ལྷ་ལྡན་གཙུག་ལག་ཁང་གི་ལོ་རྒྱུས།

ལྷ་ལྡན་གཙུག་ལག་ཁང་གི་ལོ་རྒྱུས།

1) ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མིང་།

རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ་བའི་ཆ་ནས་ཇོ་ཁང་དང་། ལྷ་ལྡན་དུ་ཆགས་ཤིང་བཀའ་བསྟན་བཞུགས་ཡུལ་ཡིན་པའི་ཆ་ནས་ལྷ་ས་གཙུག་ལག་ཁང་། ར་ལ་ས་བཀལ་ནས་འོ་ཐང་གི་མཚོ་བསུབ་སྟེ་བཞེངས་པར་བརྟེན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་། གཞན་ཡང་། ༡༽ སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ་བ་དང་། ༢༽ ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། ༣༽ རྩིག་པ་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། ༤༽ ལྕམ་གདུང་མིག་མངས་རིས་སུ་བྱས་པས་བོད་འབངས་དགའ་ཞེས་པ་ལྟར་དགའ་བཞི་ཞེས་པའི་མཚན་ཐོགས་པར་གྲགས་སོ།།

2) ནམ་ཞིག་སུས་བཞེངས་མིན།

སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱི་ལོ་ 642/ 647 ལོར་བཞེངས་པས་ད་བར་ལོ་ངོ་ 1371/ 1376 ཕྱིན་ཡོད། གཙུག་ལག་ཁང་གི་རྒྱ་ཁྱོན། གཙུག་ལག་ཁང་གི་ས་ཆའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ 13000 ཙམ་དང་། ཨར་སྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ 35100 ལྷག་ཙམ་ཡོད་ལ། གཙུག་ལག་གི་ལྟེ་བར་ཐོག་ཚད་གསུམ་དང་། ཕྱོགས་བཞིའི་རྒྱ་ཕིབས་བཞི་དང་། མཚམས་བཞིར་ཟུར་ལྕོག་བཞི་བཅས་ཐོག་ཚད་བཞི་ཡོད་དོ།།

3) བཞེངས་པའི་དགོས་པ་རྒྱུ་མཚན།

སྲོང་བཙན་སྒམ་པོས་ནང་ཆོས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་སྲོལ་བཟང་གཏོད་ཅིང་དར་སྤེལ་ཡོང་བ་དང་། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་ཁག་གི་སྔོན་ཐོན་གྱི་ཆོས་དང་རིག་གནས་སོགས་ཤེས་རིག་གི་སྙིང་བཅུད་གང་མང་བསྡུ་ལེན་བྱེད་པའི་རྟེན་གཞིར་དགོངས་ཤིང་། ཡངསྒོས་རྟེན་མཆོག་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་གནས་དང་། ལེགས་ཚོགས་མཐའ་ཡས་པ་ཕྱོགས་གཅིག་ཏུ་བྱུར་བུར་སྤུངས་ཐུབ་པའི་ཆེད་དུ་དམིགས་ནས་གཙུག་ལག་ཁང་འདི་བཞིན་གསར་བཞེངས་མཛད་པ་ཡིན།

4) གཙུག་ལག་ཁང་ཆགས་ཡུལ།

གཙུག་ལག་ཁང་འདི་ནི་ལྷ་ས་གྲོང་ཁྱེར་རྙིང་པའི་ལྟེ་བར་ཆགས་ཡོད། དེའང་ཆོས་རྒྱལ་སྲོང་བཙན་གྱིས་ཕོ་བྲང་དམར་པོ་རིའི་སྟེང་ཕོ་བྲང་པོ་ཏ་ལ་མ་བཞེངས་གོང་། ད་ལྟ་ལྷ་སའི་ཁུལ་དུ་སྐྱིད་ཤོད་ཅེས་དང་། དེ་ཁུལ་དུ་རྒྱུགས་པའི་ཆུ་བོ་ལ་སྐྱིད་ཆུ་ཞེས་ཟེར། ད་ལྟའི་ར་ས་གཙུག་ལག་ཁང་གི་ཤུལ་དུ་འོ་ཐང་གི་མཚོ་ཞེས་མཚེའུ་ཆུང་ངུ་ཞིག་ཡོད་པ་བཅས་ཡིན། དེ་ནས་ཆོས་རྒྱལ་སྲོང་བཙན་དམར་པོ་རི་ལ་བཞུགས་པའི་ཚེ། བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་རྒྱལ་པོའི་བཙུན་མོར་བསུས་པས། བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་ར་མོ་ཆེའི་ཇོ་བོ་ཞེས་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཀྱི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་གཙོ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤྭཀྱ་མུ་ནེ་བཅས་སོ་སོར་གདན་དྲངས། དེ་ནས་བལ་བཟའ་རང་གིས་གདན་དྲངས་པའི་རྟེན་གྱི་བཞུགས་གནས་ཤིག་བཞེངས་དགོས་ཐུགས་ལ་ཤར་ཏེ་རྒྱལ་པོར་ཞུས་པས་རྒྱལ་པོས་ཀྱང་ཐུགས་དགྱེས་མཉེས་དང་བཅས་དེ་ལྟར་ཆོག་པ་ཞལ་གྱིས་བཞེས། དེ་ནས་བལ་བཟའ་ཁྲི་བཙུན་གྱིས་ཞལ་ཏ་མ་མངགས་ཏེ་རྒྱ་བཟའ་ཀོང་ཇོར་གཙུག་ལག་ཁང་བཞེངས་པའི་ས་དཔྱད་གང་བཟང་ཞུ་བར་བཏང་། རྒྱ་བཟས་ཀྱང་རྒྱ་ནག་གི་སྤོར་ཐང་བརྒྱད་ཅུ་ཞེས་རྩིས་སྐོར་ཏེ་གསལ་བར་བསྟན་ཡང་ཞལ་ཏ་མས་རྒྱ་བཟས་གསུངས་པ་ཇི་བཞིན་བལ་བཟར་མ་ཞུས་སྟབས་མཚོ་བསུབ་ཀྱང་མ་ཟུབ། ལ་དགོང་ནེའུ་ཐང་ལ་རྨང་བཏིང་ཡང་ཉིན་མོ་མིས་བརྩིགས་པ་མཚན་མོ་མི་མ་ཡིན་གྱིས་བཤིག དེ་ལྟའི་རྒྱུ་མཚན་རྒྱལ་པོར་ཞུས་པས་རྒྱལ་པོས་མཁྱེན་བཞིན་དུ་མ་མཁྱེན་ཚུལ་མཛད། ཁྲི་བཙུན་དང་བཅས་འོ་ཐང་གི་མཚོ་འགྲམ་དུ་ཕེབས་ཏེ་སོར་གདུབ་ནམ་མཁར་འཕེན་བཅུག་གནང་བས་མཚོ་ནང་དུ་ལྷུང་བ་དང་། དེ་མ་ཐག་མཚོའི་དབུས་ན་འོད་ཟེར་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་ཞིག་གསལ་བ་ཀུན་གྱིས་གཟིགས། དེ་ནས་ཆོས་རྒྱལ་གྱིས་བདེན་ཚིག་ཐུགས་སྨོན་གནང་། བློན་འབངས་ཀྱིས་རྡོ་བསྐྱུར་བ་སོགས་མཛད་པས་དེ་དབུས་རྡོའི་མཆོད་རྟེན་སྲ་ཞིང་བརྟན་པ་ཞིག་ཏུ་སོང་བ་ལ་གདུང་མ་རྣམས་ཀྱི་སྣེ་གཏད། སྤྲུལ་པའི་ར་ལ་ས་བཀལ་ཏེ་མཚོ་བསུབས། སྔོན་འགྲོའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་སྐོར། འོན་ཀྱང་ཉིན་མོ་མིས་བརྩིགས་པ་མཚན་མོ་ལྷ་འདྲེས་བཤིགས་པས། རྒྱལ་པོ་ཡབ་ཡུམ་ཉང་བྲན་ཕ་བོང་ཁར་འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལ་བཞུགས་ཏེ་གསོལ་བ་བཏབ་པས། འཕགས་པས་བོད་འདི་སྲིན་མོ་གན་ཀྱལ་དུ་ཉལ་བའི་དབྱིབས་སུ་ཡོད་པས་གཙུག་ལག་ཁང་བཞེངས་པའི་ཐོག་མར་ས་པྲའི་མེ་བཙའ་རྣམས་གནོན་དགོས་པས། མཐའ་འདུལ། ཡང་འདུལ། རུ་གནོན་བཅས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ན་རྒྱལ་པོའི་བཞེད་པ་ལྷུན་གྱིས་འགྲུབ་པའི་ལུང་བསྟན་པས། དབུ་རུ་མལ་གྲོ་ཀ་ཚལ་མི་འགྱུར་བའི་ལྷ་ཁང་དང་། དེའི་ལག་ཏུ་གསེག་ཤང་འགིར་ཏིའི་ལྷ་ཁང་། གཡོ་རུ་ཡར་ཀླུང་དུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམ་གྱི་ལྷ་ཁང་དང་དེའི་ལག་ཏུ་བཙན་ཐང་གཡུ་ཡི་ལྷ་ཁང་། གཙང་དུ་གཙང་འགྲམ་དགེ་རྒྱས་ཀྱི་ལྷ་ཁང་དང་དེའི་ལག་ཏུ་དགེ་དྲུང་གི་ལྷ་ཁང་། ངམ་རིང་དུ་གྲམ་པ་རྒྱས་དྲི་མེད་ཀྱི་ལྷ་ཁང་དང་དེའི་ལག་ཏུ་འབྲེའི་ལྷ་ཁང་བཅས་མཐའ་འདུལ་གྱི་ལྷ་ཁང་ལག་དང་བཅས་པ་དང་། ཤར་སྟག་གི་མགོའི་སྟེང་དུ་ཀོང་པོ་བུ་ཆུའི་ལྷ་ཁང་། ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་མཁོ་མཐིང་གསེར་གྱི་ལྷ་ཁང་། ནུབ་བྱ་དམར་པོའི་སྒལ་སྟེང་དུ་ཚལ་རིག་ཤེས་རབ་སྒྲོན་མེའི་ལྷ་ཁང་། བྱང་རུས་སྤལ་གྱི་སྒལ་སྟེང་དུ་སྟོད་པྲ་བདུན་རྩེའི་ལྷ་ཁང་བཅས་ཡང་འདུལ་གྱི་ལྷ་ཁང་བཞི་དང་། ཚངས་པ་རླུངས་གནོན་གྱི་ལྷ་ཁང་། ལྡན་ཀློང་ཐང་སྒྲོལ་མ། མང་ཡུལ་བྱམས་སྤྲིན་དགེ་རྒྱས་ཀྱི་ལྷ་ཁང་། ལྷོ་འབྲུག་སྤ་དྲོ་སྐྱེར་ཆུའི་ལྷ་ཁང་སྟེ་རུ་གནོན་གྱི་ལྷ་ཁང་བཞི་བཅས་རྟེན་དང་བརྟེན་པར་བཅས་པ་བཞེངས་གནང་མཛད། འོན་ཀྱང་ད་ལྟ་རང་རེས་མཇལ་བའི་གཙུག་ལག་ཁང་གཞི་ཁྱོན་ཆེན་པོ་འདི་ལྟ་བུ་དེ་མ་ཐག་འགྲུབ་མེད་ཀྱང་། བལ་བཟའི་ཐུགས་འདུན་ལྟར་གྱི་གཙུག་ལག་ཁང་དེ་འགྲུབ་པར་མཛད་དོ།། རྒྱལ་སྒོ་ཤར་ནུབ་ཏུ་བསྟན་པའི་རྒྱུ་མཚན། སྤྱིར་དགོན་པ་དང་གཙུག་ལག་ཁང་། ཕོ་བྲང་གཙོ་བོར་གྱུར་པའི་བོད་མིའི་ཁང་བཟང་ཕལ་མོ་ཆེའི་སྒོ་ལྷོ་ལ་ཕྱོགས་ཏེ་བཞེངས་སྲོལ་ཡོད་པ་ནི། འཛམ་གླིང་ཡང་རྩེའི་དམིགས་བསལ་གྱི་གནམ་གཤིས་དང་ཐད་ཀར་འབྲེལ་བ་ཡོད་ཀྱང་། ཇོ་ཤཱཀ་རྣམ་གཉིས་ཀྱི་བཞུགས་ཡུལ་གཙུག་ལག་ཁང་རྣམ་གཉིས་ནི་དེ་ལས་ལྡོག་སྟེ་ཞལ་ཤར་ནུབ་ལ་ཕྱོགས་ནས་བཞེངས་པ་ནི་ཇོ་ཤཱཀྱ་རྣམ་གཉིས་ཤར་ཕྱོགས་རྒྱ་དང་། ནུབ་ཕྱོགས་བལ་ཡུལ་ནས་གདན་དྲངས་པས་བལ་བཟའི་ཡབ་མཉེས་པར་བྱེད་པ་ལ་ལྷ་ཁང་གི་སྒོའང་ནུབ་བལ་ཡུལ་དུ་གཏད་པ་དང་། དེ་དང་དུས་མཚུངས་རྒྱ་བཏབ་ར་མོ་ཆེ་གཙུག་ལག་ཁང་གི་རྒྱལ་སྒོ་ཡང་ཤར་རྒྱ་ནག་ལ་ཕྱོགས་ནས་བཞེངས་ཏེ་གྲུབ་སྟེ་ཇོ་ཤཱཀྱ་རྣམ་གཉིས་གཙུག་ལག་ཁང་སོ་སོར་གདན་དྲངས་ཏེ་རྟེན་དང་བརྟེན་པར་བཅས་པ་བཞུགས་སོ་གསོལ་བ་ཡིན།

5) སྐུ་གསུང་ཐུགས་རྟེན་དང་ཇོ་བོའི་ལོ་རྒྱུས།

དེ་ལྟར་ཕྱིའི་བཀོད་པ་རིམ་བཞིན་རྒྱ་སྐྱེད་བྱུང་བ་ལ། ནང་དུའང་རྟེན་གསུམ་བཞུགས་སུ་གསོལ་བ་ལ་སྐུའི་རྟེན་དུ་རྒྱལ་བ་རིགས་ལྔ་ཆོས་རྒྱལ་ཉིད་ཀྱི་ཕྱག་ནས་མ་ཞེས་པའི་ལྡེབས་བྲིས་དང་། གསུང་གི་རྟེན་དུ་ཆོས་རྒྱལ་དུས་ཀྱི་ཐུགས་རྗེ་ཆེན་པོའི་གཟུངས་ཡིག་དྲུག་མ། ཐུགས་ཀྱི་རྟེན་དུ་ཆོས་རྒྱལ་གྱི་ཕྱག་ཚྭ་བཞུགས་པའི་བརྟག་པ་མཆོད་རྟེན་ཞེས་པ་སོགས་སྐུ་རྟེན་ཐུགས་རྟེན་བྱིན་ཅན་ཤིན་ཏུ་མང་པོ་བཞུགས་སོ་གསོལ་ཡོད། ཇོ་བོའི་སྐུ་བརྙན་བཞེངས་ཚུལ། ལྷ་ཁང་དབུས་མའི་ནང་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་འདི་ཉིད་ནི། སྔོན་སྟོན་པ་བཅོམ་ལྡན་འདས་རྒྱལ་པོ་རྒྱལ་བྱེད་ཀྱི་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། འཁོར་རྣམ་བཞིས་བསྐོར་ཏེ་བཞུགས་པའི་དུས་སུ། འཕགས་པ་འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་ད་ལྟའི་དུས་སུ་འགྲོ་བ་སེམས་ཅན་རྣམས་ཀྱིས་ཞལ་ཡང་ཁྱེད་ལ་བལྟ། མཆོད་པ་ཡང་ཁྱེད་ལ་འབུལ། བསོད་ནམས་ཀྱང་དེ་ལ་བརྟེན་ནས་གསོག་པ་ལ། ཁྱེད་དགོངས་པ་མྱ་ངན་ལས་འདས་ན་སེམས་ཅན་རྣམས་ཀྱི་བསོད་ནམས་གསོག་པའི་རྟེན་མེད་པས། སེམས་ཅན་ཐམས་ཅད་ཀྱི་ཚོགས་གསོག་པའི་རྟེན་ཞིག་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་བཞིན་འཛུམ་པ་དང་བཅས་ཞལ་ནས་འོད་ཟེར་རྣམ་བཞི་འཕྲོས་ཏེ་གཅིག་ལྷ་ཆེན་ཚངས་པ་ལ་འཕོག གཅིག་གཟའ་ཆེན་པོ་ཁྱབ་འཇུག་ལ་འཕོག གཅིག་ལྷའི་དབང་པོ་བརྒྱ་བྱིན་ལ་འཕོག གཅིག་བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨ་ལ་འཕོག་པས་ཁོང་རྣམས་སྤོབས་པ་སྐྱེད་དེ། ལྷ་ཚངས་པས་ཐལ་མོ་སྦྱར་ཏེ་རིན་ཆེན་ལྔ་ལས་གྲུབ་པའི་ཆོས་སྐུའི་རྟེན་བཞེངས་པར་གསོལ་བ་བཏབ་པ་དང་། དེ་བཞིན་ཁྱབ་འཇུག་གིས་ཨིནྡྲ་ནཱི་ལ་དང་མརྒད་བཞུ་བ་ལས་ལོངས་སྐུའི་རྟེན་ཐུབ་པ་གངས་ཅན་མཚོ་རྒྱལ་བཞེངས་པར་གསོལ་བ་བཏབ་པ་དང་། བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་དུ་མ་ལས་སྤྲུལ་སྐུའི་རྟེན་བཞེངས་པར་གསོལ་བ་བཏབ་པས་བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨས་སྐུ་རྟེན་རྣམས་རང་ཉིད་ཀྱིས་བཞེངས་ཆོག་པར་གསོལ་བ་བཏབ་པ་ལྟར། ཆོས་སྐུའི་རྟེན་མཆོད་རྟེན་གྱི་རྣམ་པ་བཞེངས་ཏེ་ལྷ་ཡུལ་དང་། ཨོ་རྒྱན་གྱི་གནས་སུ་མཁའ་འགྲོ་མ་རྣམས་ཀྱིས་གདན་དྲངས་ནས་དཔལ་རེག་པ་མེད་པའི་མཆོད་རྟེན་དུ་གྲགས། ལོངས་སྐུའི་རྟེན་དུ་ཐུབ་པ་གངས་ཅན་མཚོ་རྒྱལ་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་བཞུགས་ཤིང་། དེར་གནས་པའི་འགྲོ་བའི་དོན་མཛད། བརྒྱ་བྱིན་གྱིས་རྒྱུ་སྦྱར་བའི་སྤྲུལ་སྐུའི་རྟེན་བཞེངས་པའི་ཚེ། ཡུམ་སྐྱེ་རྒུའི་བདག་མོས་བཅོམ་ལྡན་འདས་དགུང་ལོ་བརྒྱད་བཞེས་པའི་དུས་ལུམྦི་ནིའི་ཚལ་གྱི་ཁྲིའི་མཐོ་དམའ་དང་མཉམ་ཞེས་དང་། དགུང་ལོ་བཅུ་གཉིས་བཞེས་པའི་ཚེ། མཉན་ཡོད་ཀྱི་སྒོ་མོ་ཆེའི་མས་ཐེམ་ལ་ཞབས་བཞག་པས། ཡས་ཐེམ་ལ་དབུ་རེག་པ་ཡིན་ཞེས་སྐུའི་ཆ་བྱད་དུ་བཞེངས་ཏེ་སྟོན་པ་དངོས་ཀྱི་སྐུ་དང་ཁྱད་པར་མ་མཆིས་པར་བརྟེན་འདི་གཉིས་ལ་ཇོ་ཤཱཀ་རྣམ་གཉིས་ཞེས་སུ་གྲགས།

6) ཇོ་བོའི་སྐུ་བརྙན་བོད་དུ་བྱོན་ཚུལ།

ཇོ་བོའི་སྐུ་བརྙན་དེ་བཞིན་ཐོག་མར་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་རྣམ་པ་བཅུ་སྐུ་རྒྱུར་བྱས། བཟོ་ཡི་རྒྱལ་པོ་བི་ཤྭ་ཀརྨས་དེ་རྣམས་བཞུ་བཏུལ་གྱིས་ལུགས་སུ་བླུག རྒྱལ་བ་ཉིད་ཀྱིས་རབ་གནས་མཛད། ལོ་མང་པོའི་རིང་ལྷ་ཡུལ་དུ་མཆོད་གནས་སུ་བཞུགས་ཤིང་། དེ་རྗེས་ལོ་བརྒྱད་ཕྲག་མང་པོའི་རིང་ཨོ་རྒྱན་གྱི་ཡུལ་དུ་གདན་དྲངས་ནས་བཞུགས། དེ་ནས་ལོ་བརྒྱ་ཕྲག་རྒྱ་གར་གྱི་ཡུལ་དབུས་མ་གྷ་དྷ་རྡོ་རྗེ་གདན་དུ་བཞུགས་པའི་ཚེ་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་དང་། རྒྱ་ནག་གི་རྒྱལ་པོ་སྤྲེ་ཉི་མ་ཛ་ཡ་གཉིས་ཕན་ཚུན་མཇལ་མྱོང་མེད་ཀྱང་། ཕན་ཚུན་ཤིན་ཏུ་མཛའ་གྲོགས་སུ་གྱུར་ཏེ་སྐྱེས་བསྐུར་རེས་བྱེད་སྐབས། ལན་གཅིག་རྒྱ་ནག་གི་རྒྱལ་པོས་ཟ་འོག་གི་བེར་གོས་སྲུབ་མེད་པ་གསེར་གྱི་དཔལ་བེའུ་སྙིང་གར་ཡོད་པ་ཞིག་བསྐུར་བས། རྒྱ་གར་གྱི་རྒྱལ་པོ་ཤིན་ཏུ་དགྱེས་ནས་དེའི་སྐྱེས་ལན་དུ་ཇོ་བོ་ཤཱཀྱ་མུ་ནེ་འདི་ཉིད་གྲུ་གཟིངས་ནང་མཆོད་འབུལ་བ་དགེ་སློང་བཞི་དང་བཅས་རྒྱ་ཡུལ་གྱི་མཆོད་གནས་སུ་བརྫངས། ལོ་རྒྱུས་གཞན་ཞིག་ཏུ། ཅེའུ་རྒྱལ་པོ་མི་ཐོག་སུམ་ཅུ་སོ་དྲུག་བྱུང་ཁོངས་དུང་ཙིང་གིས་རྒྱལ་ས་བཟུང་། དེའི་གཅུང་སི་ཆེན་གྱིས་རྒྱལ་པོ་བྱེད་སྐབས་རྒྱ་གར་འཕགས་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེ་དང་། ཙན་དན་གྱི་ཇོ་བོ་རྣམ་གཉིས་རྒྱ་ནག་ཏུ་བྱོན་པར་གསལ། དེ་ལྟར་རྒྱ་ནག་གི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་མཚོ་ཐོག་ལས་གདན་དྲངས་ཏེ་རྒྱ་ནག་གི་མཆོད་པའི་ཞིང་དུ་ཡུན་རིང་བཞུགས་པ་ལས། མཐར་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་གི་སྲས་མོ་འུན་ཤིན་ཀོང་ཇོ་ཕྱི་ལོ་ ༦༤༡ ལོར་ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོར་ཕེབས་པའི་ཚེ་རྟེན་སྐལ་དུ་གནང་སྟབས་བོད་དུ་གདན་དྲངས་པས་ད་བར་གཙུག་ལག་ཁང་དུ་བཞུགས་སུ་གསོལ་ཞིང་། དེ་ཡང་སྐུ་རྟེན་འདི་ཉིད་སངས་རྒྱས་ཉིད་སྐུ་འཚོ་བཞུགས་སྐབས་བཞེངས་གནང་བ་ཞིག་དང་། རྗེ་བཙུན་འཇམ་དབྱངས་ཀྱིས་གསོལ་བ་བཏབ་ནས་བཞེངས་པ། བཞེངས་པ་པོ་བཟོའི་རྒྱལ་པོ་བི་ཤྭ་ཀརྨ་རང་ཉིད་ཀྱིས་གསོལ་བ་བཏབ་ནས་བཞེངས་པ། བཞེངས་ནས་ལོ་ངོ་ ༢༥༠༠ ལྷག་ཕྱིན་པའི་ལོ་རྒྱུས་ཡུན་རིང་ལྡན་པ། སངས་རྒྱས་སྐུ་དངོས་ཀྱི་རབ་གནས་མཛད་པས། རྟེན་འདི་མཇལ་བས་སངས་རྒྱས་དངོས་མཇལ་བ་དང་ཁྱད་པར་མེད་ལ། ལྷག་པར་རྟེན་འདི་མཇལ་བ་ཙམ་གྱིས་ངན་སོང་མྱོང་མི་དགོས་པ་དང་། རྟེན་འདི་ལ་ཕྱག་མཆོད་དང་གསོལ་བ་སྨོན་ལམ་འདེབས་པ་སོགས་གང་ཞིག་བྱས་ཀྱང་སངས་རྒྱས་སྐུ་དངོས་ལ་ཞུས་པ་དང་ཁྱད་པར་སྤུ་ཙམ་མེད་པར་བོད་མི་རྣམས་ཀྱིས་ཡིད་ཆེས་བརྟན་པོ་གནང་བཞིན་ཡོད།

