ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་ལོ་རྒྱུས། (སྐུ་པར་སྣ་ཚོགས།)

ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་ལོ་རྒྱུས། (སྐུ་པར་སྣ་ཚོགས།)

རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ནི་སྤྱི་ལོ་ ༡༩༠༨ ཟླ་བ་ ༧ ཚེས་ ༧ ཉིན་ལྷ་སར་ཡབ་ཞྭ་སྒབ་པ་ལྷ་ཕྱགས་བཀྲིས་ཕུན་ཚོགས་དང༌། ཡུམ་བསམ་འགྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ནང་མིའི་གཟིགས་སྐྱོང་འོག་བོད་ཀྱི་སྐད་ཡིག་དང༌། བརྡ་སྤྲོད། ཨང་རྩིས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྣམས་ལ་སློབ་གཉེར་གནང་བ་དང་ཆབས་ཅིག ཡབ་མེས་རྣམ་པའི་འགྲོ་སྲོལ་ལྟར་ཆུང་དུས་ནས་གྲགས་ཅན་མི་སྣའི་རྣམ་ཐར་དང་ལོ་རྒྱུས་སོགས་ལ་ཐུགས་སྣང་ཤུགས་ཆེ་གནང༌། དགུང་ལོ་ཉི་ཤུ་རྩ་གསུམ་སོན་སྐབས་བོད་ཀྱི་གཞུང་ཞབས་སུ་འཛུལ་ཞུགས་གནང་སྟེ་རིམ་བཞིན་གཞུང་ཞབས་གནས་རིམ་གོམ་པ་རིམ་འཛེགས་ཀྱིས་མཐར་སྤྱི་ལོ་ ༡༩༣༩ ལོར་བོད་གཞུང་གི་རྩིས་དཔོན་དུ་སྐོ་བཞག་ཐོབ་པ་ནས་བཟུང༌། སྤྱི་ལོ་ ༡༩༥༡ བར་བོད་གཞུང་རྩིས་དཔོན་གྱི་ཞབས་ཕྱི་ཞུས། ཁོང་གིས་བོད་གཞུང་གི་གྲྭ་བཞི་དངུལ་ཊམ་བཟོ་སྐྲུན་ཁང་གི་འགན་འཛིན་དང༌། བོད་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་གཙོ་ཡང་གནང་ཁར། བོད་གཞུང་གི་མགྲིན་ཚབ་པ་དབང་ཚད་ཆེ་ཤོས་ཀྱི་ཐུགས་འགན་བཅས་བཞེས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་གང་མང་ཐོག་གཙོ་འགན་བླ་མེད་ཁུར་ཡོད།


 

ཁོང་སྐུ་ཚེ་རིང་པོ་བཞུགས་ཐུབ་ཡོད་ཅིང་བོདཀྱི་རྒྱལ་རབ་ལོ་རྒྱུས་ཐོག་ངེས་པར་འགོད་དགོས་ངེས་ཀྱི་བྱས་པ་ཅན་གྱི་མི་སྣ་ཞིག་གལ་ཆེན་ཞིག་ཡིན། ཞྭ་སྒབ་པ་ཁོང་རང་གི་ཁུ་བོ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལགས་ཀྱིས་སྤྱི་ལོ་ ༡༩༣༡ ལོར་དེ་སྔ་དབྱིན་བོད་རྒྱ་གསུམ་མཉམ་སྦྲེལ་གྱིས་བཞག་པའི་སིམ་ལའི་ཆིངས་ཡིག་གི་ངོ་བཤུས་སོགས་གནང་སྟེ་རྒྱ་བོད་གཉིས་ཀྱི་རྙོག་གླེང་གི་སྐོར་ངོ་སྤྲོད་ཐོག་མར་གནང་བ་དང༌། དེ་ཡང་ཉིན་གཅིག་ཁོང་ཁྲི་སྨོན་གྱིས་ནང་དུ་སྐད་བཏང་ནས་སིམ་ལའི་ཆིངས་ཡིག་གི་ཡིག་ཆ་དང༌། ས་ཁྲ། མཇལ་དར་དང་བཅས་ཁོང་གི་ཕྱག་ཏུ་གནང་ནས་དུས་རབས་ཀྱི་གཟིགས་རྟོགས་དང༌། ཆབ་སྲིད་ཀྱི་འགྱུར་འགྲོས་གང་ཅིར་རྣམ་དཔྱོད་ལྡན་པའི་སྔོན་དཔག་བྱས་ཏེ། ཞྭ་སྒབ་དབང་ཕྱུག་བདེ་ལྡན་མཆོག་ལ་ཡིག་ཆ་དང་ས་ཁྲ་འདི་ཚོར་ཉམས་ཞིབ་ཡག་པོ་གནང་སྟེ་བོད་ཀྱི་སྲིད་དོན་རྒྱལ་རབས་ཤིག་རྩོམ་འབྲི་གནང་ཐུབ་ན་འཕྲལ་ཕུགས་གང་ཅིར་བོད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་རེད་ཅེས་སྐུལ་མ་བྱས་ཡོད།

