ལྷ་བླ་མ་བྱང་ཆུབ་འོད་ཀྱི་རྣམ་ཐར་སྙིང་བསྡུས།

ལྷ་བླ་མ་བྱང་ཆུབ་འོད་ཀྱི་རྣམ་ཐར་སྙིང་བསྡུས།

མཛད་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

 

ལྷ་བླ་མ་བྱང་ཆུབ་འོད་ནི་མངའ་རིས་ཆོས་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བསྟན་པ་དང་སེམས་ཅན་གྱི་ཁུར་ཁྱེར་ཏེ་ཇོ་བོ་སྤྱན་འདྲེན་པའི་བྱེད་པ་པོ་མཛད། བསྟན་པ་སྤྱི་ཁྱབ་ཏུ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞུས་ཏེ། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར། ཁོང་གི་ཇོ་བོ་ལ་བདག་རྒྱུད་གསང་བ་འདུས་པ་མན་ངག་ཡེ་ཤེས་ཞབས་ལུགས་ཡི་དམ་ཐུགས་རྗེ་ཆེན་པོ་ལ་མོས་པས། འཇིག་རྟེན་དབང་ཕྱུག་གིས་དཀྱིལ་འཁོར་གྱི་གཙོ་བོ་བྱས་པའི་སྒྲུབ་ཐབས་ཤིག་ཞུ་ཞུས་པས། འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་དབང་གནང་ཞིང་སྒྲུབ་ཐབས་ཆེ་ཆུང་གཉིས་བསྟོད་བ་དང་བཅས་མཛད་དེ་ལོ་ཙཱ་བས་བསྒྱུར།

 

 

ཇོ་བོའི་འཇིག་རྟེན་དབང་ཕྱུག་ལ་ཐུགས་དམ་དུ་མཛད་པས་ཞལ་མངོན་སུམ་དུ་གཟིགས། དབུས་སུ་ཕེབས་ནས་ཀྱང་ཇོ་བོའི་ཞབས་ཏོག་མཛད་ཅིང་ཆོས་ཀྱང་མང་དུ་གསན། ཇོ་བོའི་གསུང་ལ་གཅེས་སྤྲས་སུ་མཛད་པས་ཇོ་བོ་རྗེ་ཤིན་ཏུ་མཉེས། ལྷ་བཙུན་བོ་དྷི་རཱ་ཛས་ཇོ་བོ་ལ་ལྷ་བཙུན་པས་ཕྱག་མཛད་ཙ་ན་མི་བཞེང་། ཁོ་བོས་ཕྱག་བགྱིས་ཙ་ན་སྐུ་ལུས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཀྱང་བཞེང་བ་ཇི་ལྟར་ལགས་ཞུས་པས། ལྷ་བཙུན་པ་ངེའི་སློབ་མ་ཡིན་ཁྱེད་བོད་ཀྱི་རཱ་ཛ་ཡིན་གསུང་། འོ་ན་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པས། ཇོ་བོ་སྤྱན་ཟིམ་མེ་མཛད་ནས་ལགས་ལགས་བཟོད་པ་མཛོད་གསུང་། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་བས། ཞེས་ཇོ་བོ་རྗེ་ཐུགས་ཤིན་ཏུ་མཉེས་པས་སྲས་ཀྱི་ཐུ་བོར་གྱུར་པ་ཞིག་སྟེ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་འཛམ་གླིང་བསྟན་པའི་སྒྲོན་མེ་གཅིག་པུ་འདི་ཁོང་གི་བཀའ་དྲིན་ལས་བྱུང་བས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་པ་ཞིག་གོ།

ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཟུར་འདོན་ཞུས།

བརྒྱུད་སྐུལ།

མཆན་སྤེལ།