ལྷ་བླ་མ་བྱང་ཆུབ་འོད་རྣམ་ཐར་སྙིང་བསྡུས།

ལྷ་བླ་མ་བྱང་ཆུབ་འོད་རྣམ་ཐར་སྙིང་བསྡུས།

ལྷ་བླ་མ་བྱང་ཆུབ་འོད་རྣམ་ཐར།

 

དེ་ཡང་ལྷ་བླ་མ་བྱང་ཆུབ་འོད་ནི། མངའ་རིས་ཀྱི་གུ་གེ་རྒྱལ་པོ་མངའ་བདག་ལྷ་ལྡེའི་བུ་གསུམ་གྱི་བར་པ་བཀྲ་ཤིས་འོད་ཡིན། རྗེས་སུ་རབ་ཏུ་བྱུང་བའི་མིང་ལ་བྱང་ཆུབ་འོད་ཟེར། ཁུ་བོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས། ཁོང་གིས་བསྐུལ་མ་ཞུས་པ་ལྟར་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ཀྱང་བརྩམས་པ་གནང་། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་ཆོས་འབྱུང་དུ་གསལ་[1]ལ།

དེ་བཞིན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་[2]ཀྱང་། ལྷ་བཙུན་བྱང་ཆུང་འོད་ནི། མངའ་བདག་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོར་འཁྲུངས། རྟེན་དགེ་སློང་དུ་བཞུགས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་བ་ཡང་མཁས་པར་མཁྱེན། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཕུལ་དུ་བྱུང་། བསམ་ཡས་ཀྱི་ཀ་བའི་ཆོལ་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་སྤྱན་དྲངས་པ་ལ་སྒྲུབ་ཐབས་ཀ་བཀོལ་མར་གྲགས་ཏེ་ལོ་ཆེན་རིན་ཆེན་བཟང་པོ་ནས་རིམ་པར་བརྒྱུད། དཔལ་ལྡན་ས་སྐྱ་པའི་མགོན་པོད་དུ་དཔེ་ལུང་རྒྱུན་མ་ཆད་པར་བཞུགས། སྤྱིར་ལྷ་བླ་མ་ཁུ་དབོན་འདི་རྣམས་ཀྱི་རིང་ལ་ལྷ་ས་དང་བསམ་ཡས་ལ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཉམས་པ་གསོ་བ་དང་། འུ་ཤང་རྡོའི་གཙུག་ལག་ཁང་མེས་ཚིག་པའི་ཤུལ་དུ་ལྷ་ཁང་གསར་བཞེངས་དང་། ཐོ་ལིང་གསེར་གྱི་ལྷ་ཁང་སོགས་བཞེངས་ཤིང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས་བསྟན་པའི་ཉམས་གསོ་མཛད་པས་ཕྱག་རྗེས་ཤིན་ཏུ་ཆེ་བ་ཡིན་འདུག་གོ །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་གུ་གེ་ཚེ་རིང་རྒྱལ་པོས་བརྩམས་པའི་མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ལས[3]། ཕོ་བྲང་བྱང་ཆུབ་འོད། ཕོ་བྲང་བྱང་ཆུབ་འོད་ནི་མངའ་བདག་ལྷ་ལྡེ་བཙན་གྱི་བུ་བར་པ་ཡིན་ཅིང་མིང་ལ་བཀྲ་ཤིས་འོད་བརྗོད། བོད་རབ་བྱུང་གོང་གི་ས་ལུག་ (ཕྱི་ལོ་ 983 ལོ།) ལ་སྐུ་འཁྲུངས་ཤིང་། བོད་རབ་བྱུང་གོང་གི་ཆུ་ཕག་ (ཕྱི་ལོ་ 1023) ལོ་སྟེ་དགུང་ལོ་བཞི་བཅུ་ཐམ་པར་རབ་ཏུ་བྱུང་། རབ་ཏུ་མ་བྱུང་གོང་ལ་ཁུ་བོའི་ཚབ་ཏུ་གུ་གེའི་རྒྱལ་རྒྱུད་བསྐྱངས་ཤིང་སྲིད་དོན་མཛད། ཁོང་སྐུ་ཚེ་ཧྲིལ་པོར་གུ་གེ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་ཡོད་པ་ནི། མང་ནང་དུ་བྱང་ཆུབ་གླིང་གཙུག་ལག་ཁང་བཏབ་ཅིང་གསེར་གྱི་མཆོད་རྟེན་བཞེངས། མཐོ་གླིང་དགོན་པ་རྒྱ་སྐྱེད་བཏང་ལ། སྐུ་གསུང་ཐུགས་རྟེན་མང་དུ་བསྐྲུན། མཐོ་གླིང་དང་མང་ནང་དགོན་པའི་བཙུན་པ་ཚོའི་འཚོ་རྟེན་ཆེད་དུ་དཔྱ་ཁྲལ་རྒྱུག་པའི་ཁྲིམས་སྲོལ་བཙུགས། བོད་རབ་བྱུང་དང་པོའི་མེ་མོ་གླང་ (ཕྱི་ལོ་ 1037) ལོ་ལ་ཁུ་བོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་གཞིར་བཞག་གིས་ནག་འཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་གསེར་སྲང་སུམ་ཅུ་སོ་གཉིས་དང་གསེར་ལིང་པ་གཅིག་བསྐུར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་བའི་ཕོ་ཉ་རྒྱ་གར་ན་མངགས། བོད་རབ་བྱུང་དང་པོའི་ཆུ་ཕོ་རྟ་ (ཕྱི་ལོ་ 1042) ལོ་ལ་ཨ་ཏི་ཤ་མངའ་རིས་གུ་གེར་གདན་ཕེབས་པའི་ཚེ་ཕོ་བྲང་བྱང་ཆུབ་འོད་ཀྱི་རྟ་དཀར་མི་དཀར་སུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་ཉོས་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་ཁོང་གིས་བསྐུལ་མ་ཞུས་པ་ལྟར་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ཀྱང་བརྩམས་པ་གནང་། ཁོང་གི་ཚེ་མཇུག་ཏུ་སྤུ་རང་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས་ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་བྷི་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་མན་ངག་དང་། མ་རྒྱུད་སོགས་ཀྱང་བསྒྱུར་ཡོད་དོ། །ཞེས་གསལ་བ་ལྟར་རོ།།

 

དཔྱད་གཞི།

[1] དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༣༢༦

[2] གཏེར་སྟོན་བརྒྱ་རྩའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༡༨

[3] མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༦༩

བརྒྱུད་སྐུལ།

མཆན་སྤེལ།