འབྲས་སྤུངས་ཞོ་སྟོན་གྱི་ལོ་རྒྱུས་ཕྱོགས་བསྡུས།

འབྲས་སྤུངས་ཞོ་སྟོན་གྱི་ལོ་རྒྱུས་ཕྱོགས་བསྡུས།

དེ་ཡང་ཞོ་སྟོན་ཞེས་པའི་གོ་དོན་དང་། ཞོ་སྟོན་གྱི་དུས་ཚོད་དང་བྱེད་སྒོ་ཁག  ཞོ་སྟོན་ནོར་བུ་གླིང་ཁར་ཚུགས་ཚུལ། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས་བཅས་ཀྱི་སྒོ་ནས་ཞུ་གི་ཡིན།

ཞོ་སྟོན་ཞེས་པའི་དོན།
གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་སུ་དབྱར་གནས(དགེ་འདུན་རྣམས་དབྱར་ཁའི་རིང་ཕྱི་རོལ་དུ་གང་བྱུང་དུ་འགྲོ་མི་ཆོག་པའི་དུས་ཅིག)ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན།

 

 

ཞོ་སྟོན་གྱི་དུས་ཚོད།
(དུང་དཀར་ཚིག་མཛོད་སོགས་ལས) དུས་རབས་བཅུ་བདུན་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་དར་བ་དང་བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང༌། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད།
དེ་ནི་དེ་ཉིན་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་དུ་ཞལ་ངོ(དགོན་པའི་ཁྲིམས་ཀྱི་བདག་པོ་)གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་སོགས་ཀྱི་དོན་སྙིང་ཡོད།   དེ་བཞིན་སེ་ར་དགོན་དུ་ཡང་གནའ་སྔ་མོ་ནས་གོས་སྐུ་བཤམས་སྲོལ་ཡོད་པ་དང་དགེ་འདུན་པ་རྣམས་ལ་ཞོ་ཡི་སྟོན་མོ་ཡང་ཕུལ་གྱི་ཡོད།  རིག་གསར་གོང་སེ་རའི་གོས་སྐུ་གླིང་གསུམ་མ་འདི་ནི་ལོ་ལྟར་བོད་ཟླ6པའི་གནམ་གང་ཉིན་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ནུབ་ངོས་སུ་འགྲེམ་སྟོན་བྱས་ནས་ཁྲུས་གསོལ་རབ་གནས་གནང་གི་ཡོད་པ་དང་ཀརྨ་ཤར་གྱི་འཆམ་རྒྱག་སྲོལ་ཡང་ཡོད།
བོད་ཟླ6པའི་ཚེས29ཉིན་དགུ་གཏོར་བརྒྱབ་ནས་གནམ་གང་ཉིན་ཚོགས་ཆེན་མགོན་ཁང་ནང་ནས་ལྷ་ཆེན་ཀརྨ་ཤར་སྤྱན་འདྲེན་ཞུས་པ་དང་རྡོ་གཅལ་སྟེང་དུ་ཕེབས་ནས་ལྷ་ཆེན་ཀརྨ་ཤར་གྱིས་གོས་སྐུར་མཇལ་དར་བསྒྲོན་ནས་ལུང་བསྟན་གནང་སྲོལ་ཡོད། དེ་ནས་སེར་སྨད་གྲྭ་ཚང་གི་མགོན་ཁང་དུ་སྐུ་ཡལ་གྱི་ཡོད་ཞེས་གསུངས། ལུང་ཡིག་རྣམས་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ཤར་ངོས་དེར་གཅིག་དང་ཀརྨ་ཤར་གྱི་འདུ་ཁང་མདུན་དུ་གཅིག  གཞུང་ལ་འབུལ་རྒྱུའི་ལུང་ཡིག་གཅིག་བཅས་དགོས་ཀྱི་ཡོད། དགོང་དྲོ་ལྷ་སར་ལོག་ཡོང་སྐབས་ལུང་བསྟན་གནང་བའི་རྟགས་གཞི་རྣམས་ཕྱག་ཏུ་བསྣམས་ནས་ཚང་མར་བསྟན་གྱི་ཡོད། ལུང་བསྟན་གྱི་ནང་དོན་ནི་ལོ་རྗེས་མ་བཟང་ངན་གང་ཡོང་གསུངས་པ་ཡིན།
ཞོ་སྟོན་ནོར་བུ་གླིང་ཁར་དབུ་ཚུགས་ཚུལ།
(དུང་དཀར་ཚིག་མཛོད་སོགས་ལས)རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་སྤྱི་ལོ1849ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་ཕོ་བྲང་གསར་རྒྱག་བྱས་པ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང༌། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང།
དུས་རབས20པའི་དུས་འགོ་སྟེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྲིད་དབང་དངོས་སུ་བཞེས་པའི་རྗེས་སུ།  བོད་ཀྱི་རྒྱུན་སྲོལ་ལྷ་མོ་མི་ཉམས་གོང་འཕེལ་ཡོང་ཆེད༌།  དབུས་གཙང་ལྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་དང༌། བྲོ་པ། གཞས་མ། ཤེལ་རོང་འབྲོང་རྩེད་པ་སོགས་ཡོད་ཚད་བསྐོང་འགུགས་གནང་སྟེ་ལོ་ལྟར་ཞོ་སྟོན་རིང་ནོར་བུ་གླིང་ཁར་འཁྲབ་སྟོན་གཟིགས་འབུལ་དགོས་པ་སོགས་ཀྱི་བཀའ་གནང་བ་མ་ཟད་སྐུ་ངོ་མས་གཟིགས་རྟོག་གནང་གི་ཡོད། དེ་ནས་བཟུང་ཞོ་སྟོན་ནི་བོད་ཀྱི་རིག་རྩལ་དུས་ཆེན་ཞིག་ཏུ་གྱུར།
འཁྲབ་གཞུང་གི་སྐོར།
བོད་ཀྱི་ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞི་པའི་མི་སྣ་གྲགས་ཅན་ཐང་སྟོང་རྒྱལ་པོས་དབུ་འཁྲིད་ནས་ལྷ་མོའི་གཞུང་འཁྲབ་སྟེ་ལྕགས་ཟམ་དང་གྲུ་སོགས་སྐྲུན་བྱེད་ཀྱི་ཞལ་འདེབས་བསྡུ་རྒྱུ་དམིགས་ཡུལ་དུ་བྱས་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ཞིང་། བོད་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་ཡོད་པ་རྣམས་ཀྱི་ནང་དོན་ནི་གཏམ་རྒྱུད་དང་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་རྣམ་ཐར་གྱིས་མི་སེམས་ལ་གཡོ་འགུལ་དང་ཡར་རྒྱས་ཀྱི་ལམ་བུའི་ཐོག་ལ་སྐུལ་འདེད་གཏོང་ཆེད་དུ་འཁྲབ་གཞུང་ལ་བཀོད་པ་ཞིག་ཡིན།

 

 

ཞོ་སྟོན་སྐབས་མ་ཤེས་ཐབས་མེད་ཀྱི་དྲི་ལན་དགུ།

 

དང་པོ། ཞོ་སྟོན་ཐོག་མར་ཇི་ལྟར་བྱས་ནས་དར་རམ།

ལན། ༡༤༡༦ལོར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་ཕྱག་བཏབ་པ་དང་། དེ་རྗེས་དགེ་འདུན་གྱི་སྡེ་མང་དུ་ཚོགས་ཏེ་ནང་བསྟན་གཞུང་ལུགས་ཀྱི་ཐོས་བསམ་འཆད་ཉན་དར། དགེ་འདུན་པ་རྣམས་འདུལ་བའི་ལག་ལེན་དང་མཐུན་པར་དབྱར་གནས་པར་ཁས་བླངས་ཏེ་བཞུགས་པར་སྣེའུ་དཔོན་ཆེན་ནམ་མཁའ་བཟང་པོས་འདུས་ཚོགས་སུ་ཞོ་ཡི་སྟོན་མོ་ཕུལ་བས་ཞོ་སྟོན་ཞེས་ཐོག་མར་དར་རོ།།