ཕྱིས་སུ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ཀྱིས་གསུངས་གསལ་ལ། ཁུ་བོས་ཡིག་ཆ་དང་ས་ཁྲ་སོགས་གནང་བའི་སྐབས་དེར་རང་ཉིད་ལོ་ན་འཕྲ་བས་ཁོང་གི་བཀའ་སློབ་དང་ཡིག་ཆ་རྣམས་དེ་ཙམ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་མེད་ཅེས་གསུངས། ཡིན་ན་ཡང་སྤྱི་ལོ་ ༡༩༤༦ ལོར་ཞྭ་སྒབ་པ་ནང་མི་མཉམ་དུ་རྒྱ་གར་དུ་གནས་སྐོར་དུ་ཕེགས་སྐབས་རྒྱ་གར་མི་དམངས་ཀྱིས་དབྱིན་ཇིར་ངོ་རྒོལ་ཤུགས་ཆེར་བྱས་ཏེ་རང་བཙན་འཐབ་རྩོད་བྱེད་བཞིན་པ་གཟིགས་པ་དང༌། རྒྱ་གར་གྲོང་འཁྱེར་བོམ་བྷེ་མུམ་བེ ནས་སྐུ་ཞབས་ཇ་བ་ཧར་ལལ་ནེ་རུ་དང༌། སཱ་དར་པ་ཊེལ་དང༌། ས་རོ་ཇི་ནི་ནེ་རུ་སོགས་ནས་གསུངས་བཤད་གནང་བ་ཁག་ཁོང་གིས་གསན་རྗེས་སྤྱི་བྱེའི་གནས་སྟངས་གང་ཅིར་གོ་རྟོགས་ཆེན་པོ་སད་དེ། ཕྱིར་ལྷ་སར་འཁོར་མཚམས་ཁོང་གིས་བོད་གཞུང་འབྲེལ་ཡོད་མི་སྣར་བོད་རང་བཙན་ལ་སྲུང་སྐྱོབས་བྱེད་དགོས་པ་དང༌། རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་དགོས་པའི་སྐུལ་ལྕགས་ནན་པོ་བྱས་ཡོད།

དེ་རྗེས་སྤྱི་ལོ་ ༡༩༤༧ ཟླ་བ་ ༡༡ ནང་ཞྭ་སྒབ་པས་སྣེ་འཁྲིད་འོག་མཁན་ཆུང་ཆང་ཁྱིམ་པ་ཐུབ་བསྟན་ཐུབ་བསྟན་ཚེ་དཔལ་དང༌། གྲོ་སྤྱི་རིམ་བཞི་སྤོམ་མདའ་བ་བློ་བཟང་ཡར་འཕེལ། སྐད་སྒྱུར་དབུས་མདའ་ཟུར་ཁང་སྲས་ལྷ་དབང་སྟོབས་རྒྱལ་བཅས་ལས་གྲུབ་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་ཐོག་མ་དེ་ལྷ་ས་ནས་རྒྱ་གར་དུ་ཕེབས་ཐོན་གྱིས་རྒྱ་གར་དབང་འཛིན་པ་དབྱིན་གཞུང་སྐུ་ཚབ་ Viceroy Lord Mountain དང༌། སྲིད་བློན་ Jawaharlal Nehru དང༌། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ K.. P. S Menon དང༌། ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ D.H Dayal དང༌། Mahatma Gandhi བཅས་དང་མཇལ་འཕྲད་གནང། སྲིད་བློན་ནེ་ཧ་རུ་མཆོག་ནས་རྒྱ་གར་དང་བོད་གཉིས་ཀྱི་བར་ཚོང་འབྲེལ་མ་ཚུགས་སྔོན་ཆིངས་ཡིག་འཇོག་དགོས་པའི་བསམ་ཆུལ་བོད་ཀྱི་སྐུ་ཚབ་ཚོར་གསུངས་ཤིང༌། སྐུ་ཞབས་ཞྭ་སྒབ་པས་ལྷ་སར་ཏར་བཏང་སྟེ་བོད་གཞུང་ལ་འབྲེལ་གཏུགས་གནང་བར་བཀའ་ལན་དངོས་གང་ཡང་མེད་པར་ཁོང་ཨ་རིར་ཕེབས་དགོས་སྐོར་གསུངས་པ་རེད།

