ལྷ་རྒོད་གནས་བཤད།

ལྷ་རྒོད་གནས་བཤད།
༄༅། །ལྷ་རྒོད་གནས་བཤད། ལྷ་མི་སྟོན་པ་མཉམ་མེད་ཤཀྱའི་རྒྱལ། གངས་ལྗོངས་ལྷ་སྐལ་སྙིང་རྗེ་པད་དཀར་འཆང་། གྲུབ་པའི་དབང་ཕྱུག་སློབ་དཔོན་པདྨ་འབྱུང་། འདུལ་དཀའ་འདུལ་མཛད་གསུམ་ལ་གུས་པས་འདུད། འདིར་ལྷ་རྒོད་གངས་རི་ཞེས་བྱ་བའི་གྲུབ་གནས་དང་མཚོ་ཆེན་རྣམས་ཀྱི་ཁྱད་པར་ཅུང་ཟད་གཅིག་འབྲི་བར་བྱ་བ་ལ། དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས་ས་གཞི་མ་ལུས་པ་ཐམས་བཅད་ལ་ཞབས་ཀྱིས་བཅགས། ཁྱད་པར་དུ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཕྱོགས་བཞིར་སྦས་པའི་ཡུལ་ཆེན་པོ་བཞི།

གངས་ཆེན་ཉི་ཤུ་རྩ་གཅིག་སྒྲུབ་གནས་བརྒྱ་རྩ་བརྒྱད་ལ་སོགས་པ་རྣམས་སུ་སྒྲུབ་པ་མཛད་པའི་རབས་ནི། བཀའ་ཐང་རྣམས་ལས་གསལ་བར་འབྱུང་ལ། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། སྐུ་གསུང་ཐུགས་ཀྱི་སྤྲུལ་བ་རང་བྱུང་འབྱོན། དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད། ཕྱོགས་ནི་མ་ངེས་ཕྱོགས་མཚམས་ཀུན་ལ་སོགས། ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར། དེ་བཞིན་དུས་ནི་མ་ངེས་འབྱོན་པར་འགྱུར། ཡུལ་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ་ལས། མཆིམས་ཕུས་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ། གངས་ཏི་སེ་མན་ཆད། ཁམས་གཙང་བ། ལྕིན་བྲག རྒྱ་ནག་རི་བོ་རྩེ་ལྔ། གན། འཇང་། ཧུ་དང་། མི་ཉག ཧོར། ལི་ཡུལ། གྲུ་གུ ཀོང་པོ། རྒྱ་ལ། མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་ཐམས་ཅད་དུ་སྒྲུབ་གནས་། གཏེར་ཁ་ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ཤིང་འགྲོ་བ་ཐམས་ཅད་སྨིིན་གྲོལ་བཀོད་དོ། ཞེས་གསུང་། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཨོ་རྒྱན་ཆེན་པོའི་བྱིན་གྱིས་བརླབས་པའི་ལུང་པ་ལྔ། ལྗོངས་གསུམ། གླིང་བཞི། གངས་ཆེན་ཉི་ཤུ་རྩ་གཅིག