གཉིས་པ། ཞོ་སྟོན་དུས་ཆེན་དེ་མང་ཚོགས་རང་བཞིན་གྱི་དུས་སྟོན་དུ་ཇི་ལྟར་འགྱུར་རམ།

ལན་དུ།   དུས་རབས་བཅོ་ལྔ་པའི་དུས་མཇུག་༡༤༩༣ཙམ་ལ་འབྲས་སྤུངས་དགོན་པའི་ནུབ་རིའི་ལྡེབས་སུ་གོས་ཐང་ཆེན་མོ་བཤམས་ཏེ་ཆོས་དད་མང་ཚོགས་རྣམས་ལ་མཇལ་ཁ་གཏོང་བའི་སྲོལ་དར་བ་ནས་བཟུང་ཞོ་སྟོན་འདི་ཉིད་མང་ཚོགས་རང་བཞིན་གྱི་དུས་སྟོན་གལ་ཆེན་ཞིག་ཏུ་འགྱུར་རོ།།

གསུམ་པ། ཞོ་སྟོན་དུས་ཆེན་ལ་ལྷ་མོའི་གླུ་གར་འཁྲབ་སྟོན་བྱེད་སྲོལ་ཇི་ལྟར་དར་རམ།

ལན་དུ།   དུས་རབས་བཅུ་བདུན་པའི་ནང་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་སླར་ཡང་འབྲས་སྤུངས་ཞོ་སྟོན་དང་འབྲེལ་དགོན་པའི་ཚོགས་ཆེན་ཞལ་ངོ་གསར་རྙིང་བརྗེ་བའི་དུས་དང་བསྟུན་ཏེ།  ཞོ་སྟོན་ཉིན་གོས་སྐུའི་མདུན་དུ་གྲགས་ཅན་ལྷ་མོ་ཚོགས་པ་ཁག་དང་དེ་བཞིན་གཞན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་སྒོ་དབྱེའི་མཛད་སྒོར་གཟིགས་ཕུད་འབུལ་བའི་སྲོལ་དར་བ་ནས་བཟུང་རིམ་བཞིན་ལྷ་མོའི་གླུ་གར་འཁྲབ་སྟོན་བྱེད་པའི་དུས་ཆེན་འགྱུར་རོ།།

བཞི་པ། བོད་ཀྱོ་ལོ་རྒྱུས་ཐོག་གྲགས་ཅན་གྱི་ལྷ་མོ་ཚོགས་པ་བཞི་གང་དང་གང་ལགས།

ལན་དུ།   ངམ་རིང་གཅུང་རི་བོ་ཆེའི་ལྷ་མོ་ཚོགས་པ།    རིན་སྤུངས་རྒྱལ་མཁར་ཆོས་རྫོང་གི་ལྷ་མོ་ཚོགས་པ།    རྣམ་གླིང་ཤངས་པའི་ལྷ་མོ་ཚོགས་པ།   སྟོད་ལུང་སྐྱོར་མོ་ལུང་གི་ལྷ་མོ་ཚོགས་པ་བཅས་དང་།  གཞན་ཡང་འབྲི་གུང་ལྷ་མོ་ཚོགས་པ།  སྙེ་མོའི་བྱ་སྒོ་ལྷ་མོ་ཚོགས་པ་སོགས་དབུས་གཙང་ཡུལ་ལུང་གང་སར་ལྷ་མོ་ཚོགས་པ་མི་ཉུང་བ་ཞིག་ཡོད་དོ།།

ལྔ་པ། འོ་ན། ཞོ་སྟོན་སྐབས་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་སྲོལ་ཇི་ལྟར་དར་རམ།

ལན། ༡༨༤༩ལོ་ཙམ་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་རྒྱས་སྐྲུན་བྱས་ཏེ་དེའི་རྟེན་འབྲེལ་ལ་ནོར་བུ་གླིང་གའི་ཕོ་བྲང་སྡིངས་ཆའི་སྟེང་ལྷ་མོའི་ཟློས་གར་འཁྲབ་སྲོལ་དར་བས་དེ་ནས་བཟུང་སྲོལ་རྒྱུན་འབྲས་སྤུངས་ཞོ་སྟོན་འདི་ཉིད་ལྷ་སའི་དབྱར་སྐྱིད་དང་འབྲེལ་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཏུ་གྱུར།

དྲུག་པ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཐོག་མར་སྲོལ་གཏོད་མཁན་སུ་ལགས།

ལན་དུ།  དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞུ་བ་ཁོང་ཡིན་པ་དང་།   ཁོང་ནི་ཆོས་བརྒྱུད་ཤངས་པ་བཀའ་རྒྱུད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ཅིང་ནང་དོན་རིག་པ་མཁས་ཅན།   གསོ་བ་རིག་པ་མཁས་ཅན།     བཟོ་རིག་པ་མཁས་ཅན།   གླུ་གར་སྒྱུ་རྩལ་མཁས་ཅན་ལ་སོགས་ཡིན་པ་མ་ཟད་ཁྱད་པར་དུ་བོད་ཀྱི་ཟམ་པའི་བཟོ་སྐྲུན་ཐད་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་སྐྱེ་བོ་དམ་པ་ཞིག་ཡིན་ནོ།།

ཁོང་ནི་དགུང་ལོ་༡༢༥ཙམ་བཞུགས།

བདུན་པ།  ཐོག་མར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཁོང་གིས་སྲོལ་གཏོད་པའི་ཨ་ཅེ་ལྷ་མོའི་ཟློ་གར་གོ་རིམ་ཇི་ལྟར་བྱས་ནས་འཁྲབ་སྲོལ་ཡོད་དམ།

ལན་དུ།    ༡  རྔོན་པའི་ས་ཆགས་དང་རྔོན་པའི་ས་འདུལ།      ༢ རྒྱ་ལུའི་བྱིན་འབེབས།        ༣ལྷ་མོའི་གླུ་གར།   ༤ བཀྲ་ཤིས་ཆོས་མཚམས་བཅས་དང་།   དེ་རྗེས་གྲུབ་ཆེན་ཉིད་ཀྱིས་སྐྱེས་རབས་གསུངས་པ་དང་བླ་མ་མ་ཎི།  ལས་འབྲས་རྣམ་གཞག་སོགས་དད་ལྡན་མང་ཚོགས་ལ་དགེ་སྐུལ་གྱི་ཆོས་འཁོར་མཛད་སྲོལ་ཡོད་དོ།།

བརྒྱད་པ།  འོ་ན། རྔོན་པའི་འབག་གི་མཚོན་དོན་ཤོད་དང་། 

ལན། རྔོན་པའི་འབག་གི་གཞི་ཁ་དོག་སྔོ་ནག་གིས་ལས་བཞི་ནང་ནས་དྲག་པོའི་ལས་མཚོན་དོན་དང་། རྔོན་པའི་འབག་ལ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་རི་མོའི་མཚོན་དོན་ཚང་བ་སྟེ།

༡ སྟེང་དུ་ནོར་བུའི་ཏོག་གིས་མཛེས་པ་གདུགས་ཀྱི་མཚོན་བྱེད་དང་།

༢ དཔྲལ་སྟེང་ནས་གཡས་གཡོན་དུ་གོས་ཆེན་རྒྱ་སེ་ཁ་སྤྲོད་དུ་ཡོད་པ་ནི་གསེར་ཉ་ཁ་སྤྲོད་ཀྱི་མཚོན་བྱེད་དང་།

༣ སྤྱིར་འབག་གི་ཁྱོན་ཡོངས་ཀྱི་བཟོ་དབྱིབས་ནི་བུམ་པའི་མཚོན་དོན་དང་།

༤  སྨིན་མ་གཉིས། མིག་གཉིས། མཁུར་མཚོས་གཉིས། ཁ་སྣ་གཉིས་བཅས་བརྒྱད་ཀྱི་ཅུང་འཛུམ་པའི་མདངས་དང་ལྡན་པས་པད་མ་འདབ་བརྒྱད་མ་མཚོན་པ།

