ལྷ་སའི་ཇོ་བོར་གསེར་གསོལ་བའི་བྱུང་བའི་ཁུངས་སྣེ།

ལྷ་སའི་ཇོ་བོར་གསེར་གསོལ་བའི་བྱུང་བའི་ཁུངས་སྣེ།

ར་སེ་དཀོན་མཆོག

 དེ་ཡང་བོད་ཡུལ་དབུས་ཀྱི་ལྟེ་བ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ཎི་སྟེ། སྟོན་པའི་སྣང་བརྙན་ལ་ཉིན་ལྟར་ཞལ་གསེར་འབུལ་བ་ཙམ་མ་ཟད། སྐུ་ཧྲིལ་པོར་གསེར་གསོལ་བའི་དད་མོས་ཀྱི་སྲོལ་ངོ་མཚར་ཅན་ཡོད་ལ། དེ་མཚུངས་བོད་ཀྱི་སྐུ་བརྙན་སྤྱི་དང་དགོན་སྡེ་ཁག་གི་རྟེན་གཙོར་ཞལ་གསེར་ཡང་ཡང་འབུལ་བ་སྟེ། གསེར་ཆབ་བྱུག་སྲོལ་རྒྱ་ཁྱབ་ཏུ་གྱུར་ཡོད་པས། འདི་རྒྱ་གར་གྱི་སྲོལ་བོད་དུ་ཚུར་དར་བ་ཡིན་ནམ། བོད་རང་ནས་བླ་མ་དག་གིས་གསར་བཏོད་གནང་བ་ཡིན་ནམ། རྒྱ་ནག་ནང་པའི་ལུགས་ལས་ཚུར་དྲངས་པ་ཅིག་ཡིན་ནམ་མིན་ཞེ་ན། དེ་ལ་ལན་དུ་བྱུང་བ་རིག་པའི་སྒོ་ནས་ལན་འདེབས་དགོས་པ་ནི་གཡོལ་དུ་མེད་དོ།།

 

རྒྱ་གར་དང་བལ་ཡུལ་སོགས་སུ་སྐུ་བརྙན་ལ་རང་མདོག་སྟེ། སངས་རྒྱས་སོགས་སྐུ་མདོག་མངོན་རྟོགས་ལྟར་ལས་གསེར་བྱུག་པའི་ལུགས་མེད་པར་མངོན་ལ། རྒྱ་ནག་ལའང་དེ་མཚུངས་ཡིན་འདུག་ལ། བོད་དུ་བཙན་པོའི་དུས་བཞེངས་པ་དག་དང་། ཧི་མ་ལ་ཡའི་ཕྱི་ནང་དུ་ཡོད་པའི་གནའ་བོའི་སྐུ་བརྙན་དག་ལའང་རང་མདོག་གམ། མངོན་རྟོགས་ལྟར་ཚོན་བཀྱེ་བ་ཤས་ཆེ་བར་སྣང་ལ། ཞལ་ལ་གསེར་བྱུག་པ་ནི་ཕྱིས་སུ་དར་ཁྱབ་ཆེ་བར་གྱུར་པ་ཅིག་ཡིན་པར་སྣང་།

རང་རེར་ཡིན་ཤག་ཤག་གི་ཞལ་གསེར་ལམ་ལུགས་ཀྱི་བྱུང་རིམ་མམ། ལྷ་སའི་ཇོ་བོར་གསེར་ཆབ་གསོལ་མཁན་ཐོག་མ་དེ་སུ་ཡིན་ནམ་ཞེ་ན། ལན་འདི་དགེ་བཤེས་ང་ཡིན་ཁོ་ཡིན་དག་ཀྱང་ལམ་སེང་མི་དྲན་པར་རེ་ཞིག་སྨྲ་བཅད་ལ་གནས་རྒྱུའང་ཐེ་ཚོམ་མེད་དེ། ང་ཚོའི་ད་ལྟའི་ཆོས་ཕྱོགས་ཀྱི་བྱ་བྱེད་མང་པོ་ཅིག་ནི་ཡིན་ཆ་བཞག་གི་ངང་དུ་གཉེར་བ་ཙམ་ལས། དེའི་བྱུང་རིམ་དང་དགོས་དོན་སོགས་ལ་ཕྱིར་རྟོག་བྱ་མཁན་ཧ་ཅང་དཀོན་པས་སོ།།