གྲུབ་པའི་གནས་བརྒྱད། ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ཡོད། དེ་རྣམས་སུ་སྐུ་ཚབ་བྱིན་བརླབས་ཅན་རྣམས། གསུང་ཚབ་ཤོག་སེར། ཐུགས་རྟེན་མཆོད་རྟེན་དང་རིང་བསྲེལ། ཕྲིན་ལས་མྱོང་གྲོལ་དམ་རྫས་ཀྱི་གཏེར་ཁ་མང་དུ་སྦས་ནས་ཡོད། གནས་དེ་རྣམས་ཀྱི་ནང་ནས་གངས་ཆེན་ཉི་ཤུ་རྩ་གཅིག་གིས་ཡ་གྱལ་ལྷ་རྒོད་ཞེས་བྱ་ཞེས་བྱ་བའི་ཁྱད་པར་ཅུང་ཟད་གཅིག་འབྲི་བ་ལ། གནས་འདི་ནི་ལྷ་རྩེ་རྫོང་མང་མཁར་ཞེས་ཡོངས་སུ་གྲགས་པའི་ཕུ་ཆ་ལུང་རྡོ་རྗེ་བྲག་རྫོང་གིས་ལྷོ་ངོས་ལུང་ཤུར་ལ་འགྲོ་དགོས་ཡོད། གནས་དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༤༥༤ ཡོད། དེ་ནས་ཡར་ཙམ་སོང་ན་རྡོ་དཀར་པོ། གྲལ་སྒྲིག་ནས་ཡོད་པ་དེ་ཡན་ལ་ལྷ་རྒོད་བཟེར། དེ་ནས་ཡར་ཙམ་སོང་ན། ཤར་རིའི་རྐེད་པ་ཙམ་ན་རང་བྱོན་སྦྲུལ་ནག་པོ་ལྷ་རྒོད་ལ་ཁ་ཕྱོགས་ནས་ཡོད། དེའི་མདུན་ན་སྦྲུལ་དཀར་ཞིག་གི་རང་བྱོན་ཡོད། དེ་ནི་ལྕགས་འཕྲང་རི་བོ་སྤུན་བདུན་དང་ལྷ་རྒོད་དམག་བརྒྱབ་ནས། དུག་སྦྲུལ་ནག་པོ་དེ་ལྕགས་འཕྲང་ནས་གཏང་བ་དང་། དེའི་འགོག་བྱེད་དུ་ལྷ་རྒོད་ནས་སྦྲུལ་དཀར་གཏང་ནས་སྔོན་ལ་སླེབ་ནས་རི་དེར་འཁྱིལ་ནས་བསྡད་རེད་ཟེར། དེ་ནགང་ཙམ་སོང་ན་སྒྲུབ་ཕུག་གཅིག་ཡོད། དེ་ནས་ཡར་སོང་ན་མཆོད་བརྟེན་ཆེན་པོ་ཞིག་ང་དགུའི་གོང་ལ་ཡོད། དེང་ས་ཤུལ་ཙམ་ལས་གང་ཡང་མེད། དེ་ནས་ཡར་སོང་ནས་ལ་སྐེད་ཙམ་ན་གསང་བའི་སྒྲུབ་ཕུག་ཡོད། དེར་སློབ་དཔོན་ཆེན་པོ་སྐུ་མཚམས་ལ་བཞུགས། མཚམས་ལ་བཞུགས་དུས་ཞལ་སྐྱེམས་ནས་ཕུག་པའི་སྒོ་ཡི་ནང་གི་རྡོ་ནས་ཆུ་བཞེས་པའི་ཆུ་ཐིག་ཅུ་བཟད་རྒྱག་གི་ཡོད་པ་དེ་བྱིན་བརླབས་ཀྱི་མཚན་ཁ་ཤིན་ཏུ་ནས་ཆེན་པོ་ཡོད། ཕུག་དེའི་ནང་སངས་ཀྱི་དྲི་མ་བྲོ་བ་ཡོད། སློབ་དཔོན་རིན་པོ་ཆེའི་བཞུགས་ཁྲི་མཇལ་རྒྱུ་ཡོད། ལ་རྩེར་སྒྲུབ་ཕུག་གཅིག་ཡོད་པ་དེར་སློབ་དཔོན་མཆོག་ནས་ལྷ་རྒོད་གནས་བདག་དགེ་བསྙེན་ཉེར་གཅིག་ནང་གི་ལྷ་རྒོད་འགྲ་ལྷའི་རྒྱལ་པོ་སོགས་ལྷ་རྣམས་དམ་ལ་བཏགས་པ་དང་ལྷ་རྒོད་འོ་མ་མཚོ་གནས་སྒོ་ཆེ་བ་དང་དེའི་སྲུང་མ་ལྷ་ཡབ་སྲས་བཞིར་སྐོད་གནང་ཡོད། ཡུལ་དེར་གནོད་འཚེ་གཏོང་བའི་མི་ངན་བྱུང་ན། དེ་མ་ཐག་རི་ཉིལ་བ་དང་། ས་སྲུབ་པ། དྲེད་མོང་ཡོང་བ་སོགས་བསྟས་ངན་ཡོང་གི་ཡོད། དེའི་རྗེས་ང་དགུའི་གོང་ལ་ལྷ་རྒོད་དགེ་སློང་ལ་བཞུ་བའི་འཚམས་པ་གཅིག་བཞུགས་ཡོད། དེང་མཆོད་སྐོང་དང་ཐང་ག་ཁ་ཅིག་ཡོད། ལ་རྩེར་དེ་ལ་ལྷ་རྒོད་ཐེམ་པ་ཟེར། དེ་ནས་ལྷ་རྒོད་འོ་མ་མཚོ་མཇལ་གྱི་ཡོད། འོ་མ་མཚོའི་ནུབ་བྱང་དར་ཆེན་བཞི་ཡོད་པ་ནི། ཤར་ལྷོ་ནི་མཁན་སློབ་ཆོས་གསུམ་གྱིས་བོད་ཡུལ་བསྟན་པའི་སྲོལ་ཐོག་མ་བཙུགས་པའི་སྐབས་ཀྱི་དགེ་བསྙེན་ཉེར་གཅིག་གི་ནང་ཚན་ལྷ་རྒོད་དགྲ་ལྷའི་རྒྱལ་པོ་དང་། དེ་ནས་ཡུམ་ཆེན་ཝ་ལ་ཨུ་ཤུ སྲས་ཆུང་སྟག་ལྷའི་མེ་འབར། ལྕམས་ཆུང་སགས་མོ་སིལ་མོ། དེར་དར་གཏང་སངས་སོགས་ལྷ་མཆོད་བྱས། དེ་ནས་མཚོ་སྐོར་ལ་འགྲོ་བའི་ལམ་ནི་ཤར་ཀྱི་ལམ་ནི་རྫ་མང་བས་ཐོ་ཐོ་ཐད་ལ་དཀར་ནས་འགྲོ་དགོས། མཚོ་ཚེན་འམ་འོ་མ་མཚོ་ནས་ཡར་ཙམ་ན་མཚོ་ཆུང་ཆུང་ཞིག་ཡོད། མཚོ་མགོ་དེར་རྡོ་ཡིས་བཞུགས་ཁྲི་སློབ་དཔོན་རིན་པོ་ཆེ་སྐུ་བརྒྱབ་དང་དབུ་རྒྱབས་ཀྱི་རང་བྱོན་ཡོད། དེར་སྡིག་པ་ཆེ་ཆུང་ལྟ་ས་ཡོད། དེར་འཛུལ་སའི་ཁ་བྱང་དང། དོན་ས་ཤར། འདི་ནས་མ་ཐར་ན་ལྷོ། འདི་ནས་ཡང་མ་ཐར་ན་ཐོག་ལ་དོན་ས་ཡོད། དེའི་མདུན་ན་ཚོགས་གཏང་གནང་ས་རྡོ་ཀོང་ཞིག་ཡོད། དེར་སློབ་དཔོན་མཆོག་ནས་དང་མཁའ་འགྲོ་མ་རྣམས་ཀྱི་ཚོགས་གཏང་གནང་བའི་རྫས་རྣམས་མི་མ་ཡིད་རྣམས་ཀྱི་ཕུལ་གྱི་ཡོད་རེད་ཟེར། དེ་ནས་མཚོ་སྐོར་ལ་སོང་ནས་ནུབ་བྱང་ཕྱོགས་ནས་མཚོ་མཇལ་ཞུ་གི་ཡོད། མཚོ་དེ་ནི་བོད་ཟླ་ལྔ་བའི་ཚེས་བཅུ་བཞི་ལ་ཁྱགས་པ་མ་བཞུ་བ་དང་། མཚོ་ཁེངས་མེད་ན་ཡང་། ཚེས་བཅོ་ལྔར་ལྷ་རྒོད་མཆོད་ཀྱི་དུས་ཆེན་ཉིན་ཁེངས་ནས་ལུད་འོང་གི་ཡོད། ཉིན་དེར་ལྷ་རྒོད་གནས་མཇལ་དང་མཚོ་མཇལ་ལ་འགྲོ་བའི་དུས་ཆེན་ཡིན། མཚོ་དེ་འོ་མའི་མདོག་ལྟར་དཀར་ལ་དངས་བ་ཞིག་ཡོད། དེའི་ནང་མཚོ་གླང་ཡང་ཡོད་ཟེར་བས་དངོས་སུ་མཐོང་མི་བྱུང་བའི་ངག་རྒྱུན་ཡོད། དེ་ནས་མར་ཅུང་བབ་ན་སྒྲུབ་ཕུག་ཞིག་ཡོད་དེ་ཡི་ཐོག་ལ་སློབ་དཔོན་མཆོག་གི་དབུ་ཡི་རང་བྱོན་ཡོད། དེ་དང་ཉེ་བ་ན་མཁའ་འགྲོའི་གཞས་རྭ་ཡོད། ས་དེར་ཐང་བདེ་ཞིང་སྙོམ་ལ་ཀོང་ཀོང་གྲངས་ཉི་ཤུ་ནས་སུམ་ཅུ་བར་ཡོད། མཚོ་མཇལ་སྐོར། མཚོ་མཇལ་ནི་རང་རང་སོ་སོས་མི་ཚེ་འདི་ཡི་མ་འོང་གང་ཡོང་གསལ་པོ་བསྟོན་གྱི་ཡོད། མཚོ་མཇལ་ཞུ་སྐབས་ཐབ་ཤོར་དང་དམར་དྲི། སྐད་སྒྲ་ཆེན་པོ་མི་སྒྲོགས་པའི་ཐོག་ནས་བསང་མཆོད་སྔོན་དུའགྲོ་བའི་སྒོ་ནས་སྙིང་ཐག་པ་ནས་གསོལ་བ་འདེབས་ཤིང་། དད་པའི་སྒོ་ནས་སྨོན་སེམས་དང་བཅས་མཚོ་རྫས་དང་སྙན་དར་འབུལ་བའི་སྲོལ་ཡོད། རང་ཉིད་དར་རྒུད་ཇི་ཡོང་སྙན་ཤལ་ལ་བརྟགས་ནས་ཡོང་གི་ཡོད། ལམ་འགྲོ་ཆེ་བའི་དར་རྣམསམཚོ་ཐོག་སྐོར་བ་འཁོར་ཞིང་ཀེར་རེ་ཤིང་ལྟར་གྱན་ལང་དུ་གནས་བ་དང་། ལམ་འགྲོ་ཆུང་རིགས་ཀྱི་སྙན་དར་མཚོ་སྟེང་ནས་རྦ་རླབས་ཀྱིས་དེད་དེ་མཚོ་མཐར་བུད་ཡོང་གི་ཡོད་རེད། རང་ཉིད་ཀྱིས་ཇི་ལྟར་སྨོན་པའི་རེ་འབྲས་དང་ལྷག་པར་ཚེ་འཇུག་སྐྱིད་སྡུག་ལེགས་ཉེས་ཇི་བྱུང་བཀོད་ཐང་ལས་ཀྱི་རི་མོ་བསླབ་རྒྱུ་མེད་པའི་་གནས་ལུགས་ཡིག་འབྲུ་དང་། ཡུལ་ལུང་གི་དཀོད་པ། ཁང་ཁྱིམ་སོགས་བསྟན་གྱི་ཡོད། རྒྱོགས་པོ་འཆི་བ་འོང་གི་ཡོད་ན་གཅེར་བུ་འོང་བ་མཐོང་གི་ཡོད་པས་དེང་དུས་སྒྲ་མེད་གློག་བརྙན་ལྟ་བུ་གསལ་བོར་མཐོང་ཐུབ། མི་མང་པོ་མཉམ་དུ་ཡོད་ཡང་་། རང་རང་ལས་ཀྱི་བཀོད་ཐང་མི་འདྲ་བ་སྣང་ཚུལ་ཡང་མི་འདྲ་བ་མཐོང་གི་ཡོད་པ་རེད། ཇོ་མོ་མཚོ། འོ་མ་མཚོ་ནས་ནུབ་ལ་ཅུང་སོང་ན། ཇོ་མོ་མཚོ་ཡོད་དེ་ནི་མཐའ་བཞི་སྤང་གི་སྐོར་བའི་དབུས་ན་སྔོ་ལ་དངས་ཞིང་ཉམས་དགའ་བ་ཞིག་ཡོད། དེ་ཡིས་མཐའ་བཞི་