7) རྟེན་གཙོ་ཇོ་བོ་བཞུགས་ཡུལ་བརྗེ་བསྒྱུར།

དེ་ཡང་ཇོ་ཁང་ཞེས་སུ་འབོད་པའི་ལྷ་ཁང་དབུས་མ་འདི་ཉིད་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་གཙུག་ལག་ཁང་བཞེངས་སྐབས་ནས་དབོན་སྲས་མང་སྲོང་མང་བཙན་བར་རྟེན་གཙོར་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཀྱི་ཇོ་བོ་མི་བསྐྱོད་རྡོ་རྗེ་གཙོ་གྱུར་གྱི་རྟེན་གསུམ་བཞུགས་ཡུལ་དུ་གསར་བཞེངས་ཞུས་ཀྱང་། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྐུ་གཤེགས་རྗེས་མང་སྲོང་མང་བཙན་གྱི་སྐུ་དུས་སུ་ཤར་ཕྱོགས་རྒྱ་ནག་ཐང་རྒྱལ་རབས་ཀྱི་དམག་ལྷ་སར་འབྱོར་ལ་ཉེ་བའི་དུས་དམག་འཁྲུག་གི་ཉེན་ཟོན་དང་། སྐུ་བརྙན་བྱིན་ཅན་འདི་ཉིད་ཤར་ཕྱོགས་ཐང་གི་ཡུལ་དུ་གདན་ཞུ་བྱས་དོགས་སོགས་རྒྱུ་རྐྱེན་དུ་མའི་འོག་མཐར་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་བཏབ་ར་མོ་ཆེ་ནས་གདན་དྲངས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་སྦས་ཏེ་སྒོ་ལ་གཞལ་བ་བྱས། དེའི་སྟེང་འཇམ་དབྱངས་ཀྱི་སྐུ་བྲིས། ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེར་གདན་དྲངས་ཏེ་བཞུགས་སུ་གསོལ་ཏེ་ཇོ་ཤཱཀྱ་རྣམ་གཉིས་བཞུགས་ཡུལ་བརྗེས་པར་བརྟེན། རྒྱ་དམག་རྣམས་བོད་ལ་འབྱོར་ཏེ་ཕོ་བྲང་དམར་པོ་མེར་བསྲེགས། འགའ་ཞིག་ལ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མ་རྙེད་པར་བརྟེན་དེའི་ཚབ་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་ཇོ་བོ་གདན་དྲངས་ཀྱང་སྐུའི་ལྗིད་ཚད་འཕེལ་ཏེ་གདན་ཞུ་བྱེད་ཐུབ་ཐབས་བྲལ་བར་བརྟེན་མཐར་ཆོས་ལུང་དུ་ལོ་མང་རིང་བཞུགས་སུ་གསོལ་དགོས་བྱུང་། ཇོ་བོ་ཆོས་ལུང་དུ་བཞུགས་རིང་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཇོ་བོའི་སྐུ་ཚབ་ལྟ་བུར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་གནང་མཛད་པའི་སངས་རྒྱས་མི་འཁྲུག་པའི་སྐུ་བརྙན་ (ད་ལྟ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱབ་ཏུ་བཞུགས་པའི་ཇོ་བོ་མི་འགྲོ་གསུང་བྱོན་དུ་གྲགས་པའི་སྐུ་བརྙན་འདི་ཡིན།) འདི་ཉིད་བཞུགས་སུ་གསོལ་ཡོད་ཀྱང་། དེ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་གྱིམ་ཤིང་ཀོང་ཇོས་ང་ཡི་ཨ་སིའི་ ༼ཨ་ནིའི་༽ ལྷ་ཁང་དུ་ལྟ་བར་འགྲོ་ཞེས་རྒྱ་བཏབ་ར་མོ་ཆེར་ཕེབས་པ་ན་ཤཱཀྱ་མུ་ནེ་དེར་བཞུགས་མེད་པས། ར་ས་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་གྱི་ཇོ་བོ་སྦས་ཁུང་དུ་ཡོད་པ་རྩིས་ཁོག་ནས་མཁྱེན་ཏེ་འཇམ་དབྱངས་ཀྱི་སྐུ་བརྙན་བྲིས་པ་བརྐོ་བར་བརྩམ་པ་ན། ཁོ་བོ་གཡོལ་བས་ཆོག ཅེས་གསུང་བྱོན་པས་འཇམ་དབྱངས་ཁོ་གཡོལ་མ་ཞུ་བ་དེ་ནས་བྱུང་། དེ་ནས་ཇོ་བོ་ཤཱཀྱ་མུ་ནེ་གཙང་ཁང་དབུས་མར་གདན་འདྲེན་སྐབས། དེར་ཇོ་བོའི་སྐུ་ཚབ་ཏུ་རྒྱལ་བ་མི་འཁྲུག་པའི་སྐུ་བརྙན་བཞུགས་པ་སྤོ་བར་བརྩམ་སྐབས། ང་འདི་ནས་མི་འགྲོ་ཞེས་གསུང་བྱོན་པས་དེ་ནས་བཟུང་ཇོ་བོ་མི་འགྲོ་གསུང་བྱོན་ཞེས་སུ་གྲགས་ཤིང་། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱབ་དེ་རང་དུ་བཞུགས་སུ་གསོལ་དགོས་བྱུང་། དེ་ནས་བཞུགས་ཡུལ་བརྗེས་ཏེ་ད་བར་གནས་པ་འདི་ལྟར་ཡིན།

8) ཇོ་བོ་རིན་པོ་ཆེའི་དབུ་རྒྱན་སྔ་ཕྱི།

སྟོན་པའི་སྐུ་བརྙན་ཇོ་བོ་རིན་པོ་ཆེ་ནི། ཐོག་མར་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་ཞིག་ཡིན་པ་ལ་རྗེ་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པས་རབ་བྱུང་བདུན་པའི་ས་གླང་། ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་པོ་གསར་འཛུགས་དང་འབྲེལ་ཐེངས་དང་པོར་རིན་ཆེན་ས་ལེ་སྦྲམ་གྱི་རིགས་ལྔའི་དབུ་རྒྱན་ཕུལ་ཏེ། ལོངས་སྐུའི་ཆ་བྱད་ཅན་དུ་བསྒྱུར་ནས་དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་པ་ནི། རྗེ་བདག་ཉིད་ཆེན་པོས། ཇི་སྐད་དུ། རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་འདི། །ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བ་ཡིས། ། བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང་། ། ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པའི། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག ། ཅེས་ཐུགས་སྨོན་དང་བཅས་ཕུལ་བ་དང་། དེ་རྗེས་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་དང་། བཤད་སྒྲའི་གཟིམ་ཤག ཚ་རོང་ཟླ་བཟང་དགྲ་འདུལ། རྒན་བླ་མེད་ཞུ་བའི་གྲྭ་པ་ཚོང་པ་ཞིག ཡོངས་འཛིན་སྟག་བྲག་རིན་པོ་ཆེ་ངག་དབང་གསུང་རབ་སོགས་ཀྱིས་དབུ་རྒྱན་གསར་བཞེངས་གནང་སྟེ་ཕུལ་བ་སོགས་དབུ་རྒྱན་མི་འདྲ་བ་ཁག་མང་པོ་ཡོད་འདུག་པ་རྣམས་ཕལ་མོ་ཆེ་རིག་གསར་སྐབས་སློབ་གསོ་ཆེན་པོ་གསུམ་གྱི་ལས་དོན་རུ་ཁག་ཟེར་བ་གཙུག་ལག་ཁང་དུ་སྡོད་རིང་དེ་དག་གར་སོང་ཆ་མེད་དུ་སོང་འདུག ལོ་རབས་དགུ་བཅུ་པའི་རྗེས་ནས་མི་ཉག་མཁན་པོ་རྡོ་རྗེ་བཀྲ་ཤིས་མཆོག་དང་། རྫ་ཆུ་ཁའི་ཀི་ལུང་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་རྣམ་པ་གཉིས་ཀྱིས་སྔ་ཕྱིར་དབུ་རྒྱན་གསར་པ་གཉིས་ཕུལ་བ་བཅས་ད་ལྟའི་ཆར་དབུ་རྒྱན་བཞི་ལྔ་ཙམ་དང་། ཐུགས་རྒྱན་གསར་རྙིང་གཉིས་གསུམ་ཡོད་འདུག་པ་ལས་ནམ་རྒྱུན་སྒྲོན་པ་དེ་སྟག་བྲག་རིན་པོ་ཆེ་ངག་དབང་གསུང་རབ་ཀྱིས་ཕུལ་བ་དེ་ཡིན་འདུག