སྤྱི་ལོ་ ༡༩༤༨ ལོར་ ཟླ་ ༡ ཚེས་ ༣༡ ཉིན་ཧོང་ཀོང་དང་ཤང་གྷའི་བརྒྱུད་སྐུ་ཚབ་རྣམས་ནན་ཅིང་ལ་འབྱོར། རྒྱ་ནག་གི་ཅང་ཇེ་ཧྲིས་གཙོས་རྒྱ་ནག་གི་དཔོན་རིགས་ཁག་མང་པོ་ཞིག་མཉམ་དུ་ཐུགས་འཕྲད་གནང༌། རྒྱ་མིས་བོད་པས་ཕྱི་རྒྱལ་དང་འབྲེལ་བ་བྱས་པ་ཡིན་ན་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་འགལ་རྐྱེན་བཟོ་བའི་ཉེན་ཁ་ཡོད་པར་མཐོང་སྟེ། རྒྱ་མིས་བོད་ཀྱི་སྐུ་ཚབ་རྣམས་ཨ་རི་དང་དབྱིན་ཡུལ་སོགས་ཕྱི་རྒྱལ་ཁག་ཏུ་བསྐྱོད་རྒྱུར་འགོག་ཐབས་བྱས་ཤིང། རྒྱ་ནག་གི་ལག་འཁྱེར་ཐོག་ནས་འགྲོ་དགོས་རྒྱུའི་སྐུལ་མ་བྱས་ཡོད་ཀྱང་སྐུ་ཚབ་རྣམ་པས་གསན་འཇོག་གནང་མེད།

སྤྱི་ལོ་ ༡༩༤༨ ཟླ་བ་ ༦ ཚེས་ ༢༣ ཉིན་བོད་ཀྱི་ཚོང་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཨ་རིར་འབྱོར་ཡང༌། རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་ཁོང་ཚོ་ཨ་རིའི་སྲིད་འཛིན་ Truman དང་མཇལ་འཕྲད་གནང་ཐུབ་མེད། དེ་ལྟ་ནའང་རྒྱ་ནག་གི་གནོན་ཤུགས་ལ་མི་ལྟོས་པར་ཨ་རིའི་དྲུང་ཆེས་བོད་ཀྱྀ་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། ཁོང་གིས་བོད་ཀྱི་ཐོག་ལ་དམིགས་བསལ་དོ་སྣང་གི་རྣམ་པ་བསྟན་ཡོད་པ་དང༌། ཚོགས་མི་ཚོ་དང་ཐུགས་འཕྲད་བྱུང་བར་དགའ་པོ་བྱུང་ཞེས་གསུངས། སྐུ་ཚབ་ཚོགས་མི་ཚོས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་(Bureau of International Trade) ཀྱི་ཚོགས་གཙོ་སྐུ་ཞབས་ George Marshall མཆོག་དང༌། ཚོང་དོན་(Commerce) དྲུང་ཆེའི་ལས་རོགས་སྐུ་ཞབས་ Thomas Blasdell མཆོག ཕྱི་རྒྱལ་ཚོང་དོན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ Henry Dempey བཅས་དངམཉམ་དུ་ཚོང་འབྲེལ་གྲོས་ཆོད་བཞག ཨ་རི་གཞུང་ནས་དེ་སྐབས་རྒྱ་གར་དང་དབྱིན་ཇིའི་འབྲེལ་ལམ་བརྒྱུད་བོད་ནས་བལ་དང་སེམས་ཅན་གྱི་པགས་པ་ཉོ་རྒྱུ་མང་རུ་གཏོང་རྒྱུ་ཁས་ལེན་བྱས་པ་དང། དེའི་ཚབ་ཏུ་བོད་གཞུང་གི་དངུལ་ལོར་གྱི་རྒྱབ་རྟེན་གསེར་དངུལ་གསོག་འཇོག་མང་ཏུ་གཏོང་ཆེད་ཨ་རི་ནས་གསེར་དང་དངུལ་ལེན་རྒྱུར་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཞུས།

