ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གི་ངོ་སྤྲོད་མདོར་བསྡུས།

ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གི་ངོ་སྤྲོད་མདོར་བསྡུས།

Shakabpa

རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ནི་༡༩༠༨ལོའི་ཟླ་དང་པོའི་ཚེས་༧ཉིན་འཁྲུངས་ཤིང་༡༩༨༩ལོའི་ཟླ་གཉིས་པའི་ཚེས་༢༣བར་འཚོ་བཞུགས་གནང་། དམ་པ་འདི་ཉིད་ནི་བོད་ཀྱི་ལོ་རྒྱུས་མཁས་དབང་དང་། བོད་ཀྱི་སྐུ་དྲགས། བོད་རྒྱལ་ཁབ་ཀྱི་དཔལ་འབྱོར་བློན་ཆེན་བཅས་ཡིན། རྩིས་དཔོན་འདི་ཉིད་ཀྱི་ཡབ་དམ་པ་ཞྭ་སྒབ་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ལྷ་སའི་གཉེར་ཚང་ལས་ཁུངས་སུ་ཞབས་འདེགས་ཞུས་པ་དང་། ཁུ་བོ་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་མཆོག་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་ཀྱི་བཀའ་བློན་ཡིན། རྩིས་དཔོན་དམ་པ་འདི་ཉིད་དགུང་ལོ་༢༣པ་སྟེ་༡༩༣༠ལོ་ནས་གཞུང་ཞབས་ཞབས་འདེགས་ཞུས་ཤིང་། གྲ་བཞི་དངུལ་དཔར་ལས་ཁང་གི་འགན་འཛིན་དང་། ༡༩༣༩ལོ་ནས་༡༩༥༠ལོའི་བར་དུ་དཔལ་འབྱོར་བློན་ཆེན་ནམ་རྩིས་དཔོན་གྱི་འགན་བཞེས།

དམ་པ་འདི་ཉིད་ཀྱི་ཁུ་བོ་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་གྱིས་སྐུ་ན་གཞོན་པའི་ལྷ་སྲས་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཉིད་ལ་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ཞིབ་འཇུག་བྱེད་དགོས་པའི་སྐུལ་སློང་ལམ་སྟོན་གནང་བ་དང་། ལྷག་པར་ཡང་། ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནི་སིམ་ལའི་ཆིངས་ཡིག་འཇོག་སྐབས་སུ་བཤད་སྒྲ་བའི་ཕྱག་རོགས་སུ་ཕེབས་ཡོད་སྟབས་རྒྱ་ནག་ཕྱོགས་ཀྱིས་རྩོད་གླེང་ལ་ཁ་གཏད་གཅོག་ཕྱིར་མཁོ་སྒྲུབ་བྱས་པའི་གལ་གནད་ཆེ་བའི་ཡིག་ཆ་མང་པོ་བསག་ཉར་གནང་བ་རྣམས་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལ་མཁོ་སྤྲོད་དང་ལྟ་རྟོག་གནང་བཅུག


༡༩༤༦ལོའི་མགོ་ཙམ་ལ་དམ་པ་འདི་ཉིད་ནང་མི་ལྷན་རྒྱས་རྒྱ་གར་ལ་གནས་གཟིགས་སུ་ཕེབས་སྐབས་སུ་རྒྱ་གར་མི་མང་གིས་དབྱིན་ཇིའི་འོག་ནས་རང་བཙན་ལེན་པའི་སེམས་ཤུགས་ཆེན་པོའི་ལས་འགུལ་དང་། ལྷག་པར་ཡང་། སྦོམ་བྷེ་གྲོང་ཁྱེར་དུ་པཎྜིཏ་ནེ་རུ་དང་། སར་དྷར་ཝ་ལ་བྷ་ཧེ་པ་ཊེལ། ལྷ་ལྕམ་ས་རོ་ཅི་ནི་ནེ་དྷུ་སོགས་ཀྱིས་རང་གིས་ཡུལ་འདི་ཕྱི་མིས་དབང་བསྒྱུར་བྱས་པ་མི་འོས་པས་རང་དབང་རང་བཙན་གྱི་དོན་ལ་མི་མང་ཚང་མས་མཉམ་འབྲེལ་བྱས་ཏེ་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་གསུང་བཤད་གནང་བ་ལ་གསན་པས་རང་ཡུལ་གྱི་རང་དབང་རང་བཙན་སྲུང་སྐྱོབ་གལ་གནད་ཆེ་བའི་སྐོར་ལ་སེམས་འགུལ་དང་གོ་རྟོག་གཏིང་ཟབ་མོ་ཐེབས།


