྒྱལ་དེས་སྦྱིན་བདག་བྱས། གནས་བརྟན་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱ་ཚོགས་ཏེ་ལོག་པར་སྨྲ་བ་རྣམས་བསུན་ཕྱུང་སྟོན་པ་ཐུགས་རྗེ་ཅན་དེས་འདུལ་བའི་བསླབ་ཁྲིམས་ཇི་ལྟར་བཅས་པ་དེ་ཁོ་ན་ལྟར་བྱ་བར་བསྒྲུབས་ཏེ་བཀའ་བསྡུ་གཉིས་པ་མཛད། དེའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་ཅ་ཅོ་སྒྲོག་ཅིང་ཡིད་ཚིམ་པར་གྱུར། དེ་ནས་དུས་རིམ་གྱིས་སྙིགས་པར་གྱུར་པ་དང་སེམས་ཅན་རྣམས་བསོད་ནམས་དམན་པའི་དབང་གིས་དམ་པའི་ཆོས་འདུལ་བ་ལ་ལོག་པར་སྨྲ་བ་མང་དུ་དར་ཞིང་། ལྷག་པར་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་དེ་དག་ཐམས་ཅད་ནང་མི་མཐུན་པར་ཁོ་བོ་ཅག་གི་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྩོད་པས་དུས་འདའ་བར་གྱུར་ཅིང་དམ་པའི་ཆོས་འདུལ་བ་ལ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་བྱ་བའི་ཚུལ་རྣམས་ཆེས་ཆེར་ཉམས་ཤིང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གིས་ཐེག་ཆེན་གྱི་མདོ་སྡེ་རྣམས་ནི་རྒྱལ་བའི་བཀའ་མིན་ནོ་ཞེས་ལོག་པར་སྨྲ་བའི་གཏམ་རྒྱ་ཆེར་བསྒྲགས་ཏེ་རྒྱལ་བའི་བསྟན་པ་ཆེས་ཆེར་ཉམས་པ་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་ནམ་ཞིག་ན་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་རྙེད་ནས་བལྟས་པས། རྒྱལ་བ་འོད་སྲུངས་ཀྱིས་རྒྱལ་པོ་ཀྲི་ཀྲི་ལ་ཁྱོད་ཀྱི་རྨི་ལྟས་དེ་རྣམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འདི་ལྟར་འབྱུང་བའི་ལྔ་ལྟས་ཡིན། ཞེས་གསུངས་ཤིང་། རྒྱལ་པོ་ཀྲི་ཀྲིའི་མི་ལྟས་ཇི་ལྟར་བྱུང་ཚུལ་ནི། མ་ག་ངྷ་བཟང་མོའི་རྟོགས་པ་བརྗོད་པ་ལས། སངས་རྒྱས་འོད་སྲུངས་ཀྱི་དུས་སུ་དེའི་སྦྱིན་བདག་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་བ་དེའི་རྨི་ལམ་དུ། གླང་པོའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ལ་དེའི་མཇུག་མ་ཐོགས་པ་དང་། སྐོམ་པས་ཕྱི་ནས་ཁྲོན་པ་བསྙེགས་པ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་འཚོང་བྱེད་པ་དང་། ཙན་དན་དང་ཤིང་ཕལ་པ་རིན་མཉམ་པར་བྱེད་པ་དང་། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པས་ཕྲོགས་པ་དང་། གླང་པོའི་ཕྲུག་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང་། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བ་མཐོང་བ་དང་། རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལས་རེ་རེའི་ལག་ཏུ་ཡང་རས་ཡུག་ཚང་མ་རེ་རེ་བྱུང་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་རྩོད་བྱེད་པ་མཐོང་སྟེ། རྨི་ལམ་བཅུ་རྨིས་པས་བདག་ཉེས་སུ་དོགས་པས་འཇིགས་ཏེ། བཅོམ་ལྡན་འདས་འོད་སྲུངས་ལ་ཞུས་སོ། ། བཅོམ་ལྡན་འདས་ཀྱིས་དེ་དག་རྒྱལ་པོ་ཁྱོད་ལ་ཉེས་དམིགས་སུ་འགྱུར་བ་མ་ཡིན་གྱིས། མ་འོངས་པ་ན་ཚེ་ལོ་བརྒྱ་བའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་སྦྱངས་པའི་དགེ་སློང་རྣམས་ཁྱིམ་ནས་བྱུང་ཡང་གཙུག་ལག་ཁང་དང་རྙེད་པ་ལ་ཆགས་པ་འབྱུང་བས། གླང་པོ་ལུས་ཐོན་ནས་མཇུག་མ་ཐོགས་པ་དེ་ནི་དེའི་ལྟས་སོ། ། སྐོམ་པས་ཕྱི་ནས་ཁྲོན་པ་བསྙེགས་པ་ནི། གཙུག་ལག་ཁང་ན་གནས་པ་ལ་གཞན་གྱིས་ཆོས་གཤད་པ་ན་ཉན་པར་མི་བྱེད་པའི་ལྟས་སོ། ། ཕྱེ་དང་མུ་ཏིག་བརྗེ་བ་ནི་དེའི་ཚེ་ཉན་ཐོས་རྣམས་བཟའ་བའི་ཆེད་དུ་ཆོས་སྟོན་པ་འབྱུང་བས་དེའི་ལྟས་སོ། ། ཙན་དན་དང་ཤིང་གཞན་མཉམ་པར་མཐོང་བ་དེ་ནི། དེའི་ཚེ་ཉན་ཐོས་རྣམས་མུ་སྟེགས་ཀྱི་གཞུང་དང་། སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་འབྱུང་བས་དེའི་ལྟས་སོ། ཀུན་དགའ་ར་བའི་མེ་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཆོམ་པོས་ཕྲོགས་པ་ནི། དེའི་ཚེ་ཉན་ཐོས་མ་བསྡམས་པ་རྣམས་དགེ་འདུན་གྱི་ལོངས་སྤྱོད་ཀྱིས་ཁྱིམ་པའི་ངོ་བསྲུང་བ་འབྱུང་བས་དེའི་ལྟས་སོ། ། གླང་པོའི་ཕྲུག་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་ནི། དགེ་སློང་སྡིག་ཅན་གྱིས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཟིལ་གྱིས་གནོན་པ་འབྱུང་བས་དེའི་ལྟས་སོ། ། མི་གཙང་བས་གོས་པའི་སྤྲེའུས་གཞན་ལ་སྐུད་པ་ནི། ཚུལ་ཁྲིམས་ཉམས་པས་ཚུལ་ཁྲིམས་དང་ལྡན་པ་ལ་བསྐུར་པ་འདེབས་པར་འགྱུར་བས་དེའི་ལྟས་སོ། ། སྤྲེའུ་རྒྱལ་པོར་དབང་བསྐུར་བ་ནི། དེའི་དུས་སུ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བ་འབྱུང་བས་དེའི་ལྟས་སོ། ། མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་བགོས་པས་སོ་སོའི་ལག་ཏུ་མ་ཉམས་པར་བྱུང་བ་ནི། ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་ཐམས་ཅད་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས་དེའི་ལྟས་སོ། ། སྐྱེ་བོའི་ཚོགས་འདུས་ནས་འཐབ་རྩོད་བྱེད་བ་དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་རྩོད་པའི་ཆོས་ཀྱིས་ནུབ་པར་འགྱུར་བས་དེའི་ལྟས་སོ། ། ཞེས་འབྱུང་ངོ་། ། མདོ་དེ་མཐོང་ནས་སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་བློ་མཐུན་པར་གྱུར་ཏེ་གནས་བརྟན་སོ་སོའི་སྐད་མི་འདྲ་བ་དང་། ཆ་ལུགས་ཅུད་ཟད་ཀྱི་ཁྱད་པར་ལས། དོན་དུ་རྒྱལ་བའི་བཀའ་ཉིད་ལ་མཐུན་ཞིང་ཐམས་ཅད་ལམ་བསླབ་པ་གསུམ་ཉམས་སུ་བླངས་ཏེ་རྣམ་གྲོལ་ཐར་པ་སྒྲུབ་པའི་འབྲས་བུ་ཅན་དུ་མཚུངས་པར་མཐོང་ནས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་ཀྱི་སྒོ་ནས་རྒྱལ་བསྟན་འཕེལ་བར་གྱུར་ཏེ། དེ་ལ་ནི་བསྔུ་བ་གསུམ་པ་ཞེས་གྲགས་སོ། ། དེ་ནས་ཡང་རྒྱལ་བསྟན་རིམ་གྱིས་ཉམས་དམས་ཤིང་ལྷག་པར་ཐེག་པ་ཆེན་པོའི་བསྟན་པ་མིང་ཙམ་ཡང་ནུབ་པ་ལ་ཕྱོགས་པ། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ལོན་པ་ན་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞིང་འདིར་བྱོན་ནོ། ། འཕགས་པ་སླུ་སྒྲུབ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་ཡུལ་ཏེ་ཡུལ་དེར་བྲམ་ཟེ་ཆེན་པོ་ཞིག་ལ་བུ་མེད་པ་ན། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་པའི་ལུང་བསྟན་བྱུང་བར་དེ་ལྟར་བྱས་པས། བུ་གཅིག་བཙས་ཏེ་མཚན་མཁན་ལ་བསྟན་པས། མཚན་བཟང་མོད་ཀྱི་ཞག་བདུན་གྱི་ཚེ་ལས་མེད་ཟེར་བར། ཐབས་ཅི་ཡོད་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་འཚོ། དེ་ནས་ཐབས་མེད་ཟེར་བས། དེ་ལྟར་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། བུའི་རོ་མཐོང་བ་ཕ་མས་མ་བཟོད་པས། གཡོག་དང་བཅས་པ་འཁྱམ་དུ་བཏང་ངོ་། ། དེ་ནས་རིམ་གྱིས་སོང་སྟེ་ཁ་སརྦཱ་ཎིའི་ཞལ་བལྟས་ཏེ། རིམ་གྱིས་དཔལ་ནཱ་ལནྡྲའི་ས་ར་ཧའི་སྒོ་དྲུང་དུ་སོང་སྟེ། སྙན་དངགས་ཀྱི་རིག་བྱེད་དག་སྟོན་པ་ན་བྲལ་ཟེ་ཆེན་པོས་རྒྱལ་སྲས་གཞོན་ནུ་དེ་ནང་དུ་ཁྲིད་ནས་འདིར་འོང་བའི་རྒྱུ་མཚན་གང་ཡིན་དྲིས། ཇི་ལྟར་གྱུར་པའི་རྒྱུ་མཚན་བཤད་པས། རབ་ཏུ་འབྱུུང་ནུས་ན་ཐབས་ཡོད་གསུངས་པས། ཕྱིས་རབ་ཏུ་འབྱུང་བར་ཁས་བླངས་ཏེ། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག ། ཁྱད་པར་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་བཏོན་པས། འཆི་བདག་གི་ཆད་པ་ལས་གྲོལ། ལོ་བརྒྱད་ལོན་པ་ན་རབ་ཏུ་བྱུང་ནས། ཤེས་བྱ་རིག་པའི་གནས་རྣམས་དང་། ཐེག་པ་ཆེ་ཆུང་ཐམས་ཅད་ལ་མཁས་པར་སྦྱངས་སོ། ། ཕྱིས་ཕ་མ་དང་མཇལ་ཞིང་བྲམ་ཟེ་ཆེན་པོ་དེ་ཉིད་ལས་དཔལ་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་དུ་ཞུས་པས། རྒྱུད་དང་སྙན་རྒྱུད་ཀྱི་གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་ཞིང་། དེ་ཉིད་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་པར་མཛད་དེ། མཚན་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། ། དེ་ལྟར་ནཱ་ལནྡྲར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྲོལ་གང་ཡོད་པ་རྣམས་གསན་ཞིང་། གཙོ་བོར་ནི་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བ་ཡིན་པས་རྗེ་བཙུན་འཇམ་དབྱངས་ལྷའི་བུའི་ཚུལ་བཟུང་བ་བྱང་སེམས་བློ་གྲོས་རིན་ཆེན་ལ་མདོ་དང་སྔགས་ཀྱི་དམ་པའི་ཆོས་མ་ལུས་པ་གསན་ཏེ། སྟོན་པ་ཤཱཀྱའི་རྒྱལ་པོ་ཞིང་འདིར་བྱོན་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་གསུངས་པའི་གསང་པའི་གནས་ཐམས་ཅད་ཐུགས་ལ་ཆུད་པར་མཛད་དོ། ། དེའི་ཚེ་མུ་གེ་ཆེན་པོ་ཞིག་བྱུང་ནས་ནཱ་ལནྡྲའི་དགེ་འདུན་རྣམས་འཚོ་བས་ཕོངས་པར་གྱུར་པ་ན་གནས་བརྟན་སྒྲ་གཅན་འཛིན་བཟང་པོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ནཱ་ལནྡྲའི་ཞལ་ཏ་པ་མཛད་ནས་དགེ་འདུན་རྣམས་སྐྱོང་དགོས་པར་བསྐུལ་བ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་དེ་ལྟར་མཛད་པར་ཞལ་གྱིས་བཞེས་ཏེ་གླིང་བར་ནས་གསེར་འགྱུར་གྱི་རྩི་བཞེས་ནས་ཟངས་མང་པོ་གསེེར་དུ་བསྒྱུར་ཏེ་མུ་གེ་མེད་པའི་ས་ནས་འབྲས་དང་ནས་ལ་སོགས་པ་འཚོ་བའི་ཡོ་བྱད་ཐམས་ཅད་དྲངས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་རྣམས་འཚོ་བས་ཕོངས་པ་མེད་པར་མཛད། དེ་ནས་བསླབ་ཁྲིམས་འཆལ་པར་སྤྱོད་པ་མང་པོ་ཞིག་གིས་སའི་སྟེང་ཁྱབ་སྟེ་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་ཆེས་ཆེར་ཉམས་པར་བྱས་པ་ཐུགས་ཀྱིས་མ་བཟོད་ནས་བསླབ་ཁྲིམས་འཆལ་པར་སྤྱོད་པ་སྟོང་ཕྲག་མང་པོ་གནས་ནས་ཕྱུང་། སྐལ་བ་དང་ལྡན་པ་རྣམས་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་བསྟན་ཅིང་ལྷག་པར་དམ་པའི་ཆོས་འདུལ་བ་རྒྱ་ཆེར་བསྒྲགས་ཏེ་སྔོན་སྟོན་པ་ཐུབ་པའི་དབང་པོས་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བ་དང་མཚུངས་པ་ལྟ་བུ་ཞིག་མཛད་པས། མཛད་པ་དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་དང་པོ་དམ་པའི་ཆོས་འདུལ་བ་ཉམས་པ་གསོས་ཏེ་འདུལ་བའི་ཆོས་རྒྱ་ཆེར་བསྒྲགས་པ་ཞེས་གཏམ་དུ་གྲགས་སོ། ། དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པ་དགེ་སློང་བདེ་བྱེད་ཅེས་པས་ཐེག་པ་ཆེན་པོ་བསུན་འབྱིན་པའི་བསྟན་བཅོས་གླེགས་བམ་མང་པོ་བརྩམས་ཏེ་ཐེག་པ་ཆེན་པོའི་ལྟ་སྤྱོད་གཉིས་ཀ་བསུན་འབྱིན་པ་ཞིག་བྱུང་བ་ན། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲབ་ཀྱིས་ལོག་པར་སྨྲ་བ་དེའི་གཉེན་པོར་ཆོས་རྒྱ་ཆེར་གསུངས་ཏེ་ལྟ་བ་ལོག་པ་དེ་རྣམས་བསུན་ཕྱུང་། སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་སྟོན་པར་མཛད་པ་དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོངས་པའི་དྲི་ཞིམ་པོས་འཁོར་ཀུན་ཏུ་ཁྱབ་པར་གྱུར་ཅིང་། སོང་བ་དང་དྲི་ཞིམ་པོ་དེ་མེད་པར་གྱུར་པ་དང་། དེའི་རྒྱུ་མཚན་དྲིས་པས་དེ་དག་ན་རེ་ངེད་གླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་འགྲོ་བ་ལ་ཙན་དན་གོར་ཤིརྵའི་བསྲུང་བ་བྱས་པ་ཡིན་ཟེར་རོ། ། ཙན་དན་དེ་བླང་དུ་ཡོད་དམ་དྲིས་པས། ཡབ་ལ་འདྲི་ཡིས་ཟེར་ནས་དྲིས་པས། སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་འབུལ་ཟེར་བ་ན་སློབ་དཔོན་གྱིས་ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གདན་དྲང་བ་སོགས་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས་ཏེ་ཀླུའི་ཡུལ་དུ་བྱོན། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ཀླུ་རྒྱལ་མཐུ་བོ་ཆེ་རྣམས་ཀྱིས་གཙོས་དཀར་ཕྱོགས་ཀྱི་ཀླུ་བགྲང་བ་ལས་འདས་པས་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་དེ་ཆོས་སྟོན་པར་གསོལ་བ་བཏབ་པ་ན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་བསྟན། ཀླུ་རྣམས་ཀྱིས་བཞུགས་པར་ཞུས་པས། ང་མཆོད་རྟེན་བྱེ་བ་བཞེང་བའི་འདམ་ཚོལ་བ་དང་འབུམ་གདན་འདྲེན་དུ་འོངས་ཀྱི་བསྡད་མི་ཁོམ་ཕྱིས་འོང་སྲིད་གསུངས་ཏེ། ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། གཟུངས་མང་པོ་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཡང་ཀླུའི་ཡུལ་དུ་ངེས་པར་འབྱོན་དགོས་ཞེས་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་བག་ཙམ་མ་བསྐུར་ཅེས་གྲགས་ཏེ་ཀླུ་ཡུལ་ནས་སྤྱན་དྲངས་པའི་ཡུམ་རྒྱས་པ་ལ་རྟག་ཏུ་ངུའི་ལེའུ་དང་ཆོས་འཕགས་ཀྱི་ལེའུ་རྣམས་མ་བྱུང་བས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྤྱར་ཏེ་ལེའུ་གཉིས་པོ་དེ་ཡུམ་རྒྱས་བསྡུས་ལ་ཁྱད་གང་ཡང་མེད་དོ། ། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་བཞེས་པའི་འདམ་དེས་མཆོད་རྟེན་བྱེ་བ་ལ་སོགས་པ་བྱས། ཀླུ་རྣམས་ཀྱིས་གྲོགས་བྱས་པས། དེ་ནས་ཀླུ་སྒྲུབ་ཏུ་མཚན་ཆགས། དེ་ནས་ལི་ཁ་ར་ཤི་འཕེལ་དུ་ཕེབས། གསེར་འགྱུར་མཛད་དེ་སྦྱིན་པ་རྒྱ་ཆེན་པོ་མཛད་ནས། བྲམ་ཟེ་རྒན་པོ་བཟའ་མི་གཉིས་ལ་གསེར་མང་བོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས་ཆོས་མཉན་ཏེ་ཤི་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། ། གཞན་ཡང་ལྷ་ཁང་མང་པོ་བཞེངས་ཤིང་། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་རྩོམ་པའི་ཚེ་སྒྲོལ་མའི་སྤྲུལ་པ་རྒན་མོའི་རྣམ་པ་ཅན་ཅིག་གིས། དེ་བས་མཆོག་བསྒྲུབས་ན་དོན་ཆེ་བས་དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུངས་ཏེ། དེར་སྒྲོལ་མའི་སྒྲུབ་ཐབས་ཀྱང་མཛད་དོ། ། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བརྩིགས། ཆོས་སྨྲ་བ་རྣམས་ལ་མཆོད་གཞི་མང་དུ་གཙུགས། འཛམ་བུའི་གླིང་གི་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཆོས་དོན་དུ་གཉེེར་བ་ཕལ་མོ་ཆེ་འདུས་པ་ལ་དམ་པའི་ཆོས་རྒྱ་ཆེར་སྩལ། ཁྱད་པར་དུ་ཡང་རྒྱལ་བ་ཉིད་ཀྱི་ཞལ་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། ། ཞེས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ནི་ཤིན་དུ་རྟོགས་པར་དཀའ་བས་འཁྲུལ་མེད་དུ་རྟོགས་པ་སྲིད་མཐའ་ཙམ་དུ་སྣང་བ་དང་། ཕལ་མོ་ཆེ་ནི་ཐོས་པ་ཙམ་གྱིས་སྐྲག་སྟེ་སྤོང་བ་དང་། འགའ་ཞིག་ནི་མོས་བློ་བྱེད་ཀྱང་རང་བཞིན་གྱིས་མེད་པའི་དོན་གཏན་ནས་མེད་པའི་དོན་དུ་བཟུང་སྟེ་ཆད་མཐར་ལྷུང་ནས་ཕུང་བར་འགྱུར་བ་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་གང་གིའང་ལམ་བགྲོད་པའི་ཐབས་མེད་པར་གཟིགས་ནས་ཐུགས་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བསྐུལ་ཏེ་ཆོས་རྣམས་ཀྱི་གནས་ལུགས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་དཀར་ནག་གི་ལས་འབྲས་ནམ་ཡང་བསླུ་བ་མེད་པར་ངེས་པ་གཉིས་འགལ་མེད་དུ་རྟོགས་པ་དབུ་མའི་ལམ་བཟང་པོ་རྒྱ་ཆེར་བསྒྲགས་ཏེ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། ། ཞེས་སོགས་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་དང་། དེའི་ཡན་ལག་གི་རིགས་ཚོགས་རྣམས་མཛད་དེ་སྔོན་སྟོན་པ་ཐུབ་པའི་དབང་པོས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་བཀའ་སྩལ་པ་ཇི་ལྟ་བར་འཛམ་བུའི་གླིང་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཆེས་ཆེར་གསལ་བར་མཛད་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་བསྒྲག་པར་མཛད་དོ། ། དེ་ལ་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་པ་གཉིས་པ་ཞེས་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། དེ་ནས་གདུལ་བྱ་མང་པོ་ཞིག་གི་དོན་ལ་དགོངས་ཏེ་བྱང་སྒྲ་མི་སྙན་དུ་འབྱོན་པར་བཞེད་ནས་བྱོན་པའི་ལམ་ཁར་བྱིས་པ་ཅིག་ཛེ་ཏ་ཀའི་ལག་རིས་ལས་རྒྱལ་པོར་ལུང་བསྟན་ནས་སྒྲ་མི་སྙན་དུ་ཕེབས། དེར་ན་བཟའ་ཤིང་ལ་བཀལ་ནས་ཁྲུས་མཛད་པས། དེ་གཞན་གྱིས་ཁྱེར་བ་ལ་ང་ཡི་ཡིན་གསུངས་པས་ང་བདག་ཅན་ཟེར། དེ་ནས་སྒྲ་མི་སྙན་དུ་གདུལ་བྱའི་དོན་མཛད་ནས་ཚུར་ཕེབས་ཚེ་སྔར་རྒྱལ་པོ་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོའི་མཆོད་གནས་སུ་ལོ་གསུམ་བཞུགས་ཏེ་དམ་པའི་ཆོས་རྒྱ་ཆེར་སྟོན་པར་མཛད། དེ་ནས་རྗེ་བཙུན་མ་སྒྲོལ་མས་བསྐུལ་བ་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ཏེ་གཅོ་བོར་སྒྲུབ་པ་སྙིང་པོར་མཛད་ཅིང་སྲས་ཀྱི་ཐུ་བོ་ཨཱརྱ་དེ་ཝ་དང་སངས་རྒྱས་བསྐྱངས་ལ་སོགས་པ་བསྟན་འཛིན་ཆེན་པོ་མང་པོས་གཙོས་མི་དང་མི་མིན་གྱི་གདུལ་བྱ་མཐའ་ཡས་པ་ལ་དམ་པའི་ཆོས་རྒྱ་ཆེར་སྩལ་ཏེ་རྒྱལ་བ་རང་ཉིད་སླར་འཇིག་རྟེན་དུ་བྱོན་པ་ལྟ་བུར་བསྟན་པ་ཆེས་ཆེར་རྒྱས་པར་མཛད། རྒྱལ་བའི་བསྟན་པ་ནམ་ཡང་མི་ནུབ་པར་ཡུན་རིང་དུ་གནས་པའི་ཕྱིར་རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་ར་བ་དང་། མཆོད་རྟེན་བརྒྱ་ཕྲག་མང་པོ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་ཆེན་པོ་དང་། དགེ་འདུན་གྱི་སྡེ་རྣམས་ལ་མཆོད་གཞི་མང་པོ་གཙུགས། ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་རྣམས་ལ་འཕྲིན་ལས་བཅོལ། ཙཎྜི་ཀ་དང་ནོར་རྒྱུན་མ་ལ་སོགས་པ་ནོར་ལྷ་མང་པོ་ལ་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་མཆོད་ཅིང་བསྙེན་བཀུར་བྱ་བར་བསྐོས་ཏེ་རྒྱལ་བའི་བསྟན་པ་སྒོ་ཀུན་ནས་འཕེལ་བར་མཛད། སྐུ་ཚེའི་སྨད་ལ་གཅོ་ཆེར། ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་ཤིང་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་མདོ་སྔགས་གཉིས་ཀའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་ཆོས་ཀྱི་སྒྲ་ཆེན་པོ་གསུམ་པ་བསྒྲགས་ཏེ་སྔོན་རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན་པར་གདུལ་བྱ་བགྲང་བ་ལས་འདས་པ་ཐེག་པ་ཆེན་པོའི་ལམ་ལ་འཁྲིད་པར་མཛད་ཅིང་། རྒྱལ་བས་གསུངས་པའི་ངེས་དོན་གྱི་མདོ་རྣམས་སུས་ཀྱང་དོན་གཞན་དུ་བསྒྱུར་མི་ཐུབ་པར་ངེས་པ་བརྟན་པོར་མཛད་དོ། ། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་འགྲེལ་པའི་བསྟན་བཅོས་མང་དུ་མཛད་པ་ནི་འདི་ལྟར་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་སྙིང་པོ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་རིམ་པ་རིགས་པའི་ལམ་ནས་དྲངས་ཏེ་སྟོན་པ་རིན་པོ་ཆེའི་ཕྲེང་བ་དང་། དེ་ཉིད་ལུང་གིས་བསྒྲུབ་པ་མདོ་སྡེ་ཀུན་ལས་བཏུས་པ་མཛད། ལམ་གྱི་རིམ་པའི་གནད་མཐའ་དག་རྒྱལ་བའི་བཀའ་དང་སྦྱར་ཏེ་སྟོན་པ་ལ། ས་ལུ་ལྗང་པའི་མདོ་འགྲེལ་དང་། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་སོགས་བསྟོད་ཚོགས་དང་། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་པ། སྒྲུབ་ཐབས་མདོ་དང་བསྲེས་པ། བྱང་ཆུབ་སེམས་འགྲེལ། རྫོགས་རིམ་རིམ་པ་ལྔ་པ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེེས་རབ་ཅེས་བྱ་བ། རིགས་པ་དྲུག་ཅུ་བ། ཞིབ་མོ་རྣམ་འཐག ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། བཤེས་པའི་སྤྲིང་ཡིག ། ཤེས་རབ་བརྒྱ་བ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ། སྦོམ་པོའི་ལྷུང་བ་བརྒྱད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་སྦྱར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྤྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། སྤྱོར་བ་བརྒྱད་པ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་སོ་ཐིགས་སོགས་མདོ་རྒྱུད་ཀྱི་དགོངས་འགྲེལ་དང་། མདོ་སྔགས་ཀྱི་ལམ་གྱི་རིམ་པ་དང་། རྒྱུད་སྡེ་བཞི་ནས་གསུངས་པའི་ལྷ་མང་མོའི་སྒྲུབ་ཐབས་སོགས་བསྟན་བཅོས་མང་དུ་མཛད་དོ། ། དེ་ལྟར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན་བདུད་སྡིག་ཏོ་ཅན་དཔུང་དང་བཅས་པས་ཕྲག་དོག་གིས་མ་བཟོད་པར་ཡོད་པ་ལ། ཐབས་གཞན་མ་རྙེད་པར། རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོའི་མངལ་དུ་ཞུགས་པ་ཕྱིར་བཙས་པས་རྒྱལ་བུ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། མས་གོས་སྲུབས་མེད་པ་འཇིག་རྟེན་ན་རྙེད་པར་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ད་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་བགོ་བར་བྱའོ་ཞེས་ཟེར་བར། མས་ཁྱོད་ཀྱི་ཕ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་སྒྲུབ་པས་སློབ་དཔོན་མ་གྲོངས་བར་དུ་མི་མཆི་བས། ཁྱོད་རྒྱལ་སྲིད་སྐྱོང་བ་མི་ཡོང་ཟེར་བས། བུ་མྱ་ངན་སྐྱེས་ཏེ་ངུས་པ་དང་། མ་ན་རེ། ངུ་མི་དགོས་ཀྱིས་སློབ་དཔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་བསླང་ན་སྟེར་བར་འགྱུར་ཞིང་། དེར་ཡབ་ཀྱང་འགུམ་པས་ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཟེར། དེ་ནས་རྒྱལ་བུས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་འདི་ལྟར་དགོངས་ཏེ་སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་སློབ་པ་ལམ་གྱི་གནས་སྐབས་སུ་དབུ་སྤྱིན་པར་བཏང་བ་སོགས་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཛད་པ་དེ་ལྟར་དུ་ངས་ཀྱང་སྟོན་པའི་རྣམ་ཐར་བསྐྱང་བ་དང་། བདུད་སྡིག་ཏོ་ཅན་སྤ་བཀོང་བར་བྱ་བ་དང་། ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བ་དང་། རྒྱལ་སྲས་རྣམས་ལ་སྙིང་སྟོབས་སྐྱེད་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ་སྙམ་དུ་དགོངས་ནས་དབུ་སྟེར་བར་ཞལ་གྱིས་བཞེས་པས། རལ་གྲིས་དབུ་བཅད་ཀྱང་མ་ཆོད་པར། སློབ་དཔོན་གྱི་ཞལ་ནས། ངས་སྔོན་འཇག་མ་ཞིག་བཅད་པའི་ཞར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩྭ་ཀུ་ཤས་ཆོད་ཅིག་གསུངས་ནས་བཅད་པས་ཆོད། དེའི་ཁྲག་འོ་མར་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ། ཕྱི་ནས་ལུས་འདི་ལ་ནི་འཇུག་པར་གྱུར། ། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་བུ་དེས་དབུ་སླར་འབྱར་གྱིས་དོགས་ནས་དཔག་ཚད་ཙམ་དུ་དོར་བ་སློབ་དཔོན་བཅུད་ལེན་གྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་ལུས་གཉིས་ཀ་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་དབུ་དང་སྐུ་ལུས་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གསུངས་སོ། ། བདག་ཉིད་ཆེན་པོ་འདི་ནི་སྔོན་ཡུན་རིང་པོ་ནས་སའི་དབང་ཕྱུག་ཏུ་གཤེགས་པ་ཞིག་ཡིན་པས་དབུ་སྦྱིན་པར་གཏོང་བ་ལ་ཡ་ང་བ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་གཏོང་བར་མཛད་པ་ནི་ས་ཐོབ་པའི་རྟགས་སྟོན་པར་མཛད་པ་སྟེ། དབུ་མ་ལ་འཇུག་པ་ལས། ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས། ། རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། ། ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། ། ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། ། ཞེས་ས་ཐོབ་ནས་དབུ་སྦྱིན་པར་གཏོར་བ་ལ་སྡུག་བསྔལ་མེད་པར་མ་ཟད་དགེ་སློང་བསམ་གཏན་དང་པོ་ལ་མཉམ་པར་བཞག་པའི་བདེ་བ་ལས་ཀྱང་ལྷག་པའི་དགའ་བ་དང་བདེ་བ་བསྐྱེད་པར་གསུངས་པ་ལྟར་རོ། ། འཕགས་པ་ཀླུ་སྒྲུབ་ནི་ས་ཐོབ་པར་རྒྱལ་བས་མདོ་སྡེ་ནས་གསལ་བར་གསུངས་ཤིང་ཡོངས་སུ་གྲགས་པ་ལྟར་ཡིན་ལ། དེ་ཡང་ཐུན་མོང་བའི་སྣང་ངོར་དཔལ་གྱི་རི་ལ་ལོ་ཉིས་བརྒྱའི་བར་དུ་སྒྲུབ་པ་མཛད་ནས་ས་ལམ་གོང་ནས་གོང་དུ་བགྲོད་དེ་ས་བདུན་པ་ཐོབ་པར་གྲགས་ཤིང་། ས་དང་པོ་ཐོབ་པ་ནས་བཟུང་འཇིག་རྟེན་གྱི་ཁམས་བརྒྱར་སྤྲུལ་པའི་བཀོད་པ་བརྒྱ་སྟོན་པ་དང་། སངས་རྒྱས་བརྒྱ་ལ་སྐུའི་བཀོད་པ་བརྒྱས་དུས་གཅིག་ཏུ་ཆོས་མཉན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཅིང་། ཡོན་ཏན་དེ་དག་ས་གཉིས་པ་ནས་བཟུང་གོང་འཕེལ་དུ་འགྲོ་བར་གསུངས་པས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཞིང་། ཐུན་མོང་མིན་པར་ནི་སྒྲོན་གསལ་ལས་དེ་ལྟར་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོར་རང་རིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་པའི་དེ་བཞིན་གཤེགས་པའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་ཆོག་མི་ཤེས་པ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཞུགས་སོ། ། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་ཚེ་དེ་ལ་གསང་བ་འདུས་པའི་ལམ་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་གསུངས་སོ། ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དྲང་ངེས་དྲི་མ་མེད་པའི་རིགས་པས་ལེགས་པར་ཕྱེ་ནས་རྒྱལ་བའི་དགོངས་པ་འཁྲུལ་མེད་དུ་གཏན་ལ་ཕབ་པའི་ལམ་སྲོལ་དེ་ཉིད་འཛིན་ཅིང་སྤེལ་པར་བྱེད་པའི་ཐུགས་སྲས་བསྟན་འཛིན་དམ་པ་མཐའ་ཡས་པ་ཞིག་བྱོན་ཞིང་། ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ཐུགས་སྲས་བཞི། ཉེ་བའི་ཐུགས་སྲས་གསུམ་སྟེ་བདུན་དུ་གྲགས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་ངྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྐི་པ་བཞི་འོ། ། ཉེ་བའི་ཐུགས་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་ཞེས་འབྱུང་ངོ་། །
དེ་དག་གི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨཱརྱ་དེ་ཝ་སྟེ། སློབ་དཔོན་ཨཱརྱ་དེ་ཝ་ནི་མདོ་སྔགས་གང་གི་ཐད་ལའང་འཁྲུལ་པའི་དྲི་མ་ཕྲ་མོའང་མེད་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་དུ་གཏན་ལ་འབེབས་པའི་བསྟན་བཅོས་མང་དུ་མཛད་པ་པོ་སྟེ། སློབ་དཔོན་ཨཱརྱ་དེ་ཝས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་སྟོན་པའི་བསྟན་བཅོས་བཞི་བརྒྱ་པ་དང་། དཔལ་གསང་བ་འདུས་པ་གཙོ་བོར་བྱས་པའི་བླ་མེད་ཀྱི་ལམ་རིམ་གཉིས་ཀྱི་གནད་མཐར་ཐུག་པ་རྣམས་སྟོན་པའི་གཞུང་སྤྱོད་བསྡུས་སྒྲོན་མ་མཛད་ཅིང་གཞན་ཡང་བསྟན་བཅོས་མང་དུ་མཛད་དོ། ། འཕགས་ཡུལ་གྱི་མཁས་པ་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཞེས་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ལ་རྣམ་པ་ཀུན་ཏུ་ཚད་མར་འཛིན་ཅིང་སྔོན་གྱི་དབུ་མ་བ་རྣམས་སློབ་དཔོན་འདི་གཉིས་ལ་གཞུང་ཕྱི་མོའི་དབུ་མ་བ་ཞེས་ཁུངས་མཐར་ཐུག་ཏུ་བྱེད་དོ། །
སློབ་དཔོན་ཤཱཀྱ་མི་ཏྲས་རིམ་ལྔའི་རིམ་པ་གཉིས་པའི་སྟོད་རྣམས་སློབ་དཔོན་ཀླུ་སྒྲུབ་ཉིད་ཀྱིས་རྗེས་སུ་གནང་བ་བྱིན་ནས་བརྩམས་པར་གྲགས་ཤིང་། འདིས་མཛད་པའི་བརྩམ་ཆོས་གཞན་མི་སྣང་ཡང་སློབ་དཔོན་འདིས་སྐལ་བ་དང་ལྡན་པ་མང་པོ་ལ་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཟང་རྒྱ་ཆེར་སྤེལ་བར་མཛད་དོ། ། ན་ག་བོ་ངྷི་ཞེས་པ་སློབ་དཔོན་ཀླུའི་བྱང་ཆུབ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་དཔལ་གྱི་རི་སོགས་གྲུབ་པའི་གནས་རྣམས་སུ་བཞུགས་ནས་དཔའ་བོ་དང་མཁའ་འགྲོ་བགྲང་བ་ལས་འདས་པ་དག་དང་སྐལ་བ་དང་ལྡན་པའི་མི་དག་ཀྱང་རྗེས་སུ་འཛིན་པར་མཛད་དོ། ། བཀའ་གདམས་གོང་མའི་དུས་སློབ་དཔོན་འདིས་བཀའ་གདམས་ཀྱི་བཤེས་གཉེན་ཆེན་པོ་མང་པོ་ལ་ཞལ་བསྟན་ནས་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ་པའི་རྣམ་ཐར་སྣང་ཞིང་། གྲུབ་ཆེན་ཆོས་རྡོ་རྗེ་དང་ཡང་དང་ཡང་དུ་འཚོགས་ཏེ་རྡོ་རྗེ་ཐེག་པའི་བཀའ་འགྲོ་བར་མཛད་པ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀྲ་ཤིས་ལྷུན་པོའི་དབྱེན་འདུམས་མཆོད་རྟེན་བཞེངས་ནས་རབ་གནས་མཛད་པའི་ཚེ་སློབ་དཔོན་ཀླུའི་བྱང་ཆུབ་དང་གྲུབ་ཆེན་ཆོས་རྡོ་རྗེ་གཉིས་དངོས་སུ་ཕེབས་ཏེ་མཆོད་རྟེན་གྱི་རྩེ་མོར་ལྷན་དུ་བཞུགས་ནས་རབ་གནས་མཛད་ཅིང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གདམས་པ་དང་རྗེས་སུ་བསྟན་པ་ཡང་སྩལ་ཏོ། ། སློབ་དཔོན་འདིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དང་། སྐུ་གསུམ་ལམ་ཁྱེར་གྱི་ངོ་སྤྲོད་ཆེས་ཁྱད་པར་དུ་འཕགས་པ་རྣམ་བཞག་རིམ་པ་ཞེས་བྱ་བའི་བསྟན་བཅོས་མཛད་ཅིང་། གཞན་ཡང་མང་དུ་མཛད་དོ། ། མ་ཏངྐི་པས་ནི་འཕགས་པ་ཀླུ་སྒྲུབ་ཀྱི་སྙན་རྒྱུད་ཀྱི་མན་ངག་རྣམས་གྲུབ་ཆེན་ཏེ་ལོ་པ་ལ་ཡོངས་སུ་རྫོགས་པ་གནང་ཞིང་སྐལ་བ་དང་ལྡན་པ་གཞན་མང་པོ་ལ་ཡང་རྒྱ་ཆེར་སྤེལ་ལོ། །
སློབ་དཔོན་སངས་རྒྱས་བསྐྱངས་ནི་ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་སྐུ་འཁྲུངས། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་བརྙེན་ཏེ་མདོ་སྔགས་ཀྱི་མན་ངག་རྣམས་གསན། སྒྲུབ་པ་ལྷུར་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་གྲུབ་ཅིང་། ལམ་རིམ་གྱིས་བགྲོད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ནས་བསྟན་པའི་དོན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་ཟབ་མཐར་ཐུག་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་རིགས་པའི་རྣམ་འགྱུར་བརྒྱ་ཕྲག་མང་པོས་གསལ་བར་བྱེད་པ་དབུ་མ་རྩ་ཤེའི་འགྲེལ་པ་མཛད་དེ། དེ་ལ་ནི་རྩ་ཤེའི་འགྲེལ་པ་བུངྔྷ་པཱ་ལི་ཏ་ཞེས་ཡོངས་སུ་གྲགས་ཏེ། རྩ་ཤེའི་འགྲེལ་པ་ཇི་སྙེད་མཆིས་པ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་སློབ་དཔོན་ཟླ་བ་གྲགས་པ་དང་རྗེ་བདག་ཉིད་ཆེན་པོས་རྒྱ་ཆེར་བསྔགས་པ་མཛད་དོ། ། སློབ་དཔོན་འདིས་གཞན་ཡང་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་མང་དུ་མཛད་དོ། །
སློབ་དཔོན་ལེགས་ལྡན་འབྱེད་ནི་ཟབ་མོ་དབུ་མའི་ལམ་བཟང་གསལ་བར་མཛད་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོའི་ཚུལ་དུ་བསམ་བཞིན་དུ་བྱོན་པ་ཞིག་སྟེ། བདག་ཉིད་ཆེན་པོ་འདི་ནི་འཕགས་མཆོག་རབ་འབྱོར་གྱི་སྤྲུལ་པ་ཡིན་པར་ཡོངས་སུ་གྲགས་པ་ལྟར་རོ། ། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཟང་གསལ་བར་བྱ་བའི་ཕྱིར། རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་ཅིང་། གཞན་ཡང་བསྟན་བཅོས་མང་དུ་མཛད་ལ། ཤེས་རབ་སྒྲོན་མར་རང་རྒྱུད་པའི་གྲུབ་མཐའ་འཆའ་བར་མཛད་པ་ནི་རྒྱལ་བའི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་དེ་ཤིན་ཏུ་རྟོགས་དཀའ་བས་དེ་རྟོགས་པའི་ཐབས་སུ་གདུལ་བྱ་རྣམས་རིམ་གྱིས་བཀྲི་བའི་ཕྱིར་ཐབས་མཁས་ཀྱིས་མཛད་པ་ཞིག་གོ ། འཕགས་པ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ལོ་དྲུག་བརྒྱ་བཞུགས་ནས་བསྟན་པའི་དོན་རྒྱ་ཆེར་མཛད་པས་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་རིམ་པ་མང་པོ་ཡོད་པ་ལས། སྐུ་ཚེའི་སྨད་ཀྱི་སློབ་མའི་གཙོ་བོ་བསྟན་འཛིན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་སློབ་དཔོན་ཟླ་བ་གྲགས་པ་སྟེ། སློབ་མའི་ཐ་མ་ཟླ་གྲགས་ལ། ། ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། ། ཅེས་འཕགས་པ་ཀླུ་སྒྲུབ་བདེ་བ་ཅན་དུ་གཤེགས་ཁར་གསུངས་ཞེས་སྔོན་གྱི་ཆོས་འབྱུང་དག་ལས་འབྱུང་བ་ལྟར་རོ། ། བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་པའི་ཚུལ་ནི་ད་ལྟ་ཉིད་དུ་འཆད་པར་འགྱུར་རོ། ། འཕགས་པ་ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་ནས་བདེ་བ་ཅན་དུ་གཤེགས་ཏེ། སླར་ཡང་འཛམ་བུའི་གླིང་དུ་སྔར་གྱི་སྐུ་ལུས་དང་དབུ་འབྱར་ཏེ་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྲགས་ཤིང་། མཐར་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་གསོལ་བ་འདེབས་ཤིང་སློབ་དཔོན་བདག་ཉིད་ཆེན་པོ་འདིས་ཇི་ལྟར་གསུངས་པ་ལྟར་བཤེས་གཉེན་བསྟེན་ཚུལ་ནས་ཟུང་འཇུག་གི་བར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ལུང་དང་རིགས་པས་ངེས་པ་རྙེད་པར་བྱས་ལ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ། ། ། །