9) གཙུག་ལག་ཁང་ལ་ཉམས་ཆག་དང་ཉམས་གསོ་རིམ་བྱུང་།

བཙན་པོ་གླང་དར་གྱིས་བསྟན་པ་སྣུབ་སྐབས། གཙུག་ལག་ཁང་འདི་ཉིད་ཐོག་མར་བཏོར་བཤིག་བཏང་ཡོད། དེ་ཡང་མཁས་པའི་དགའ་སྟོན་ལས། ལྷ་ཁང་འཇིག་པའི་སྔོན་མ་ལྷ་ས་བྱས་ཞེས་དང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཤས་ར་བཟོས། ཞེས་གསུངས་པ་ལྟར་གཏོར་བཤིག་ཤུགས་ཆེ་བྱུང་། གཙང་ཁང་གཡས་པའམ་འོད་དཔག་མེད་ལྷ་ཁང་གི་གཟིམ་སྒོའི་གཡས་གཡོན་དུ་ཆོས་རྒྱལ་གྱིས་རབ་གནས་མཛད་པའི་དཔལ་ཕྱག་ན་རྡོ་རྗེའི་སྣང་བརྙན་དེ་བཞིན་གླང་དར་གྱིས་སངས་རྒྱས་ཀྱི་བསྟན་པ་སྣུབ་སྐབས། ཕྱག་རྡོར་གྱི་སྐུ་འདིའི་མགུལ་དུ་ཐག་པ་བཏགས་ཏེ་ཆུར་བསྐྱུར་རྩིས་བྱེད་སྐབས་ཐག་པ་འདོགས་མཁན་གྱི་མི་དེ་ཉིད་འཕྲལ་དུ་ཁྲག་བསྐྱུགས་ཏེ་ཤི་བས་གཙུག་ལག་ཁང་འཇིག་འཕྲོ་བཅད་པར་གྲགས་སོ།། དུང་དཀར་ཚིག་མཛོད་ལས། རབ་བྱུང་དང་པོའི་དཀྱིལ་དང་། སྤྱི་ལོའི་དུས་རབས་ 11 པའི་དུས་དཀྱིལ་ལ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ལྷ་སའི་གྲོང་ཁྱེར་ནང་སྡོད་པའི་སྤྲང་པོ་ཚོར་སྤྲང་ཚང་ཟེར་བའི་ཁང་པ་ཟུར་དུ་བརྩིགས་པ་གནང་ཞིང༌། ལྷ་ས་དང༌། བསམ་ཡས། མཐའ་འདུལ་གྱི་གཙུག་ལག་ཁང་བཅོ་ལྔ་ཙམ་ལ་ཞིག་གསོ་ཕུལ་ཕྱིན་མཛད་ཅེས་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྷ་སའི་སྤྲང་ཚང་བཏོན། ཞེས་པའི་དོན་ནི། གུ་བཀྲའི་ཆོས་འབྱུང་དུ། ལྷ་སའི་ཇོ་ཁང་བདག་མེད་དུ་སོང་ནས་སྤྲང་ཚང་བཅས་ཡོད་པ་ལས། སྤྲང་པོ་རྣམས་ལ་ཁང་པ་དང་ནོར་བྱིན་ཏེ་སྤྲད་ནས་གཙུག་ལག་ཁང་ལ་ཉམས་གསོ་ཞབས་ཏོག་མཛད། ཇོ་བོའི་གཡས་གཡོན་ན་ལི་ལས་གྲུབ་པའི་བྱམས་འཇམ་དབྱངས། སྐུ་རྒྱབ་ཏུ་མི་འགྲོ་གསུང་བྱོན་ཏེ་མར་མེ་མཛད་དམ་རྒྱལ་བ་མི་འཁྲུག་པ། དེའི་སྐུ་རྒྱབ་ན་ཟངས་དཀར་ལོ་ཙཱ་བས་ཇོ་བོའི་བཞུགས་ཡུལ་གཙང་ཁང་འདི་ཉིད་ཤར་དུ་གློ་འབུར་རྒྱ་བསྐྱེད་གནང་ཞིང་། ཉེ་སྲས་བརྒྱད་ཀྱི་སྣང་བརྙན་རྣམས་ཅུང་ཆུང་དྲགས་པས། དེ་རྣམས་ཇོ་བོའི་དབུ་ཐོད་རྒྱ་ཕིབས་འོག་གི་ལྷ་ཁང་དུ་སྤོས་གནང་སྟེ། ཇོ་བོའི་སྐུ་རྒྱབ་ཐུབ་པ་གངས་ཅན་མཚོ་རྒྱལ་ཐོག་ཚད་གཉིས་ལྡན་དང་། ཇོ་བོའི་མཐའ་འཁོར་རམ་ཐུབ་པ་གངས་ཅན་མཚོ་རྒྱལ་གྱི་གཡས་གཡོན་གཉིས་སུ་བཞེངས་སྟབས་སུ་བཞུགས་པའི་སེམས་དཔའ་དྲུག་དང་། སེམས་མ་དྲུག་བཅས་བཅུ་གཉིས། རྔམ་བརྗིད་ཅན་གྱི་ཁྲོ་བོ་ཀང་དང་ཀིང་སྟེ་སྒོ་སྲུང་ཕྱག་རྡོར་དང་། རྟ་མགྲིན་བཅས་བཞེངས། ད་དུང་གཙང་ཁང་ནང་གླིང་ཕྱག་དྲུག་དཔོན་གྱིས་བཞེངས་པའི་བྱམས་པ་དང་། འཇམ་དབྱངས། རྗེ་ཙོང་ཁ་པའི་སྣང་བརྙན། སྐྱོར་དཔོན་བྱང་ཆུབ་སེམས་དཔའི་གདུང་ཁང་། རྗེས་སུ་གསར་བཞེངས་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་། ཐུབ་བསྟན་རྒྱ་མཚོའི་སྐུ་བརྙན་བཅས་ཚང་མ་སྔར་རྒྱུན་ལྟར་མི་ཉམས་བྱིན་ཅན་དུ་བཞུགས་ཡོད། དེ་ལྟར་གཙུག་ལག་ཁང་ལ་ཉམས་ཆག་དང་གཏོར་སྐྱོན་ཇི་སྙེད་ཅིག་བྱུང་ཡང་། ཉམས་གསོ་དང་། རྒྱ་བསྐྱེད། སྤྲོས་པ་སོགས་ཀྱང་རྒྱུན་ཆད་མེད་པར་བྱུང་བ་ལས་ཕྱི་ལོ་ ༡༤༠༩ ལོར་རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་གསེར་ལྗང་བརྡུང་གི་དབུ་རྒྱན། ཇོ་བོ་མི་བསྐྱོད་རྡོ་རྗེར་དངུལ་གྱི་དབུ་རྒྱན་གསོལ་བ་ནས་བཟུང་ཇོ་བོ་ཤཱཀྱ་རྣམ་གཉིས་སྤྲུལ་སྐུའི་ཆ་བྱད་དེ་ལོངས་སྐུའི་ཆ་བྱད་དུ་ཞལ་བསྒྱུར་རྗེས་ཇོ་བོ་ཞེས་པའི་མཚན་ཡང་འབོད་སྲོལ་དེ་ནས་བྱུང་བ་གསུང་སྲོལ་ཡོད། དེ་རྗེས་ཉམས་གསོ་ཆེས་རྒྱས་པ་༸རྒྱལ་མཆོག་ལྔ་པ་ཆེན་པོས་གནང་སྟེ་ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་ཡང་མཛད་པ་བཅས་སོ།།

10) ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་ལོ་རྒྱུས།

གཙུག་ལག་འདི་ཉིད་མ་བཞེངས་པའི་སྔོན་དུ། གཙུག་ལག་ཁང་བཞེངས་པའི་འགལ་རྐྱེན་གསེལ་ཆེད་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། རྒྱལ་པོ་རང་གི་སྐུ་ཚད་དང་མཉམ་པའི་སྐུ་འབག་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བཞེངས་དགོས་པ་ལུང་བསྟན་བྱུང་བ་དེའི་ནང་བཞུགས་ཀྱི་ཆེད་དུ་རྒྱལ་པོའི་སྤྲུལ་པའི་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཀྱིས་རྒྱ་གར་རྒྱ་མཚོའི་བྱེ་མའི་གླིང་ནས་ཙན་དན་སྦྲུལ་གྱི་སྙིང་པོའི་སྤྱན་རས་གཟིགས་དང་། མ་ག་དྷ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ། བྱང་ཆུབ་ཤིང་གི་ལོ་མ། རྒྱ་མཚོའི་གླིང་གི་འཇག་མ། ཆུ་བོ་ནེེ་རཉྫའི་བྱེ་མ། གངྒཱི་ཆུ་སྣ། གོར་ཤི་ཀའི་དུམ་བུ། རྒྱ་གར་གནས་ཆེན་བརྒྱད་ཀྱི་ས་སྣ་དང་། རྡོ་སྣ། ཆུ་སྣ་ལ་སོགས་པ་ངོ་མཚར་བའི་རྫས་རྒྱལ་པོར་ཕུལ། བལ་ཡུལ་ནས་ལྷ་བཟོ་མཁས་པ་ཁྲོ་བོ་བྱ་བ་བོས་ནས། བཟོ་བོས་རྫས་རྣམས་བརྡར། བ་དམར་དང་ར་དཀར་གྱི་འོ་མས་སྦྲུས་པའི་འཇིམ་པའི་ཕུང་པོ་ཆེན་པོ་ཞིག་བྱས་ཏེ་རྒྱལ་པོའི་དབུ་སྔས་སུ་བཞག་སྟེ། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཇིམ་པའི་ཕུང་པོ་ལ་ཐིམ་པ་གཟིགས་པས། ནངས་པར་སྔར་གྱི་རྒྱུ་རྣམས་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་རང་བྱོན་དུ་སྣང་སྟེ། རྒྱལ་པོས་བལ་པོའི་བཟོ་བོ་ལ་རྟེན་འདི་ཡ་མཚན་ཞིང་ཤིན་ཏུ་མགྱོགས་པ་ཞིག་བྱུང་འདུག་ནའང་། ཙན་དན་སྦྲུལ་གྱི་སྙིང་པོའི་རང་བྱོན་ཐུགས་རྗེ་ཆེན་པོ་སྐུ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་བཅས་གཟུངས་སུ་འབུལ་རྒྱུ་མ་བྱུང་བར་ལུས་འདུག་ཅེས་གསུངས་པར། བཟོ་བོས་སྐུ་འདི་བདག་གིས་བཞེངས་པ་མ་ཡིན་པར་རང་བཞིན་དུ་བྱོན་འདུག ཅེས་ཞུས་མ་ཐག་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། འདི་ནས་ཡར་ཕུལ་ཞེས་གསུང་བྱོན་ཞིང་། ཞབས་གཡོན་མའི་ཤམ་ཐབས་པུས་མོའི་གོང་བར་ཡར་བརྫེས་ཏེ། ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་དང་རིང་བསྲེལ་བཅས་རང་བཞིན་གྱིས་གཟུངས་བཞུགས་སུ་བཞེས་ཏེ་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཤིང་། ཨ་མི་དེ་བ་གཡོན་དུ་ཅུང་ཟད་ཡོ་བ་དང་། གཤམ་ཐབས་ཀྱང་པུས་མོའི་གོང་བར་བརྗེས་པ་རིག་གནས་གསར་བརྗེའི་གོང་བར་མཇལ་རྒྱུ་ཡོད་པར་སྣང་། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་མྱ་ངན་ལས་འདའ་ཁར་ཆོས་རྒྱལ་དང་། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ། མོང་བཟའ་ཁྲི་ལྕམ། དབོན་སྲས་མང་སྲོང་མང་བཙན། བློན་པོ་བཅས་ལྷ་ཁང་དུ་བྱོན་ནས་མ་འོངས་པའི་བྱེད་སྒོའི་ཞལ་གདམས་མང་དུ་གནང་སྟེ། བོད་འབངས་རྣམས་མ་འོངས་པ་ན་ང་དང་མཇལ་བར་འདོད་ན་འཕགས་པ་སྤྱན་རས་གཟིགས་ལ་སྨོན་ལམ་ཐོབ་ཅིག ང་དང་འཕྲད་པར་ཁྱད་མེད་དོ་གསུངས་ནས་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པ་དང་། དེ་བཞིན་རྒྱ་བལ་གྱི་བཙུན་མོ་རྣམ་གཉིས་ཀྱང་ཐུགས་རྗེ་ཆེན་པོའི་ནུ་མ་གཡས་གཡོན་ལ་ཁག་སོ་སོར་ཐིམ་པས། ཡེ་ཤེས་དངོས་བཞུགས་ཀྱི་སྐུ་ངོ་མཚར་ཁྱད་དུ་འཕགས་པ་འདི་ལ་རང་བྱོན་ལྔ་ལྡན་ཞེས་མཚན་ཆགས་སོ།།

