ལྷོ་ཁའི་ལྗོངས་རྒྱུ། ལྷོ་གནས་དགོན་སྡེ་དགུའི་གནས་བཤད།

ལྷོ་ཁའི་ལྗོངས་རྒྱུ། ལྷོ་གནས་དགོན་སྡེ་དགུའི་གནས་བཤད།

༡༽ གནས་གཞི་དགོན།

 

མཚན་ཆ་ཚང་ལ་གནས་གཞི་ཞི་ཁྲོ་བཀའ་བརྒྱ་ལྷ་ཁང་ཞེས་ཟེར། རྩེད་ཐང་ནས་ལམ་ཐག་ལེ་དབར་༡༩༨༧ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༣༨༡༩ཡོད། དགོན་པ་དེ་གནས་གཞི་གྲོང་ཚོའི་དབུས་སུ་ཡོད་པས་དགོན་མིང་ལའང་གནས་གཞི་དགོན་ཞེས་ཐོགས། དགོན་འདི་ཐོག་མར་གཏེར་སྟོན་འོག་མ་གུ་རུ་ཆོས་དབང་གིས་ཕྱག་བཏབ་ཅིང་། ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་༡༢༡༢ལོར་བལྷམས། རྙིང་མའི་གཏེར་སྟོན་བརྒྱ་རྩའི་ནང་ནས་ཉང་ཉི་མ་འོད་ཟེར་ལ་གཏེར་སྔོན་གོང་མ་དང་། གུ་རུ་ཆོས་དབང་འདི་ཉིད་ལ་གཏེར་སྟོན་འོག་མ་ཟེར། དེ་ཡང་ཐོག་མར་གཏེར་སྟོན་གུ་རུ་ཆོས་དབང་ཉིད་དགོན་པ་གནས་སའི་རྒྱབ་རིར་སྒྲུབ་པ་བསྐྱོན་ནས་བཞུགས་ཡོད་པ་ན། གློ་བུར་དུ་ས་ཆ་དེར་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཁང་ཞིག་བཞེངས་དགོས་ཐུགས་ལ་འཁྲུངས་པས་ཉམས་སྣང་ལྟར་དགོན་པ་དེ་ཕྱག་འདེབས་གནང་མཛད། དེ་རྗེས་གྲ་ཕྱི་སྨིན་གྲོག་གླིང་གི་ཁོངས་སུ་གྱུར། ཐོག་མར་དབོན་དགོན་ཡིན་པ་ནས་རྗེས་སུ་གཙང་དགོན་ཆགས། སྔོན་དགོན་པ་དེའི་ནང་ཆེ་མཆོག་ཧེ་རུ་ཀ་སོགས་ཞི་ཁྲོའི་ལྷ་ཚོགས་ཆ་ཚང་ཡོད། ད་ལྟ་དགོན་པའི་བཀའ་བརྒྱད་ལྷ་ཁང་ཆེ་མཆོག་ཧེ་རུ་ཀ་དང་། སྒྲོལ་མ་ལྷ་ཁང་ནང་སྟོན་པའི་སྐུ་བརྙན་དང་། གུ་རུ་སྣང་སྲིད་ཟིལ་གནོན། གུ་རུ་ཆོས་དབང་སོགས་མཇལ་རྒྱུ་ཡོད་པ་དང་། དགོན་ནས་ནུབ་ངོས་སུ་སྤྱི་ལེ་གསུམ་ཙམ་ཕྱིན་ན་མངའ་བདག་ཉང་གི་གཏེར་ནས་བྲག་སྲིན་པོ་སྤར་རྗེས་ཞེས་པའི་སྒྲུབ་ཕུག་ཅིག་མཇལ་རྒྱུ་ཡོད།

 

༢༽ རྟིའུ་ར་དགོན།

 