༥ སྣ་རྩེ་སོགས་ལ་འགྲོན་བུ་འདོགས་པས་དུང་དཀར་པོའི་མཚོན་དོན་དང་།

༦ རྣ་རྒྱན་དུ་སྟོང་སྐུད་དམར་སེར་གྱིས་དཔལ་བེའུ་དབྱིབས་ཀྱི་མཚོན་དོན།

༧ རྒྱབ་འཛར་གོས་ཆེན་དེ་ཡིས་རྒྱལ་མཚན་གྱི་མཚོན་དོན་དང་།

༨ དཔྲལ་བར་ཉི་ཟླའི་མཚན་མ་དེ་ཡིས་འཁོར་ལོའི་མཚོན་དོན་ཡིན་ནོ།།

དགུ་པ། བོད་ཀྱི་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་ཆེ་བ་བརྒྱད་གང་དང་གང་།

ལན། མཛད་བརྒྱ་དཔག་བསམ་འཁྲི་ཤིང་ལས་བཏུས་པའི་ཆོས་རྒྱལ་ནོར་བཟང་། གཟུགས་ཀྱི་ཉི་མ།  མ་ཎི་བཀའ་འབུམ་ལས་བཏུས་པའི་དྲི་མེད་ཀུན་ལྡན་དང་རྒྱ་བཟའ་བལ་བཟའ། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལས་འགྲོ་བ་བཟང་མོ་དང་སྣང་ས་འོད་འབུམ།  མི་རོ་རྩེ་སྒྲུང་ལས་བཏུས་པའི་གཅུང་པོ་དོན་ཡོད་དང་དོན་གྲུབ།  པད་མ་བཀའ་ཐང་ལས་བཏུས་པའི་ཁྱེའུ་པད་མ་འོད་འབར་བཅས་ཡོད་དོ།།

ཞེས་དྲི་ལན་འབུལ་བ་པོ་ནི་སྲོལ་རྒྱུན་རིག་གནས་དང་བརྡ་སྤྲོད་ལ་ཆེད་སྦྱོང་བ་དག་སྨྱོན་པའོ།།

 

 

 

༡  འབྲས་སྤུངས་དགོན་དུ།

༢ སེ་ར་དགོན་དུ།

བཀྲ་ཤིས་ཞོ་སྟོན་བསིལ་ལྗོངས་ཡོངས་ལ་ཁྱབ། །
བཀྲ་ཤིས་དགའ་སྟོན་བོད་ཁམས་ཡོངས་ལ་བཞད། །
བཀྲ་ཤིས་ཆོས་རིག་འཕེལ་བའི་ཕྱྭ་གཡང་དང་། །
བཀྲ་ཤིས་འཛམ་གླིང་ཞི་བདེའི་བཀྲ་ཤིས་ཤོག །

ཞོ་སྟོན་ལ་བཀྲ་ཤིས་བདེ་ལེགས།  དབྱངས་སྲས་ཀྱིས།

 

 ལྷ་སའི་ཞོ་སྟོན་གྱི་བྱུང་རིམ་མདོར་བསྡུས།

 

དང་པོ། ཞོ་སྟོན་ཞེས་པའི་ཐ་སྙད་དེའི་འབྱུང་ཚུལ། གནའ་སྔ་མོ་རྒྱ་གར་ལ་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་པ་རྣམས་དབྱར་གནས་ཟླ་བ་གསུམ་བཞུགས་པའི་རིང་བསོད་སྙོམས་ལ་ཕེབས་མི་ཆོག་པར་བརྟེན་དགེ་འདུན་གྱི་མངའ་འབངས་མི་སྡེ་དང་། དེའི་དོ་དམ་པ་ཞལ་ཏ་བ་ཟེར་བ་ཞིག་ཡོད་པ་ནས་དགེ་འདུན་རྣམས་ལ་འོ་མ་དང་ཞོའི་སྟོན་མོ་ཐེངས་འགའ་ཤས་འབུལ་བའི་སྲོལ་ཡོད་པ་ལྟར། བོད་དུ་གདན་ས་ཆེན་པོ་སེ་འབྲས་གཉིས་སུ་དགོན་པའི་ནོར་སྲིད་དང་མི་སེར་གྱི་སྤྱི་དཔོན་དུ་བསྐོས་པ་༼སྤྱི་སོ་༽ཞེས་པ་རྒན་གཞོན་ཁ་ཤས་ཡོད་ཅིང་། དེ་ཚོས་དབྱར་གནས་འགོ་ཚུགས་རྗེས་བོད་ཟླ་དྲུག་པའི་ཚེས་སུམ་བཅུའི་ཉིན་འབྲས་སྤུངས་དང་སེར་རའི་དགེ་འདུན་ཡོངས་ལ་གསོལ་ཞོ་བཞེས་སྤྱད་གང་རེ་འབུལ་སྲོལ་ཡོད་པ་དང་། དེའི་སང་ཉིན་ཚེས་གཅིག་ནས་བཅོ་ལྔའི་བར་གྲྭ་ཚང་སོ་སོའི་སློབ་གཉེར་བ་ཚོས་གཞུང་བཀའ་པོད་ལྔའི་ཐོག་ནས་བགྲོ་གླེང་གི་ཚོགས་ཆེན་འགོ་ཚུགས་པ་ཡིན་པས་དེ་ལས་ཞོ་སྟོན་གྱི་སྲོལ་ཐོག་མར་དར་བ་ཡིན་པར་གྲགས།

གཉིས་པ། འབྲས་སྤུངས་ཞོ་སྟོན། སེ་རའི་ཞོ་སྟོན། ལྷ་སའི་ཞོ་སྟོན་བཅས་ཁག་སོ་སོའི་ཁྱད་ཆོས། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་ནས་ཞོ་སྟོན་གྱི་ཉིན་བོད་ཀྱི་བཀྲིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད། དེ་ནི་ཉིན་དེར་འབྲས་སྤུངས་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་ཡིན་པ་རེད།

 