11) སྐུ་གསུང་ཐུགས་རྟེན་གཞན།

གཞན་ཡང་སྒྲུབ་ཆེན་ཐང་སྟོང་གི་ཕྱག་བཟོ་སྐུ་ཉིད་ཀྱི་སྐུ་བརྙན་དང་། ཕ་དམ་པ་སངས་རྒྱས། གྲུབ་ཐོབ་བིར་སྦ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱམས་པ་ཁྲུས་མཛད་མ། རྒྱལ་རབས་གསལ་བའི་མེ་ལོང་རྩོམ་པ་པོ་དཀོར་གཉེར་དཔོན་ལེགས་པའི་ཤེས་རབ་ཀྱི་གདུང་རྟེན། བཤན་པ་རྨེ་རུ་རྩེའི་སྡིག་བཤགས་ལ་བཞེངས་པའི་འབུམ། མངའ་རིས་པ་བརྩོན་འགྲུས་སྙིང་པོའི་གདུང་རྟེན། རྒྱལ་བ་ཙོང་ཁ་པའི་དུས་ཀྱི་རྡོ་ཀོང་བཀྲ་ཤིས་འོད་འབར། གཏེར་སྟོན་པ་པདྨ་གླིང་པས་བཞེངས་པའི་མཁན་ཆེན་ཞི་བ་འཚོ། ནེ་ཆུང་རི་པས་བཞེངས་པའི་རྒྱལ་བ་སྨན་པའི་རྒྱལ་པོ། དེ་ནས་རྗེ་ང་འདྲ་མའམ་རྗེ་ཙོང་ཁ་པའི་ཕྱག་ནས་མ། དེའི་འཁོར་དུ་མར་པ་ལོ་ཙཱ་བ། བུ་སྟོན་ཆོས་རྗེ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཀརྨ་པ་རང་བྱུང་རྡོ་རྗེ་བཅས་དང་། ཕྱག་རྡོར་གྱི་སྐུ་བརྙན་ཆོས་རྒྱལ་གྱི་ཕྱག་ནས་མ། གཙང་ཁང་ནང་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར། དེ་ནས་འོད་ཟེར་འཕྲོས་པའི་ལྷ་ཁྲོ་བོ་རྨེ་བ་བརྩེགས་པ། དེ་ནས་ཇོ་བོའི་སྐུ་མདུན་གྱི་པང་གཅལ་སྟེང་བསམ་ཡས་གཙུག་ལག་ཁང་གི་ས་ཕུད་ལ་ཕུལ་བའི་རྒྱལ་ཆེན་བཞི། ཤིང་ཕུད་ལ་ཕུལ་བའི་ཀ་བ་གཉིས། སྒོ་སྟེང་དུ་རྗེ་མི་ལས་ཐང་དཔལ་མོའི་དཔལ་ཐང་དུ་རྫུ་འཕྲུལ་བསྟན་པའི་གཡག་རྭ་བཅས་བཞུགས། དེ་ནས་རིམ་བཞིན་བར་འཁྱམ་དུ་སྒྲོལ་མ་དར་ལེན་མ། དེ་ནས་གཙང་ཁང་དུ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་རྒྱལ་བ་བྱམས་པ། དེ་ནས་མངའ་བདག་ཁྲི་རལ་གྱིས་བཞེངས་པའི་ཚངས་པ་དང་བརྒྱ་བྱིན། དེ་ནས་དངུལ་གར་བླུགས་ཀྱི་བྱམས་པ་མཆེད་བཞིའི་ཡ་རྒྱལ། ལྷ་རྗེ་དགེ་བའི་འབུམ་གྱི་ཕྱག་ནས་མ་ར་རྒྱ་མོ། གཙང་ཁང་གི་ཁྱམས་ནས་ས་སྐྱའི་བླ་སྐུ་ཁག་དང་། ལྡེབས་རིས་སུ་འཇམ་དབྱངས་ཁོ་གཡོལ་མ། ཕོ་བྲང་དམར་པོ་དང་ལྕགས་པོ་རི་སོགས་ཀྱི་ལྡེབས་རིས་སོགས་སོ།། བར་ཐོག་གི་རྟེན་གསུམ། བར་ཐོག་ཏུ་བླ་མ་དུང་དཀར་འབྲུག་གྲགས་ཀྱིས་བཞེངས་པའི་ཆོས་རྒྱལ་ལྷ་ཁང་དུ་ཆོས་རྒྱལ་ཡབ་ཡུམ་གསུམ་དང་། གཡུང་དྲུང་ལྷ་ཁང་དུ་རྒྱལ་པོ་སྐུ་ལྔ་འཁོར་བཅས་དང་ཚེ་རིང་མ་སོགས་ལྷ་ཁང་ཁག གསུམ་ཐོག་དཔལ་ལྷ་ལྕོག་ཏུ་ཆོས་རྒྱལ་ཉིད་ཀྱི་ཤངས་ཚལ་གྱིས་བྲིས་པའི་ལྷ་མོའི་སྐུ་ཐང་ནང་དུ་བྱས་ཏེ་ཚལ་པ་ཁྲི་དཔོན་གྱི་དུས་སུ་བཞེངས་པའི་དཔལ་ལྷ་མོ། མཚམས་བཞི་ཟུར་ལྕོག་རྩིས་པས་ཐོག་སོ་བཞི། ཁྱམས་རའི་སྟེང་དུ་རྒྱལ་བའི་གཟིམས་ཆུང་དང་། དེ་འབྲེལ་བཀའ་ཤག་ཡིག་ཚང་སོགས་ཀྱི་ལས་ཁུངས་ཁག དཀྱིལ་འཁོར་མཐིལ་དུ་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་པའི་བྱམས་པ་ཆོས་འཁོར་མ་སོགས་ཤིན་ཏུ་མང་ངོ་།།

 

12) གཙུག་ལག་ཁང་གི་ལོ་རྒྱུས་ཅན་གྱི་ཀ་བ།

གཞན་ཡང་གཙུག་ལག་ཁང་འདིའི་ཀ་བ་སོ་སོའི་བཟོ་དབྱིབས་མི་འདྲ་ལ། ཀ་བ་ཤིང་ལོ་ཅན་དང་ཉེ་བའི་སར་ཆོས་དང་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཡོད་པས་མཐའ་བཞིའི་འདོད་རྒུ་ཐ་དག་འབྱུང་ཞེས་དང་། ཀ་བ་སྦྲུལ་མགོ་ཅན་དང་ཉེ་བའི་སར་དྲག་སྔགས་མཐུའི་གཏེར་ཡོད་པས་མཐའ་དམག་དང་ལོག་འདྲེན་གྱི་གནོད་པ་ཞི། ཀ་བ་སེང་མགོ་ཅན་དང་ཉེ་བའི་སར་ཕྱུགས་ཀྱི་གཡང་ཡིག་ཡོད་པས་དཀར་བཅུད་ལྡན། རིན་པོ་ཆེ་རཏྣ་དྷེ་ཝ་སྦྲུལ་ལྤགས་ཀྱིས་བཏུམས་ནས་ཀླུ་ཁང་དུ་ཡོད་པས་ལོ་ཕྱུགས་ལེགས། རིན་པོ་ཆེ་སྟག་ཤདྷེ་ཝ་གཟིའི་སྒྲོལ་བུར་བཅུག་ནས་ཛམ་ལའི་འོག་ཏུ་ཡོད་པས་རྒྱན་གོས་འབྲུ་ནོར་འཕེལ། བེེཌྰུརྱའི་ལྷུང་བཟེད་ཀླུ་ཁང་དུ་ཡོད་པས་ལོངས་སྤྱོད་འཕེལ། གཞན་ཡང་དཀྱིལ་འཁོར་ཆེན་མོའི་འོག་དང་། གནོད་སྦྱིན་ནཱ་ག་ཀུ་བེེ་རའི་བརླ་གཡས་སུ་རིན་པོ་ཆེ་དུ་མ་སྦས་ཏེ་མ་འོངས་པར་གཙུག་ལག་ཁང་གསོ་བའི་ཐེབས་སུ་ཕན་པའི་སྨོན་ལམ་མཛད།

13) གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ།

མཆོད་མཇལ་ཞུས་ཚར་ཏེ་ཁྱམས་རའི་ནང་མར་ཡོང་དུས་རྡོ་སྦུད་པ་གཟུགས་སྟེང་ནས་བསྔོ་བ་སྨོན་ལམ་འདེབས་དོན་ནི། དེ་ནས་ཇོ་བོ་དང་ཐད་ཀ་ཡིན་པ་དང་གཅིག གཡས་སུ་ཐུགས་སྨོན་ལྷ་ཁང་ཡོད་པ་དང་གཉིས། སྟེང་དུ་ཆོས་རྒྱལ་ཡབ་ཡུམ་གྱི་ལྷ་ཁང་ཡོད་པ་དང་གསུམ། འོག་ཏུ་རིན་པོ་ཆེའི་གཏེར་སྦས་ཡོད་པ་དང་བཞི་བཅས་ཀྱིས་སྨོན་ལམ་བཏབ་ཚད་འགྲུབ་ཅེས་ཟེར། ཁྱམས་རའི་ནང་རྡོ་ཆེན་ཨ་པོ་ལོང་ཁས་གཙོས་རང་བྱུང་གི་རྡོ་ལེབ་གཅལ་དུ་བསྒྲིགས་པའི་རྡོ་གཅལ་དང་། ཨ་མོ་ལོང་ཁའི་འགྲམ་དུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཞབས་རྗེས། ལྷོ་སྒོའི་འགྲམ་གྱི་རྡོ་གཅལ་ལ་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་དང་། དབུས་སྨྱོན་ཀུན་དགའ་བཟང་པོ་གཉིས་ཀྱིས་རྩེད་མོའི་ཚུལ་དུ་བསྒྲིགས་ཞེས་རྡོ་གཅལ་ལ་རྡོ་རིལ་མཛོག་མགོ་ཙམ་བཞི་སྦྱར་བ། སྒྲུབ་ཐོབ་གཉིས་རྒྱང་རྡོ་བཞུ་རེས་མཛད་པས་གཙང་སྨྱོན་གྱིས་འཕངས་པའི་རྡོ་སྒྲོལ་མ་ལྷ་ཁང་གི་ཉེ་འགྲམ་ཀ་བའི་ནང་འཛུལ་བ་དང་། དབུས་སྨྱོན་གྱིས་འཕངས་པའི་རྡོ་མར་ཁང་ཉེ་ཁྲིས་ཀྱི་ཀ་བའི་ནང་འཛུལ་བ་ལ་ལྕགས་གཤན་བརྒྱབས་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ལྟའི་ཁྱམས་ར་ཆེན་མོ་ནི། ཐོག་མར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བཀའ་སྩལ་བ་ལྟར། སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་ཞབས་འབྲིང་དང་བཅས་པས་ལྷ་སའི་བྱང་ཕྱོགས་ཉང་སེར་སྨན་རི་ནས་རང་བྱུང་གི་རྡོའི་གཏེར་བཞེས་ཏེ། རྡོ་ཆེན་དབྱིབས་དང་། ཁ་དོག་མི་འདྲ་བའི་རང་བྱུང་རྡོ་ལེབ་བཀྲམ་པའི་རྡོ་གཅལ་སྤུས་ལེགས་བཏིང་ནས། ཉམས་གསོ་རྒྱ་བསྐྱེད་ཞུས་པ་དང་། དེ་རྗེས་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་སླར་ཡང་ཉམས་གསོ་དང་རྒྱ་བསྐྱེད་ཞུས་པས། རིམ་བཞིན་ད་ཡོད་ཀྱི་རྒྱ་ཁྱོན་ཀ་རིང་བརྒྱད་དང་། དེ་བྱིངས་སྒོ་འཕྱོར་དང་བཅས་པ། ཀ་བ་བརྒྱད་དང་ཉི་ཤུ་ལྷག་ཙམ་ཡོད་པ་འདི་བྱུང་བ་ཡིན།

14) བར་སྐོར་གྱི་རྟེན་གསུམ།

དེ་ནས་བར་སྐོར་དུ་ཉག་རེ་རིན་ཆེན་གྲགས་ཀྱིས་བཞེངས་པའི་རྡོ་སྐུ་རང་བྱོན་གཙོ་བཞུགས་ཀྱིས་སྒྲོལ་མ་ལྷ་ཁང་དང་། ལྷ་ཁང་དེ་ནས་རྩིས་པས་བྱང་ངོས་ཀྱི་ལྡེབས་རིས་སུ་ཕལ་པོ་ཆེའི་ཞིང་ཁམས། ཤར་ངོས་སུ་འབུམ་གྱི་གླིང་གཞི། ལྷོ་ངོས་སུ་ཆོ་འཕྲུལ་གྱི་བཀོད་པ་བཅས་ཡོད། ད་ལྟ་གཙུག་ལག་ཁང་གི་ལྷ་ཁང་རྣམས་སྔོན་གྱི་དེ་རང་ཡིན་སྟབས་ལྡེབས་རིས་ཀྱང་ཕལ་ཆེ་བ་སྔོན་གྱི་ལྡེབས་རིས་དང་། ལྷ་ཁང་དབུས་མ་སྟེ་ཇོ་ཁང་དང་། སྲོང་བཙན་ལྷ་ཁང་ངམ་ཐུགས་སྨོན་ཁང་སོགས་སྔོན་གྱི་དེ་རང་བཞུགས་པ་ལ་གཞན་སྟེང་ཤོད་བར་གསུམ་གྱི་སྔོན་གྱི་རྟེན་སྐུའི་སྐུ་ཚབ་གསར་བཞེངས་གནང་བ་དང་ལྡེབས་རིས་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

15) གཙུག་ལག་ཁང་གི་ལྷ་ཁང་ཁག་གི་མཚན་བྱང་།

ཀ༽ ཐོག་རྩེག་དང་པོར་ཁྱམས་རའི་སྒོ་མཆོར་ཆེན་མོའི་རྒྱལ་སྒོའི་རྒྱལ་ཆེན་རིགས་བཞི་དང་། རྣམ་ཐར་སྒོ་གསུམ་ལྷ་ཁང་། རྟ་མགྲིན་དང་ཕྱག་རྡོར་ལྷ་ཁང་། དགའ་ལྡན་ལྷ་ཁང་། འོད་དཔག་མེད་ལྷ་ཁང་། བདེ་གཤེགས་ལྷ་ཁང་ངམ་སྨན་བླ་ལྷ་ཁང་། གཙང་ཁང་བྱང་མའམ་ཐུགས་རྗེ་ལྷ་ཁང་། ཁྲུས་མཛད་ལྷ་ཁང་། རྗེ་ང་འདྲ་མའི་ལྷ་ཁང་། གཙང་ཁང་གཡས་པའམ་འོད་དཔག་མེད་ལྷ་ཁང་། གཙུག་ལག་ཁང་གི་སྲོག་ཤིང་ངམ་ལྟེ་བའི་ལྷ་ཁང་ཇོ་ཁང་། གཙང་ཁང་གཡོན་མའམ་ཀྲི་ཀྲི་བྱམས་པའི་ལྷ་ཁང་། སྤྱན་རས་གཟིགས་སེངྒེ་སྒྲའི་ལྷ་ཁང་། གཡུང་དྲུང་སྦུག་ལྷ་ཁང་། འོད་ཟེར་འཕྲོས་པའི་ལྷ་བརྒྱད། ཆོས་རྒྱལ་ཡབ་ཡུམ་ལྷ་ཁང་ངམ་ཚེ་དཔག་མེད་ལྷ་དགུའི་ལྷ་ཁང་། ཇོ་བོ་ར་མ་རྒྱལ་མོའི་ལྷ་ཁང་ངམ་བྱམས་པ་མཆེད་བཞིའི་ལྷ་ཁང་། ཇོ་བོའི་སྦས་ཁུང་ངམ་ལྷོ་སྒོ་མེ་ལོང་ཅན་གྱི་ལྷ་ཁང་། སངས་རྒྱས་རབ་བདུན་གྱི་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། ཐུགས་སྨོན་ལྷ་ཁང་བཅས་ ༢༡ ཡོད། ཁ༽ ཐོག་རྩེག་གཉིས་པར་ལམ་རིམ་ལྷ་ཁང་དང་། ཉེ་སྲས་ལྷ་ཁང་། སྨན་བླ་ལྷ་ཁང་། ཐུབ་དབང་ལྷ་ཁང་། སྐུ་ལྔ་ལྷ་ཁང་། རྟ་མཆོག་ལྷ་ཁང་། ཆོས་རྒྱལ་ལྷ་ཁང་། རིགས་དྲུག་ལྷ་ཁང་། གཏད་རབས་ལྷ་ཁང་། ཆོས་རྒྱལ་སྒྲུབ་ཕུག གུ་རུའི་ལྷ་ཁང་བཅས་ ༡༡ ཡོད་དོ།། ག༽ ཐོག་རྩེག་གསུམ་པར་དཔལ་ལྷ་ལྕོག་ལྷ་ཁང་དང་། དཔལ་ལྷ་ལྕོག་འདུ་ཁང་། ལྷོར་བཀའ་འགྱུར་ལྷ་ཁང་བཅས་ ༣། ང༽ ཐོག་རྩེག་བཞི་པར་ཤར་ལྷོར་དཔལ་ལྷ་དྲག་མོའམ་དཔལ་ལྷའི་ཡུམ་གྱི་ལྷ་ཁང་དང་། ལྷོ་ནུབ་ཏུ་བཀྲ་ཤིས་ཚེ་རིང་མའི་ལྷ་ཁང་། ནུབ་བྱང་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཁང་། བྱང་ཤར་དུ་གནས་བཅུ་ལྷ་ཁང་བཅས་ ༤ ཡོད་ཀྱང་གནས་བཅུ་ལྷ་ཁང་ད་ལྟའི་ཆར་གང་ཡང་མཇལ་རྒྱུ་མེད་པ་བཅས་སོ།། དཀྱིལ་འཁོར་མཐིལ་ཏེ་འདུ་ཁང་དང་། སྐུ་རྟེན་དུ་ཕྱག་སྟོང་སྤྱན་སྟོང་དང་། གུ་རུ་རྒྱ་གར་མ། རྒྱལ་བ་བྱམས་པ་མགོན་པོ། རྗེ་བཙུན་བྱམས་པ། བྱམས་པ་ཆོས་འཁོར་མ་སོགས་དང་། ནང་འཁོར་ནང་ལྷ་ཁང་ཇི་སྙེད་ཅིག་ཡོད་ཀྱང་། ད་ལྟ་ཉམས་གསོ་ཐུབ་པ་གཉིས་ཡོད་པ་ནི་ཞིང་ཁམས་རྒྱ་མཚོའི་བཀོད་པ་དང་བཅས་པའི་ལྷ་ཁང་དང་། སྒྲོལ་མ་ལྷ་ཁང་གཉིས་བཅས་ད་ཆར་ལྷ་ཁང་ ༤༠ མཇལ་རྒྱུ་ཡོད་པ་ལས་གཞན་རྣམས་ཉམས་གསོ་མ་ཐུབ་པར་ལུས་ཡོད།

16) གཙུག་ལག་ཁང་གི་༸རྒྱལ་བའི་གཟིམ་ཆུང་ཁག

༡༽ ༸རྒྱལ་བའི་གཟིམ་ཆུང་ཁག་ནི། ཟུར་འཕྱོངས་གཟིམ་ཆུང་ཁག་གཉིས་དང་། ཟུར་འཕྱོངས་གཟིམ་འགག ཟུར་འཕྱོངས་གཟིམ་སྦུག སྣང་སྲིད་སེང་གཡབ། ཁམས་གསུམ་སེང་གཡབ། ༸རྒྱལ་བའི་གཟིམ་ཆུང་ཁག་གཉིས། གཟིམ་ཆུང་ཉི་འོད། ཤོད་གཟིམ་ཆུང་། གཟིམ་སྦུག་སོགས་ཏེ། དེ་ཡང་༸གོང་ས་ལྔ་པ་ཆེན་པོ་མཆོག་གི་བཞུགས་གནས་བླ་བྲང་བཞེངས་འགོ་བརྩམས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དུས་སུ་ཉམས་གསོ་དང་། རྒྱ་བསྐྱེད་གནང་བ་བརྒྱུད་རིམ་བཞིན་ད་ཡོད་ཀྱི་གཟིམ་ཆུང་ཁམས་གསུམ་གཟིལ་གནོན། (གཟིམ་ཆུང་ཉི་འོད།) འདི་བཞིན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཆོས་སྲིད་ཀྱི་མཛད་པ་མཐའ་ཡས་པ་བཀའ་དྲིན་བསྐྱངས་ཡུལ་གྱི་བཞུགས་གནས་གཙོ་བོ་ཡིན་ལ། འདིའི་ནང་ཕྱག་དཔེ་ཁང་དང་། མཚན་གཟིམ་ཁང་སོགས་ཇི་སྙེད་ཅིག་མཇལ་རྒྱུ་ཡོད་པར་མ་ཟད། ལྷག་པར་གཟིམ་ཆུང་ཉི་འོད་གཟིམ་སྒོ་ལྷོ་བསྟན་སེང་གཡབ་ཅན་ནི། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ལྷ་རམས་པ་དང་། བཅོ་ལྔ་མཆོད་པ་སོགས་ཀྱི་ཨང་རིམ་བྱ་དགའ་འབུལ་ཡུལ་དང་། ལྷ་མི་སྤྱིའི་ཞབས་བརྟན་སོགས་ཀྱི་མཛད་སྒོ་གནང་ཡུལ་ཡང་ཡིན། གཞན་ཡང་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨོན་ལམ་ཆེན་མོའི་ཚོགས་གཟིགས་དང་། བཅོ་ལྔ་མཆོད་པ་མཇལ་ས་སོགས་ཀྱི་ཟུར་འཕྱོངས་རབ་གསལ་སོགས་ཡོད་དོ།། གཞན་ཡང་ཤིང་རའི་རྡོ་སྐས་འཛེགས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མཆོད་ཡོན་ཚོགས་མགོན་དང་། གཞན་ཡང་དམིགས་བསལ་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་མཛད་སྒོ་གནང་ཡུལ་ཨེ་ཝཾ་ཕུན་ཚོགས་འདོད་འཁྱིལ། རབ་གསལ་དང་སྒོ་མཆོར་གཙུག་ལག་ཁང་གི་ཐང་ཆེན་ལ་ཕྱོགས་པ་ནི། ༸རྒྱལ་མཆོག་ཡབ་སྲས་གཉིས་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་ལ་བཀའ་ཆོས་དང་། མཇལ་ཁ་གཏོང་ཡུལ་ཚོམས་ཆེན་ཁམས་གསུམ་གཟིལ་མནོན་ཞེས་པ་དེ་ཡིན། གཞན་ཡང་གཙུག་ལག་ཁང་གི་ཕྱི་རོལ་ལྷོ་ངོས་ཀྱི་གསུང་ཆོས་ར་བ་ནི། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེའི་གསུང་ཆོས་གནང་སྐབས་ཀྱི་བཞུགས་ཁྲི་དང་། མདུན་དུ་ཆོས་ཞུའི་དགེ་འདུན་པ་རྣམས་ཀྱི་བཞུགས་ས་དང་། རྟགས་གསལ་འབུལ་ཡུལ་གྱི་ཆོས་ར་བཅས་ཡིན།