སྐུ་ཚབ་རྣམས་ནས་ཀོལམ་བི་ཡ་མཐོ་སློབ་ཀྱི་ཚོགས་གཙོ་གནང་མྱོང་ཞིང༌། དམག་ཆེན་གཉིས་པའི་སྐབས་དམག་སྤྱི་གནང་བ་ཕྱིས་སུ་ཨ་རིའི་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་སྐུ་ཞབས་ General Dwight D. Eisenhower མཆོག་དང་མཇལ་འཕྲད་གནང་བ་དང༌། ཁོང་དེ་སྔོན་དམག་གི་སྐབས་ཨ་རིའི་གནམ་གྲུ་ཞིག་བོད་སར་འབབ་དགོས་བྱུང་སྐབས་གནམ་གྲུའི་ནང་ཡོད་པའི་མི་ལྔ་བོ་བོད་གཞུང་ནས་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞེས་སྐུ་ཚབ་ཚོར་ཞུ་སྐུར་གནང་བ་རེད། དེ་ནས་སྐུ་ཚབ་རྣམས་ནུབ་ཕྱོགས་བདེ་སྲུང་དམག་ཁང་གསར་འཛུགས་སྐྱོང་བྱས་པ་ཡོད་པ་དེར་གཟིགས་སྐོར་དུ་གདན་འདྲེན་ཞུས་ཤིང༌། དེར་བོད་དུ་ཕེབས་མྱོངས་ཡོད་པ་ Colonel Ilia Tolstoy དང་ Suydam Cutting སོགས་གྲོགས་པོ་སྙིང་པ་རྣམས་ཀྱིས་ཕེབས་བསུ་བྱས།

 

དབྱིན་ཡུལ་དུ་ཕེབས་སྐབས་སྐུ་ཚབ་རྣམ་པས་དབྱིན་ཇིའི་སྲིད་བློན་ Attlee དང༌། ཕྱི་སྲིད་བློན་ཆེན་དང་ཚོང་དོན་བློན་ཆེན་བཅས་དང་མཇལ་འཕྲད་ཀྱིས་ཚོང་དོན་སྐོར་གྲོས་མོལ་གནང༌། དེ་བཞིན་སྐུ་ཞབས་ Sir Winston Churchill དང༌། དེ་བཞིན་ Major Bailey, Sir Basil Gould, Hopkinson Major Sherab Charles Bell གི་བུ་མོ་སོགས་དེ་སྔ་བོད་དུ་ཕེབས་མྱོང་བའི་མི་སྣ་ཁག་ཅིག་དང་ཡང་མཇལ་འཕྲད་གནང༌། དེ་ནས་སྐུ་ཚབ་རྣམས་France Switzerland, Italy, Egypt བརྒྱུད་རྒྱ་གར་དུ་ཚུར་ཕེབས་ཤིང་ཕྱོགས་བསྐྱོད་དེ་དག་ཚང་མའི་སྐབས་བོད་པའི་ལག་འཁྱེར་ཐོག་ནས་ཕེབས་པ་རེད།

རྒྱ་གར་ལྡི་ལི་གསར་པར་ Governor-general, Rajagopalachari Jawaharlal Nehru, K.P.S. Menon བཅས་མཉམ་དུ་བགྲོ་གླེང་ཐེངས་གཉིས་པ་གནང༌། སྲིད་བློན་ནེཧེ་རུ་མཆོག་ནས་རྒྱ་གར་དང་བོད་གཉིས་པར་ཚོང་འབྲེལ་ཆིངས་ཡིག་དགོས་པ་བསྐྱར་བཤད་ཀྱང་གནང༌། ཁོང་གིས་ཞྭ་སྒབ་པར་བོད་ཀྱིས་གཞན་ལ་འབྲེལ་བ་མ་བྱས་པར་ཐ་དད་རྒྱུན་རིང་གནས་ཐབས་མེད་པ་དང་བོད་ནང་མང་གཅོ་བཅོས་འགྱུར་ངེས་པར་དུ་དགོས་པ་སོགས་ཀྱི་སློབ་སྟོན་གནང་ཡོད། བོད་མིའི་སྐུ་ཚབ་ཚོས་ལྡི་ལིར་བོད་ཀྱི་སྐུ་ཚབ་ལས་ཁུངས་ཤིག་འཛུགས་ཆོག་པའིརེ་སྐུལ་ཞུས་པར་ནེ་ཧ་རུས་སྔ་འཕྲོས་བོད་ཀྱི་ཚོང་དོན་སྐུ་ཚབ་ཞིག་ལྡི་་ལིར་བཙུགས་ན་ཡག་པོ་ཡོད་ཚུལ་གསུངས་ཡོད།

བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གི་མ་དགའ་བའི་རྣམ་འགྱུར་དྲག་པོའི་འོག་ཡལ་ག་གཅིག་ལ་ཡན་ལག་གཉིས་ལྟར་དོན་ཚན་གཉིས་ལ་དམིགས་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་ཡོད་ཅིང༌། དོན་ཚན་གཅིག་ནི་བོད་དང་ཕྱི་རྒྱལ་ལུང་པའི་ཚོང་དོན་འབྲེལ་བ་སྤེལ་རྒྱུ་དང་ཆབས་ཅིག་ཏུ་བོད་རང་བཙན་ཁྱབ་བསྒྲགས་བྱེད་རྒྱུ་བཅས་ཡིན། སྤྱི་ལོ་༡༩༥༠ ལོར་བོད་གཞུང་ནས་ཞྭ་སྒབ་པ་དང་མཁན་ཆུང་ཐུབ་བསྟན་རྒྱལ་པོ་གཉིས་རྒྱ་གར་དུ་བཏང་ཏེ་རྒྱ་ནག་དང་མཉམ་དུ་གྲོས་མོལ་ཡོང་ཐབས་བྱས་ཀྱང་རྒྱ་ནག་ནས་ཉན་འཇོག་མ་བྱས་པར། ཞྭ་སྒབ་པ་རྒྱ་གར་དུ་ཡོད་སྐབས་དེ་མུར་རྒྱ་ནག་གིས་ཁམས་ཕྱོགས་ནས་བོད་བཙན་བཟུང་བྱེད་རྒྱུའི་འགོ་བཙུགས་པ་རེད། སྐབས་དེར་ྋགོང་ས་མཆོག་ལྷ་ས་ནས་གྲོ་མོར་ཉེན་གཡོལ་དུ་ཕེབས་དགོས་བྱུང༌།

སྤྱི་ལོ་ ༡༩༥༡ ཟླ་བ་ ༥ ཚེས་ ༢༣ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་བོད་གཉིས་བར་ཆིངས་ཡིག་དོན་ཚན ༡༧ ཞེས་པ་དེ་བཞག་པ་དང། ཞྭ་སྒབ་པས་རང་གི་ལུང་པར་ཆགས་འཇིག་ཅི་ཡོང་མ་འོངས་སྔོན་དཔགས་ལྟ་བུའི་སྒོ་ནས་ཁོང་རང་རྒྱ་ནག་གི་བཙན་དབང་འོག་ནས་གནས་སྡོད་བྱེད་མི་དགོས་པར་རྒྱ་གར་དུ་འགྲོ་ཆོག་རྒྱུའི་བཀའ་འཁྲོལ་ཞུས་ཏེ། རྒྱ་གར་ནང་སླེབས་རྗེས་དེ་སྔོན་བོད་ཀྱི་ལོ་རྒྱུས་ཁྲོད་སྲིད་དོན་གྱི་གནས་སྟངས་རྩལ་དུ་བཏོན་ནས་བྲིས་པའི་ལོ་རྒྱུས་ཚད་ལྡན་ཞིག་དབྱིན་བོད་གཉིས་ཆར་ཕར་ཞོགས་བོད་རང་སྐད་དུའང་མེད་སྟབས། དེ་སྔོན་ཁུ་བོ་ཁྲི་སྨོན་པས་མངག་བཅོལ་དང་མིག་སྔའི་ཛ་དྲག་གི་དགོས་མཁོ་གཉིས་ཆ་གཞིར་བཞག་ནས་༡༩༥༡ནས་འགོ་བཙུགས་ཏེ་བོད་ཀྱི་སྲིད་དོན་རྒྱལ་རབས་ཞེས་པ་ཐོག་མར་དབྱིན་ཡིག་ནང་གསར་རྩོམ་གྱི་ངལ་བ་ལྷུར་ལེན་གནང་བ་མ་ཟད། ད་དུང་སྐུའི་གཅེན་པོ་རྒྱལ་པོ་དོན་གྲུབ་དང༌། མཁན་ཆུང་བློ་བཟང་རྒྱལ་མཚན་བཅས་མཉམ་སྦྲེལ་ཐོག་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཆེད་བོད་ཀྱི་སྐྱིད་སྡུག་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས། ལས་འགུལ་དེས་གསང་བའི་སྒོ་ནས་རྒྱ་ནག་ལ་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་སྟབས་སྤྱི་ལོ་ ༡༩༥༨ ལོར་རྒྱ་ནག་གིས་ྋགོང་ས་མཆོག་དང་བཀའ་ཤག་གཉིས་སུ་ཞྭ་སྒབ་པ་སོགས་མི་དགུ་པོ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། སྤྱི་ལོ་ ༡༩༥༦ ལོར་ནང་པ་སངས་རྒྱས་པའི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་དུས་དྲན་དུྋགོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས་ཞྭ་སྒབ་པར་ཁོང་གི་སྲིད་དོན་རྒྱལ་རབས་དེབ་དེ་མཇུག་སྐྱོང་དགོས་པའི་སྐུལ་མ་ཡང་གནང་ཡོད།