དེ་ཡང་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་བཟུང་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཚོས་དབྱར་སྔ་མ་ཞལ་གྱིས་བཞེས་པ་ལ་དབྱར་གནས་ཟེར་ཤིང་། ཟླ་བ་གཅིག་དང་ཕྱེད་ཀྱི་རིང་དབྱར་གནས་ལ་བཞུགས་སྐབས་བདུད་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་ལ་བར་ཆད་མི་འཇུག་ཆེད་བདུད་སྡེར་གཏོགས་པ་རྣམས་སྤྲོ་བ་སྐྱེད་པའི་སླད་འདོད་ཆོས་དང་མཐུན་པའི་རྣམ་པ་མངོན་གསལ་ཅན་དགོས་པ་སོགས་དགོས་པ་དུ་མར་གཞིགས་ཏེ། བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་འཕྱོངས་རྒྱས་སྤུན་བདུན་པ་དང་ཡར་ཀླུང་བཀྲིས་ཞོལ་པ། སྙེ་མོ་བྱ་སྒོ་བ། ཐོན་པ་བ། སྣང་རྩེ་བ། རིན་སྤུངས་རྫོང་ཁོངས་རྒྱལ་མཁར་ཆོས་རྫོང་པ། ངམ་རིང་རྫོང་ཁོངས་ཅུང་རི་བོ་ཆེ། རྣམ་གླིང་རྫོང་ཁོངས་ཤངས་གྲམ་བཀྲིས་བརྩེ་པ། ལྷ་སའི་སྐྱོ་མོ་ལུང་པ། ཆུ་ཤུལ་རྫོང་གི་ཤེལ་གྲོང་འབྲོང་རྩེས་སོགས་ནས་ཐོག་མར་རྩེ་ཕོ་བྲང་དང་། དེ་ནས་ནོར་བུ་གླིང་ཁ། དགོང་དྲོ་འབྲས་སྤུངས་ཕོ་བྲང་བཅས་པར་ལྷ་མོའི་གླུ་གར་གྱི་གཟིགས་ཕུད་ཕུལ། ཚེས་སུམ་བཅུ་ཉིན་གྱི་སྔ་དྲོ་འབྲས་སྤུངས་དགོན་པའི་ནུབ་ངོས་རི་ལྡེབས་སུ་སྟོན་པ་ཤཀྱཱ་ཐུབ་པ་གཙོ་འགྱུར་གྱི་གོས་སྐུ་འགྲེམས་པའི་མདུན་དུ་མཆོད་འབུལ་དང་། ཚོགས་ཆེན་དགེ་བསྐོས་ཞལ་ངོ་གསར་རྙིང་བརྗེ་བའི་མཛད་སྒོ་གནང་སར་གོས་སྐུའི་ཞལ་མཇལ་དང་ལྟད་མོ་བ་མང་པོ་ཡོང་གི་ཡོད། ཡར་ལུང་བཀྲིས་ཞོལ་པ་སོགས་ལྷ་མོ་བ་ཚོས་གོས་སྐུའི་མདུན་གཟིགས་ཕུད་ཀྱི་ལྷ་མོ་འཁྲབ་རྗེས་བསམ་བློ་ཁང་ཚན་སོགས་སུ་ལྷ་མོ་ཉིན་འཁྱོངས་འཁྲབ་པ་སོགས་བྱེད། ཉིན་དེར་སེ་ར་གོས་སྐུ་བཀྲམ་པའི་མདུན་དུ་ཀརྨ་ཤག་གི་ཆོས་སྐྱོང་ཁོག་ཞུགས་ཀྱིས་ལོ་རེའི་ལེགས་ཉེས་བརྟག་གཞི་སྟོན་པ་དང་། ལྷ་སའི་རགས་སྟོབས་པ་དང་སྐོར་བྱ་བ་སོགས་ཀྱིས་བྱིས་པ་དང་། སྐྱེས་པ། བུད་མེད་སོགས་ཀྱི་འཆམ་རྒྱག་པ། ཕྱི་དྲོ་ཀརྨ་ཤག་གི་ལྷ་ཆས་སྐུ་གསོབ་བརྒྱངས་ཏེ་རྟ་ལ་སྐྱོན་ཐོག་ཆོས་རྗེ་ལྷ་ཕེབས་མཁན་ངོ་གཡོག་གཟབ་ཆོར་གྱོན་ཏེ། རྟ་བཞོན་པའི་སྔ་རྗེས་སུ་སེ་ར་བླ་སྤྱིའི་ངོ་ཚབ་འཁོར་གཡོག་བཅས་རྟ་ཧྲག་སྒྲིག་པའི་མདུན་དུ་རགས་སྟོབས་པ་ཚོས་ལག་ཏུ་བརྟག་གཞིའི་དངོས་པོ་རྣམས་འཁྱེར་ཏེ་རུ་བསྟར་བསྒྲིགས་བཞིན་ལྷ་སར་ལོག བོད་ཟླ་བདུན་པའི་ཚེས་གཅིག་ཉིན་ནོར་བུ་གླིང་ཁར་ལྷ་མོ་བ་ཚོས་གཟིགས་ཕུད་རྒྱས་པ་རེ་འཁྲབ་པ་དང་ཀརྨ་ཤག་གི་འཆམ་པ་བས་འཆམ་བརྒྱབ། ཚེས་བཅོ་ལྔ་ནས་བཟུང་ནོར་གླིང་ལ་ཉིན་བཞིའི་རིང་རྒྱལ་མཁར་ཆོས་རྫོང་པ། གཅུང་པ་རི་བོ་ཆེ། ཤངས་གྲམ་བཀྲིས་རྩེ་པ། སྐྱོར་མོ་ལུང་པ་བཅས་ནས་ཉིན་རེ་རྒྱལ་རབས་འཁྲབ་གཞུང་མི་འདྲ་བ་རེ་འཁྲབ་པར་བྱེད་པ་དང་། ཞོ་སྟོན་རིང་ལ་ལྷ་སའི་གྲོང་མི་དང་། ཉེ་འཁོར་ཞིང་འབྲོག་མི་མང་མང་ཚོགས་ཀྱང་རྒྱན་གོས་གཟབ་འཆོར་སྤྲས་ཏེ་ཞོ་སྟོན་དུ་བཞུགས་ཤིང་བཟའ་བཏུང་གཡོས་སྦྱོར་ཕུན་སུམ་ཚོགས་པ་ལ་ཅི་དགར་ལོངས་སུ་སྤྱོད་པ་ཡིན།

གསུམ་པ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ངོ་སྤྲོད་མདོར་བསྡུས། ཞོ་སྟོན་གྱི་དུས་ཆེན་དང་བོད་ཀྱི་ལྷ་མོའི་སྒྱུ་རྩལ་བར་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་སྟབས་མཚམས་འདིར་ལྷ་མོའི་སྐོར་ལ་ངོ་སྤྲོད་ཆེས་མདོར་དུ་བསྡུས་པ་ཞིག་ཞུ།

བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་ཡོད། དེའང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་འགའ་ཞིག་གི་ལྡེབས་རིས་སུ་བཀོད་པ་ལྟར་ན། མི་ལོ་ཆིག་སྟོང་སུམ་བརྒྱའི་གོང་ཚུན་ནས་བོད་དུ་འབག་དཀར་པོ་ཞེས་གདོད་མའི་ལྷ་མོ་འཁྲབ་སྲོལ་བྱུང་ཡོད་པར་སྣང་།

ཨ་ལྕེ་ལྷ་མོ་ཞེས་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོ་1385ལོ་ཙམ་ལ་གསར་གཏོད་མཛད་པ་ཞིག་ཡིན། ལྷ་མོའི་གཞུང་འདི་ནི་བོད་པ་གཅིག་པུར་མ་གཏོགས་གཞན་སུ་གང་ལའང་མེད་པའི་གཞུང་ཁྱད་པར་ཅན་ཞིག་ཡིན། སྤྱིར་བཏང་གི་གླུ་གཞས་ཞབས་བྲོ་ལྟ་བུར་མཚོན་ན། ཡུལ་གྲུ་གཞན་གྱི་མིས་ལད་ཟློས་བྱ་ཐུབ་པ་ཞིག་དང་འཁྲབ་ཐུབ་པ་ཡིན་པ་དང་། འོན་ཏེ་བོད་པའི་ལྷ་མོའི་གཞུང་འདི། བོད་པ་རང་གི་མགྲིན་པ་ལས་མ་གཏོགས་ལུང་པ་གཞན་སུ་གང་ཞིག་གིས་ཀྱང་ལད་ཟློས་བྱེད་མི་ཐུབ་པ་ཞིག་ཡིན་པར་གྲགས།

ལྷ་མོའི་ཁྱད་ཆོས་ནི་སྒྲུང་གཞི་ཆ་ཚང་བ་དང་། རྣམ་ཐར་གྱི་གདངས་ཆ་འཕོ་འགྱུར་མང་བ། གར་སྟབས་ཀྱི་ཉམས་འགྱུར་ལྷོད་ཅིང་འགྱིངས་ཉམས་དང་ལྡན་པ་བཅས་ཡོད།  ལྷ་མོའི་འཁྲབ་གཞུང་ལ་སྤྱིར་བཏང་གོ་རིམ་དུམ་བུ་གསུམ་དུ་དབྱེ་ནས་འཁྲབ་པ་སྟེ། ཐོག་མར་རྔོན་པའི་འདོན་ཞེས་འཁྲབ་འགོ་འཛུགས་པའི་འགོ་དང་། གཉིས་པ་གཞུང་ཞེས་འཁྲབ་གཞིའི་གཞུང་དངོས་གང་ཡིན་དེ་འཁྲབ་པ། གསུམ་པ་བཀྲ་ཤིས་བཅད་པ་ཞེས་འཁྲབ་སྟོན་མཇུག་སྒྲིལ་བའི་མཇུག་འཁྲབ་བཅས་གསུམ་ཡོད་པ་ལས་སྔར་ལམ་ལྟར་ན་མཇུག་ཏུ་བཀྲ་ཤིས་གཅོད་སྐབས་སྦྱིན་བདག་དང་གཟིགས་མོ་བས་གནང་སྦྱིན་ལེགས་འབུལ་གནང་སྲོལ་ཡོད།

རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་དུས་སུ་ནོར་གླིང་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་དབུ་གཡབ་གཟིམ་ཆུང་གསར་རྒྱག་ཐོག་དེ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་ཞིང་། བསྐལ་བཟང་ཕོ་བྲང་ཤར་ངོས་ཀྱི་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་མོ་འབུལ་བའི་སྲོལ་བྱུང་། དེ་ལ་བརྟེན་ནས་བོད་ལ་ལྷ་མོའི་ཚོགས་པ་མང་པོ་ཇེ་རྒྱས་ཇེ་འཕེལ་དུ་སོང་སྟེ། དགོན་པ་ཁག་གི་ནང་དུ་དགེ་འདུན་ལོ་གཞོན་རྣམས་ནས་དབྱར་གནས་གྲོལ་རྗེས་ཀྱི་ཆབ་ཞུགས་གུང་གསེང་དང་སྟབས་བསྟུན་ནས་ལྷ་མོ་འཁྲབ་སྲོལ་འཕེལ་རྒྱས་བྱུང་ཞིང་། དེ་ནས་རྨེ་རུ་དགོན་པའི་དགེ་འདུན་པ་རྣམས་ནས་བོད་ཀྱི་རྒྱུན་སྲོལ་ལྷ་མོའི་སྒྱུ་སྩལ་རྒྱུན་འཛིན་ཐོག་འཁྲབ་སྟོན་གྱི་ནང་དོན་དངོས་གཞི་དག་ཆོས་རྒྱལ་དད་པ་བརྟན་པའི་རྣམ་ཐར་དང་། བར་དང་མཇུག་གི་འཁྲབ་སྟོན་ལ་སྤྱི་ཚོགས་ཐོག་གི་དཔོན་རིགས་བཀའ་བློན། རྫོང་དཔོན། གཞིས་གཉེར་ཚོང་པ། དགོན་པའི་ཞལ་ངོ་། ཐ་ན་སྤྲང་པོ་ཡན་གྱི་འཚོ་བའི་སྤྱོད་ཚུལ་དངོས་ཡོད་སྦས་གསང་མེད་པར་འཁྲབ་སྟོན་བྱེད་པའི་སྒྱུ་སྩལ་དང་ནང་དོན་གསར་པ་གསར་གཏོད་གནང་བ་དེ་ཡང་སྐབས་དེ་དུས་ནས་འཁྲབ་སྟོན་བྱེད་སྲོལ་བྱུང་། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་སུ་བོད་ཀྱི་རྒྱུན་སྲོལ་ལྷ་མོ་དང་། ཟློས་གར་ཚོགས་པ་གྲགས་ཆེ་བ་རྣམས་ཀྱི་སྒྱུ་སྩལ་མི་ཉམས་གོང་འཕེལ་ཡོང་ཆེད་ལྷ་མོའི་སྒྱུ་རྩལ་ལ་ཤིན་ཏུ་གཟིགས་ཆེན་གནང་ཡོད།

ལྷ་མོའི་འཁྲབ་གཞུང་མི་ཉུང་བ་ཞིག་གི་ཁུངས་བརླགས་ཟིན་པ་ཕུད། ད་ལྟ་རྒྱུན་འཛིན་ཐུབ་པའི་འཁྲབ་གཞུང་བཅུ་གྲངས་ཡོད་ནའང་རྒྱུན་དུ་ཤོད་རྒྱུན་ལ་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཟེར་བ་རྣམས་ཀྱི་ནང་དོན་མང་ཆེ་བ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དང་། རྣམ་ཐར་རྟོགས་བརྗོད། དམངས་ཁྲོད་སྒྲུང་གཏམ་ལ་སོགས་པ་ཡིན། དེའི་ནང་ཅུང་གྲགས་ཆེ་བའི་འཁྲབ་གཞུང་ཁག་བརྒྱད་ཡོད་པ་ནི་《གཟུགས་ཀྱི་ཉི་མ་》དང་། 《འགྲོ་བ་བཟང་མོ》《སྣང་ས་འོད་འབུམ》《པད་མ་འོད་འབར་།》《གཅུང་པོ་དོན་ཡོད་དོན་གྲུབ།》《ཆོས་རྒྱལ་དྲི་མེད་ཀུན་ལྡན།》《ཆོས་རྒྱལ་ནོར་བཟང་།》《རྒྱ་བཟའ་བལ་བཟའ།》བཅས་ཡིན་པ་རེད།

དེང་གི་ཆར་ཡང་ལོ་རེའི་ཞོ་སྟོན་དུས་ཆེན་དུས་སྐབས་སུ་ནོར་གླིང་དང་རྫོང་བརྒྱབ་ཀླུ་ཁང་སོགས་པའི་སྤྱི་གླིང་དུ་ལྷ་མོའི་ཚོགས་པ་ཁག་ནས་རྒྱ་ཆེའི་མང་ཚོགས་ཚོར་དུས་ཆེན་ལ་སྤྲོ་པོ་ཡོང་ཆེད་ལྷ་མོའི་འཁྲབ་ཚན་སྤུས་ལེགས་གཟིགས་མོར་འཕུལ་གྱི་ཡོད་པ་རེད།

དེ་བས་ལྷ་མོའི་འཁྲབ་སྟོན་དེས་ཞོ་སྟོན་གྱི་དུས་ཆེན་ལ་ཁྱད་ཆོས་དམིགས་བསལ་ཞིག་སྦྱིན་པ་ལྟར་དུ་སྣང་།

དེ་མཚམས་སུ་ཞོ་སྟོན་གྱི་ཤེས་བྱ་མདོར་བསྡུས་ཞིག་ངོ་སྤྲོད་ཞུས་ཟིན་པས། ལྷན་རྒྱས་ལ་ཐུགས་ཕན་གསོས་པའི་རེ་བ་བཅངས་བཞིན་ཡོད་ལ་གོང་ཞུས་ཀྱི་ནང་དོན་ནང་འཛོལ་བ་དང་ནོར་བ་ཡོད་སྲིད་པས་མཁྱེན་ཡངས་པ་རྣམ་པ་ནས་མ་ཤེས་བཀའ་སློབ་ཡོད་པར་མཁྱེན།། མཇུག་ཏུ་ ལྷན་རྒྱས་ཞོ་སྟོན་སྤྲོ་པོ་ཡོང་བར་སྨོན། ཐུགས་ཆེ་གནང་།

 

 

ལྷ་སའི་ཞོ་སྟོན།

 

 

འདིར་ཞོ་སྟོན་ཞེས་པའི་གོ་དོན་དང་། ཞོ་སྟོན་གྱི་དུས་ཚོད་དང་བྱེད་སྒོ་ཁག ཞོ་སྟོན་ནོར་བུ་གླིང་ཁར་ཚུགས་ཚུལ། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས་བཅས་ཀྱི་སྒོ་ནས་བརྗོད་ཡོད།
གོ་དོན།
གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་སོགས་སུ་དབྱར་གནས་ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན།
དུས་ཚོད།
《དུང་དཀར་ཚིག་མཛོད》སོགས་ལས་དུས་རབས་བཅུ་བདུན་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་དར་བ་དང་བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད།དེ་ནི་དེ་ཉིན་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་དུ་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་སོགས་ཀྱི་དོན་སྙིང་ཡོད། དེ་བཞིན་སེ་ར་དགོན་དུ་ཡང་གནའ་སྔ་མོ་ནས་གོས་སྐུ་བཤམས་སྲོལ་ཡོད་པ་དང་དགེ་འདུན་པ་རྣམས་ལ་ཞོ་ཡི་སྟོན་མོ་ཡང་ཕུལ་གྱི་ཡོད། རིག་གསར་གོང་སེ་རའི་གོས་སྐུ་གླིང་གསུམ་མ་འདི་ནི་ལོ་ལྟར་བོད་ཟླ6པའི་གནམ་གང་ཉིན་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ནུབ་ངོས་སུ་འགྲེམ་སྟོན་བྱས་ནས་ཁྲུས་གསོལ་རབ་གནས་གནང་གི་ཡོད་པ་དང་ཀརྨ་ཤར་གྱི་འཆམ་རྒྱག་སྲོལ་ཡང་ཡོད།བོད་ཟླ6པའི་ཚེས29ཉིན་དགུ་གཏོར་བརྒྱབ་ནས་གནམ་གང་ཉིན་ཚོགས་ཆེན་མགོན་ཁང་ནང་ནས་ལྷ་ཆེན་ཀརྨ་ཤར་སྤྱན་འདྲེན་ཞུ་བ་དང་རྡོ་གཅལ་སྟེང་དུ་ཕེབས་ནས་ལྷ་ཆེན་ཀརྨ་ཤར་གྱིས་གོས་སྐུར་མཇལ་དར་བསྒྲོན་ནས་ལུང་བསྟན་གནང་སྲོལ་ཡོད། དེ་ནས་སེར་སྨད་གྲྭ་ཚང་གི་མགོན་ཁང་དུ་སྐུ་ཡལ་གྱི་ཡོད་ཞེས་གསུངས། ལུང་ཡིག་རྣམས་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ཤར་ངོས་དེར་གཅིག་དང་ཀརྨ་ཤར་གྱི་འདུ་ཁང་མདུན་དུ་གཅིག གཞུང་ལ་འབུལ་རྒྱུའི་ལུང་ཡིག་གཅིག་བཅས་དགོས་ཀྱི་ཡོད། དགོང་དྲོ་ལྷ་སར་ལོག་ཡོང་སྐབས་ལུང་བསྟན་གནང་བའི་རྟགས་གཞི་རྣམས་ཕྱག་ཏུ་བསྣམས་ནས་ཚང་མར་བསྟན་གྱི་ཡོད། ལུང་བསྟན་གྱི་ནང་དོན་ནི་ལོ་རྗེས་མ་བཟང་ངན་གང་ཡོང་གསུངས་པ་ཡིན།