ད་ཡོད་དཔྱད་ཡིག་ལ་གཞིགས་ན་ལྷ་སའི་ཇོ་བོར་གསེར་གསོལ་མཁན་ཐོག་མ་ནི། འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྗེ་སྒམ་པོ་དང་རྗེ་རས་ཆུང་པའི་དངོས་སློབ། རྣལ་འབྱོར་པ་ཆེན་པོ་འོལ་ཁ་ཆོས་གཡུང་སྟེ་ཆོས་ཀྱི་གཡུང་དྲུང་ཞབས་ཡིན་ལ། དེའི་ཚུལ་ནི་གུང་ཐང་བླ་མ་ཞང་གི་གསུང་འབུམ་པོད་ཆ་པ། རང་རྣམ་དགོས་འདོད་ཀུན་འབྱུང་གི་འགྲེལ་པ་ལྡེབ་༡༣པའི་རྒྱབ་ངོས་ཡིག་ཕྲེང་༣པ་ལས། མ་ཆགས་སེ་མོ་དོ་ལ་དཀའ་ཐུབ་མཛད། བྱེ་མ་གསེར་དུ་བསྒྱུར། མནལ་ལམ་དུ་དཔལ་རྡོ་རྗེ་འཆང་གིས་གསེར་གྱི་རྡོ་རྗེ་འོད་འབར་བ་ཅིག་ཕྱག་དར་གཡས་ལ་བཅུག་པར་རྨིས་པས། མནལ་སད་པ་དང་དངོས་སུ་ཤར་འདུག་ནས་ཀུན་གྱིས་བལྟར་ཡོད། ཇོ་བོ་རིན་པོ་ཆེ་ལ་གྲང་སེར་གསོལ་བའི་སྲོལ་བཙུགས་ཤིང་ངོ་མཚར་གྱི་གཟིགས་སྣང་མང་དུ་བྱུང་། ཞེས་བཀོད་འདུག་པས་སོ།།

གསེར་ཆབ་འབུལ་བའམ་ཞལ་གསེར་འབུལ་བའི་ལུགས་དེ། འདི་ཡིས་སྲོལ་བཏོད་པར་བླ་མ་ཞང་གི་རྣམ་ཐར་གྱི་འགྲེལ་བ་ན་གསལ་བ་འདི་ཡང་གང་བྱུང་དུ་བཀོད་པ་ཅིག་ཡིན་མི་སྲིད་དེ། ཁོང་ནི་བླ་མ་ཞང་གི་རྩ་བའི་བླ་མའི་གྲས་ཡིན་ལ། བླ་མ་ཞང་གི་ལྷ་ས་རྣམ་གཉིས་ཏེ། ར་ས་དང་ར་མོ་ཆེ་གཉིས་ཀར་བདག་སྐྱོང་མཛད་པ་པོ་ཅིག་ཀྱང་ཡིན་པས་སོ།།

ཡིན་ན་ཡང་ལོ་རྒྱུས་ཀྱི་གནད་དོན་གལ་པོ་ཆེ་ཡིན་པས། དཔྱད་ཡིག་འདི་མཐོང་མ་ཐག་འདི་ཀའོ་ཞེས་སམ། འདི་ལས་གཞན་མི་སྲིད་སྙམ་ནས་གཞན་ལྡན་རྣམ་གཅོད་ཁོ་ནར་ཆ་འཇོག་རྒྱུ་མེད་པས། ད་དུང་ལོ་རྒྱུས་དང་གནའ་རྫས་སོགས་ཕྱོགས་མང་པོ་ལ་བརྟེན་ནས་གནས་ལུགས་དངོས་ཁ་གསལ་ཁུངས་དག་བཟོ་དགོས་པའི་ཕྱིར། ཤོད་སྲོལ་ཙམ་མ་ཡིན་པར་ལོ་རྒྱུས་ཞིབ་ཆ་ཅན་དང་། ཁ་གསལ་ཅན་དུ་འགྱུར་བའི་རྟིང་སྐུལ་དང་། ལ་ལར་བློ་སྐྱེད་འབྱུང་རེས་དཔེ་ཀློག་གི་འབྲས་བུ་འདི་ཉིད་ར་སེ་དཀོན་མཆོག་རྒྱ་མཚོས་ཡི་གེར་བཀོད་པ་ལགས་སོ།།༢༠༢༠/༡/༢༥

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།