17) གཙུག་ལག་ཁང་གི་ལས་ཁུངས་ཁག་གི་མཚན་བྱང་།

༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་ཕྱི་ལོ་ ༡༧༥༡ ལོར་བོད་གཞུང་བཀའ་ཤག་ལས་ཁུངས་གསར་བར་ཐོག་ལྷོ་ངོས་སུ་གསར་འཛུགས་བཀའ་དྲིན་བསྐྱངས་ཤིང་། དེ་དུང་དུས་མཚུངས་ཤར་ངོས་སུ་བོད་ཡོངས་ཀྱི་ཞིང་འབྲོག་ནགས་གསུམ་ལ་དོ་དམ་བྱེད་པའི་ལས་ཁུངས་དང་། ཤོད་སྐོར་དཔོན་རིགས་གསོ་སྐྱོང་རྒྱུགས་ལེན་སོགས་གནང་ཡུལ་རྩིས་ཁང་། ནུབ་ཏུ་ཁྲལ་རིགས་ཁག་གཅིག་བསྡུ་ལེན་གནང་ས་བླ་ཕྱག་ལས་ཁུངས། བྱང་དུ་གྱོད་དོན་གཏུགས་བཤེར་དང་། ཁྲིམས་གཅོད་བྱེད་ས་བཤེར་ཁང་ལས་ཁུངས་བཅས་ཡོད་པ་འདི་དག་ལ་ནམ་རྒྱུན་ཡོངས་གྲགས་ཤར་དུ་ཞི་བའི་ལས་ཁུངས་རྩིས་ཁང་ཕུན་ཚོགས་བཀོད་པ་དང་། ལྷོར་རྒྱས་པའི་སྤྱི་ཁྱབ་ལས་ཁུངས་བཀའ་ཤག ནུབ་ཏུ་དབང་གི་ལས་ཁུངས་བླ་བྲང་ཕྱག་མཛོད་ཁང་། བྱང་དུ་དྲག་པོའི་ལས་ཁུངས་བཤེར་ཁང་བདུད་སྡེ་ཚར་གཅོད་ཅེས་སུ་གྲགས་པ་བཅས་བཞི་ཡོད། གཞན་ཡང་བོད་གཞུང་གི་ལས་ཁུངས་ཁག་ནི། བཀའ་ཤག་ཡིག་འཇོག་ཁང་། བཀའ་ཤག་ཡིག་ཁང་། བཀའ་ཤག་འགག བཀའ་ཤག་ཤོད། མགྲོན་དྲུང་སྒང་། བཀའ་ཤག་གཡང་ཁང་། བཀའ་ཤག་གདན་ཁང་། དེ་བཞིན་བདེ་ཞིབ་ལས་ཁུངས་དང་། སོ་ནམ་ལས་ཁུངས། ཕོགས་ཁང་ལས་ཁུངས། ལྷ་ས་གཉེར་ཚང་ལས་ཁུངས། ཇ་ཚྭ་ལས་ཁུངས། ཕྱི་རྒྱལ་ལས་ཁུངས། ཐེབས་སྦྱར་ལས་ཁུངས། སྨོན་ལམ་སྤྱི་ཁྱབ་ཁང་། སྨོན་ལམ་དངུལ་གཉེར་ཁང་། བླ་ཕྱག་པང་ཁང་ཁག་བཞི་དང་། དགེ་གཡོག་ཁང་། བཞེས་སྤྲོ་ཁང་། བླ་ཕྱག་གཡང་ཁང་སྦུག གཡང་ཁང་མདོ། ཤོད་གཟིམ་ཁང་། མགྲོན་གཟིམ་ཁང་། ཞལ་ངོ་སྒང་། གན་འཇོག་ཁང་། སྣང་སྲིད་ཚོམས་ཆེན། ནང་མ་སྒང་ཁག་བཞི། བླ་སྟེང་གཟིམ་འགག་སོགས་ ༣༣ ལྷག་ཡོད།

18) བོད་གཞུང་དང་གཙུག་ལག་ཁང་གི་བང་མཛོད་ཁག

ཁ༽ གཙུག་ལག་ཁང་དུ་ཡོད་པའི་བང་མཛོད་ཁག་ནི། བླ་ཕྱག་གུར་ཁང་། ལྷ་གཉེར་མཛོད་ཁང་། བླ་ཕྱག་མཛོད་ཁང་ཁག ༤ དང་། མར་ཁང་། བླ་ཕྱག་ཇ་ཁང་ནུབ་མ། རྩམ་ཁང་ཁག ༤། མཛོད་ཁང་ཁག་ ༩། ལྷ་གཉེར་མཛོད་ཁང་། སྣུམ་ཁང་། ཇ་མར་ཁང་། ཤིང་ཁང་། ཤིང་ར། ཟངས་དངུལ་འཇོག་ཁང་། མར་ཁང་ཆེན་མོ། མར་ཁང་སྦུག བླ་ཕྱག་ཤ་ཁང་། དངུལ་རྐྱན་ཁང་། བླ་ཕྱག་གཡང་ཁང་། གསོལ་མཛོད་ཁང་། སྨན་ཁྲོག་ཁང་། འབྲས་ཁང་། ནས་བཅག་ཁང་། རྡོ་སྨན་ཁང་། བླ་ཕྱག་མཛོད་ཁང་། བླ་ཕྱག་མཆོད་འབྲུ་ཁང་། སྐུ་གཉེར་མཛོད་ཁང་། མར་ཞུ་གསོག་ཁང་། བླ་ཕྱག་བལ་ཁང་། བླ་ཕྱག་མཛོད་ཁང་། དཀོན་གཉེར་མཛོད་ཁང་། བླ་ཕྱག་ཤོག་ཁང་། མཆོད་རྫས་སྒང་སོགས་སོ།། གཞན་ཡང་གཙུག་ལག་ཁང་གི་གནའ་ཤུལ་ཐད་རྒྱ་བཟའི་ཐབ་དང་། འོ་ཐང་མཚོ། རྡོ་སྦུད་པ་གཟུགས། ཁང་པ་གཞན། ལུག་ཚང་སོགས་དང་། བོད་གཞུང་གི་ལས་ཤག་དང་ཁང་ཁུངས་གཞན། ལྕང་ལོ་ཅན་དང་། རིན་ཆེན་གཏེར་མཛོད། འབྲས་སྤུངས་སྤྱི་སོའི་ལས་ཤག བཀྲ་ཤིས་ཁང་གསར་གྱི་ལས་ཤག བླ་བྲང་ཁང་གཉེར་ལས་ཤག ཁང་གཉེར་ལས་ཤག མཎི་བའི་ལས་ཤག་སོགས་མང་ལ། གསོལ་ཐབ་དང་རུང་ཁང་ལ་མཚོན་ནའང་། རྩེ་གསོལ་ཐབ་དང་། བཀའ་ཤག་གསོལ་ཐབ། སེ་ར་ལྟག་སྒོའི་རུང་ཁང་དང་། རུང་ཁང་ཆེན་མོ། ཟངས་རྒྱན་ཁང་། ཐབ་ཆས་ཁང་། རུང་ཁང་ལྷོ་སོགས་དང་། དེ་བཞིན་ཤིང་རའི་ལྷོ་རྒྱུད་ཁག་ལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་ལས་ཁུངས་མ་ལག་དང་བཅས་པ་དང་། གཟིམ་ཆུང་དང་། ལས་ཁུངས། ཡིག་ཆ་འཇོག་ཁང་། མཛོད་ཁང་། རུང་ཁང་། གྲྭ་ཤག སྤྱི་སྤྱོད་གསང་སྤྱོད་བཅས་ཁང་མིག་ཆེ་ཆུང་སྣ་ཚོགས་ ༢༠༠ ལ་ཉེ་བ་ཞིག་ཡོད་པ་བཅས་སོ།།

19) གཙུག་ལག་ཁང་གི་རྒྱ་ཕིབས།

གཙུག་ལག་ཁང་གི་ཐོག་རྩེག་བཞི་པར་ཇོ་བོའི་དབུ་ཐོད་རྒྱ་ཕིབས་དང་། རྒྱལ་བ་བྱམས་པའི་རྒྱ་ཕིབས། ཆོས་རྒྱལ་རྒྱ་ཕིབས། ཐུགས་རྗེའི་རྒྱ་ཕིབས་བཅས་ཁག་བཞི་དང་། དཔལ་ལྷའི་ཡུམ་དྲག་མོའི་ལྷ་ཁང་དང་། ཚེ་རིང་མཆེད་ལྔ་དང་ཨ་ཕྱི། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཁང་། གནས་བཅུ་ལྷ་ཁང་བཅས་བཞི་ཡོད། དེ་ལྟར་གཙུག་ལག་ཁང་གི་དབུ་རྩེའི་རྒྱ་ཕིབས་ཁག་བཞི་ཡོད་པ་ལས། ཤར་ཕྱོགས་གསེར་གྱི་རྒྱ་ཕིབས་ནི། ཇོ་བོ་ཤཱཀྱ་མུ་ནེའི་དབུ་ཐོད་ལ་འཁེལ་ཡོད་ཅིང་། འདི་ཉིད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་ཡ་ཙེའི་རྒྱལ་པོ་ཨ་ནལ་ཏ་སྨལ་གྱི་སྲས་ཏེའུ་སྨལ་གྱིས་ཕུལ་བ་དེ་ཡིན། ལྷོའི་གསེར་གྱི་རྒྱ་ཕིབས་ནི། བྱམས་པ་མཆེད་བཞིའི་དབུ་ཐོད་དུ་འཁེལ་ཡོད་ཅིང་། དེ་ནི་སྔར་རྒྱལ་པོ་གོ་ཆའི་ཕོ་བྲང་གི་རྒྱ་ཕིབས་ས་འོག་ཏུ་ཡུན་རིང་བསྡད་པས་གསེར་མདངས་ཉམས་ཤིང་། གཡའ་ཡང་ཡང་འཁོར་མཁན་བཟོ་དབྱིབས་མི་འདྲ་ཙམ་ཡོད་ཅེས་རྒད་པོའི་ངག་རྒྱུན་དང་། དེ་རྗེས་དགའ་ལྡན་ཕོ་བྲང་གཞུང་ཕྱོགས་ནས་ཉམས་གསོ་གནང་སྟེ་བྱམས་པ་མཆེད་བཞིའི་དབུ་ཐོད་དུ་ཕུལ་བར་གྲགས། ནུབ་ཀྱི་གསེར་ཐོག་རྒྱ་ཕིབས་ནི། ཆོས་རྒྱལ་ང་འདྲ་མའི་དབུ་ཐོད་དུ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གཞུང་ཕྱོགས་ཀྱིས་ཕུལ་གནང་མཛད་པ་ཞིག་ཡིན། བྱང་ཕྱོགས་གསེར་གྱི་རྒྱ་ཕིབས་ནི། འཕགས་པ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དབུ་ཐོད་དུ་འཁེལ་ཡོད་ཅིང་། དེ་ཡང་ཡ་ཙེའི་རྒྱལ་པོ་པུ་སྨལ་གྱི་སྲས་པྲ་ཏི་སྨལ་དང་། བློན་པོ་དཔལ་ལྡན་གྲགས་པ་གཉིས་ཀྱིས་ཕུལ་བ་ཞིག་ཡིན་ལ། གཞན་ཡང་དབུ་རྩེར་རི་དྭགས་ཆོས་འཁོར་དང་། གསེར་ཟངས་རྒྱལ་མཚན་དང་། མཚམས་བཞིའི་ལྕོག་སྟེང་དུ་གཉྫིར་དང་། རྔ་ཐུག་སོགས་ཀྱིས་མཛེས་པར་བརྒྱན་པ། ཕྱོགས་མཚམས་སོ་སོའི་ཟུར་རྣམས་སུ་བྱང་ཤང་ཤང་དང་། གསེར་ཟངས་ཀྱི་མདའ་ཡབ་དང་། མདའ་ཡབ་ཀྱི་འོག་ཏུ་ཕྱོགས་སོ་སོའི་ཟུར་རྒྱན་ཆུ་སྲིན་སོགས་དང་། དེ་མིན་ཕྱོགས་ཟློག་གི་མཚན་མ་སོགས་ཀྱིས་མཛེས་པར་སྤྲས་པའོ།།

