ལྷོ་ཁ་སྣེ་གདོང་རྫོང༌ངོ་སྤྲོད།

ལྷོ་ཁ་སྣེ་གདོང་རྫོང༌ངོ་སྤྲོད།

སྣེ་གདོང་རྫོང་ནི། ད་ལྟ་ལྷོ་ཁ་ས་གནས་སྣེ་གདོང་རྫོང་སྣེ་གདོང་གྲོང་ཚོའི་བྱང་ངོས་རྒྱབ་རི་གླང་ཆེན་འགྱིང་པ་འདྲ་བའི་རི་སྟེང་དུ་གནས་ཤིང༌། སྣེ་གདོང་རྫོང་ནི་རི་གླང་ཆེན་འགྱིང་འདྲའི་སྣ་སྟེང་དུ་ཆགས་སྟབས་སྣེ་གདོང་ཞེས་མིང་ཐོགས་ཚུལ་དང༌། གཞན་ཡང༌། སྣེ་གདོང་ཞེས་པའི་གོ་དོན་དངོས་ནི། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྣེ་གདོང་དང༌། གོང་དཀར། འོལ་ཁ། སྟག་རྩེ། བསམ་གྲུབ་རྩེ་སོགས་རྫོང་ཆེན་བཅུ་གསུམ་བཙུགས་པའི་ནང་ནས་ཐོག་མ་སྟེ། སྣེའམ་སྔ་ཤོས་སུ་བཙུགས་པའི་རྫོང་ཡིན་པས་ན་སྣེ་གདོང་ཞེས་གྲགས།
བོད་ཀྱི་རྫོང་དང་པོ་སྣེ་གདོང་རྫོང་ནི། ཐོག་མར་འབྲི་གུང་པ་རྡོ་རྗེ་དཔལ་གྱིས་ཁྲི་དཔོན་གནང་སྐབས་བརྩིགས་པའི་གཞིས་ཀ་ཞིག་ཡིན་ཀྱང༌། ཕྱིས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཞི་དྲག་གི་ཐབས་ལ་བརྟེན་ནས་གཡའ་བཟང་ཁྲི་སྐོར་སོགས་དབང་དུ་འདུས་ཤིང༌། དེ་མུར་ས་སྐྱ་པའི་སྲིད་དབང་མགོ་རྟིང་སློག་སྟེ་བོད་ཁམས་ལ་མངའ་དབང་བསྒྱུར། སྣེ་གདོང་ལྟེ་གནས་སུ་བཟུང་སྟེ། སྟོབས་དང་ལྡན་པའི་ཕག་གྲུའི་རྒྱལ་རབས་བཙུགས་ཏེ་ཏཱ་སི་ཏུ་བྱང་ཆུབ་མཚན་རང་ཉིད་ནས་ཕག་གྲུའི་སྡེ་སྲིད་དབང་པོ་མཛད། དེ་སྔའི་སྣེ་གདོང་གཞིས་ཀའི་རྨང་གཞིའི་ཐོག་ཀུན་བཟང་རྩེ་ཕོ་བྲང་བཞེངས། ལོ་རྒྱུས་ཐོག་ཕག་གྲུ་རྒྱལ་རབས་ལ་སྣེ་གདོང་རྒྱལ་སྲིད་ཅེས་ཀྱང་ཟེར། ཕག་གྲུའི་སྡེ་སྲིད་དང་པོ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་སྐབས་ཀྱི་ཁྲི་སྐོར་དང་སྟོང་སྐོར་ལམ་ལུགས་མེད་པར་བཟོས་ཏེ། རྫོང་དང་གཞིས་ཀའི་ལམ་ལུགས་ལག་བསྟར་གནང་སྐབས་སྣེ་གདོང་ནི་བོད་ཡོངས་སུ་གྲགས་པའི་རྫོང་དང་པོ་དེ་ཡིན་པས་དེ་དུས་སྣེ་གདོང་གི་ལུག་ཚང་ལ་དེང་ཡང་ཁྱིམ་མིང་ལུག་ཚང་ཟེར་བ་དང༌། རྫོང་གི་མགར་ཚང་ལ་དེང་ཡང་ཁྱིམ་མིང་མགར་ཚང་ཟེར་བ་མ་ཟད། དེ་དུས་ཡོངས་སུ་གྲགས་པའི་གླིང་ཁའི་མིང་ལ་ནོར་བུ་གླིང་ཁ་དང༌། ཟམ་པའི་མིང་ལ་སྣེ་གདོང་ཟམ་པ་སོགས་སྔར་བཞིན་ཡོངས་གྲགས་ཀྱིས་འབོད་བཞིན་ཡོད་ཅིང༌། སྔོན་གྱི་སྣེ་གདོང་རྫོང་ནི་རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་གླང་ཆེན་འགྱིང་འདྲའི་རི་སྣའི་སྟེང་དུ་སྔར་གྱི་གྱང་ཤུལ་ཙམ་ལས་མེད། དམངས་ཁྲོད་དུ་ཉི་ཆོས་བཟང་པོ་དང༌། སྣེ་གདོང་རྒྱལ་པོ་ཞེས་པའི་སྒྲུང་གཏམ་གྱི་འབྱུང་གནས་ཀྱང་རྫོང་འདི་ཡིན་པར་འདོད་དོ།།

ད་ལྟའི་སྣེ་གདོང་རྫོང་ཆགས་ཡུལ་ཡང་སྔོན་གྱི་སྣེ་གདོང་རྫོང་ཆགས་ཤུལ་གྱི་རི་གཤམ་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༢༢༡༣ དང༌། མི་འབོར་ཁྲི་ ༤ཿ༨ ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༥༢༢ དང༌། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༦༦༤༧ གྱིས་མཐོ་བའི་ས་བབས་བཅས། མདོར་ན་ཕག་གྲུའི་སྡེ་སྲིད་བཅུ་གཉིས་ཀྱིས་སྤྱི་ལོ་ ༡༣༥༨ ལོ་ནས་ ༡༤༨༡ བར་ལོ་ངོ་ ༡༢༣ རིང་བོད་ཁམས་ལ་མངའ་དབང་བསྒྱུར་སྐབས་ཕོ་བྲང་གི་ལྟེ་གནས་ལྟ་བུ་ཡིན་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།