༈ འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། ཞེས་བསྔགས་པ། དཔལ་ལྡན་ཟླ་བ་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་བྱའི་ཡུལ་དུ་སྐུ་འཁྲུངས་ཏེ། ཡུལ་དེར་བྲམ་ཟེ་ཕོ་མོ་གཉིས་ལ་བུ་སྤྲུལ་པའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ། འདི་ནི་རྒྱལ་བའི་བསྟན་པ་ལ་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ། ། ཞེས་ལུང་བསྟན། ཇི་ལྟར་ལུང་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་ན་ལནྡྲར་རབ་ཏུ་བྱུང་། ན་ལནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་མཚན་བཏགས། དེ་ནས་རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་མཆོག་ཐོབ་སྟེ་ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་ཉིན་མཚན་ཁོར་ཡུག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་བཞིན་བཞུགས་པས་ཐ་མལ་པ་དག་གི་སྣང་བ་ལ་བཟའ་བཏུང་བྱེད་པ་དང་། བཤང་གཅི་འདོར་བ་ཙམ་མ་གཏོགས་བྱ་བ་གཞན་གང་ཡང་མི་བྱེད་པར་ཉལ་བ་འབའ་ཞིག་ལྷུར་མཛད་པ་ཞིག་ཏུ་མཐོང་ནས་དེ་དག་མ་རངས་ཏེ། ཟླ་བ་གྲགས་པ་འདི་ཐོས་བསམ་སྒོམ་པ་དང་། དགེ་འདུན་གྱི་ལས་གང་ཡང་མི་བྱེད་པར་ཟོས་ཀྱིན་ཉལ་སྡོད་པ་ཅིག་བྱུང་བས། དགེ་འདུན་རྣམས་ཀྱིས། འདི་སྔར་མུ་སྟེགས་པ་ཡིན་པས། ད་དུང་མུ་སྟེགས་པར་ལྡོག་པར་འདུག ། འདི་སྒྱུ་ཐབས་སུ་གནས་ནས་ད་གཟོད་འོ་སྐོལ་ལ་གནོད་ནས་འོང་། འདི་ནི་ལས་ངན་སྨེ་ཤ་ཅན། ། མུ་སྟེགས་ཉིད་ཀྱང་མ་དོར་བས། ། དགེ་འདུན་བྱ་བ་མི་བྱེད་དེ། ། འདི་ཡིས་གནོད་སྐྱེལ་འདོན་པར་རིགས། ། བྱས་པས། མཁན་པོ་ཟླ་བ་མགོན་པོས་བདག་ཉིད་ཆེན་པོ་འདིའི་ངང་ཚུལ་རྟོགས་པས་འདི་གནས་ནས་དབྱུང་བར་མི་རིགས་ཞེས་བཀག་ཅིང་ཐུགས་དམ་ལ་གཅིག་ཏུ་གཞོལ་བའི་མཛད་པ་དེ་ལ་ཤིན་ཏུ་དགྱེས་སོ། ། དེ་ནས་ན་ལནྡྲའི་མཁན་པོས་སློབ་དཔོན་ཟླ་བ་གྲགས་པ་ལ་རང་ཉིད་ཐུགས་དམ་ལས་གཡོ་བ་མེད་ཀྱང་དགེ་འདུན་གྱི་ཁྲོད་ན་ཐ་མལ་པ་མང་པོ་ཞིག་ཉིད་ཀྱི་ངང་ཚུལ་མ་རྟོགས་པར་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་གཉེར་ཅིག་གྱིས། ཉི་མ་གྲགས་གྲོགས་ལ་བཏང་གིས་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ལ་སོགས་པ་ནགས་ལ་ཡན་དུ་བཅུག་ནས། རི་མོའི་བ་ཞིག་བྱས་ནས་ཡོད་པ་ལ། དེ་འདུན་རྣམས་ཀྱིས་མ་ཧེ་ལ་སོགས་པ་ནགས་ལ་བརྒྱབ་ནས། ད་འདི་ཅི་བྱེད་བལྟའོ་བྱས་པས། ཉི་མ་གྲགས་པས་གཡོག་བྱས་ནས་ཞོ་དང་འོ་མ་མང་པོ་ཁྱེར་བྱུང་བས་ཉི་མ་གྲགས་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས་ཞོ་དང་འོ་མ་འདི་ཙམ་འོང་བ་ཅི་ཡིན་བྱས་ནས་ཇི་ལྟར་བྱེད་བལྟས་པས། རི་མོའི་བ་ལས་བཞོས་ནས་འོང་བ་མཐོང་བ་གསང་ནས་བསྡད་པས། དེ་ནས་གཉེར་ཐོན་ནས་འབྲས་ལ་སོགས་པ་མང་པོ་གཏད་པས། ཁྱོད་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས། འབྲས་དང་མར་ལ་སོགས་པ་མ་ཟད་པ་ཅི་ལས་བྱུང་ཟེར་བ་ལ། ཉི་མ་གྲགས་ན་རེ། དཔལ་ལྡན་ཟླ་བ་གྲགས་པ་ཡིས། ། རི་མོའི་བ་ལས་ཞོ་བཞོས་ནས། ། དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། ། བྱས་པས། མཁན་པོ་ན་རེ། སེམས་ལ་དབང་ཐོབ་པས་རི་མོའི་བ་ལས་ཞོ་འཇོ་བ་ངོ་མཚར་ཆེ་གསུང་། ཡང་ལན་ཅིག ། ཏུ་རུཥྐའི་དམག་བྱུང་ནས་ནཱ་ལནྡྲར་ཟླ་བ་ཕྱེད་ཀྱི་ལམ་ན་སླེབས་ཟེར་ནས། པཎྜི་ཏ་དང་། ནུས་པ་ཅན་ཐམས་ཅད་ལ་དམག་བཟློག་པའི་ཐབས་ཡོད་དམ་ཞུས་པས། ཐབས་མ་བྱུང་བའི་ཚེ། ནཱ་ལནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས། བྱ་རོག་ཅིག་བྱུང་ནས། ཟླ་བ་གྲགས་པ་ལ་ཞུས་ཟེར་ནས་ཞུས་པས། ཟླ་བའི་ཞལ་ནས་ཐབས་ཡོད་ཀྱིས། རྡོའི་སེང་གེ་གཅིག་གྱིས་ལ། སངས་རྒྱས་པ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། མུ་སྟེགས་པ་རྣམས་ཀྱིས་ཀྱང་དབང་ཕྱུག་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས། དེར་རྡོའི་སེང་གེ་བཅོས་ཟིན་པ་དང་། དེ་གས་ཤིང་། དེའི་ནང་ནས་མི་གཅིག་བྱུང་ནས། ངས་བྱ་དགོས་ཟེར་ལེགས་པ་ཅིག་བཅོས་ཟིན་པ་དང་། ཟླ་བ་གྲགས་པ་ཕེབས་ནས། ནཱ་ལནྡྲའི་བྱང་ཕྱོགས་སུ་དཔག་ཚད་བཅོ་ལྔ་པའི་བར་གྱི་རྡོའི་སེང་གེ་བཞག་པ་ཅན་དུ་དམག་རྣམས་སླེབས་བྱུང་བ་ན། དམག་རྣམས་སླེབས་བྱུང་ངོ་བྱས་ཀྱང་སེང་གེ་འགྲོར་མ་འདོད་པ་ལ། དགེ་འདུན་རྣམས་ན་རེ་འདིས་བསླུས། འོ་སྐོལ་ཕུང་ངོ་ཟེར་བ་ལ། སློབ་དཔོན་ཟླ་བ་གྲགས་པ་ཀོག་གིས་བཞེངས་ནས་ཙན་དན་གྱི་དབྱུག་པ་འདོམ་གང་པ་ཅིག་ཁྱེར་ནས་སེང་གེའི་མགོ་ལ་ཐེང་གསུམ་བརྒྱབ་པས་གཡུ་རལ་ལན་གསུམ་སྤྲུགས་དམག་ཐམས་ཅད་བསྐྲད་ནས་སེང་གེའི་གདོང་པ་ཁྲག་ཏུ་སོང་ནས་འདུག་པས། དེའི་དུས་རྒྱལ་པོ་སྟོབས་ལྡན་གཞོན་ནུས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། ། སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། ། ཏུ་རཥྐ་ཡི་དམག་བཟློག་ཀྱང་། ། ཤི་རྨས་མེད་པ་ངོ་མཚར་ཆེ། ། ཞེས་ཟེར་རོ། ། དེ་ནས་དགེ་འདུན་རྣམས་ན་རེ། འདི་ཟླ་བ་གྲགས་པའི་ནུས་པ་མིན། དགེ་འདུན་རྣམས་ཀྱིས་རབ་གནས་བྱ་དགོས་ཟེར་ནས། རབ་གནས་བྱས་པས་སེང་གེ་སའི་ནང་དུ་ནུབ་པས། མཁན་པོ་ན་རེ། འདི་ཟླ་བ་གྲགས་པ་སེམས་ལ་དབང་ཐོབ་པའི་བྱིན་རླབས་ཡིན་གསུང་། ཡང་སློབ་དཔོན་ནགས་ན་སྒོམ་གྱིན་བཞུགས་པ་ལ་ནགས་ལ་མེ་ཤོར་བའི་ཚེ། ནཱ་ལནྡྲ་པ་ལ་སོགས་པའི་ཡུལ་མི་རྣམས་ཀྱིས་བལྟར་ཕྱིན་པས། ཤིང་གི་ལྷ་མོ་ཞིག་གིས་རོ་སྟོད་བཏོན་ནས། བྱམས་མགོན་སྙིང་རྗེའི་བློ་ཅན་ཉིད། ། མེ་ཡིས་མི་འཚིག་ཆུས་མི་འཁྱེར། ། རླུང་གིས་འཐོར་བར་ག་ལ་ནུས། ། ཞེས་ཟེར། མི་རྣམས་ཀྱིས་ཕྱིན་པས་སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་མེས་མ་འཚིག་པར་འདུག་ཅིང་། སློབ་དཔོན་གྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། ། སྐྱེ་བ་མེད་པའི་མེས་དངོས་པོའི། ། བུད་ཤིང་ཐམས་ཅད་བསྲེགས་པ་ཡིན། ། མཁན་པོ་ཡིས་ཀྱང་བསྲེགས་པ་ཡིན། ། ངས་ཀྱང་སྐྱེས་བ་མེད་པའི་མེས། ། དངོས་པོའི་བུད་ཤིང་བསྲེགས་པ་ཡིན། ། དངོས་པོའི་མེ་ཡིས་ག་ལ་ཚུགས། ། ཞེས་གསུངས་སོ། ། མངོན་པར་ཤེས་པ་ཐོགས་མེད་མངའ་བ་ཡིན་ཏེ། མུ་སྟེགས་ཀུ་མ་རི་ཀ་ན་རེ། སློབ་དཔོན་ལ་མངོན་ཤེས་ཡོད་པ་མི་བདེན་ཡོང་། བདེན་ན་བརྒྱ་བྱིན་ད་ལྟ་ཅི་བྱེད་དྲིས་པས། སློབ་དཔོན་གྱི་གསུང་ནས་བརྒྱ་བྱིན་དངོས་ནི་སུམ་ཅུ་རྩ་གསུམ་ན་ཡོད་ལ། སྤྲུལ་པ་ཅིག་དགའ་ལྡན་ན་བྱམས་པ་ལ་ཆོས་ཉན་གྱི་ཡོད་གསུངས་པས། ཀུ་མ་རི་ཡིད་མ་ཆེས་པ་ལ། སློབ་དཔོན་གྱི་ཕྱག་ཡབ་མཛད་པས། བརྒྱ་བྱིན་དངོས་འོངས་པ་དེ་ཁོས་མ་མཐོང་། ཡང་ཕྱག་ཡབ་མཛད་པས། སྤྲུལ་པ་འོངས་པ་ཁོས་མཐོང་ནས། ཁྱོད་བརྒྱ་བྱིན་ཡིན་ནམ་བྱས་པས་དངོས་མིན། དངོས་ཡིན་ན་མིག་སྟོང་ཡོད་པ་ལས། ང་ལ་རྗེས་ལས་མེད་ཟེར་ནས། བལྟས་པས་རྗེས་ལས་མི་འདུག་པས་ཀུ་མ་རི་ཡིད་ཆེས་སོ། ། དེས་ན་སློབ་དཔོན་འདི་ཉིད་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ནཱ་ལནྡྲ་ན་པཎྜི་ཏ་མང་པོ་ཡོད་ཀྱང་། མུ་སྟེགས་ཀྱི་རྒོལ་བ་ཚར་གཅོད་མི་ནུས་ན་ཕྱིར་ཆོས་འཆད་མི་ནུས་ལ། སློབ་དཔོན་འདི་ཉིད་ཕྱིར་ཆོས་འཆད་པ་ན། ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཙནྡྲ་གཽ་མི་སློབ་དཔོན་ཆོས་འཆད་པའི་སར་འོངས་ཏེ་འདུད་པ་མི་བྱེད་པར་འགྲེངས་ཏེ་གནས་པ་ན་སློབ་དཔོན་ཟླ་བ་གྲགས་པའི་དགོངས་པ་ལ་རྩོད་དམ་བགྲོ་བར་འདོད་པ་ཅིག་འོངས་པ་ཡིན་སྙམ་ནས་དེ་ལ། ཕྱོགས་གང་ནས་འོངས། ཆོས་ཅི་ཤེས་དྲིས་པས། ལྷོ་ཕྱོགས་ནས་འོངས། སྒྲ་པ་ཎི། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། འཇམ་དཔལ་མཚན་བརྗོད་ཤེས་ཟེར། སྒྲ་དང་། མཚན་ཉིད་ཀྱི་རྩ་བ་དང་། སྔགས་ཀྱི་རྩ་བ་སྨོས་པས། ལུང་རིགས་ལ་མཁས་པར་ཁས་བླངས་ཀྱང་། ཚིག་ཁེངས་སྐྱུངས་པར་འདུག་པས། ཙནྡྲ་གཽ་མི་མིན་ནམ་དྲིས་པས། དེ་ལྟར་འཇིག་རྟེན་པ་རྣམས་འདོགས་སོ་གསུངས། འོ་ན་པཎྜི་ཏ་ཆེན་པོ་ཐོག་བབས་སུ་ཕེབས་པ་མ་ལེགས། བསུ་བ་བྱ་དགོས་པས་རེ་ཤིག་ཕྱིར་གཤེགས་ཤིག་བསུ་བ་བགྱིའོ་བྱས་ནས། ཆོས་འཆད་འཕྲོ་བཅད་དེ། གཎྜི་བརྡུངས་པཎྜི་ཏ་རྣམས་བསགས་ཏེ། འདིར་མཁས་པ་ཆེན་པོ་ཙནྡྲ་གཽ་མི་བྱོན་གྱིས། བསུ་བ་བྱ་དགོས་པས་ཤིང་རྟ་གཉིས་འཆོས་ལ་གཅིག་ལ་འཇམ་དཔལ་གྱི་སྐུ་བཞུགས། གཅིག་ལ་ཙནྡྲ་གཽ་མི་བཞུགས་ལ་མཆོད་པའི་ཚོགས་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོས་ཏེ། དེ་ལྟར་བགྱིས་པའི་ཚེ། འཇམ་དཔལ་ལ་ཙནྡྲ་གཽ་མིས་བསྟོད་པས། སྐུ་དེ་དགྱེས་ཏེ་སློབ་དཔོན་ལ་ཞལ་ཕྱིར་གཟིགས་ཏེ། ད་ལྟ་ཡང་ནཱ་ལནྡྲ་ན་བྱིན་རླབས་ཅན་ཤིང་སྐུ་འཇིང་ཡོན་དུ་གྲགས་པ་བཞུགས། དེ་ནས་ཙནྡྲ་གཽ་མི་ནཱ་ལནྡྲར་བྱོན་པ་ལ་བསྙེན་བཀུར་ཞིང་། སློབ་དཔོན་ཟླ་བ་གྲགས་པ་དང་གདན་འཛོམ། ཕན་ཚུན་ཆོས་ཀྱི་བགྲོ་བ་མཛད་པས། སློབ་དཔོན་ཟླ་བ་གྲགས་པས་གང་དྲིས་པའི་ལན་ཐོགས་མེད་དུ་བཏབ། ཙནྡྲས་སྤྱན་རས་གཟིགས་ལ་དྲིས་ཤིང་ལན་ཐོགས་བཅས་སུ་འདེབས། དེའི་ཚེ་དཔལ་ལྡན་ཟླ་བས་གཟིགས་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུ་བཞུགས་པའི་ཁང་པ་ནས་བྱུང་བས། ལན་ཅིག་དེར་སོང་སྟེ་རྒྱབ་ནས་ཉན་པས་ཆོས་འཆད་ཅིང་འདུག་པ་དང་། ཞལ་ལྟ་དགོས་དགོངས་ཏེ་ནང་དུ་ཕྱིན་པ་དང་སྤྲུལ་སྐུ་ཞལ་བརྟུལ་ཏེ། དེར་སློབ་དཔོན་གྱིས་ས་ཐེ་བཙུགས་ནས། ཁོང་ལ་ཞལ་སྟོན་པ་ལྟར་བདག་ལའང་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། མནལ་ལམ་དུ་བྱོན་ཏེ། ཁྱོད་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ཡིན་པས་ངས་བྱིན་གྱིས་བརླབ་མི་དགོས། ཙནྡྲ་གཽ་མི་ལ་ཅུང་ཟད་བྱིན་གྱིས་བརླབས་པ་ཡིན་གྱིས་དེ་སྐད་མ་ཟེར་གསུང་། མནལ་སད་ཚེ་དེ་ལྟར་ལགས་ཀྱང་ཞལ་སྟོན་པར་ཞུ་ཞུས་པས་ཞལ་མངོན་སུམ་དུ་བསྟན་ཏོ། ། དེའི་ཚེ་བདག་གི་སྤྱི་གཙུག་ཏུ་བཞུགས་ལ་སེམས་ཅན་ཐམས་ཅད་ཀྱི་མཐོང་བར་མཛོད་ཅིག་ཅེས་གསོལ་བས། སྤྱན་རས་གཟིགས་ཀྱི་ཞལ་ནས་ངས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་སོང་ཡང་། དེ་རྣམས་ལས་ཀྱི་སྒྲིབ་པས་ང་མཐོང་བར་མི་འགྱུར་གསུངས། ཅིས་ཀྱང་བཞུགས་ཤིག་ཅེས་གསོལ་བ་བཏབ་ནས། འཕགས་པ་སྤྱི་བོར་ཁྱེར་ནས་ཐམས་ཅད་དུ་ཕེབས་ནས་བདག་གི་སྤྱི་བོ་ན་འཕགས་པ་བཞུགས་སོ། ། ཕྱག་མཆོད་ཀྱིས་བྱས་ཀྱང་ལ་ལས་ཅི་ཡང་མ་མཐོང་། ལ་ལས་ཁྱི་རོར་མཐོང་། ཕལ་ཆེ་བས་ཆོས་མང་དུ་བཤད་པས་རླུང་སྨྱོ་ཡིན་ཟེར། ཆང་ཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཞིག་བྱུང་ཞེས་གྲག་གོ ། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་ཤིང་ས་ལམ་འབྲས་བུ་དང་བཅས་པ་རྒྱས་པར་སྟོན་པའི་གཞུང་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་ཅིང་། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གིས་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དང་། ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ཐུན་མོང་མིན་པ་བླ་མེད་ཀྱི་ལམ་ལ་འཇུག་པའི་འཇུག་སྒོ་དབང་དང་དམ་ཚིག ། ཞུགས་ནས་སྒོམ་བྱའི་ལམ་རིམ་པ་གཉིས་འབྲས་བུ་དང་བཅས་པ་མཐའ་དག་ཡོངས་སུ་རྫོགས་པར་སྟོན་པ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བ་མཛད་དེ། ཚིག་གསལ་དང་། སྒྲོན་གསལ་གཉིས་ལ་ནི་སྔོན་གྱི་མཁས་པ་རྣམས་ཀྱིས། མཁའ་ལ་ཉི་ཟླ་རྣམ་གཉིས་ས་ལ་གསལ་བ་རྣམ་གཉིས་ཞེས་སའི་སྟེང་ན་འགྲན་ཟླ་མེད་པའི་བསྟན་བཅོས་སུ་བསྔགས་སོ། ། གཞན་ཡང་སློབ་དཔོན་འདིས་ལམ་གྱི་རིམ་པའི་ལྟ་བའི་གནད་རྣམས་སྟོན་པའི་བསྟན་བཅོས་བཞི་བརྒྱ་པའི་འགྲེལ་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་། དབུ་མ་ཕུང་པོ་ལྔ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། སྐྱབས་འགྲོ་བདུན་ཅུ་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་པ། གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས། སྒྲོལ་མའི་བསྟོད་པ་རྣམས་མཛད་དོ། ། སློབ་དཔོན་ཟླ་བ་གྲགས་པ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཟང་གསལ་བར་མཛད་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་འབའ་ཞིག་ཏུ་བཟུང་བས་ཨེ་ཆོག་ཞུས་པས། ཟླ་བ་གྲགས་པ་ནི་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཀྱི་ཞིང་གཅིག་གི ། དེ་བཞིན་གཤེགས་པ་ཅིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་དང་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བསྟན་པའི་སྙིང་པོ་གསལ་པར་བྱ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཟུངས་པ་ཡིན་པས། འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པས། འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་གཟུང་དགོས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། ། སློབ་དཔོན་ཟླ་བ་གྲགས་པ་འདི་ནི། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ཞིག་ཀྱང་ཡིན་ཏེ། བླ་མ་རྡོ་རྗེ་གདན་པས་གྲུབ་ཆེན་བརྒྱད་ཅུ་ལ་བསྟོད་པ་ལས། འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། ། ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། ། ཟླ་བ་གྲགས་པ་ཞེས་བྱ་བའི། ། བླ་མ་དེ་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་པར་མཛད་དོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ལམ་གྱི་རིམ་པའི་གནད་རྣམས་ལ་ངེས་པ་ཕུལ་ཕྱིན་བསྐྱེད་པ་ལ་སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་གསོལ་བ་འདེབས་པ་དང་། འདིའི་གཞུང་རྣམས་ལ་ཐོས་བསམ་གྱིས་འཇུག་པ་ཤིན་ཏུ་གལ་ཆེའོ། ། སློབ་དཔོན་འདི་ལ་སྙིང་ནས་གསོལ་བ་བཏབ་ན་བྱིན་རླབས་མྱུར་དུ་འཇུག་སྟེ། སློབ་དཔོན་འདི་ནི་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟའང་འཛམ་བུའི་གླིང་ན་གདུལ་བྱའི་དོན་མཛད་བཞིན་པ་ཡིན་པ་ནི་སྔོན་པཱ་ཚབ་ལོ་ཙཱ་བས་སློབ་དཔོན་འདི་ལ་དད་ཅིང་གུས་པས་ཡུན་དུ་གསོལ་བ་བཏབ་སྟེ་ཁ་བ་ཅན་གྱི་ལྗོངས་འདིར་དབུ་མའི་ལམ་སྲོལ་བཟང་པོ་འདི་རྒྱ་ཆེར་འཕེལ་ན་ཅི་མ་རུང་སྙམ་སྟེ་རྒྱ་གར་དུ་ཕེབས་པས་སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ། གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་སྩལ་ཞིང་བོད་དུ་དབུ་མའི་ལམ་སྲོལ་རྒྱ་ཆེར་སྤེལ་ནུས་པར་བྱིན་གྱིས་བརླབས་པ་ལྟར་རོ། ། ། །
༈ དེ་སྲས་ཐུ་བོ་རིགས་པའི་ཁུ་བྱུག་ཆེ། ། ཞེས་བསྔགས་པ་རིགས་པའི་ཁུ་བྱུག་ཆེ་བ་ནི་སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་། ལོ་ལོན་ནས་བསྙེན་པར་རྫོགས། བི་ཀ་མ་ལ་ཤཱི་ལར་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སློབ་དཔོན་ཟླ་བ་གྲགས་པ་ལ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མདོ་སྔགས་ཀྱི་མན་ངག་རྣམས་རྫོགས་པར་གསན། ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་བཞུགས་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་ཉམས་རྟོགས་ཕུལ་དུ་ཕྱིན་པ་ཐོབ། ལྟ་བའི་དཀའ་གནད་ཕྲ་མོ་འགའ་ཞིག་ལ་ངེས་པ་དྲང་བའི་ཕྱིར་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ། བསག་སྦྱང་རྒྱ་ཆེན་པོ་ལ་འབད་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་སུ་ཞལ་བསྟན་ནས་ལྟ་བའི་དཀའ་གནས་ཕྲ་མོ་རྣམས་ཞིབ་ཏུ་བསྟན་ཏེ་མཚན་འཛིན་གྱི་འཆིང་བ་མ་ལུས་པ་དྲུང་ཕྱུང་བར་མཛད། མངའ་རིས་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཇོ་བོ་སྤྱན་འདྲེན་དུ་བཏང་བའི་ཚེ་ནག་ཚོ་ལོ་ཙཱ་བས་བི་ཀ་མ་ལ་ཤཱི་ལར་ཕྱིན་ནས་ཇོ་བོ་གང་དུ་བཞུགས་བཙད་དཔྱད་པའི་ཚེ་བི་ཀ་མ་ལ་ཤཱི་ལའི་ཚོགས་སུ་པཎྜི་ཏ་ཀུན་གྱི་གྲལ་དབུ་ལ་བཞུགས་པ་སྐུ་བགྲེས་ཤིང་བརྗིད་ཆགས་པ་འདི་མགོན་པོ་ཨ་ཏི་ཤ་ཨེ་ཡིན་ཞེས་དྲིས་པས། བོད་ཀྱི་ཚེ་དང་ལྡན་པ་ཅི་ཟེར། འདི་དཔལ་ལྡན་ཟླ་བ་གྲགས་པ་ལ་ཆོས་དངོས་སུ་ཉན་པ་རིགས་པའི་ཁུ་བྱུག་བྱ་བ་ཨ་ཏི་ཤའི་ཡང་བླ་མ་ཡིན་ཟེར། རིགས་པའི་ཁུ་བྱུག་འདི་མགོན་པོ་ཀླུ་སྒྲུབ་ཀྱི་ཡང་དངོས་སློབ་ཡིན་ཏེ། མཁས་གྲུབ་རིན་པོ་ཆེའི་གསང་བའི་རྣམ་ཐར་དུ་ཡང་རིགས་པའི་ཁུ་བྱུག་ཏུ་སྐྱེ་བ་བཞེས་དུས་འཕགས་པ་ཀླུ་སྒྲུབ་བྱོན་ནས་ལྟ་བའི་གནད་ཤིན་ཏུ་ཕྲ་བ་བསྟན་ནས་དངོས་འཛིན་གྱི་འཁྲུལ་པ་རྩ་བ་ནས་དྲུང་ཕྱུང་བར་མཛད་ཅིང་། ཀླུ་སྒྲུབ་ཀྱི་ཞལ་ནས། ངེད་རྒྱ་གར་གྱི་གྲུབ་ཐོབ་རྣམས་འཇམ་དབྱངས་ལ་བརྟེན་པ་ཡིན། དེའི་རྒྱུ་མཚན་ཡང་གསུང་རབ་ཀྱི་དཀའ་བའི་གནད་ཤིན་ཏུ་ཕྲ་བ་བྱུང་ན་རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་བཏབ་ནས་ཟབ་མོའི་དོན་ལ་དཔྱོད་པ་ཡིན། ཁྱོད་ཀྱང་རྗེ་བཙུན་འཇམ་དབྱངས་བསྟེན་པར་བྱོས་ཤིག་ཅེས་གསུངས་སོ། ། ཞེས་སོགས་དང་། ཡང་ཀླུ་སྒྲུབ་ཀྱི་ཞལ་ལས་བདག་ཀྱང་མ་འོངས་པའི་དུས་སུ་མཐའ་འཁོབ་ཏུ་འགྲོ་བའི་དོན་བྱེད་པར་སྨོན། ཁྱོད་ཀྱང་དེའི་དུས་སུ་འཁོར་གྱི་ཐོག་མར་གདུལ་བྱ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། ། ཞེས་མ་འོངས་ལུང་བསྟན་དང་བཅས་གསུངས་སོ། ། དེ་བཞིན་དུ་སློབ་དཔོན་ཟླ་བ་གྲགས་པས་ཀྱང་རིགས་པའི་ཁུ་བྱུག་ཆེ་བ་འདི་ལ་མ་འོངས་པའི་དུས་སུ་རྗེ་བཙུན་འཇམ་དབྱངས་དགེ་སློང་གི་ཚུལ་དུ་བསམས་བཞིན་དུ་མཐའ་འཁོབ་ཏུ་སྐྱེ་བ་བཞེས་པར་འདུག་པས་ཁྱོད་ཀྱང་དེར་སྐྱེ་བ་ལོངས་ལ་བཀའ་སྒྲུབ་པ་དང་བསྟན་པ་རྒྱས་པར་གྱིས་ཞེས་གསུངས་སོ། ། ཚུལ་དེ་དག་ནི་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསང་བའི་རྣམ་ཐར་དུ་ཇི་ལྟར་གསུངས་པ་ལྟར་བཀོད་པ་ཡིན་ནོ། ། ། །
༈ རྒྱལ་སྲས་རིགས་པའི་ཁུ་བྱུག་གཉིས་པའི་ཞབས། ། ཞེས་བསྔགས་པ། རིགས་པའི་ཁུ་བྱུག་ཆུང་བ་ནི་བླ་མ་ཨ་ཝ་དྷུ་ཏི་པ་ཞེས་ཡོངས་སུ་གྲགས་པ་དེ་ཡིན་པར་མངོན་ཏེ། བཀའ་གདམས་གླེགས་བམ་ལས། ཀླུ་སྒྲུབ་ཟླ་གྲགས་རིགས་པའི་ཁུ་བྱུག་དང་། ། བླ་མ་ཨ་ཝ་དྷུ་ཏི་གསེར་གླིང་པ། ། ཐུན་མོང་མ་ཡིན་གདམས་པ་སྦྱིན་མཛད་པའི། ། དྲིན་ཅན་བླ་མ་ལྔ་ལ་ཕྱག་འཚལ་ལོ། ། ཞེས་ཇོ་བོ་རྗེས་ཟབ་མོ་ལྟ་བའི་བླ་བརྒྱུད་དུ་དེ་ལྟར་གསུངས་སོ། ། དེ་ལྟར་ན་བླ་མ་ཨ་ཝ་དྷུ་ཏི་པ་ཆེན་པོ་ནི་སྔོན་ཡུན་རིང་པོ་ནས་ལམ་ལ་གོམས་པའི་མཐུས་སྲིད་གསུམ་མེ་འབར་བའི་ཀློང་ལྟར་གཟིགས་ཏེ་འཁོར་བའི་ཕུན་ཚོགས་གང་ལ་ཡང་མ་ཆགས་པར་རྒྱལ་བའི་བསྟན་པའི་སྙིང་པོ་མཐར་ཐུག་པ་ཞིག་ལ་ཉམས་ལེན་སྙིང་པོར་མཛད་བཞེད་ནས་རིགས་པའི་ཁུ་བྱུག་ཆེ་བའི་ཞབས་ལ་གཏུགས་ཏེ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་རྣམས་ཡོངས་སུ་རྫོགས་པར་གསན་ནས་དབེན་པའི་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ན་སྙིང་ནས་རྣམ་གྲོལ་དོན་དུ་གཉེར་བའི་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་ཅིང་། ལྷག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་རྣམས་རྫོགས་པར་གནང་། ཇོ་བོ་རྗེས་ཀྱང་བདག་ཉིད་ཆེན་པོ་འདི་ལོ་བདུན་གྱི་བར་དུ་འབྲལ་མེད་དུ་བསྟེན་པར་མཛད་ཅིང་བླ་མ་འདི་ཉིད་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པ་དང་ལྐོག་ཏུ་གྱུར་པའི་དོན་རྣམས་ཇི་བཞིན་དུ་མཁྱེན་པའི་མངོན་ཤེས་རྒྱ་ཆེན་པོ་དང་ལྡན་པ་ཞིག་སྟེ་ཇོ་བོ་རྗེས་བླ་མ་འདི་ལ་གདམས་ངག་ཞུ་བའི་ཚེ་རེས་འགའ་མཎྜལ་ཕུལ་ཏེ་གསོལ་བ་ཇི་ཙམ་བཏབ་ཀྱང་གང་ཡང་གསུང་བར་མི་མཛད། རེས་འགའ་རི་ཆེན་པོའི་གཡང་ས་ཉམ་ང་བ་བགྲོད་པ་དང་ཆུ་བོ་ཆེན་པོའི་ཟམ་པའི་སྟེང་ལ་འགྲོ་བ་སོགས་ཤིན་ཏུ་ཉམ་ང་བའི་སྐབས་སུའང་གང་ཡང་མ་ཞུས་ཀྱང་ཞལ་ཕྱིར་བསྒྱུར་ཏེ་ཧེ་བྷ་ཏན་ཏ་པཎྜི་ཏ་འདི་དང་འདི་ཞེས་བྱ་བ་དམྱལ་བ་འདི་དང་འདི་ན་འདུག་གོ ། ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་དཀར་ནག་གི་ལས་ཕྲ་མོའང་ནམ་ཡང་མི་བསླུ་བས་གཟབ་དགོས་པར་འདུག་གོ ། ཞེས་གསུང་འབྱོན་པ་ཞིག་ཡོད་གསུང་། ཇོ་བོ་རྗེས་རིགས་པའི་ཁུ་བྱུག་ཆེ་བ་དང་། བླ་མ་ཨ་ཝ་དྷུ་ཏི་པ་གཉིས་ཀ་ལ་ཆོས་གསན་ཞིང་གཙོ་བོར་བླ་མ་ཨ་ཝ་དྷུ་ཏི་པ་ལ་ཟབ་མོའི་ལམ་གྱི་རིམ་པའི་མན་ངག་རྣམས་རྫོགས་པར་གསན། ཇོ་བོ་ལ་པཎྜི་ཏ་དང་གྲུབ་ཆེན་གྱི་བླ་མ་མང་དུ་ཡོད་པ་ལས་དབུ་མའི་ལྟ་བ་སྟོན་པ་ལ་བླ་མ་འདི་ཉིད་བཟང་བར་བྱུང་སྟེ་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་པ་སྟོན་པ་ཤིན་ཏུ་དཀོན་པས་ཇོ་བོས་བླ་མ་ཤན་ཏི་པ་ལ་ཕར་ཕྱིན་གྱི་སྐོར་གསན་པའི་ཚེ་བརྒྱད་སྟོང་པ་འཆད་པ་ན། བརྒྱད་སྟོང་འགྲེལ་ཆེན་དུ་སློབ་དཔོན་སེང་གེ་བཟང་པོས་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལྟར་དབུ་མའི་རིགས་པ་ཕྲ་མོ་རྣམས་བྱུང་རེས་ཀྱིས་དགག་པ་མཛད་པ་ན་ཇོ་བོའི་ཐུགས་ལ་དབུ་མའི་ལྟ་བ་གསལ་བཏབ་པ་བཞིན་དུ་ཟབ་མོ་དབུ་མའི་ལྟ་བ་ལ་ངེས་ཤེས་ཆེར་འགྲོ་བ་ཞིག་ཡོད་གསུང་། བླ་མ་གསེར་གླིང་པ་ལམ་རིམ་འཆད་པའི་ཚེ་ལྟ་བའི་ཐད་དུ་གསེར་གླིང་པ་རང་ཉིད་སེམས་ཙམ་རྣམ་བདེན་གྱི་ལྟ་བ་འཛིན་པས་ལྟ་བ་དེ་ཉིད་རང་སྟོན་པར་མཛད། ཇོ་བོ་ལ་ཡང་ཁྱོད་ལྟ་བུའི་ཤེས་རབ་ཆེན་པོ་འདི་འདྲ་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པ་ངོ་མཚར་ཞེས་ཡང་ཡང་གསུང་། ཇོ་བོ་རྗེ་ལ་ནི་བླ་མ་གསེར་གླིང་པས་དེ་ལྟར་གསུངས་རེས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པས་ཇི་ལྟར་བཀྲལ་བ་ལྟར་གྱི་དབུ་མའི་ལྟ་བ་མཐར་ཐུག་དེ་ཉིད་ལ་གསལ་བཏབ་པ་བཞིན་དུ་ངེས་ཤེས་ཇེ་ཆེར་འགྲོ་བ་ཞིག་ཡོད་གསུང་། ཇོ་བོ་རྗེ་ནི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་བདག་པོར་ཡོངས་སུ་གྲགས་པ་ལྟར་ཡིན་པས་བླ་མའི་མཛད་སྤྱོད་ལ་སྐྱོན་རྟོག་མི་སྐྱེ་བར་མ་ཟད་ཅི་མཛད་ཐམས་ཅད་ལམ་གྱི་རིམ་པའི་བོགས་འདོན་དུ་འགྱུར་བ་དང་། ལྷག་པར་སློབ་དཔོན་ཟླ་བ་གྲགས་པས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟར་བཀྲལ་བའི་དཀའ་གནས་མཐར་ཐུག་ཐ་སྙད་དུ་རྟེན་འབྲེལ་བསླུ་བ་མེད་པ་དང་། དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཚུལ་རྟེན་འབྲེལ་ཟབ་མོ་དེ་ཉིད་མངོན་སུམ་དུ་གཟིགས་པ་ཡིན་པས་སུས་ཀྱང་བསྒྱུར་དུ་མེད་པའོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་རིགས་པའི་ཁུ་བྱུག་ཆེ་བ་དང་བླ་མ་ཨ་ཝ་དྷུ་ཏི་པ་གཉིས་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདི་གཉིས་ཀྱི་རྣམ་ཐར་བཟང་པོ་འདི་དག་བསམས་ལ་དོན་མེད་པའི་བྱ་བ་ཐམས་ཅད་བོར་ནས་ཐེག་པ་ཆེན་པོའི་ལམ་དང་ལན་ཅིག་མཇལ་བའི་སྐབས་འདིར་ཤེས་རྒྱུད་ལ་ཐེག་པ་ཆེན་པོའི་ལམ་ཡོངས་རྫོགས་ཀྱི་བག་ཆགས་ཅི་ཐེབས་ཞིག་བྱ་བ་ལ་འབད་པར་བྱའོ། ། རིགས་པའི་ཁུ་བྱུག་ཆེ་ཆུང་གཉིས་པོ་འདི་གང་དུ་འཁྲུངས་པ་སོགས་མཛད་པ་རྣམ་ཐར་ཞིབ་མོར་འཁོད་པ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ། ། ། །