ཞོ་སྟོན་ནོར་བུ་གླིང་ཁར་དབུ་ཚུགས་ཚུལ།
《དུང་དཀར་ཚིག་མཛོད》སོགས་ལས་རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་སྤྱི་ལོ1849ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་ཕོ་བྲང་གསར་རྒྱག་བྱས་པ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང་།དུས་རབས20པའི་དུས་འགོ་སྟེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྲིད་དབང་དངོས་སུ་བཞེས་པའི་རྗེས་སུ། བོད་ཀྱི་རྒྱུན་སྲོལ་ལྷ་མོ་མི་ཉམས་གོང་འཕེལ་ཡོང་ཆེད་། དབུས་གཙང་ལྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་དང་། བྲོ་པ། གཞས་མ། ཤེལ་རོང་འབྲོང་རྩེད་པ་སོགས་ཡོད་ཚད་བསྐོང་འགུགས་གནང་སྟེ་ལོ་ལྟར་ཞོ་སྟོན་རིང་ནོར་བུ་གླིང་ཁར་འཁྲབ་སྟོན་གཟིགས་འབུལ་དགོས་པ་སོགས་ཀྱི་བཀའ་གནང་བ་མ་ཟད་སྐུ་ངོ་མས་གཟིགས་རྟོག་གནང་གི་ཡོད། དེ་ནས་བཟུང་ཞོ་སྟོན་ནི་བོད་ཀྱི་རིག་རྩལ་དུས་ཆེན་ཞིག་ཏུ་གྱུར།
འཁྲབ་གཞུང་གི་སྐོར།  
བོད་ཀྱི་ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞི་པའི་མི་སྣ་གྲགས་ཅན་ཐང་སྟོང་རྒྱལ་པོས་དབུ་འཁྲིད་ནས་ལྷ་མོའི་གཞུང་འཁྲབ་སྟེ་ལྕགས་ཟམ་དང་གྲུ་སོགས་སྐྲུན་བྱེད་ཀྱི་ཞལ་འདེབས་བསྡུ་རྒྱུ་དམིགས་ཡུལ་དུ་བྱས་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ཞིང་། བོད་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་ཡོད་པ་རྣམས་ཀྱི་ནང་དོན་ནི་གཏམ་རྒྱུད་དང་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་རྣམ་ཐར་གྱིས་མི་སེམས་ལ་གཡོ་འགུལ་དང་ཡར་རྒྱས་ཀྱི་ལམ་བུའི་ཐོག་ལ་སྐུལ་འདེད་གཏོང་ཆེད་དུ་འཁྲབ་གཞུང་ལ་བཀོད་པ་ཞིག་ཡིན།

 

 

ལྷ་སའི་ཞོ་སྟོན་དང་ཨ་ཅེ་སྣང་ས།

 

ལྷ་སའི་ཞོ་སྟོན་དང་ཨ་ཅེ་སྣང་ས།
རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།