20) རིག་གསར་སྐབས་གཏོར་བཤིག་གི་ཉམས་གསོ་མ་ཐུབ་པ།

ཕྱི་ལོ་ ༡༩༦༦ ཟླ་ ༨ ཚེས་ ༢༤ ཉིན་བོད་དུ་རིག་གནས་གསར་བརྗེའི་ལས་འགུལ་ཐོག་མ་གཙུག་ལག་ཁང་ནས་གཏོར་འགོ་ཚུགས་ཤིང་། སྐབས་དེར་ལྷ་ས་དགེ་འོས་སློབ་གྲྭ་དང་། ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་གིས་གསར་བརྗེའི་ལས་འགུལ་ཐེངས་དང་པོ་འདི་གཙུག་ལག་ཁང་ལ་བསྐྱོད་དེ་རྙིང་པ་བཞི་ཟེར་བ་རྩ་གཏོར་གཏོང་འགོ་ཚུགས་ཏེ་དབུ་རྩེའི་རྒྱ་ཕིབས་དང་། སྒོ་མཆོར་ཆེན་མོའི་ཡང་སྟེང་རི་དྭགས་ཆོས་འཁོར་དང་། རྣམ་བཅུ་དབང་ལྡན་དང་། ནང་གི་རྟེན་གསུམ་འཛིན་ཆས་དང་བཅས་པ། ཐ་ན་ཇོ་བོ་དབུ་སྐྲའི་རྒྱ་ལྕང་རྐང་གཅིག་པོ་དེ་ཡང་ཞིང་སྨན་ཁག ༦༦ བཤོས་པ་དང་། ཡལ་ག་བཅད་ནས་གསུང་རབ་དང་། གཟུངས་ཞུགས་ཡན་ཆད་མེར་བསྲེག་བཏང་བ། རྟེན་གསུམ་འཛིན་དང་བཅས་པའི་ནང་རྟེན་རྣམས་རྙིང་བཞིར་བརྩིས་ནས་གཏོར་བཤིག་གིས་ཁྱམས་ར་ཆེན་མོའི་ནང་དུ་སྤུངས་པ། ཇོ་བོའི་ལྷ་ཁང་གི་མཐའ་སྐོར་རྣམས་ཕག་ཚང་དང་ཕག་པ་གསོད་སའི་བཤས་ར་བྱས་པ། ཡང་ཐོག་གི་ལྷ་ཁང་ཁག་ཕྱི་ལོ་ ༡༩༦༧ ལོའི་ཟླ་ ༦ པར་བོད་དམག་ཁུལ་ཁང་གི་དམག་མི་བརྒྱ་ཤོག་ཅིག་གཙུག་ལག་ཁང་ནང་བཅའ་སྡོད་བྱེད་པར་བཏང་བ་རྣམས་དམག་མིའི་ཉལ་ཁང་བཟོས་པ། དཔལ་ལྷ་ལྕོག་གི་སྐུ་བརྙན་གཏོར་བཤིག་གིས་དཔལ་ལྷ་ལྕོག་གསང་སྤྱོད་བྱས་པ་སོགས་རྩ་གཏོར་རང་བཞིན་གྱིས་གཏོར་བཤིག་བསམ་ཡུལ་ལས་འདས་པ་བཏང་ཡོད། གཙུག་ལག་ཁང་གི་སྟེང་ཤོད་བར་གསུམ་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་རིག་དངོས་དང་བཅས་པ་རྣམས་ཀྱི་ཁྲོད་ནས་རིག་གནས་གསར་བརྗེའི་སྐབས་གཙུག་ལག་ཁང་གི་ཕྱིའི་སྒྲོམ་གཞི་དང་། གཙང་ཁང་དབུས་མ་སྟེ་ཇོ་ནང་དང་། ལྷ་ཁང་མཐའ་མ་ཐུགས་སྨོན་ལྷ་ཁང་གཉིས་གཏོར་སྐྱོན་མ་བྱུང་བར་སྔར་གྱི་སྐུ་གསུང་ཐུགས་རྟེན་བྱིན་ཅན་དེ་དག་རང་འཇགས་ཡིན་པ་ལས། དེ་མིན་ལྷ་ཁང་ཕལ་མོ་ཆེའི་རྟེན་གསུམ་རྣམས་རྩ་གཏོར་དུ་སོང་ཡོད། འོན་ཀྱང་ད་ལྟ་ང་ཚོས་མཇལ་རྒྱུ་ཡོད་པའི་རྟེན་གསུམ་རྣམས་ནི། ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་ནས་གདང་དྲངས་པ་རེ་གཉིས་ཕུད། དེ་མིན་རྟེན་གསུམ་ཕལ་མོ་ཆེ་ལོ་རབས་བདུན་ཅུ་ནས་འགོ་བཙུགས་ཏེ་སྔོན་གྱི་དཀར་ཆག་སོགས་ལ་གཞི་བཅོལ་ནས་གསར་བཞེངས་ཞུས་པ་ཞིག་ཡིན། གཞན་ཡང་གཙུག་ལག་ཁང་གི་བར་ཐོག་སྟེ། ཇོ་ཁང་གི་སྟེང་ཐོག་གཡོན་ངོས་ནམ་རྒྱུན་ཞལ་རས་ལྷ་ཁང་དུ་འབོད་པའི་ལྷ་ཁང་གཟིམ་ཆུང་སྒོ་ནུབ་བསྟན་འདིའི་ནང་བཙན་པོའི་སྐུ་དུས་ཀྱི་ལྡེབས་རིས་ཤིན་ཏུ་རྩ་ཆེ་དང་བྱིན་ཅན་རླབས་རྒྱ་ཁྱོན་ཀུང་ཁྲེ་གསུམ་ཙམ་ཞིག་དང་། དེ་མིན་གཙུག་ལག་ཁང་གི་ནང་སྐོར་དང་། ཁྱམས་ར་ཆེན་མོའི་གྱང་ལྡེབས། གཟིམ་ཆུང་ནང་ཁོངས་བཅས་ལ་སྔར་གྱི་ལྡེབས་རིས་མཇལ་རྒྱུ་ཡོད་པ་ཕུད། དེ་མིན་གཙུག་ལག་ཁང་གི་གཙོ་གནད་ལྷ་ཁང་ཁག་གི་ཕྱི་ནང་གི་ལྡེབས་རིས་ཕལ་མོ་ཆེ་ཉམས་གསོ་གསར་བཞེངས་ཞུས་པ་ཡིན། རིག་གསར་གྱི་གཏོར་བཤིག་བཏང་བའི་ཁྲོད་ནས་ད་ལྟའང་ཉམས་གསོ་ཞུས་མ་ཐུབ་པའི་ལྷ་ཁང་ལ་མཚོན་ནའང་། སེང་ལྡེང་སྒོ་མོ་ཕྱི་མའི་ནང་ལོགས་ལྷོ་བྱང་གཡས་གཡོན་གཉིས་ལ་རྟ་མགྲིན་ལྷོ་དང་། ཕྱག་རྡོར་བྱང་བཅས་གཙོ་བོར་བཞུགས་པའི་ལྷ་ཁང་ཡིན་ནའང་། ད་ལྟ་གང་ཡང་མཇལ་རྒྱུ་མེད། དེ་བཞིན་བརྟག་པ་མཆོད་རྟེན་གྱི་གཡས་གཡོན་ཉེ་འཁྲིས་སུ་ཡོད་པའི་ལྷ་ཁང་ནི་སྔར་འོད་དཔག་མེད་ཀྱི་ལྷ་ཁང་ཡིན་པར་གྲགས་ཀྱང་ད་ལྟ་མཇལ་རྒྱུ་གང་ཡང་མེད་པའི་ཁང་སྟོང་ཞིག་ཏུ་གྱུར་ཡོད་ལ། དབུ་རྩེའི་གནས་བཅུ་ལྷ་ཁང་ཡང་གཏོར་བཤིག་གིས་ད་ལྟའི་ཆར་གང་ཡང་མཇལ་རྒྱུ་མེད་ལ། ནང་འཁོར་ནང་ལྷ་ཁང་ཇི་སྙེད་ཅིག་ཡོད་ཀྱང་ལྷ་ཁང་གཉིས་ལས་གཞན་རྣམས་ཉམས་གསོ་མ་ཐུབ་པར་ལུས་ཡོད་པའི་ལྷ་ཁང་ཡང་མི་ཉུང་བ་ཞིག་ཡོད་པ་བཅས་སོ།། གཞན་ཡང་གཙུག་ལག་ཁང་འདི་ཉིད་ཕྱི་ལོ་ ༡༩༦༡ ལོའི་ཟླ་ ༣ ཚེས་ ༥ ཉིན་ལྷ་ལྡན་གཙུག་ལག་ཁང་འདི་ཉིད་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ལ་གཏན་འཁེལ་བྱས་པ་དང་། ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༢ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལྷ་ལྡན་གཙུག་ལག་ཁང་འདི་ཉིད་འཛམ་གླིང་རིག་དངོས་ཤུལ་བཞག་ལ་གཏན་འཁེལ་བཅས་བྱས་པའི་ཁོངས་སུ་ཚུད་ཡོད། ཡང་ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༡ ཚེས་ ༡༡ ཉིན་རྒྱལ་ཁབ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ལྷ་ལྡན་གཙུག་ལག་ཁང་འདི་ཉིད་རྒྱལ་ཁབ་ཀྱི་ཀ་པ་བཞི་བརྩེགས་རིམ་པའི་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་ལ་གཏན་འཁེལ་བྱས་པ་བཅས་སོ།།   །། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ 2018/2/22 ལ།།

བརྒྱུད་སྐུལ།

དེའི་ཐད་བསམ་ཚུལ། “ལྷ་ལྡན་གཙུག་ལག་ཁང་གི་ལོ་རྒྱུས།

མཆན་སྤེལ།