༈ ཡང་རྗེ་བཙུན་འཇམ་དཔལ་དབྱངས་ནས། རྒྱལ་སྲས་ཞི་བ་ལྷ་སོགས༌ལ༌
བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར།
༈ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་རིམ་པ་གསན་པའི་བླ་མ་བརྒྱུད་རིམ་ལ། རྗེ་བཙུན་བྱམས་པ་ནས་ཐོགས་མེད་སྐུ་མཆེད་སོགས་ལ་རིམ་གྱིས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་དང་། རྗེ་བཙུན་འཇམ་དབྱངས་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་སོགས་ལ་རིམ་གྱིས་བརྒྱུད་པའི་ཟབ་མོ་ལྟ་རྒྱུད་དང་། ཡང་རྗེ་བཙུན་འཇམ་དབྱངས་ནས་རྒྱལ་སྲས་ཞི་བ་ལྷ་སོགས་ལ་རིམ་གྱིས་བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་གསུམ་དུ་ཡོད་དེ་རྒྱུད་པ་འདི་གསུམ་གའི་མན་ངག་ཡོངས་སུ་རྫོགས་པ་ཇོ་བོ་རྗེ་ལ་མངའ་བས་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཞེས་བརྗོད་དོ། ། རྒྱ་ཆེ་བའི་ལམ་གྱི་རིམ་པའི་བརྒྱུད་རིམ་ལ་གཉིས་སུ་བྱས་པ་ནི་སྐྱེས་བུ་ཆུང་འབྲིང་དང་། སྤྱོད་པ་སྤྱི་བསླབ་དང་། ཞི་ལྷག་གི་སྐོར་ལ་ཁྱད་ཆེར་མེད་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པའི་གདམས་ངག་ལ་ལུགས་མི་འདྲ་བ་གཉིས་བྱུང་སྟེ། ལུགས་དང་པོ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་དོན་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཐབས་སུ་ཐོག་མར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་སེམས་སྙོམས་པའི་བཏང་སྙོམས་བསྒོམས། དེ་ནས་སེམས་ཅན་ཐམས་ཅད་རང་གི་མ་དྲིན་ཅན་དུ་སྒོམ། དེ་ནས་དྲིན་དྲན་དང་དྲིན་གཟོ་རིམ་གྱིས་བསྒོམས་ཏེ་ཡིད་འོང་གི་བྱམས་པ་བསྐྱེད། དེ་ནས་སྙིང་རྗེ་དང་ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་རྣམས་རིམ་གྱིས་སྒོམ་པ་སྟེ་ཚུལ་དེ་ལ་ནི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་བ་ཞེས་བརྗོད་དོ། ། ལུགས་གཉིས་པ་ནི་སྡོང་པོ་བཀོད་པའི་མདོ་སོགས་ཀྱི་དགོངས་དོན་བསླབ་བཏུས་དང་སྤྱོད་འཇུག་གཉིས་ལས་ཇི་ལྟར་གསུངས་པ་ལྟར་བདག་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ་སེམས་ཅན་ཐམས་ཅད་རང་ལ་རྣམ་པ་ཀུན་ཏུ་ཕན་བདེ་སྟེར་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བསྒོམས་ནས་ཡིད་འོང་གི་བྱམས་པ་བསྐྱེད། དེ་ལ་བརྟེན་ནས་སྙིང་རྗེ་དང་ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་རྣམས་རིམ་གྱིས་སྒོམ་པ་སྟེ་ཚུལ་དེ་ལ་ནི་བདག་གཞན་མཉམ་རྗེའི་སྒོ་ནས་བློ་སྦྱོང་བ་ཞེས་བརྗོད་ཅིང་། དེའི་མན་ངག་ཟུར་དུ་བཀོལ་བ་ལ་བློ་སྦྱོང་དོན་བདུན་མའི་ཁྲིད་ཅེས་ཀྱང་བརྗོད་དོ། ། འདིའི་བརྒྱུད་རིམ་ནི་བཀའ་གདམས་གླེགས་བམ་ལས། འཇམ་པའི་དབྱངས་དང་བློ་གྲོས་མི་ཟད་པ། ། ཨེ་ལ་དྷ་རི་དཔལ་བོ་རྡོ་རྗེ་དང་། ། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ། ། རྩ་བའི་བླ་མ་མགོན་པོ་གསེར་གླིང་པ། ། བདག་ལ་རྒྱ་ཆེན་སྤྱོད་པ་སྦྱིན་མཛད་པའི། ། དྲིན་ཅན་བླ་མ་དྲུག་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་ཏེ། མགོན་པོ་འཇམ་དཔལ་དབྱངས་ཀྱིས་རྒྱལ་སྲས་ཞི་བ་ལྷ་ལ་གནང་། དེས་སློབ་དཔོན་ཨེ་ལ་དྷ་རི་ལ་གནང་། དེས་སློབ་དཔོན་དཔའ་བོ་རྡོ་རྗེ་ལ་གནང་། དེས་སློབ་དཔོན་མ་ཧཱ་ཤྲཱི་རཏྣ་བོ་དྷི་ས་ཏྭ་ཞེས་པ་བོད་སྐད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ལ་གནང་། དེས་མགོན་པོ་གསེར་གླིང་པ་ལ་གནང་། དེས་ཇོ་བོ་རྗེ་ལ་གནང་ངོ་། །
འདིའི་བློ་གྲོས་མི་ཟད་པ་ཞེས་པ་རྒྱལ་སྲས་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཡིན་ནོ། ། བརྒྱུད་རིམ་འདིའི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི་སྟོན་པ་ཐུབ་པའི་དབང་པོ་དང་རྗེ་བཙུན་འཇམ་པའི་དབྱངས་གཉིས་ཀྱི་རྣམ་ཐར་སྔར་བརྗོད་ཟིན་པ་ལྟར་ཡིན་ལ། རྒྱལ་སྲས་ཞི་བ་ལྷ་གང་དུ་འཁྲུངས་པའི་ཡུལ་ནི། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བ་སྟེ་ཡུལ་དེར་ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་ཡོད་པ་དེ་གཉིས་ཀྱི་སྲས་སུ་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་བསམ་བཞིན་དུ་སྐུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། མཐུན་པའི་དངོས་པོ་རྣམས་ཀྱིས་བསྐྱེད་བསྲིངས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། དགུང་ལོ་དྲུག་ལོན་པའི་ཚེ་སྦས་པའི་བརྟུལ་ཞུགས་འཛིན་པའི་གྲུབ་ཐོབ་ཞིག་དང་མཇལ་ཏེ་འཇམ་དཔལ་རྣོན་པོའི་དབང་དང་སྒྲུབ་ཐབས་ཞུས་ནས་སྒོམ་བཟླས་ལ་འབད་པས་རིང་པོར་མ་ཐོགས་པར་རྗེ་བཙུན་འཇམ་པའི་དབྱངས་ཞལ་གཟིགས། གདམས་པ་མང་དུ་སྩལ། དུས་རེ་ཤིག་ན་ཡབ་རྒྱལ་པོ་འདས་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་དེ་ཡུལ་ཁམས་དེའི་འབངས་ཐམས་ཅད་ཀྱིས་བློ་མཐུན་པར་རྒྱལ་པོའི་ཁྲི་ལ་འབྱོན་པར་གསོལ་བ་བཏབ་པ་ན། ཚེ་རབས་མང་པོར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ་གོམས་པ་ཀློང་དུ་གྱུར་པ་ཞིག་ཡིན་པས་སྲིད་པའི་ཕུན་ཚོགས་ལ་ཆགས་པའི་སྐབས་མེད་པ་ཞིག་ཡིན་ནའང་གཞན་གྱི་ངོ་བསྲུང་བ་ལ་གོམས་པས་ཡུལ་དེའི་འབངས་རྣམས་ཀྱི་ངོ་མ་ཟློག་པར་རྒྱལ་སྲིད་ལ་ཕེབས་པར་ཞལ་གྱིས་བཞེས་ཏེ་ནང་པར་ཁྲི་ལ་མངའ་གསོལ་རྒྱུའི་དོ་ནུབ་རྨི་ལམ་ན། སང་རང་ཉིད་སྡོད་པར་འགྱུར་བའི་ཁྲི་དེ་ལ་རྗེ་བཙུན་འཇམ་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། ། ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། ། ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། ། འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། ། ཞེས་གསུངས་པ་རྨིས་པས་མནལ་སད་པ་ན་རྒྱལ་སྲིད་ཀྱི་དཔལ་ལ་ལོངས་སྤྱོད་མི་རིགས་དགོངས་ཏེ། བྲོས་ནས་ནཱ་ལནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བའི་ལྷ་ཞེས་བཏགས། མཁན་པོ་ལ་བརྟེན་ཏེ་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་རྗེ་བཙུན་འཇམ་པའི་དབྱངས་ལ་ཡུན་དུ་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་ངག་མ་ལུས་པ་ཐུགས་སུ་ཆུད། ཕྱི་ནང་གི་གཡེང་བ་ཐམས་ཅད་བཅད་དེ། ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་བཞུགས་པས་ས་ལམ་མཐོན་པོར་བྱོན་ཞིང་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་སྡེ་ཀུན་ལས་བཏུས་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པའི་བསྟན་བཅོས་རྩོམ་པ་སོགས་ནང་དུ་མཁས་པའི་བྱ་བ་རྣམ་པ་གསུམ་དང་ས་ལམ་གོང་ནས་གོང་དུ་འཕར་བ་དང་གཟུངས་དང་སྤོབས་པ་དང་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པའི་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་ཡུལ་ལ་ཐོགས་པ་མེད་པར་འཇུག་པ་སོགས་ནང་དུ་རྒྱལ་སྲས་སའི་དབང་ཕྱུག་གི་མཛད་པས་དུས་འདའ་ཡང་ཕྱི་རོལ་དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ངོར་འཚོ་བ་བསྟེན་པ་དང་། ཉལ་བ་དང་། བཤང་གཅི་འདོར་བ་མ་གཏོགས་གླེགས་བམ་ཀློག་པ་སོགས་གཞན་གང་ཡང་མ་མཛད་པས་བྷ་སུ་ཀུ་སྟེ་འདུ་ཤེས་གསུམ་པ་ཞེས་གྲགས་སོ། ། དེའི་ཚེ་མངོན་ཤེས་མེད་པ་རྣམས་ཀྱིས་རབ་ཏུ་བྱུང་བའི་བྱ་བ་ནི་འཁོར་ལོ་གསུམ་གྱི་རོལ་པར་གནས་པ་ཤ་སྟག་ཡིན་པ་ལ། འདི་ནི་གང་དང་ཡང་མི་ལྡན་པས་དད་པས་བྱིན་པ་ལ་ལོངས་སྤྱད་དུ་མི་རུང་བས་བསྐྲད་པར་བྱ། དེ་ཡང་མདོ་འདོན་རེས་བྱས་པས་རང་བུད་དུ་འགྲོའོ་སྙམ་ནས་མདོ་འདོན་པར་གསོལ་བས། རྒྱལ་སྲས་འདིས་དེ་ལྟ་བུ་བདག་གིས་ག་ལ་ནུས་ཞེས་ཞལ་གྱིས་མ་བཞེས་པས། སླར་ཡང་ནན་ཏན་བསྐྱེད་དེ་གསོལ་བས་དེ་ལྟར་ན་བགྱིའོ་ཞེས་ཞལ་གྱིས་བཞེས་པ་ན་བརྙས་པ་བྱེད་པ་དེ་དག་གིས་དཔལ་ནཱ་ལནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ། འཇིགས་བྲལ་གདོང་ལྔས་བཏགས་པའི་ཁྲི་མཐོན་པོ་བཤམས་ནས་དེ་ལ་ཇི་ལྟར་འཛེག་པ་དག་ཀྱང་མི་ཤེས་སོ་སྙམ་པ་ན། རྒྱལ་སྲས་འདིས་ཕྱག་གིས་ཅུང་ཟད་མནན་ནས་སྟེང་དུ་ཐོགས་པ་མེད་པར་གཤེགས། དེ་ནས་མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ། མ་གྲགས་པ་ཞིག་འདོན་ཞེས་བཀའ་སྩལ་པས་སྔོན་མ་གྲགས་པ་ཞིག་གསུང་བར་ཞུ་ཞུས་པས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། ། ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། ། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། ། ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། ། ཞེས་པ་ནས། གང་ཚེ་དངོས་དང་དངོས་མེད་དག ། ཅེས་པའི་བར་གསུངས་ནས། དེ་ཕྱིན་གསུང་བཞིན་དུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ཏེ་ཇེ་མཐོ་ཇེ་མཐོར་མཁའ་དང་མཁྱེན་པ་འགྲན་པ་བཞིན་དུ་གཤེགས་ནས་མཐར་སྐུ་མི་སྣང་བར་གསུང་གྲག་པའི་སྒོ་ནས་རྫོགས་པར་བཏོན་ཏེ་གཤེགས་སོ། ། དེའི་ཤུལ་དུ་རྣ་བའི་མངོན་པར་ཤེས་པ་དང་། མི་བརྗེད་པའི་གཟུངས་ལ་དབང་འབྱོར་པའི་པཎྜི་ཏ་རྣམས་ཀྱིས་གཞུང་བཏུས་པ་ན། ཁ་ཆེ་བ་རྣམས་ཀྱིས་ལེའུ་དགུ་ཡོད་པར་བཟུང་ཞིང་། ཡུལ་དབུས་པ་རྣམས་ཀྱིས་ལེའུ་བཅུ་ཡོད་པར་བཟུང་བ་དང་། བསླབ་པ་ཀུན་ལས་བཏུས་པ་ཡང་། ། ངེས་པར་ཡང་དང་ཡང་དུ་བལྟ། ། ཡང་ན་རེ་ཤིག་མདོར་བསྡུས་པ། ། མདོ་སྡེ་ཀུན་ལས་བཏུས་པ་བལྟ། ། ཞེས་གསུངས་པའི་བསྟན་བཅོས་གཉིས་པོ་ཡང་ཇི་ལྟར་ཡིན་ཐེ་ཚོམ་དུ་གྱུར་པ་ན། དུས་ནམ་ཞིག་གི་ཚེ་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ཞེས་བྱ་བ་ན་བཞུགས་པ་ཐོས་ཏེ། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བས། མ་བྱོན་པར་གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན། བསླབ་བཏུས་དང་མདོ་བཏུས་གཉིས་པོ་ཁོ་བོའི་སྤོང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོ་བྲིས་ནས་ཡོད་ཅེས་གསུངས་ཤིང་སྤྱོད་འཇུག་དང་བསླབ་བཏུས་གཉིས་ཀའི་མན་ངག་རྣམས་ཀྱང་རྫོགས་པར་གནང་ངོ་། ། དེ་ནས་རྒྱལ་སྲས་ཞི་བ་ལྷས་སེམས་ཅན་གྱི་དོན་ཇི་ལྟ་བུ་ཞིག་བྱ་སྙམ་དུ་མངོན་པར་ཤེས་པས་གཟིགས་པ་ན། རྩོད་པས་རྒྱུད་འཁྲུགས་པའི་སེམས་ཅན་མང་པོ་ཞིག་གི་དོན་བྱ་དགོས་པར་གཟིགས་ནས་ཤར་ཕྱོགས་སུ་བྱོན་ཏེ་རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འཐབ་ཟླ་མཛད་པས། རྫུ་འཕྲུལ་གྱིས་ཐམས་ཅད་འདུམས་པར་གྱུར་ཏེ་བདེ་བ་ལ་བཀོད་དོ། ། དེ་ནས་ཡང་སེམས་ཅན་གྱི་དོན་ཇི་ལྟ་བུ་ཞིག་བྱ་དགོས་སྙམ་དུ་དགོངས་པ་ན་ལྟ་བ་ངན་པའི་གཡངས་སར་ལྷུང་བ་མང་པོ་ཞིག་འདུལ་དགོས་པར་གཟིགས་ནས་ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན། ཡ་མཚན་ཅན་གྱི་ལྟ་བ་ལོག་པ་འཛིན་པ་ལྔ་བརྒྱ་གནས་པ་དེ་དག་གི་འཁོར་དུ་བཞུགས་ནས་དེ་རྣམས་མགུ་བར་མཛད་དོ། ། དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་མཐུ་ཕུན་སུམ་ཚོགས་པ་དང་། ལོག་པར་སྨྲ་བ་དེ་དག་གི་སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་མཐུས་དུས་ནམ་ཞིག་གི་ཚེ་ཞག་བདུན་གྱི་བར་དུ་བུ་ཡུག་ཆེན་པོ་བྱུང་བས་བཟའ་བཏུང་ཆད་དེ་ཉོན་མོངས་པར་གྱུར་ནས་སུ་སློང་ནུས་པ་དཔོན་དུ་བསྐོ་ཞིང་བསྐོ་བ་ཉན་པར་བྱས་པ་དང་། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་བླངས་ཏེ་བྱིན་གྱིས་བརླབས་ནས་ཐམས་ཅད་ཚིམ་པར་མཛད་དེ་སྔར་གྱི་ལྟ་བ་ངན་པ་དེ་རྣམས་བསུན་ཕྱུང་སྟེ་ཐུབ་པའི་བསྟན་པ་ལ་བཙུད་དོ། ། དེ་ནས་ཡང་སེམས་ཅན་སུ་ཞིག་ལ་ཕན་གདགས་པར་བྱ་སྙམ་དུ་མངོན་ཤེས་ཀྱིས་གཟིགས་པ་ན་མུ་གེས་ཉམ་ཐག་པའི་འགྲོ་བ་མང་པོ་ཞིག་ལ་ཕན་གདགས་དགོས་པར་གཟིགས་ནས་མུ་གེ་ཆེན་པོ་བྱུང་བས་སྤྲང་པོ་སྟོང་ཙམ་ཞིག་བྲུ་བ་ཚ་བས་ཉེན་ཏེ་འཆི་བ་ལ་ཐུག་པ་ན། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་འཚོ་བ་སྦྱར་ཞིང་ཆོས་བསྟན་ཏེ་བདེ་བ་ལ་བཀོད་དོ། ། དེ་ནས་ཡང་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་བྱ་སྙམ་དུ་དགོངས་པ་ན་རྒྱལ་པོ་གདུག་ཅན་ཞིག་བཏུལ་ན་སྐྱེ་འགྲོ་མང་པོ་དང་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་ཤར་ཕྱོགས་སུ་ཕེབས་ཏེ་ཨ་རི་བི་ཤ་ན་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་གི་ཉེ་ལོགས་ཀྱི་བཞི་མདོ་རྣམས་མྱུལ་ཞིང་བཞུགས་པ་ན་མ་ཙ་ལའི་གནོད་པ་ཞེས་བྱ་བ་འཚོ་བ་མ་ཕྱིད་པས་གཞན་གྱི་རྫས་འཇོམས་པ་ལ་དགའ་ཞིང་། སྙིང་རྗེ་མེད་པ་དྲག་ཤུལ་ཅན་རྩུབ་པ་མི་བསྲུན་པ་མང་དུ་གནས་ཏེ། ཡུལ་གཞན་ནས་ཀྱང་དེ་དང་ཚུལ་མཚུངས་པ་དུ་མ་འདུས་པ་གྲངས་ཤིན་ཏུ་མང་པ་དག་རྒྱལ་པོ་དེའི་འབྱོར་པ་ལ་བལྟས་ནས་འོངས་པ་ན། རྒྱལ་པོ་དེ་མི་དགའ་བར་གྱུར་ཏེ། གནོད་བྱེད་འདི་རྣམས་འབྱོར་པ་ཀུན་གྱིས་མགུ་བར་བྱས་ན་ནི་བདག་གིས་རྒྱལ་སྲིད་ཐོབ་པའང་ཆུ་ཤིང་གི་སྙིང་པོ་ལྟར་འགྱུར་ལ། འདི་དག་རེ་བ་བཞིན་མ་བགྱིས་ན་ནི་སྐྱེ་བོ་གཡོན་ཅན་འདི་དག་གིས་བདག་གི་ལུས་སེམས་གཉིས་སོ་སོར་འབྲལ་བར་གདོན་མི་ཟའོ་སྙམ་ནས་རྒྱལ་པོ་དེ་མྱ་ངན་གྱིས་ནོན་པ་ན། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་རྒྱལ་པོ་དེ་ལ་ཐུགས་བརྩེ་བས་དེ་དག་བསྲུང་བར་ཞལ་གྱིས་བཞེས་ཏེ་སྐུ་བསྲུང་མཛད་པ་ན། བདག་ཉིད་ཆེན་པོ་འདིའི་མཐུ་ཚད་མེད་པས་གནོད་བྱེད་དེ་རྣམས་ཟིལ་གྱིས་མནན་ཏེ་རྒྱལ་པོ་འབངས་དང་བཅས་པ་བདེ་བར་མཛད་པ་ན། རྒྱལ་པོ་འཁོར་བཅས་ཤིན་ཏུ་དད་དེ་བཀུར་སྟི་ཕུན་སུམ་ཚོགས་པས་མཆོད་པ་ན། དམ་པ་འདི་ལ་རྗེ་བཙུན་གྱི་ཕྱག་ཆར་བཅངས་པའི་ཤིང་གི་རལ་གྲི་ཞིག་མ་གཏོགས་མཚོན་ཆ་གཞན་མེད་པ་གྲོགས་ཕྲག་དོག་ཅན་གྱིས་མཐོང་བ་ན་གྲོགས་ངན་དེས་མ་བཟོད་པར། རྒྱལ་པོ་ལ་འདི་ནི་སྐྱེས་བུ་གཡོན་ཅན་ཞིག་སྟེ་མཚོན་ཡང་ཤིང་གི་རལ་གྲི་ཞིག་ལས་མེད་པས་ལྷ་ཉིད་ཀྱི་སྐུ་བསྲུང་བར་མི་ནུས་པས་བརྟག་འཚལ་ལོ་ཞེས་གསོལ་པ་ན། རྒྱལ་པོ་ཁྲོས་ཏེ། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ལ་ཁྱོད་ཀྱི་རལ་གྲི་ཕྱུང་ཤིག་ཅེས་སྨྲས་པས། ལྷ་ཉིད་ལ་གནོད་པར་འགྱུར་རོ་ཞེས་གསུངས་པ་ན་གནོད་ཀྱང་བླ་ཡིས་ངེས་པར་ཕྱུང་ཞིག་ཟེར་རོ། ། འོ་ན་ལྷའི་སྤྱན་གཅིག་བཀབ་སྟེ་གཅིག་གིས་གཟིགས་ཤིག་ཅེས་གསུངས་པས། དེ་ལྟར་བྱས་ཏེ་རལ་གྲི་ཕྱུང་བས་དེའི་འོད་ཟེར་མིག་གིས་མ་བཟོད་དེ་མིག་གཅིག་ཞར་བ་དང་། བཟོད་པར་གསོལ་ཏེ་སྐྱབས་སུ་སོང་སྟེ་ཆོས་ལ་བཙུད་དོ། ། དེ་ནས་ཡང་བདག་ཉིད་ཆེན་པོས་མངོན་པར་ཤེས་པས་གཟིགས་པ་ན་རྒྱལ་བའི་བསྟན་པ་ལ་ལོག་པར་འཁུ་བའི་མུ་སྟེགས་མང་པོ་ཞིག་འདུལ་དགོས་པར་གཟིགས་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ། ཨུ་ཙྪུ་སྨའི་སྤྱོད་པ་ཞེས་པ་སྤྲང་པོའི་ཆ་བྱད་གཅེར་བུ་ཁྲུད་མ་ཕོ་བའི་ཚིགས་མས་འཚོ་བར་བྱེད་པ་ན། ཁ་ཏི་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་མ་ཧས་ཁྲུད་མ་ཕོ་བའི་ཆུའི་ཟེགས་མ་སློབ་དཔོན་གྱི་ཞབས་ལ་ཕོག་པས་ལྕགས་བསྲེགས་ལ་བྲན་པ་ལྟར་ཁོལ་བ་མཐོང་། དེའི་ཚེ་རྒྱལ་པོ་དེ་ལ་མུ་སྟེགས་ཀྱི་སྟོན་པ་ཤང་ཀར་དེ་བ་ཞེས་བྱ་བས་ནང་པའི་པཎྜི་ཏ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་པར་བྱས་ཏེ། དེ་ཡང་སུ་ཕམ་པ་དེ་སུ་རྒྱལ་བའི་བསྟན་པ་ལ་འཇུག་ཅིང་དེའི་ཆོས་དང་གཙུག་ལག་ཁང་སོགས་ཀྱང་མེར་སྲེག་པར་བྱེད་པས་ཁྱོད་ཀྱིས་གནང་བར་མཛད་ཅིང་དྲང་པོར་བཞུགས་སུ་གསོལ། ཞེས་གསོལ་པ་ལྟར། རྒྱལ་པོས་ཕོ་ཉ་བཀྱེ་སྟེ་ནང་པའི་དགེ་འདུན་རྣམས་བསྡུས་ནས་དོན་དེ་བསྙད་པ་ན་སུས་ཀྱང་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་དུ་གྱུར་པ་ན། བྲན་མོ་ཀ་ཙ་མ་ཧས་རྒྱལ་པོ་ལ་སྔར་མཐོང་བ་དེ་བཤད་པས། དེ་ལྟ་བུའི་སེམས་དཔའ་ཆེན་པོ་དེ་ག་ན་འདུག་ཀྱང་ཚོལ་ཅིག་གསུངས་ནས་ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ན་བཞུགས་པ་དང་མཇལ་ནས། མུ་སྟེགས་ཀྱི་རྩོད་པ་དང་རྫུ་འཕྲུལ་ཕམ་པར་མཛད་དགོས་པར་གསོལ་བ་བཏབ་པས། དེ་ལྟ་བུ་ཁོ་བོས་ནུས་ཀྱི་ཆུ་བུམ་པ་གང་། རས་ཡུག་གཉིས། མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། ། དེ་ནས་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་གདན་ཁྲི་བཤམས་ཏེ་རྒྱལ་པོ་དང་། གཡས་གཡོན་དུ་སེམས་དཔའ་ཆེན་པོ་དང་མུ་སྟེགས་ཀྱི་སྟོན་པ་རྣམས་འཁོད་ནས་རྩོད་པས་བདག་ཉིད་ཆེན་པོ་འདིའི་ལུང་དང་རིགས་པའི་མཐུ་ཕུལ་དུ་བྱུང་བས་ཕྱིར་བརྒོལ་དེ་ཉིད་སྤོབས་པ་ལན་མེད་དུ་མཛད་དོ། ། སླར་ཡང་མུ་སྟེགས་བྱེད་དེས་རྫུ་འཕྲུལ་འགྲན་པར་ཆད་དེ་བར་སྣང་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན། བདག་ཉིད་ཆེན་པོ་འདིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཚུབ་མ་ཆེན་པོ་ལང་སྟེ་རྩྭ་དང་ཤིང་དང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལམ་འགྱེལ་ལ་ཐུག་པར་ལྡེག ། རྒྱལ་པོ་དང་བཙུན་མོ་དང་དེར་ཚོགས་པའི་མི་རྣམས་ཀྱང་བདས། དཀྱིལ་འཁོར་དང་བཅས་པའི་མུ་སྟེགས་ཀྱི་སྟོན་པ་ཡང་འཐོར་རླུང་གིས་བདས་པའི་བྱེའུ་བཞིན་དུ་ཕྱོགས་མཚམས་ཐམས་ཅད་དུ་འཁྱེར་ཞིང་མུན་པ་ཆེན་པོར་གྱུར་ཏོ། ། དེ་ནས་བདག་ཉིད་ཆེན་པོ་འདིས་སྨིན་མཚམས་ནས་འོད་ཕྱུང་སྟེ་རྒྱལ་པོ་དང་། བཙུན་མོ་ལ་ལམ་བསྟན་ནས་མདུན་དུ་བཀུག་སྟེ་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་ནས་རས་གསར་བ་གཡོགས་མེ་ལ་བསྲོས་ཏེ་བདེ་བར་བྱས་སོ། ། དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིག་མུ་སྟེགས་ཀྱི་གཙོ་བོ་དང་རྗེས་སུ་འཇུག་པ་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས་ད་ལྟའི་བར་དུ་ཡང་གནས་དེ་ལ་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། ། བདག་ཉིད་ཆེན་པོ་འདིའི་མཛད་པ་དེ་དག་ཐམས་ཅད་བསྟན་པ་དང་སེམས་ཅན་གྱི་དོན་དུ་མཛད་པ་ཤ་སྟག་སྟེ། རྒྱལ་བས་མི་ནི་ཨ་མྲའི་འབྲས་བུ་དང་མཚུངས་པས་ཕྱི་སྨིན་ལ་ནང་མ་སྨིན་པ་དང་། ནང་སྨིན་ལ་ཕྱི་མ་སྨིན་པ་དང་། ཕྱི་ནང་གཉིས་ཀ་སྨིན་པ་དང་། ཕྱི་ནང་གཉིས་ཀ་མ་སྨིན་པ་སྣ་ཚོགས་སུ་ཡོད་པར་གསུངས་པ་ལྟར་སོ་སོ་སྐྱེ་བོ་རང་དགའ་བ་དག་གིས་གཞན་གྱི་རྒྱུད་ཚོད་ཤེས་པ་ཤིན་ཏུ་དཀའ་བས། སྤྱིར་ཡང་སེམས་ཅན་སུ་ལའང་སྐྱོན་རྟོག་གི་བློ་མ་ཤོར་བར་བྱ་བ་དང་། ལྷག་པར་རྒྱལ་བའི་བསྟན་པ་ལ་ཞུགས་པ་རྣམས་ལ་སྐྱོན་བརྗོད་པ་ནི་ཐལ་བས་གཡོགས་པའི་མེ་དོང་དང་མཚུངས་པར་ཤིན་ཏུ་ཉེན་ཆེ་བའི་གནས་ཡིན་པས་ཕ་རོལ་སུ་ལའང་སྐྱོན་བརྗོད་མི་བྱ་བར་དག་སྣང་སྤྱོང་དགོས་སོ་ཞེས་འདོམས་པ་དང་། བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བ་རྣམས་ཀྱིས་ལམ་ལྟར་སྣང་དང་ཕྱོགས་རེ་བས་ཚིམ་པར་མི་བྱ་བར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་སྤྱོད་འཇུག་དང་བསླབ་བཏུས་གཉིས་སུ་བརྗོད་པ་ལྟར་བྱ་དགོས་སོ་ཞེས་འདོམས་པ་དང་། རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷར་བསྟེན་ན་འདི་ལྟ་བུའི་ཡོན་ཏན་ཐོབ་པར་འགྱུར་རོ་ཞེས་འདོམས་པ་དང་། མུ་སྟེགས་ཀྱི་གཞུང་ལུགས་ནི་རྣམ་པ་ཀུན་ཏུ་ཡིད་བརྟན་མི་རུང་བའི་གནས་དང་། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཡིན་ནོ་ཞེས་འདོམས་པ་སོགས་ཀྱི་ཆེད་དུ་མཛད་པ་དེ་ལྟར་མཛད་དོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་གཞུང་འདི་དག་ལ་གཙིས་པོ་ཆེར་བཟུང་ནས་ཐོས་བསམ་སྒོམ་པས་འཇུག་པ་ལ་འབད་པར་བྱའོ། ། ། །
༈ སློབ་དཔོན་ཨེ་ལ་དྷ་རི་ནི། རྒྱལ་སྲས་ཞི་བ་ལྷའི་སྲས་ཀྱི་ཐུ་བོ་སྟེ། རྒྱལ་སྲས་ཞི་བ་ལྷ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་ཡོངས་སུ་རྫོགས་པ་མཉན་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ལམ་གོང་མའི་རྟོགས་པ་མཆོག་ཐོབ་ཅིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མཐོང་ནས་རྒྱལ་སྲས་ཞི་བ་ལྷ་དང་རྟོགས་པ་མཉམ་པ་ཞིག་ཡིན་ཞེས་བཀའ་གདམས་གླེགས་ལས་གསུངས་སོ། ། ། །
༈ སློབ་དཔོན་དཔའ་བོ་རྡོ་རྗེ་ནི། སློབ་དཔོན་ཨེ་ལ་དྷ་རི་ཡོངས་འཛིན་དུ་བསྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་གསན་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གིས་རྒྱུད་བསྐུལ་ནས་ཟས་བསོད་སྙོམས་པ་དང་། ཟས་སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་བ་དང་། ཕྱིང་པ་བ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཙོག་བུ་པ་དང་། གཞི་ཇི་བཞིན་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་ཞིང་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་སྲིད་གསུམ་རྨི་ལམ་ལྟ་བུར་གཟིགས་པའི་ལྟ་བའི་གདེང་ཐོབ་སྟེ། ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བའི་ཕྱིར་དབེན་པའི་རི་སུལ་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཞིག་ཡིན་ཞེས་བཀའ་གདམས་གླེགས་བམ་ལས་གསུངས་སོ། ། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སློབ་དཔོན་ཨེ་ལ་དྷ་རི་དང་དཔའ་བོ་རྡོ་རྗེ་གཉིས་ལ་གསོལ་བ་འདེབས་ཤིང་། བདག་ཉིད་ཆེན་པོ་འདི་གཉིས་ཀྱི་རྣམ་ཐར་ལྟར་དབེན་པའི་གནས་སུ་ལམ་ཆ་ཚང་ལ་སྒྲུབ་པ་སྙིང་པོར་བྱའོ། ། ། །