དེ་ཡང་ད་ལོའི་ཞོ་སྟོན་འཆར་ཉེར་ཡོད་པ་དང་ལོ་ལྟར་འཆར་ཅན་གྱི་ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ་ཨ་ཅེ་སྣང་སའི་རྣམ་ཐར་སོགས་ལྷ་མོ་འཁྲབ་སྲོལ་ཡོད་པ་ལྟར་ད་རེས་འདི་ནས་ཨ་ཅེ་སྣང་ས་དང་ཁོང་གི་དགོན་པའི་ལོ་རྒྱུས་མདོ་ཙམ་ངོ་སྤྲོད་ཞུ་རྒྱུ་ལ།
“ཨ་ཅེ་སྣང་ས་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ་དང་།གཙང་མྱང་གཞུང་ཁུལ་དུ་དངོས་སུ་བྱུང་བའི་མི་སྣ་ཞིག་ཡིན།ཁོང་གི་བླ་མ་ནི་ཤཱཀྱའི་རྒྱལ་མཚན་དང་དགོན་པ་ནི་བསེ་བྲག་སྒྲུབ་སྡེ་ཡིན།
”དེ་ཡང་མྱང་གཞུང་ན་གནས་ཆེན་སྨན་གཙང་ཞེས། རི་ནག་པོ་སེང་གེ་གནམ་མཆོང་འདྲ་བའི་རི་ཆེན་ཞིག་ཡོད།  རི་འདི་གླིང་སྤྱི་དཔོན་གྱི་ཕོ་བྲང་ཡིན་གསུང་སྲོལ་ཡོད། རི་འདིས་མྱང་གཞུང་གི་རི་བཀྲ་ངན་པ་རྣམས་ཟིལ་གྱིས་གནོན་པའི་རི་བཀྲ་ཤིས་ལ་བྱིན་ཆགས་པའི་ས་ཞེས་སློབ་དཔོན་པདྨས་བསྟོད་པ་དང་མྱང་ཏིང་འཛིན་བཟང་པོ་སྨན་གཙང་དུ་བཞུགས་ཕྱིས་འབྲུག་པ་པདྨ་དཀར་པོ་བྱོན་དུས་མཇལ་བའི་སྐོར་ཡོད། གནས་འདིར་རྒྱ་འཇམ་དཔལ་གསང་བའི་སྲས་བདུད་འཇོམས་དང་། དེའི་སྲས་ཕུར་པ་སྐྱབས།  ཀོ་བྲག་པ།  དབུས་པ་སྟོན་ཤཱཀྱ།   ཤར་ཁ་རས་ཆེན།  གངས་ཁྲོ་རས་པ།  ཨ་ཅེ་སྣང་ས།    ཀུན་མཁྱེན་པད་དཀར།ཇོ་ནང་ཏཱ་ར་ནཱ་ཐ།  དགའ་ལྡན་སྐུ་ཕྲེང་དང་པོ་།ཤངས་སྟོན་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ་སོགས་བླ་མ་མང་པོ་བཞུགས་མྱོང་།ཕྱོགས་བཞིར་དགོན་སྡེ་ཁ་ཤས་བྱུང་། ལྷོ་འདབས་ན་བསེ་བྲག་དགོན་ཡོད།    «དེང་བྱང་སྟོད་ཡུལ་ཚོའི་བཀྲ་ཤིས་སྦུག་གྲོང་ཚོར་ཡོད།» དམངས་གཞས་སམ་སྣང་སའི་ལྷ་མོའི་ལེའུ་ལས། དགོན་པ་སྐྱིད་པོ་བསེ་བྲག་གཡའ་ལུང་ན།། བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་བཞུགས།། ཕ་མས་འདི་འདྲ་མ་གསུང་རོགས།། བུ་མོ་སྣང་ས་ཆོས་ལ་གཏོང་རོགས་གནང་།།    ཞེས་པའི་དགོན་པ་དེ་ཡིན།  བསེ་བྲག་ཅེས་པ་ནི་བྲག་རི་དང་། དེའི་བར་ན་ཤིང་བསེ་བ་སྐྱེས་ཡོད་པས་མིང་དེ་ལྟར་ཐོགས།  དེར་བླ་མ་གཉུག་སྟོང་སངས་རྒྱས་ཀྱིས་བསེ་བྲག་གཡའ་ལུང་དགོན་བཏབ་ཞེས་དང་། མྱང་ཆོས་འབྱུང་དང་། དེབ་སྔོན་ལས་དབུས་པ་སྟོན་ཤཱཀ་འམ་དམ་པ་བསེ་བྲག་པས་ཕྱག་བཏབ་གསུངས།  དགོན་བླ་ནི། དམ་པ་བསེ་བྲག་པ་ནས་བཟུང་བསྟན་པའི་ཉི་མ།  བྱམས་པ་བསྟན་འཛིན། ཆོས་ཀྱི་ཉི་མ།  ཤཱཀྱ་རྒྱལ་མཚན་ཁོང་ནི་ཨ་ཅེ་སྣང་སའི་བླ་མ་ཡིན། “རྗེ་བཙུན་མི་ལས་རྫོགས་ཆེན་གསན་སའི་བླ་མ་རོང་སྟོན་ལྷ་དགའི་སློབ་མ་ཡིན།”དབྱིངས་རིག་རྡོ་རྗེ་དང་བློ་ལྡན་རྡོ་རྗེ།རིག་པའི་བཛྲ། རིག་པའི་རྡོ་རྗེའམ་རིག་པའི་བཛྲ་ལགས་ལ་རྗེས་སུ་སྐུ་སྐྱེ་གཉིས་བྱུང་།  དེང་བཞུགས་པ་ཐུབ་བསྟན་རྒྱ་མཚོ་ལགས་དང་། འཇིགས་བྲལ་དབང་ཕྱུག་ལགས་ཡིན།    བསེ་བྲག་གི་རི་ལྡེབས་ན་ཨ་ཅེ་སྣང་སས་ད་ནི་ཆོས་བྱེད་ཐུབ་སོང་བློ་བདེ་གསུངས་པའི་བློ་བདེ་སྒྲུབ་ཕུག་དང་། ཕུག་པའི་ཐག་ཉེ་ན་སྣང་སས་སྐྲ་ཁྲུས་སྐྱོན་རྗེས་ཆུ་བྱོས་པ་ཡིན་ཟེར་བའི་རྡོ་དཀར་ཁ་ཤས་ཡོད།  བུ་ལྷའུ་དར་པོ་ཡང་རི་ནང་ནས་འདིར་ཕེབས་དུས་ཀྱི་ཞབས་རྗེས་ཅིག་བཞུགས།    རྡོ་འདི་ད་ལྟ་བསེ་བྲག་སྒྲུབ་སྡེའི་འདུ་ཁང་རྙིང་པར་བཞུགས་འདུག  དེའི་འགྲམ་ན་ལྷ་འདྲེས་བཞེངས་པའི་མཆོད་རྟེན་དང་། ཨ་ཅེ་སྣང་སས་བཞེངས་པའི་མཆོད་རྟེན་བཅས་ཡོད།    གཤམ་ན་ཨ་ཅེ་སྣང་སས་བཏབ་པའི་བཙུན་དགོན་ཆོས་སྡིངས་ཡོད།   དེང་གི་འདུ་ཁང་རྙིང་པའི་ནང་ཨ་ལྕེ་སྣང་ས་དང་། བླ་མ་ཤཱཀྱའི་རྒྱལ་མཚན་གྱི་རྡོ་སྐུ་རང་བྱོན་ཡིན་ཟེར་བ་ཞིག་དང་ལོ་ངོ་སྟོང་སོང་བའི་རྡོ་བརྐོས་འཇམ་དབྱངས་ཀྱི་གཟུངས་སྔགས་ཤིག་ཀྱང་མཇལ་རྒྱུ་ཡོད། སྔོན་ཨ་ཅེ་སྣང་སའི་སྐབས་དེའི་གཡས་གཡོན་ཏུ་དགོན་སྡེ་ཁག་བདུན་ཙམ་ཡོད་སྐད།༼ད་ནི་ཨ་ཅེ་སྣང་སའི་རྣམ་ཐར་མདོར་བསྡུས་ཤིག་ཞུས་ན།༽དེ་ཡང་མྱང་སྟོད་རྒྱལ་རྩེའི་ཤར་ལྷོའི་མཚམས་ལྗང་ཕད་གུད་ནང་པར་མི་ཁྱིམ་ཕལ་པ་ཞིག་ཏུ་སྐུ་འཁྲུངས། «དེང་རྒྱལ་རྩེ་རྫོང་ལྕང་ར་ཡུལ་ཚོའི་ཕད་ཁུད་གྲོང་ཚོ་ཡིན།»ཡབ་ཀྱི་མཚན་ལ་ཀུན་བཟང་བདེ་ཆེན་དང་།  ཡུམ་གྱི་མཚན་ལ་མྱང་ཚ་གསལ་སྒྲོན་ཞུ།    ཡབ་ཡུམ་གཉིས་ཀས་རྒྱུན་དུ་རྗེ་བཙུན་སྒྲོལ་མའི་བསྟོད་པ་ཉིན་མཚན་ཀུན་ཏུ་ཆགས་མེད་ཞལ་འདོན་གནང་གིན་ཡོད་པས་ཨ་ལྕེ་སྣང་ས་ཡང་ཡབ་ཡུམ་གཉིས་ལྟར་སྒྲོལ་མར་རྩེ་གཅིག་གསོལ་འདེབས་ཞུ་བཞིན་ཡོད།   སྐུ་ན་ཆུང་དུས་ནས་ཤིན་ཏུ་མཛེས་པས་དགུང་ལོ་བཅོ་ལྔའི་སྐབས་ནས་བཟུང་། ས་ཕྱོགས་གང་ས་ནས་སློང་མཁན་མང་པོ་བྱུང་།     འོན་ཀྱང་ཁོང་ནི་འཁོར་བར་ངེས་བྱུང་སྐྱེས་ནས་དམ་པའི་ཆོས་ཤིག་གནང་རྒྱུའི་དགོངས་པ་ཁོ་ན་ལས་འཇིག་རྟེན་ཕྱོགས་ལ་ཞེན་ལོག་གིས་ཚང་མར་ཁས་ལེན་མ་གནང་།   དེ་རྗེས་གནས་སྙིང་དགོན་པར་འཕགས་པ་དོན་ཞགས་ཀྱི་སྒྲུབ་མཆོད་གཟུངས་སྒྲུབ་གྱི་ལྟད་མོར་ཕེབས་པས། དམངས་གཞས་ལས།
རྒྱལ་རྩེའི་གནས་སྙིང་གཟུངས་སྒྲུབ།། ལྟད་མོ་ལྟ་བར་ཕྱིན་པས།།བུ་མོར་དབང་ཆེན་དཔོན་པོས།།  བཀྲ་ཤིས་མདའ་དར་བཙུགས་བྱུང་།།   ཞེས་དང་།   “སྔོན་གྱི་ལས་ལ་ཐར་ཐབས་དཀའ་”ཟེར་བ་ལྟར། སྐབས་དེར་དབང་དྲག་ཆེ་བའི་རི་ནང་ཚོ་ཆེན་པའི་དཔོན་པོ་སྒྲ་ཆེན་ཟེར་བ་དེ་དང་ཐུག  དཔོན་སྒྲ་ཆེན་པས་སྣང་སའི་ལག་ནས་བཟུང་སྟེ་ཡབ་ཡུམ་ཁྱིམ་ཚང་བཅས་ཀྱི་གནས་ཚུལ་དྲིས་ནས་བཙན་ཤེད་ཀྱིས་ཁོ་བོའི་བུ་གྲགས་པ་བསམ་འགྲུབ་ཀྱི་བག་མར་བླངས།    སྣང་ས་ཁྱིམ་འདིར་ཕེབས་རྗེས་སྔ་དྲོ་ལངས་པའི་སྔ་མ་དང་ཕྱི་མ་ཉལ་བའི་མཇུག་མ་བྱས་པས།དཔོན་སྒྲ་ཆེན་ཡབ་སྲས་ཤིན་ཏུ་དགའ།  ལོ་བདུན་གྱི་རྗེས་ལ་སྲས་ལྷའུ་དར་པོ་འཁྲུངས།   འོན་ཀྱང་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས། ཟེར་བའི་དཔེ་ལྟར་དཔོན་སྒྲ་ཆེན་གྱི་གཅུང་མོ་ཨ་ནེ་སྙིད་མོས་རང་གིས་དབང་ཆ་ཤོར་ཡོང་བསམ་ནས་ཁོང་ཚོ་ནང་ཚང་བར་དཀྲུགས་ཤིང་རྒྱབ།    ཨ་ལྕེ་སྣང་སའི་ཐུགས་ཕམ་གྱི་གནས་ཚུལ་དག་ལ་བཟོད་སྒོམ་ཁོ་ན་གནང་བས།  ལོ་འདིར་བཙས་མ་བརྔ་བའི་སྐབས་རྗེ་བཙུན་མི་ལའི་སློབ་མ་ཟླ་བ་ལྟ་བུ་ཐུགས་སྲས་རས་ཆུང་པ་དཔོན་སློབ་གཉིས་མྱང་སྟོད་ཏུ་བསོད་སྙོམས་ལ་ཕེབས་སྐབས་ཚར་ཕོན་བདུན་ཕུལ་བས། རས་པ་གཉིས་ནས་སྣང་སར་དགེ་བསྔོ་གནང་བ་དེ་ཨ་ནེ་སྙིད་མོས་མཐོང་སྟེ་ཞེ་སྡང་དྲག་པོས་ལག་ཏུ་རྒྱུག་པ་འཁྱེར་ཏེ་སྣང་སར་བཞུས།     སྣང་ས་དྲན་མེད་དུ་སོང་བའི་སྐབས་མགོ་ནས་སྐྲ་བདུན་བཏོགས་ཏེ་མོ་རང་གིས་ཡིན་པའི་ཁུལ་བྱས་ཏེ་དཔོན་སྒྲ་ཆེན་མདུན་དུ་སླར་ཡང་དཀྲུགས་ཤིང་བརྒྱབ།     ཨ་ཅེ་སྣང་ས་དྲན་པ་སོས་རྗེས་ཞིང་ཁའི་ཁུག་ཀྱོག་ན་སྤྱན་ཆབ་བསིལ་ཞིང་བཞུགས།     སྐབས་དེར་དཔོན་སྒྲ་ཆེན་ཡབ་སྲས་གཉིས་ནས་ཚིག་རྩུབ་དང་། འབྲེལ་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་ཕར་དྲུད་ཚུར་དྲུད་ཐོག་མང་པོ་བརྡུངས་པས་མཐར་སྐུ་ལུས་ཀྱིས་རྩིབ་མ་གསུམ་ཙམ་བཅག ༼མུ་འགོད།༽