༡༩༤༧ལོར་ནས་༡༩༤༩ལོའི་བར་དུ་བོད་གཞུང་གིས་བཀའ་མངག་བཞིན་དུ་རྩོད་དཔོན་ཞྭ་སྒབ་པས་སྣེ་ཁྲིད་པའི་བོད་ཀྱི་ཚོང་ལས་དོན་གཅོད་ཚོགས་ཆུང་ཕྱི་རྒྱལ་ཁག་ལ་བསྐྱོད། དེ་ཡང་རྒྱ་གར་དུ་གཞུང་ཚབ་འཛུགས་པའི་སྐོར་གྲོས་མོལ་དང་། གཞན་ཡང་། ཨ་རི་མངའ་སྡེ་ཆིག་སྒྲིལ། དབྱིན་ཡུལ། རྒྱ་ནག ཧྥ་རན་སི། སི་ཝི་སི ཨི་ཊ་ལི་སོགས་ལ་ཚོང་ལས་ཀྱི་གོ་སྐབས་འཚོལ་བར་ཕེབས། ལས་དོན་འདིས་ནི་ཚོང་ལས་ཁོ་ན་ཙམ་དུ་མ་ཟད་པར་བོད་རང་དབང་རང་བཙན་གྱི་བདག་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཐོབ་དབང་དེ་ཉིད་འཛམ་གླིང་གི་སྟེང་ལ་གསལ་སྟོན་བྱེད་པའི་ནུས་པ་འདོན་ཐུབ་ཡོད། སྐབས་དེར་བོད་རྒྱལ་ཁབ་རང་གི་ཕྱི་བསྐྱོད་ལག་ཁྱེར་ལ་འཛམ་གླིང་རྒྱལ་ཁབ་གར་ཕེབས་ཚང་མས་ངོས་ལེན་ཐོངས་མཆན་ཐོབ་ཡོད་ཅིང་རྩིས་དཔོན་ཞྭ་སྒབ་པའི་ཕྱག་ཁྱེར་ངོ་མ་དེངས་སང་ཡང་མཇལ་དུ་ཡོད། ཕྱིར་བོད་དུ་འབྱོར་རྗེས་སུ་བོད་ལྗོངས་ཚོགས་འདུ་རྒྱས་འཛོམ་གྱི་སྟེང་དུ་རྒྱལ་ཁབ་ཀྱི་རང་དབང་རང་བཙན་སྲུང་སྐྱོབ་དང་། ཕྱི་འབྲེལ་གོང་འཕེལ། ཚོང་དོན་འབྲེལ་འཛུགས་སྐོར་ལ་ལམ་སྟོན་དང་སྙན་གསེངས་ཞུས།


རྒྱ་དམར་གྱི་དམག་དཔུང་གིས་མདོ་ཁམས་བརྒྱུད་བཙན་འཛུལ་བྱེད་མགོ་ཚུགས་པར་བོད་གཞུང་གིས་རྩིས་དཔོན་ཞྭ་སྒབ་པ་འདི་ཉིད་དང་མཁན་ཆུང་ཐུབ་བསྟན་རྒྱལ་པོ་རྣམ་གཉིས་རྒྱ་དམར་དང་ལྷན་དུ་གྲོས་མོལ་བྱེད་མཁན་གྱི་མི་སྣ་གཙོ་བོར་བསྐོས་བཞག་བྱས། ཞྭ་སྒབ་པ་སོགས་རྒྱ་གར་བརྒྱུད་ནས་གྲོས་མོལ་བྱེད་པར་ཕེབས་པའི་འབད་བརྩོན་བྱས། ཡིན་ན་ཡང་། ང་ཕོད་ངག་དབང་འཇིགས་མེད་སོགས་ཀྱིས་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པར་བོད་གཞུང་གིས་ངོས་ལེན་བྱས་པས་ཞྭ་སྒབ་པར་གྲོས་མོལ་ཚད་ལྡན་ཞིག་བྱེད་པའི་གོ་སྐབས་ཐོབ་མེད།
བོད་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་བྱས་ནས་༡༩༥༡ལོར་རྒྱ་དམག་ལྷ་སར་འཛུལ་བའི་གོ་སྐབས་བྱུང་རྗེས་སུ་རྩིས་དཔོན་ཞྭ་སྒབ་པ་རྒྱ་དམར་དང་མཉམ་ལས་བྱེད་མ་འདོད་པར་བོད་དུ་མ་ལོག་ནས་རྒྱ་གར་དུ་བཞུགས་པར་ཐག་བཅད། སྐབས་དེ་ཚུན་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་སློབ་གཉེར་གཏིང་ཟབ་མོ་གནང་ནས་བོད་ཀྱི་སྲིད་དོན་རྒྱལ་རབས་ཞེས་པའི་དཔེ་དེབ་འདི་ཉིད་རྩོམ་མགོ་ཚུགས། ༡༩༥༩ལོར་ལྷ་སའི་ངོ་རྒོལ་དྲག་གནོན་བྱུང་རྗེས་ནས་༡༩༦༦ལོ་བར་དུ་གོང་ས་མཆོག་གམ་བོད་གཞུང་གི་རྡི་ལིར་བཅའ་སྡོད་དོན་གཅོད་སྐུ་ཚབ་ཀྱི་འགན་བཞེས་ནས་བཞུགས། བོད་ནང་དུ་དྲག་གནོན་ཛ་དྲགས་ཆེ་བའི་སྐབས་སུ་ཁོང་དང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ། སྟག་མཚེར་འཇིགས་མེད་ནོར་བུ་སོགས་ཀྱིས་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་རྣམས་ལ་རྒྱ་གར་ཡུལ་དུ་ཟས་གོས་གནས་མལ་སོགས་འཚོ་བའི་མཐུན་རྐྱེན་གོ་སྒྲིག་གི་འགན་བཞེས་ཤིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཛ་དྲག་ཆེ་བའི་བོད་ཀྱི་གནས་བབ་སྙན་གསེང་ཞུ་བར་ཕེབས།
སྐུ་ཚེའི་སྨད་དུ་ཕལ་ཆེ་བར་རྡི་ལི་དང་། ཀ་ལེམ་སྤུངས། ནེའུ་ཡོཀ་བཅས་སུ་བཞུགས་ཤིང་། དགུང་ལོ་གྱ་གཉིས་སུ་སོན་པ་༡༩༨༩ལོར་ཨ་མེ་རི་ཁའི་ཁྲེག་ས་སིར་སྐུ་གཤེགས།

དམ་པ་འདི་ཉིད་ཀྱི་གསུང་རྩོམ་ཁག་ནི། དབྱིན་ཡིག་གི་སྟེང་དུ་བོད་ཀྱི་སྲིད་དོན་དོན་ལོ་རྒྱུས་ཞེས་པ་ཞིག་ཨ་མེ་རི་ཁའི་ཡེལ་སྣ་འཛོམ་སློབ་ཆེན་གྱིས་༡༩༦༧ལོར་པར་བསྐྲུན་བྱས། དེབ་དེ་ནི་ཕྱིའི་སྐད་ཡིག་གི་ནང་དུ་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཆེས་ཞིབ་ཤོས་ཅེས་པའི་བསྐྱར་ཞིབ་གདེངས་འཇོག་ཐོབ། དེབ་འདི་དང་བོད་ཀྱི་སྲིད་དོན་རྒྱལ་རབས་བཅས་ལ་རྒྱ་ནག་ཕྱོགས་ནས་ཀྱང་དོ་སྣང་ཆེན་པོས་བསྐྱར་ཞིབ་དགག་བཞག་མང་པོ་བྱས་ཡོད། གཞན་ཡང་། ཁོང་གི་གསུང་རྩོམ་སྐོར་ནི། སངས་རྒྱས་ཀྱི་རིང་བསྲེལ་བོད་དུ་གདན་དྲངས་པའི་སྐོར་༡༩༥༡ལོར་ཀ་ལི་ཀ་ཏར་པར་དུ་བཏབ། བོད་ཀྱི་སྲིད་དོན་རྒྱལ་རབས་དེབ་སྟོད་སྨད་གཉིས། དབྱིན་ཡིག་གི་སྟེང་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཟླ་བ་འབུམ་ཕྲག་མ་དེབ་སྟོད་སྨད་གཉིས། ཇོ་ཁང་གི་དཀར་ཆག་གནས་བཤད། བོད་ཀྱི་དགོན་རྙིང་དང་ལྷ་ཁང་ཁག་གི་ལོ་རྒྱུས། ཝི་ཀི་རིག་མཛོད་ནང་གི་བོད་ཀྱི་ངོ་སྤྲོད་སོགས་བཞུགས།

རྩིས་དཔོན་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ནི་༡༩༡༧ཟླ་༡ཚེས་༡༡ཉིན་ལྷ་སར་འཁྲུངས། དགུང་གྲངས་༢༣ལ་ཕེབས་སྐབས་གཞུང་ཞབས་ཁོངས་འཛུལ་གཞུགས་ཀྱིས་རིམ་བཞིན་གནས་འཕར་ཐོག་ལོ་རྒྱུན་ཐུང་ཐུང་ལོ་དགུའི་ནང་རྩིས་དཔོན་བསྐོ་བསྩལ་གནང་། སྐུ་མཆོག་ནི་ཕྱི་ལོ་༡༩༤༧ལོར་བོད་ཀྱི་ཚོང་དོན་སྐུ་ཚབ་ཨ་མི་རི་ཀའི་གཙོས་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་ཁ་ཤས་ལ་ཕེབས་སྐབས་སྐུ་ཚབ་ཁོངས་ནས་གཅིག་ཡིན། དེ་བཞིན་ཕྱི་ལོ་༡༩༥༠ལོར་རྩེ་ཕྱག་མཁན་ཆུང་ཐུབ་བསྟན་རྒྱལ་པོ་དང་མཉམ་བོད་ཀྱི་སྐུ་ཚབ་ཏུ་རུ་སུ་དང་། རྒྱ་ནག་གཞུང་ལ་བཀའ་མོལ་གནང་བར་ཕེབས། ཕྱི་ལོ་༡༩༥༡ལོར་རྒྱ་ནག་ཏུ་ཆིངས་ཡིག་དོན་ཚན་༡༧ལ་གཅིག་ཤོལ་གྱི་མཛྷན་རྟགས་བཀོད་བཅུགས་རྗེས་བོད་ཏུ་ཕྱིར་ཕེབས་མ་གན྄་བར་རྒྱ་གར་ཏུ་བཞུགས་ཏེ་བོད་ཀྱི་བདེ་དོན་འཐབ་རྩོད་མུ་མཐུད་གནང་། སྐུ་མཆོག་༡༩༥༦ལོར་ཀ་སྦུག་བོདད་ཀྱི་བདེ་དོན་ཚོགས་པ་བཙུགས་གན྄་མཁན་གྲས་ནས་གཅིག་ཡིན། ༡༩༥༩ལོར་བོད་ཤོར་རྗེས་ཐོག་མར་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བསྐོ་བསྩལ་ཐོག ༡༩༦༡ ལོར་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་ཀྱི་སྐུ་ཚབ་གཏོང་གནང་སྐབས་དེ་གྲས་སུ་ཕེབས། ༡༩༦༣ལོར་རེ་ཞིག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་འཁུར་དགོངས་ཞུ་གནང་སྟེ་ཨ་རིར་པེབས་ཏེ་བོད་ཀྱི་སྲིད་དོན་གྱི་རྒྱལ་རབས་ཞེས་པ་དབྱིན་ཡིག་ཐོག་བརྩོམས་བྲིས་ཀྱིས། ༡༩༦༧ལོར་པར་ དེབས་གནང་། དེ་རྗེས་ཀ་སྦུག་ཏུ་བཞུགས་ཏེ་སླར་ཡང་བོད་ཀྱི་རྒྱལ་རབས་ཐོག་ཉམས་ཞིབ་ཀྱིས་བོད་ཡིག་ནང་བོད་ཀྱི་སྲིད་དོན་གྱི་རྒྱལ་རབས་ཤིག་བརྩོམས་བྲིས་ཀྱིས། ༡༩༧༦ལོར་གླེག་བམ་གཉིས་ཡོད་པ་ཞིག་པར་འགྲེམས་གནང་། སྐུ་མཆོག་ནི་ཆུང་དུས་ནས་རྒྱལ་རབས་དང་། ཆོས་འབྱུང་། སྐྱེས་ཆེན་དམ་པའི་རྣམ་ཐར། གེ་སར་གྱི་སྒྲུང་ཡིག་སོགས་གློག་པར་རང་བཞིན་གྱི་ཐུགས་སྣང་ཆེ་བ་དང་། ཕྱིས་སུའང་བོད་ཀྱི་རྒྱལ་རབས་ཐོག་ཉམས་ཞིབ་དང་། སློབ་སྦྱོང་མཐིལ་ཕྱིན་པ་གནང་མཁན་བོད་ཀྱི་མཁས་པ་འགྲན་ཟླ་བྲལ་བ་ཞིག་རེད། སྐུ་མཆོག་དགུང་གྲངས་༨༡ ཕྱི་ལོ་༡༩༨༩ཟླ་༡ཚེས་༢༣ཉིན་ཨ་རིར་སྐུ་གཤེགས་པ་རེད།

འབྱུང་ཁུངས། རྒྱུན་མཁོའི་བོད་གནས་ལག་དེབ། ཤོག་གྲངས་ ༡༠༤།

བརྒྱུད་སྐུལ།

མཆན་སྤེལ།