༈ སློབ་དཔོན་མ་ཧཱ་ཤྲཱི་རཏྣ་བོ་དྷི་ས་ཏྭ། བོད་སྐད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ཞེས་པ་ནི། སྐྱེས་མཆོག་བྱམས་པའི་རྣལ་འབྱོར་པ་སྟེ་འདིའི་རྣམ་པར་ཐར་པ་སྔར་བརྗོད་ཟིན་པ་ལྟར་རོ། ། བླ་མ་གསེར་གླིང་པ་ཆེན་པོའི་རྣམ་ཐར་ཡང་སྔར་བརྗོད་ཟིན་ལ། བླ་མ་གསེར་གླིང་པའི་ཞབས་དྲུང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་ངག་ཅེས་པ་བློ་སྦྱོང་དོན་བདུན་མའི་ཁྲིད་ལོ་བཅུ་གཉིས་ཀྱི་བར་དུ་ཕྱི་ནང་གི་གཡེང་བ་གང་གིས་ཀྱང་བར་མ་ཆོད་པར་གསན་པར་མཛད་དེ་ཇོ་བོ་རྗེའི་རྣམ་པར་ཐར་པ་ནི་ད་ལྟ་ཉིད་དུ་འཆད་པར་འགྱུར་རོ། ། རླབས་ཆེན་སྤྱོད་རྒྱུད་ཀྱི་གདམས་ངག་གི་སྙིང་པོ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་སེམས་རིན་པོ་ཆེ་འདིའི་སྒོ་ནས་ས་ལམ་བགྲོད་ཚུལ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་ནི་མདོ་སྡེ་ཕལ་པོ་ཆེ་དང་། དེའི་དགོངས་པ་འགྲེལ་བའི་གཞུང་རིན་ཆེན་ཕྲེང་བ་དང་། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་དང་། སེམས་ཅན་མགུ་བའི་ཚིགས་བཅད་དང་། སྤྱོད་འཇུག་དང་བསླབ་བཏུས་རྣམས་དང་། མདོ་དང་བསྟན་བཅོས་དེ་དག་གི་མན་ངག་རྩ་ཚིག་ཏུ་དྲིལ་བ་བླ་མ་གསེར་གླིང་པ་དང་། ཇོ་བོ་རྗེ་གཉིས་ཀྱིས་མཛད་པའི་བློ་སྦྱོང་རྩ་ཚིག་དང་། དྷརྨ་རཀྵི་ཏས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ་དང་། བྱམས་པའི་རྣལ་འབྱོར་པས་མཛད་པའི་གྱེར་སྒོམ་རྡོ་རྗེའི་གླུ་དང་། བླ་མ་གོང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བློ་སྦྱོང་གི་ཁྲིད་དམིགས་མདོར་བསྡུས་སུ་བཀོད་པ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་བློ་སྦྱོང་དོན་བདུན་མ་དང་། རྗེ་རིན་པོ་ཆེས་བློ་སྦྱོང་གི་ཁྲིད་རྒྱས་པ་གནང་དུས་སེམས་དཔའ་ཆེན་པོ་ཧོར་སྟོན་པས་ཟིན་བྲིས་སུ་བཏབ་པའི་བློ་སྦྱོང་གི་ཁྲིད་ཡིག་ཆེན་མོ་དང་། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཐེག་ཆེན་བློ་སྦྱོང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡབ་སྲས་ཀྱིས་མཛད་པའི་བློ་སྦྱོང་ཆེ་ཆུང་དུ་མ་ཡོད་ཅིང། རྒྱ་བོད་དུ་སྔོན་བྱུང་བའི་བློ་སྦྱོང་གི་ཡིག་ཆ་ཕལ་མོ་ཆེའི་ལེགས་ཆ་བསྡུས་ཤིང། རྗེ་བདག་ཉིད་ཆེན་པོའི་སྙན་རྒྱུད་ཀྱི་མན་ངག་གིས་བརྒྱན་ནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་རྩལ་དུ་བཏོན་པ་བདག་གིས་སྦྱར་བའི་བློ་སྦྱོང་གི་ཁྲིད་ཡིག་ཆེན་མོ་བློ་བཟང་དགོངས་རྒྱན་ཞེས་བྱ་བ་ཞིག་ཀྱང་ཡོད་དོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ལ་ཤིང་རྟ་ཆེན་པོའི་མན་ངག་ཁྱད་པར་ཅན་གཉིས་ཡོད་པ་སོ་སོའི་མན་ངག་ལེགས་པར་མཉན་ལ་གོ་བ་ཕུ་ཐག་ཆོད་པ་བཙལ་ནས་མན་ངག་གཉིས་པོ་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་ཤེས་པར་བྱས་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བག་ཆགས་ཅི་ཐེབས་བྱའོ། ། ། །
༈ མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཐུགས་སྲས་འགའ་ཞིག་གི་རྣམ་ཐར།
༈ ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། ། ཅེས་བསྔགས་པ་ལེགས་སྦྱར་གི་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། བོད་ཀྱི་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་ཏེ། དེ་ན་བྷཾ་ག་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་མི་ཁྱིམ་འབུམ་ཕྲག་དུ་མ་ཡོད་པ། དེའི་དབུས་ན་རྒྱལ་པོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ལོངས་སྤྱོད་མངའ་ཐང་བསམ་གྱིས་མི་ཁྱབ་པ་ཡོད་པ། ཡུལ་དེའི་ཁོ་ར་ཁོར་ཡུག་ཏུ་ཤིང་ལྗོན་པ་སྣ་ཚོགས་ཀྱི་ཕྲེང་བ་འཁྲིགས་པ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ས་གཞི་ཁྱབ་པ། ར་བ་རིམ་པ་དུ་མ་དང། འོབས་རིམ་པ་དུ་མས་བསྐོར་བ་ཞིག་སྟེ། དེ་ལྟ་བུའི་རྒྱལ་པོའི་ཕོ་བྲང་དུ་ཡབ་རྒྱལ་པོ་དགེ་པའི་དཔལ་ཞེས་བྱ་བ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ཆུ་ཕོ་རྟའི་ལོ་ཕྱི་ལོ་ 982 བདག་ཉིད་ཆེན་པོ་འདི་བསམ་བཞིན་དུ་སྐུ་བལྟམས་སོ། ། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་སྐུ་བལྟམས་པའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ནམ་མཁའ་ལས་མེ་ཏོག་གི་ཆར་ཕབ། ནམ་མཁའི་ངོས་རྣམས་འཇའ་ཚོན་གྱི་གུར་ཁྱིམ་གྱིས་བལྟམས། ལྷ་རྣམས་ཀྱིས་དགའ་བའི་གླུ་དབྱངས་དང་རོལ་མོའི་སྒྲ་བསྒྲགས་པ་མི་རྣམས་ཀྱིས་ཀྱང་ཐོས་པ་སོགས་ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། ། རྒྱལ་སྲས་དེ་ནི་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞལ་དཀྱིལ་ཟླ་བ་ལྟར་དཀར་ཞིང། དཔྲལ་བའི་དབྱེས་ཆེ་ལ་སྣའི་གཟེངས་མཐོ་བ། སྤྱན་དཀྱུས་རིང་ཞིང་མཆུ་སྒྲོས་བིམ་བ་ལྟར་དམར་བ་སོགས་སྐྱེ་བོ་དམ་པའི་མཚན་རྟགས་དང་ལྡན་པས་མཐོང་བ་ཙམ་གྱིས་ཉོན་མོངས་དང་སྡུག་བསྔལ་ཞི་ཞིང། ཡིད་ལ་དགའ་བ་དང་བདེ་བ་སྐྱེ་ལ་དགེ་བའི་ས་བོན་བསྐྲུན་ནུས་པ་ཞིག་བྱུང་སྟེ། རྒྱལ་སྲས་གཞོན་ནུ་དེ་ལ་ཡབ་ཡུམ་གཉིས་ཀྱིས་ཟླ་བའི་སྙིང་པོ་ཞེས་མཚན་བཏགས་སོ། ། རྒྱལ་སྲས་གཞོན་ནུ་དེ་མ་མ་བརྒྱད་ལ་བཏད་དེ་མཐུན་པའི་དངོས་པོ་དག་གིས་བསྐྱེད་བསྲིངས་ཤིང་ཡབ་ཡུམ་གཉིས་དང་བཅས་ཕོ་བྲང་གི་ཡང་ཐོག་ན་མནལ་ཞིང་བཞུགས་པ་ན་ཕོ་བྲང་གི་ཐོག་ནས་ཚིག་སྒྲ་ཆེན་པོ་འཇིགས་སུ་རུང་བ་ཞིག་བྱུང་བ་ན་ཡབ་ཡུམ་འཁོར་དང་བཅས་པ་ཅི་ཞིག་གུ་སྙམ་དུ་རྟབ་ཅིང་ཕྱོགས་ཕྱོགས་སུ་བལྟ། རྒྱལ་སྲས་གཞོན་ནུ་དེ་ནི་འཇིགས་པ་མེད་པར་དགའ་བའི་རྣམ་འགྱུར་སྟོན་ཞིང་གནས་སོ། ། དེ་མ་ཐག་ཡབ་ཡུམ་སོགས་ཀྱི་མཐོང་སྣང་ལ་ཨུཏྤལ་སྔོན་པོ་འདབ་མ་མ་ཉམས་པ་ཡིད་དུ་འོང་བ་ཞིག་བབས་ལ། རྒྱལ་སྲས་གཞོན་ནུ་དེ་ལ་ནི་ཚེ་རབས་ཀུན་གྱི་ལྷག་བའི་ལྷ་རྗེ་བཙུན་མ་སྒྲོལ་མས་ཞལ་བསྟན་ཏེ་གསུང་གི་གནང་བ་སྩལ་ལོ། ། དུས་དེ་ནས་བཟུང་སྟེ་རྗེ་བཙུན་སྒྲོལ་མ་རྒྱུན་དུ་གཟིགས་ཤིང་བྱ་བ་གལ་ཆེ་བ་ཐམས་ཅད་ཀྱང་རྗེ་བཙུན་སྒྲོལ་མ་ཉིད་ལ་ཞུས་ནས་མཛད་དོ། ། གཞོན་ནུ་དེ་འཁྲུངས་ནས་ལོ་གཅིག་དང་ཟླ་བ་དྲུག་སོང་བ་ན། ཕོ་བྲང་དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན་བི་ཀ་མ་ལ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་ཡོད་པ་དེར་རྒྱལ་པོ་ཡབ་ཡུམ་གྱིས་རྒྱལ་སྲས་གཞོན་ནུ་འདི་རིན་པོ་ཆེའི་ཤིང་རྟའི་ནང་དུ་གདན་དྲངས། ཤིང་རྟ་ལྔ་བརྒྱའི་འཁོར་དང་བཅས་རྒྱལ་པོའི་ཡོ་ལངས་ཆེན་པོས་གཙུག་ལག་ཁང་དེར་གཤེགས་པ་ན། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཕྱོགས་ཕྱོགས་སུ་འདུས་ནས་འཁྲུངས་པའི་ཚེ་ན་ལྷ་རྣམས་ཀྱིས་མཆོད་པ་བྱེད་པའི་རྒྱལ་བུ་ངོ་མཚར་ཅན་དེ་ད་གདོད་མཐོང་ངོ་ཞེས་སྐྱེ་བོ་ཐམས་ཅད་ཀྱིས་མིག་མི་འཛུམ་པར་རྒྱལ་བུ་ཉིད་ལ་བལྟ་ཞིང་དགའ་བའི་ཅ་ཅོའི་སྒྲ་བསྒྲགས་པ་ན་རྒྱལ་སྲས་གཞོན་ནུ་དེས་ཡབ་ཡུམ་གཉིས་ལ་སྐྱེ་བོ་འདི་དག་སུ་ཞིག་ཡིན་ཞེས་དྲིས་པ་ན་ཡབ་ཡུམ་གཉིས་ཀྱིས་འདི་དག་ནི་ཁྱོད་ཉིད་ཀྱི་འབངས་འཁོར་དག་ཡིན་ནོ། ། ཞེས་ཞུས་པ་ན། རྒྱལ་བུ་གཞོན་ནུ་དེས་སྐྱེ་བོ་འདི་དག་བདག་བཞིན་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཐམས་ཅད་དགེ་བའི་རྩ་བ་བསྐྲུན་ཏེ་དམ་པའི་ཆོས་ཀྱིས་འཚོ་བར་ཤོག་ཅེས་གསུང་སྙན་པོས་བརྗོད་པ་ན་ཐམས་ཅད་ཨ་ལ་ལ་ཞེས་ངོ་མཚར་བའི་ཚིག་བརྗོད་ཅིང་ཐལ་མོ་སྦྱར་ཏེ་གནས་སོ། ། དེ་ནས་ཡབ་ཡུམ་སྲས་དང་བཅས་པ་གཙུག་ལག་ཁང་དུ་ཕེབས་ནས་དགེ་འདུན་རྣམས་ལ་བསྙེན་བཀུར་དང་མཆོག་གསུམ་གྱི་རྟེན་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་འཚལ་ཞིང་སྨོན་ལམ་འདེབས་པ་ན་ཡབ་ཡུམ་གཉིས་སོགས་གཞན་ཐམས་ཅད་ཚེ་རིང་ཞིང་ནད་མེད་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ཕྱི་མ་ངན་སོང་དུ་མི་ལྟུང་བར་བདེ་འགྲོར་སྐྱེས་ནས་མཆོག་གསུམ་ལ་བསྙེན་བཀུར་བགྱིད་པ་སོགས་ཀྱི་སྨོན་ལམ་འདེབས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ནི། བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང། ། སྐྱོན་མེད་དབང་པོས་དཀོན་མཆོག་གསུམ་མཐོང་ཞིང། ། རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོར་བླངས། ། དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསོལ། ། ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། ། དགེ་འདུན་དབུས་སུ་ཆོས་འབྱོར་ཐོབ་པ་དང་། ། ང་རྒྱལ་མེད་པར་དཀོན་མཆོག་མཆོད་བྱེད་ཅིང། ། སྐྱེ་བོ་ཡོངས་ལ་སྙིང་རྗེས་ལྟ་བར་ཤོག ། ཅེས་སྨོན་ལམ་མཛད་པ་ན། དེར་ཚོགས་པའི་སྐྱེ་བོ་ཐམས་ཅད་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱང་དགའ་ཞིང་མགུ་ནས་བདག་ཉིད་ཆེན་པོ་འདི་ལ་དད་པ་ལྷུར་བྱེད་པར་གྱུར་ཏོ། ། ཇོ་བོ་རྗེས་སྐུ་ཚེ་འདི་ལ་ཆོས་གསུང་བའི་ཐོག་མ་དེ་ཡིན་པར་བཀའ་གདམས་གླེགས་བམ་ལས་གསུངས་སོ། ། རྒྱལ་སྲས་གཞོན་ནུ་འདིས་འཁྲུངས་མ་ཐག་ནས་ཁྱིམ་གྱི་འདུ་འཛི་ལ་ཆགས་པ་མེད་ཅིང་ལྷག་པའི་ལྷའི་ཞལ་མཐོང་བ་དང། ཆོས་ཀྱི་དབྱངས་སྒྲོགས་པ་ལ་ཐོགས་པ་མེད་པར་གྱུར་པས་ཁྱིམ་གྱི་འདུ་འཛི་ལ་ཆགས་པའི་སྐབས་མེད་ནའང་ཡབ་ཡུམ་གཉིས་འཕངས་དང་བཅས་པས་ཁྱིམ་དུ་བཞུགས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་གླུ་གར་དང་རྩེད་མོའི་བྱེ་བྲག་རྣམ་པ་སྣ་ཚོགས་སྦྱར་ཞིང་རྒྱལ་པོ་མང་པོའི་བུ་མོ་ཁབ་ཏུ་བཞེས་པའི་གྲབས་བཤམས་པ་ན་རྗེ་བཙུན་མ་སྒྲོལ་མས་རྒྱལ་སྲས་གཞོན་ནུ་དེ་ལ་ཞལ་བསྟན་ནས། ལྷ་ཅིག་མ་ཆགས་མ་ཆགས་སྐལ་བ་ཅན། ། འདམ་བུའི་ཚལ་དུ་གླང་པོ་བྱིང་བ་ལྟར། ། འདོད་པའི་འདམ་འདིར་དཔའ་བོ་ཁྱོད་བྱིང་ན། ། ཚུལ་ཁྲིམས་གོས་ཅན་བསྣུབས་པར་མི་འགྱུར་རམ། ། སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། ། པཎ་ཆེན་དགེ་སློང་གཙང་མའི་ལུས་བརྒྱུད་ནས། ། པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར། ། ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལེགས། ། ཞེས་རྒྱལ་སྲིད་ལ་མ་ཆགས་པར་ཆོས་མཛད་དགོས་པར་བསྐུལ་མ་བཏབ། རྒྱལ་སྲས་གཞོན་ནུ་རང་ཉིད་ཀྱང་དེ་ལྟར་དུ་སྨོན་པར་མཛད་ཅིང་བཟོ་དང། གསོ་བ་དང་། སྒྲ་དང། གཏན་ཚིགས་དང། ནང་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང། སྙན་ངག་དང་རྩིས་ལ་སོགས་པ་རིག་གནས་ཆུང་བ་རྣམས་ལའང་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་པ་མཁས་པར་གྲགས་པ་ཅིག་དང་རྩོད་པས་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ། ། དེ་ནས་རྒྱལ་བུ་