 

སྤྱི་ལོ་ ༡༩༥༩ ལོར་བོད་རང་དབང་སྒེར་ལངས་བྱུང་བའི་རྗེས་ྋ་གོང་ས་མཆོག་དང་རྗེས་འཇུག་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་དུ་འབྱོར་ནས། བཙན་འབྱོལ་བོད་གཞུང་གསར་འཛུགས་གནང་རྗེས་ཞྭ་སྒབ་པས་གཞུང་ཞབསགནང་བ་དང༌། ཁོང་ྋགོང་ས་མཆོག་གི་སྐུ་ཚབ་ཏུ་བསྐོ་བཞག་གིས་རྒྱ་གར་དང༌། འབྲུག སི་ཀིམ་བཅས་ལ་བོད་མི་སྐྱབས་བཅོལ་བ་བརྒྱད་ཁྲི་ཙམ་ཡོད་པ་དེ་དག་གི་འཚོ་བ་བསྐྱར་གསོ་དང་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་ལས་འགན་བསྐོ་བཞག་བྱས། སྤྱི་ལོ་ ༡༩༦༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་ Ireland དང་ Malaya གཉིས་ནས་གྲོས་འཆར་བཏོན་པའི་བོད་དོན་གྲོས་ཆོད་ཐོག་བགྲོ་གླེང་གནང་སྐབས་ཞྭ་སྒཔ་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་གཉིས་ཚོགས་ཞུགས་བྱས། ཚོགས་འདུ་དེའི་རྐྱེན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་སྔ་རྗེས་ཐེངས་གསུམ་བཞག་ཡོད།

མཐར་སྤྱི་ལོ་ ༡༩༦༣ ལོའི་ཟླ་བ་ ༥ ཚེས་ ༡༥ ཉིན་སྲིད་དོན་རྒྱལ་རབས་རྩོམ་བཞིནཔ་དེ་མཇུག་སྐྱེལ་ཆེད་གཞུང་གི་ལས་ཁུར་ནས་རྩ་དགོངས་ཞུས། དེའི་རྗེས་ཁོང་ནང་མི་དང་བཅས་པ་Asian Foundation ནས་གནང་བའི་སློབ་ཡོན་རོགས་རམ་འོག་ཨ་རིར་སློབ་གཉེར་དུ་ཕེབས་ཞིང༌། ཨ་རིའི་ཡེལ་གཙུག་ལག་ཁང་ནས་ཁོང་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་མཐའ་མའི་ཉམས་ཞིབ་དང་ཞུ་དག་གནང་སྟེ། གཙུག་ལག་ཁང་དེ་རང་ནས་ ༡༩༦༧ ལོར་ཁོང་གི་བོད་ཀྱི་སྲིད་དོན་རྒྱལ་རབས་དེ་དཔར་འདེབས་ཀྱིས་འཛམ་གླིང་གང་སར་འགྲེམས་སྤེལ་གནང་ཡོད།

སྲིད་དོན་རྒྱལ་རབས་འདི་ཉིད་དཔེ་སྐྲུན་གྲུབ་རྗེས་ཡོངས་གྲགས་སུ་དབྱིན་ཇིའི་སྐད་ཡིག་ནང་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་དཔེ་དེབ་ཁག་ནས་ཚད་གཞི་འཛིན་ས་གཙོ་བོ་ཞིག་དང༌། བོད་ཀྱི་རྒྱལ་རབས་སློབ་གཉེར་གནང་མཁན་རྣམས་ལ་ཟུར་ལྟའི་དཔེ་དེབ་གལ་ཆེན་ཞིག་ཏུ་གྱུར། ཕྱིས་སུ་བོད་གཞུང་གི་ལས་བྱེད་དང་མི་དམངས་ཀྱི་དགོས་འདུན་ལྟར་དེབ་དེ་བོད་ཡིག་ནང་རྩོམ་བསྒྱུར་དང༌། ལེགས་བཅོས་བྱས་ནས་བོད་ཀྱི་སྲིད་དོན་རྒྱལ་རབས་ (An Advanced Political History of Tibet) ཞེས་པོད་གཉིས་སུ་བགོས་ཏེ་སྤྱི་ལོ་ ༡༩༧༦ ལོར་དཔེ་སྐྲུན་བྱས་ཡོད། ཁོང་གི་དཔེ་དེབ་གཞན་དཔར་སྐྲུན་ཞུས་རིགས་ནི། ལྷ་སའི་གཙུག་ལག་ཁང་གི་དཀར་ཆག་དང༌། སངས་རྒྱས་ཀྱི་རིང་བསྲེལ་ཞེས་པའི་དབྱིན་བོད་ཤན་སྦྱར་ཅན་ཞིག་བོད་གཞུང་ནས་སྤྱི་ལོ་ ༡༩༥༡ ལོར་ཀ་ལི་ཀ་ཏར་ཡོད་པའི་Baptist Mission Press ནས་དཔེ་བསྐྲུན་གནང༌།

