ལྷོ་ཁའི་ལྗོངས་རྒྱུ། ལྷོ་བྲག་སྲས་མཁར་དགུ་ཐོག

ལྷོ་ཁའི་ལྗོངས་རྒྱུ། ལྷོ་བྲག་སྲས་མཁར་དགུ་ཐོག
 ལྷོ་བྲག་སྲས་མཁར་དགུ་ཐོག་ནི་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་སུ་གནས་ཤིང་། རྩེད་ཐང་ནས་ལམ་ཐག་སྤྱི་ལེ་༣༨༣ཡོད་པ་དང་།  མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་༣༧༠༠རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པས་༡༠༧༧ལོ་ནས་༡༠༨༤ལོའི་བར་དུ་ཕྱག་བཏབ།  དེའང་རྗེ་བཙུན་མི་ལ་རས་པ་ནི་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་དད་མོས་དང་བརྩི་བཀུར་ཞུ་སའི་གྲགས་ཅན་གྱི་ཆོས་པ་རྣམ་དག་ཅིག་ཡིན་ཞིང་།   གཙང་སྨྱོན་ཧེ་རུ་ཀས་བརྩམས་པའི་ཁོང་གི་ལོ་རྒྱུས་《རྗེ་བཙུན་མི་ལའི་རྣམ་ཐར་》ནི་རྒྱལ་ཕྱི་རྒྱལ་ནང་གང་སར་སྐད་གྲགས་ཡོད།

 

ལྷོ་བྲག་སྲས་མཁར་དགུ་ཐོག་ནི་རྗེ་བཙུན་མི་ལ་རས་པས་ཁོང་གི་བླ་མ་མར་པ་ལོ་རྩ་བའི་བཀའ་བཞིན་ཚེ་སྟོད་བསགས་པའི་སྡིག་པ་དག་པའི་ཆེད་དུ་མི་གཅིག་ལག་གཅིག་གིས་བཞེངས་པ་ཞིག་ཡིན་པས་ཁོང་གིས་སྙིང་རུས་ལ་ཧ་མི་ལས་པ་དང་།   དད་གུས་མི་བྱེད་མཁན་སུའང་མེད།

དེ་རྗེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཞིག་གསོ་དང་རྒྱ་བསྐྱེད་བྱས་པ་བརྒྱུད་དབུ་རྩེའི་གསེར་སྐྱིབས་ཐོག་རིམ་དགུ་དང་ལྡན་པའི་བཙན་མཁར་གཟུགས་ཅན་གྱི་གཙང་ཁང་གྲུ་བཞི་མ་བཀོད་པའི་གཙོ་བོར་བཞག་པའི་བོད་ལུགས་ཀྱི་དབྱིབས་སུ་མཐུན་མོང་མ་ཡིན་་པའི་དགོན་པ་ཞིག་ཏུ་གྱུར།

དགོན་པ་འདི་ནི་བཀའ་བརྒྱུད་བསྟན་པའི་འབྱུང་ཁུངས་ཀྱི་ཆུ་འགོ་ཅིག་ཡིན་པས་བྱིན་རླབས་དང་སྙན་གྲགས་གཉིས་ཀ་ཆེ།

དགོན་པའི་རྟེན་གཙོ་བྱང་ཆུབ་ཆེན་པོ་སྟོན་པ་སངས་རྒྱས་པའི་སྐུ་ཚད་བཅུ་དྲུག་པས་གཙོས་རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་པ་ད་ལྟའང་མཇལ་རྒྱུ་ཡོད།    ཤིན་ཏུ་དཀོན་པའི་དཔེ་རྙིང་བྲིས་མ་དེ་དག་ནི་དགོན་པ་དེ་རང་གི་བཏབ་ལོ་དང་མཉམ་པའམ་ཡང་ན་དེ་ལས་ལོ་སུམ་བརྒྱ་བཞི་བརྒྱས་སྔ་བའི་ལོ་རྒྱུས་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གཙིགས་ཆེར་འཛིན་དང་འཛིན་བཞིན་པ་ཡིན།

གཞན་ཡང་གདན་ས་འདིའི་ཡང་དབེན་གནས་སྟག་ཉེ་ཞེས་པར་རྗེ་བཙུན་མི་ལར་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཞིང་།  གདམས་ངག་རྫོགས་པར་གནང་ཞིང་།  མི་ལ་རས་པས་བླ་མའི་བཀའ་བཞིན་ཟླ་བ་བཅུ་གཅིག་རིང་མར་མེ་མགོ་ཐོག་ཏུ་བཞག་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ལོ་རྒྱུས་ཡོད་པ་དང་། མར་པས་དེང་སང་བོད་དུ་བརྒྱུད་པ་ཆད་པའི་ཕོ་བ་གྲོང་འཇུག་ཅེས་པ་སྟེ། མི་དང་སེངས་ཅན་སོགས་ཤི་བའི་རོ་ལ་རངགི་རྣམ་ཤེས་ཞུགས་ཏེ་སླར་གསོན་པར་བྱེད་པའི་གདམས་ངག་ཁྱད་པར་ཅན་དེའང་གནས་འདི་ན་མཛད། དེས་ན་གནས་འདིར་སླེབ་པ་ཙམ་གྱིས་རིགས་པ་དྭངས། དགེ་སྦྱོར་འཕེལ།   དེར་བཞུགས་བསམ་གཏན་པ་རྣམས་ལ་ཏིང་ངེ་འཛིན་གྱི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་སོགས་ཡོན་ཏན་མཐའ་ཡས་དང་ལྡན་ནོ།།

 

བརྒྱུད་སྐུལ།

མཆན་སྤེལ།