སྣ་རིགས་མི་གཅིག་པའི་ཉ་མོ་མང་བའི་ཉ་མོ་མང་པོ་ཡར་རྒྱུགས་མར་རྒྱུགས་བྱེད་པའི་ངོ་མཚར་ལྟད་མོ་སྐྱེ་བོའི་མིག་ལམ་དུ་འཆར་བ་དང་། ཆུ་འགྲམ་དུ་བསངས་ཤིང་འཁན་དཀར་མི་ཚད་ལོན་པ་མཐུག་པོར་སྐྱེ་བའི་ཁྲོད་སེམས་ཅན་སྤུ་ནག་གཡག་རྒན་ཡང་གཞན་གྱིས་མཐོང་བར་དཀའ་བ་དེ་ལྟ་བུ་ནི་བོད་ཡོངས་སུ་ཧ་ལམ་མེད་ཅེས་བཤད་ཆོག
གཞན་ཡང་རྩྭ་ཐང་དེ་ནི་ས་རྒྱ་ཡངས་ཤིང་ཁོད་སྙོམས་ལ་རྩྭ་བཅུད་རབ་ཏུ་ཆེ་བ་ཟད་རྩྭའི་སྐྱེ་ཁ་བཟང་བ་ཧ་ལས་དགོས་པ་ཞིག་ཡོད་པ་སྟེ། དགོང་མོ་རྩྭ་ཐང་སྟེང་ཇ་ཕོར་ཁ་སྦུབས་སློག་ནས་བཞག་ན་གཞོགས་པ་ཇ་ཕོར་རྩྭ་ཡིས་བཀྱག་ནས་གན་རྒྱལ་ལོག་ནས་སྡོད་ཀྱི་ཡོད་པས་རྩྭ་ཐང་སྐྱེ་ཁ་བཟང་བ་དེ་འདྲ་བོད་ལྗོངས་ཡོངས་སུ་མེད་སྟབས་སྔར་བོད་ས་གནས་སྲིད་གཞུང་གི་གཞུང་རྟ་ཆེད་དུ་རྩ་ཐང་དེའི་སྟེང་འཇོག་གི་ཡོད་པ་ལས། སེམས་ཅན་གཞན་དག་ཕར་བཞག བྱ་དང་བྱིའུའང་བབས་མི་ཆོག་ཅེས་པའི་བཀའ་རྒྱ་ནན་པོ་གཏང་ཡོད།
ད་དུང་རྩ་ཐང་དེའི་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་དང་། བྱ་བྱིའུ་སྣ་ཚོགས། རི་དྭགས་དང་གཅན་གཟན་སྣ་ཚོགས་སོགས་ཡོད་པས་རྩ་ཐང་དེ་ནི་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་ཡུལ་སྐོར་མཛེས་ལྗོངས་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་ནོ། །