 

ཞོ་སྟོན།

ཞོ་སྟོན་ཞེས་པའི་དོན། གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ། བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པའི་ཁུངས་ལ་བརྟེན། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་སོགས་སུ་དབྱར་གནས་ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བར་ཞོ་སྟོན་ཞེས་ཟེར་ཡང་དུས་ཆེན་གྱི་རྣམ་པའི་ཐོག་ནས་ཞོ་སྟོན་གཏོང་སྲོལ་མེད། །

ཞོ་སྟོན་གྱི་དུས་ཚོད། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་སྐབས་རྟེན་འབྲེལ་གྱི་བྱེད་སྒོ་སོགས་རྣམ་པ་དུ་མའི་དགོས་པར་གཟིགས་ནས་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པའི་སྲོལ་བཙུགས་པ་དང་ལྷན་དུ་འབྲས་སྤུངས་ཀྱི་དགེ་འདུན་པར་ཞོ་ཡི་སྟོན་མོ་གནང་སྲོལ་ཡོད་པ་དེར་ཞོ་སྟོན་ཞེས་ཟེར། བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་ལྷ་མོ་བ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད་པ་ནས་རིམ་གྱིས་ཞོ་སྟོན་དེ་ལྷ་སའི་དུས་སྟོན་ཆེ་གྲས་སུ་གྱུར་པ་དང་དེ་ཉིན་འབྲས་སྤུངས་དགོན་གྱི་ཚོགས་ཆེན་ཞལ་ངོ་ལོ་རེར་ཐེངས་རེ་རྗེ་བའི་མཛད་སྒོ་ཆེན་མོ་དེ་ཡང་འབྲས་སྤུངས་གོས་སྐུའི་མདུན་དུ་སྤེལ་གྱི་ཡོད་དོ།། དེ་བཞིན་སེ་ར་དགོན་དུ་སྔ་མོ་ནས་གོས་སྐུ་བཤམས་སྲོལ་ཡོད་པ་དང་དགེ་འདུན་རྣམས་ལ་ཞོ་ཡི་སྟོན་མོ་འབུལ་གྱི་ཡོད། རིག་གསར་གོང་སེ་རའི་གོས་སྐུ་གླིང་གསུམ་མ་འདི་ནི་ལོ་ལྟར་ཞོ་སྟོན་གྱི་ཉིན་སེ་ར་ཚོགས་ཆེན་འདུ་ཁང་གི་མདུན་དུ་བཀྲམ་སྟོན་གནང་བ་དང་དེ་ནས་སྣང་རྩེ་ཤག་གི་སྐོར་བྱ་བ་༢༠དང་རགས་རྒྱབ་ཨ་ཕ་༣༠ཡིས་ཀརྨ་ཤག་གི་འཕྱམ་རྒྱག་སྲོལ་ཡོད་པ་དང་འཕྱམ་གྲུབ་རྗེས་ཀརྨ་ཤག་ལྷ་ཆེན་གྱིས་ལྷ་བབས་ནས་བྱུང་བའི་ལུང་བསྟན་གནང་བའི་དངོས་པོ། རྒྱལ་མཚན་སེར་པོ་རྒྱལ་བ་རིན་པོ་མཚོན་བྱེད། རྒྱལ་མཚན་དམར་པོ་པན་ཆེན་རིན་པོ་ཆེ་མཚོན་བྱེད། རྒྱལ་མཚན་དཀར་པོ་ས་གནས་སྲིད་གཞུང་མཚོན་བྱེད་སོགས་ལོ་རྗེས་མའི་ནང་མཐོ་མི་ཆེན་ནས་ཞིང་འབྲོག་གི་ཐོན་འབབ་ལེགས་ཉེས་སོགས་ཀྱི་རྟགས་མཚན་ལག་ཐོག་ཏུ་འཁྱེར་ཏེ་ཁྲོམ་དུ་འགྲོ་བས་ལྷ་སའི་མང་ཚོགས་ཀྱིས་དགོས་གལ་ཆེན་པོས་ལྟ་བར་འགྲོ་ཡི་ཡོད་དོ། །

ཞོ་སྟོན་ནོར་གླིང་དུ་དབུ་ཚུགས་ཚུལ། རྒྱལ་བ་སྐུ་ཕྲེང་༡༡པ་མཁས་གྲུབ་རྒྱ་མཚོའི་སྐབས་སྟེ་སྤྱི་ལོ་༡༨༤༩ལོར་ནོར་བུ་གླིང་ཁའི་དབུ་གཡབ་ཕོ་བྲང་གསར་རྒྱག་བྱས་པ་དང་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུ་ཡི་ཡོད་ཀྱང་རྒྱལ་བ་སྐུ་ཕྲེང་༡༣པས་དེ་བས་ཀྱང་འཕེལ་རྒྱས་བཏང་སྟེ་དབུས་གཙང་ལྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་རྣམས་ལོ་ལྟར་ནོར་བུ་གླིང་ཁར་འཁྲབ་སྟོན་ཡོང་རྒྱུའི་བཀའ་ཕེབས་པ་དང་སྐུ་ཉིད་ཀྱིས་གཟིགས་རྟོག་གནང་གི་ཡོད་དོ། །

གནའ་དེང་རིག་གནས་མེ་ལོང་ནི་རྒྱ་ཡིག་འདི་ཡི་ཐོག་ནས་འཛུལ་དགོས།(古今文化明镜)རྩོམ་སྒྲིག་པ་གྲིབ་ནག་གིས།

འདྲི་བ།

ལྷ་མོ་ཞེས་པའི་ཐ་སྙད་དེར་འགྲེལ་བརྗོད་བརྗོད་ཤིག་གྱིས་དང་།

བརྒྱུད་སྐུལ།

མཆན་སྤེལ།