རི་ཡི་སྐོར་ཡོང་པའི་བྱང་རི་ནི་སེངྒེ་ཁ་སྤྲོད་ལྟ་བུའི་ས་ཀྲ་ཡོད། སློབ་དཔོན་རིན་པོ་ཆེ་མཆོག་ནས་བོད་ཡོང་ལ་གཏེར་ཁ་བཟབ་གནད་ཅན་མང་དུ་སྦས་གནང་ཡོད་པའི་ཁོང་ནས་གནས་འདིར་ཡང་གཏེར་ཁ་མཐུ་འབུམ་སྦས་གནང་ཡོད་པ་ནི། དེ་ཡང་། གཙང་གི་མང་མཁར་གངས་ལ་མཐུ་འབུམ་སྦས་ཞེས་གསུང་། སྤྱི་ལྷ་རྒོད་ལ་། སྒྲུབ་གནས་བརྒྱ་རྩལ་བརྒྱད། མཚོ་ཆེ་ཆུང་བརྒྱ་རྩལ་བརྒྱད་ཡོད་ཟརེ། ལྷ་རྒོད་གངས་ཆུ་ནི་མཚོ་གཉིས་ནས་འོང་གི་ཡོད། ལྷ་རྒོད་ནས་མང་མཁར་གཞུང་རྒྱུད་རྟ་མཆོག་ཁ་བབས་ལ་འབབས་ཀྱི་ཡོད། ཁ་དཔེ་ལ། ཞལ་ཉི་ཤར་ལ་གཟིགས། དངོས་གྲུབ་མང་མཁར་ལ་གནང་ཟེར། ཉི་ཤར་ལུང་པ་ཕྱོགས་ཀྱི་རི་འདྲ་སྙིང་རྗེ་བོ་ཡོད། དངོས་གྲུབ་འམ་ཆུ་དེ་མང་མཁར་རྒྱུད་ནས་འགྲོ་གི་ཡོད་པས་དངོས་སུ་ལོང་སྤྱོད་པ་དག་གི བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ལྷ་རྒོད་མཆོད་ཞེས་ཡུལ་ལུང་གང་སར་བསང་གཏང་དར་གཏང་ལྷ་རྒྱལ་མཐེན་། རྟ་རྒྱུགས་གཏང་བ་བཞས་བཞབས་གྲོ་སོགས་ལ་རོལ་ནས་དུས་ཆེན་གྲ་རྒྱས་པོ་བྱེད་ཀྱི་ཡོད། འདིར་སྒྲུབ་གནས་གྲགས་ཆེ་བ་དགའ་ཞིག་དང་མཚོ་གཉིས་ཀྱི་གནས་ཡིག་མདོར་སྡུས། གང་ཐོས་བ་དང་ཡི་ཆ་གང་མཐོང་བ་རྣམས་བྲིས་ཡོད་པས་མཁྱེན་ལྡན་རྣམས་ཀྱི་གཟིགས་ན་ནོར་འཁྲུལ་མང་པོ་ཡོད་པས་སྐྱོན་སེལ་དང་ཡོ་སྲང་ཡོད་པ། སྨས་པ། གནས་བཤད་ངག་སྒྲོས་སེ་མོའི་འདུལ་བྱེད་ལས། ངལ་བ་ཅུང་ཟད་བྱས་པའི་བསོད་ནམས་ཀྱི། འགྲོ་ཀུན་སེམས་ཅན་སྡུག་བསྔལ་དང་བྲལ་ནས། བརྟན་དུ་ཞི་བདེ་རྫོགས་བྱངས་ཐོབ་པར་ཤོག

ལྷ་རྒོད་གངས་རིའམ་དངོས་མིང་ཡེ་ཤེས་རྒྱལ་མཚན་སྤྱི་ལོ་༢༠༡༩བོད་ཟླ་༥:༡༥
དཔྱད་དེབ་ནི། ༡ བཀའ་ཐང་སྡེ་ལྔ། ༢ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ ༣ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ། ༤བོད་རྒྱ་ཚིག་མཛོད་ཆེ་མོ། ༥ རྒན་རབས་དག་གི་ངག་བརྒྱུན།

 

བརྒྱུད་སྐུལ།

མཆན་སྤེལ།