དེ་མིན་གྱི་གསུང་རྩོམ་དང་གསུང་བཤད་གནང་རིགས་གང་མང་ཡོད་པ་བཙན་བྱོལ་སྤྱི་ཚོགས་ཀྱི་དེབ་རིགས་ཁག་དང༌། དཔེ་མཛོད་སོགས་སུ་ཉར་ཚགས་བྱས་ཡོད། ཁོང་དགུང་ལོ་བགྲེས་བོར་ཕེབས་སྐབས་སུ་ཡང༌། ཨ་རི་དང་རྒྱ་གར་གྱིས་མཚོན་པའི་ཡུལ་ལུང་ཁག་ནས་བོད་དོན་ཆེད་སྐབས་བསྟུན་གྱི་གསུང་རྩོམ་འགྲེམས་སྤེལ་མུ་མཐུད་གནང་ཡོད། སྤྱི་ལོ་ ༡༩༨༠ ནང་རྒྱ་བོད་གཉིས་བར་འབྲེལ་ལམ་ཕྲན་བུ་བྱུང་སྐབས་ཞྭ་སྒབ་པས་མུ་མཐུད་རང་བཙན་འཐབ་རྩོད་བྱེད་དགོས་པ་ནན་བཤད་གནང་སྟབས། ཁོང་གི་གསུང་རྩོམ་གང་ཡང་བོད་དང་རྒྱ་ནག་ཁུལ་དུ་འགྲེམས་སྤེལ་མི་ཆོག་པ་བཟོས་ཡོད་པ་ནི་ཞྭ་སྒབ་པའི་གཟི་བརྗིད་དང༌། རྒྱ་ནག་སྲིད་གཞུང་གི་ངོ་ཚ་ཆེན་པོ་ཞིག་ཆགས་ཡོད།

སྤྱི་ལོ ༡༩༨༩ ཟླ་བ་ ༢ ཚེས་ ༢༣ ཁོང་ཕོ་སྨའི་རྐྱེན་བྱས་ཏེ་གུང་ལོ་ ༨༡ ཐོག་ཨ་རིའི་ Texas གྲོང་ཁྱེར་གྱི་ས་ཁུལ་ Corpus Christi དུ་ཡོད་པའི་ཁོང་གི་བུའི་ཁྱིམ་ནས་སྐུ་གཤེགས་པ་དང༌། ཁོང་གཤེགས་པའི་སྐབས་སུ་ཁོང་གི་གཅེན་གཅུང་གཉིས། བུ་གསུམ། ཚ་བོ་གཅུ་གཅིག ཚ་བོའི་བུ་སྤུན་ལྔ་བཅས་ཡོད་པ་ཁོང་ཚོ་ད་ཆ་བོད་དང༌། རྒྱ་གར། ཨ་རི་བཅས་སུ་འཚོ་ཞིང་གནས་ཡོད། ཁོང་ནི་མཁས་པ་ཚད་ལྡན་ཡིན་པ་དང༌། བོད་ལ་ཤ་ཞེན་ཆེ་བའི་བོད་ཀྱི་ཞབས་ཕྱི་བ་ཞིག་ཡིན་པས་ཁོང་གི་སྐུ་ཚབ་ཐེངས་གཉིས་ཕེབས་སྐབས་བོད་རང་དབང་ཡིན་པའི་ར་སྤྲོད་དཔང་རྟགས་མང་པོ་བསྟན་ཡོད།

ཞྭ་སྒབ་པ་ནི་སྲིད་འཛིན་པ་འཇོན་ཐང་ཅན་ཞིག་ཡིན་ཞིང༌། ལོ་རྒྱུས་སྨྲྨ་བ་དང༌། རང་བཙན་འཐབ་རྩོད་པ། ཆབ་སྲིད་མཁས་ཅན་ཞིག་ཀྱང་རེད། ཁོང་མི་ཚེ་གང་པོར་བོད་རང་དབང་གཙང་མའི་ཆེད་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས་རྒྱ་ནག་གིས་སྔ་ཕྱིར་ཁོང་གི་འདོད་ཚུལ་དང༌། ཁོང་གི་བརྩམས་པའི་སྲིད་དོན་རྒྱལ་རབས་ལ་ཆེད་དུ་བལྟ་བསྡུར་ཚོགས་པ་བཙུགས་ནས་དགག་ཡིག་སྔ་ཕྱི་རིམ་པར་སྤེལ་ན་ཡང༌། ཞྭ་སྒབ་པའི་བཀའ་དྲིན་དང་བྱས་རྗེས་ནམ་ཡང་འབུར་དུ་ཐོན་བཞིན་ཡོད་པ་ལས་ཉམས་ཆགས་ཅི་ཡང་བྱུང་མེད། ཡིན་ན་ཡང་བློ་ཕམ་པ་ལ་ཞིག་ལ་བོད་རིགས་ནང་ཁུལ་གྱི་རྩོམ་པ་པོའི་མིང་འཛིན་ཕྲག་དོག་ཅན་འགའ་རེས་བོད་ཀྱི་སྲིད་དོན་རྒྱལ་རབས་ཞྭ་སྒབ་པའི་མིན་པར་དགེ་ཆོས་ཀྱི་ཡིན་ཚུལ་བཤད་པ་སོགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཕྱོགས་འཐེན་གྱི་ནད་ཡམས་ལས་བྱུང་བ་ཁོ་ན་ཞིག་ལས་རྒྱུ་མཚན་ཤེས་བྱེད་བཅས་ཚད་ལྡན་ཡོད་པ་ཞིག་གཏན་ནས་མིན།

ཁོང་གི་མཁྱེན་རྩལ་དང༌། ལྷག་བསམ། མཛད་རྗེས་བཅས་སུ་གུས་བཀུར་ཡི་རིང་བྱེད་རྒྱུའི་ཚབ་ཏུ་བཟང་ལན་ངན་འཇལ་དང༌། ཇ་ལན་གཅིན་འཇལ་བྱེད་བཞིན་པ་འདི་བོད་རིགས་ཤེས་ལྡན་མི་སྣའི་ངོ་ཚའི་བྱ་གཞག་ཅིག་ཡིན་པ་ཤོད་ཅི་དགོས། དེར་བརྟེན་ཕྲན་གྱིས་གཞུང་ས་དགའ་ལྡན་ཕོ་བྲང་གི་རྩིས་དཔོན་མི་རྗེ་དམ་པ་ལོ་རྒྱུས་སྨྲ་བའི་མཁས་དབང་ཞྭ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་ལ་གུས་བརྩི་བླ་མེད་སྒོས་དམ་པ་གང་ཉིད་སྐུ་གཤེགས་ནས་ལོ་ངོ་ཧྲིལ་བོ་བཅུ་བདུན་འཁོར་བའི་རྗེས་དྲན་ཆེད་ཁོང་གི་ལྷག་བསམ་དག་པའི་མཛད་བཟང་ལ་གུས་བརྩི་དང་འབྲེལ། ཁོང་གི་ལོ་རྒྱུས་དང༌། གཞན་བོད་རིགས་ན་གཞོན་རྣམས་ལ་གྲོས་འདེབས་སུ་ཕུལ་པའི་ཞལ་གདམས་རྒྱལ་རབས་རང་གི་མཇུག་ཏུ་གསལ་བ་འདི་གཉིས་ཁ་བརྡ་དྲྭ་རྒྱ་བརྒྱུད་དེ་བོད་རིགས་བསམ་ཡོད་རྣམ་པའི་སྤྱན་ལམ་དུ་ཆེད་འགོད་ཞུས་པ་ཡིན་ན་ཁོང་གི་ཡུན་རིང་གི་ཉམས་མྱོང་དང༌། མཁྱེན་སྟོབས་ཀྱིས་སྔོན་དཔག་མཛད་པའི་གཞེན་སྐུལ་དེར་ཐུགས་སྣང་གང་ཟབ་གནང་རེ་ཤིན་ཏུ་ཆེ།

 

 

སྐྱེས་སར་ཀླུ་སྒྲུབ་ཀྱིས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།