རྩེད་ཐང་ནས་ལམ་ཐག་སྤྱི་ལེ་༡༩༡ཕྱིན་ན་ལྷུན་རྩེ་རྟིའུ་ར་དགོན་པར་སླེབས་ཤིང་།དགོན་མིང་ལ་རྟིའུ་ར་ཞེས་ཞུ་དོན་ནི། པོ་ཏོ་བའི་སློབ་མ་སྐོར་འདུལ་བ་ཆེན་པོའི་རང་གཞིས་ཆགས་སའི་རང་ར་དང་ཉེ་བར་ཆོས་སྡེ་བཏབ་པས་རྟིའུ་ར་ཞེས་ཐོགས་ཤིང་།  གཉལ་སྡེ་དྲུག་གི་ཡ་གྱལ་ཡིན།  དེ་ཡང་དགོན་པ་དེ་ནི་ཐོག་མར་ད་ལྟའི་དགོན་དེའི་ཉེ་འདབས་སུ་རྟིའུ་ར་ཞེས་བཀའ་བརྒྱུད་པའི་དགོན་ཞིག་ཡོད་པ་ཇུན་གར་བས་རྨེག་མེད་མེ་བསྲེགས་གཏོང་སྐབས་རྟེན་གཙོ་ཇོ་བོ་བྱང་ཆུབ་སེམས་དཔའ་ཞིག་ཡོད་པ་དེ་མེས་མ་འཚིག་པར་སྔར་བཞིན་བཞུགས།       དེའི་ཚེ་སྐུ་གཉེར་གྱི་སེམས་ལ་ད་དགོན་པ་མེས་བསྲེགས་ཟིན་པས་འདིར་བསྡད་ཀྱང་དགོས་པ་མི་འདུག་སྙམ་སྟེ་འགྲོ་བར་བརྩམས་པ་ན་ཇོ་བོས་རྒྱང་ནས་གསུང་བྱོན་ཏེ་ཁྱེད་འགྲོ་ན་ང་འཁྲིད་དགོས་གསུངས་པར་སྐུ་གཉེར་གྱིས་ངས་ཁྱེད་གདན་འདྲེན་ཞུ་དགོས་བསམ་ཡང་ཐེག་པ་མི་འདུག་ཅེས་ཞུས་པར་ཇོ་བོས་ཁྱེད་ཀྱིས་ངའི་སྐུ་སྟོད་ཁྱེར་ན་འགྲིག་ཅེས་གསུངས་པ་ལྟར་སྐུ་གཉེར་གྱིས་ཇོ་བོའི་བཀའ་བཞིན་སྐུ་སྨད་གསེར་ལས་གྲུབ་པ་དེ་བཞག།  སྐུ་སྟོད་ཛྷེ་ཀྱིམ་ལས་གྲུབ་པ་དེ་འཁྱེར་ནས་ཉང་དཀར་ཐང་དུ་སླེབས་པ་ན་སྐུ་གཉེར་གཅིན་པ་ཤོར་བ་ཇོ་བོས་མཁྱེན་ནས་ངས་འདིར་བབས། ཁྱེད་གཅིན་པ་ཐོང་ཞེས་གསུངས་པས་ས་མིང་ལའང་བབས་གཅིན་ལུང་ཞེས་ཟེར།

དེ་ནས་སྐུ་གཉེར་གྱིས་ད་ཁྱེད་གང་དུ་ཕེབས་ན་ལེགས་སམ་ཞེས་བཀའ་འདྲི་ཞུས་པར་ཇོ་བོས་ང་གཉིས་ཤར་ངོས་སུ་མི་མ་ཡིན་གྱིས་བརྩིགས་པའི་མཁར་ཞིག་ཡོད་ས་དེར་འགྲོ་གསུངས་ནས་ད་ལྟའི་དགོན་ཆགས་ཡུལ་དུ་བཞུགས།  དེའི་ཚེ་དགེ་བཤེས་པོ་ཏོ་བའི་སློབ་མ་ཆག་ལོ་ཙཱ་བ་ཡུལ་དེའི་ཕུར་སྒྲུབ་པ་བསྐྱོན་ནས་བཞུགས་ཡོད་པས་གནས་དེར་ཇོ་བོའི་སྐུ་སྟོད་བཞུགས་པ་མངོན་ཤེས་ཀྱིས་གཟིགས་པ་ན་ངེས་པར་དུ་དགོན་པ་ཞིག་འདེབས་རྒྱུའི་ཐུགས་ཐག་བཅད་དེ་ལས་གྲྭ་འགོ་བརྩམས།  དུས་དེར་རྗེ་ཙོང་ཁ་པ་ཙ་རི་ནས་ཡར་ཕེབས་སྐབས་ཆག་ལོ་ཙཱ་བས་དགོན་པའི་རྩིག་རྨང་བཏིང་ཟིན་པས་རྗེ་ཙོང་ཁ་པས་ངས་བསམ་པ་དང་ཁྱེད་ཀྱིས་གླེང་བ་མཉམ་འདུག་ཅེས་གསུངས་པས་བསམ་གླེང་རྟིའུ་ར་དགོན་ཞེས་པའི་མཚན་བྱུང་།  དགོན་པ་བཏབ་གྲུབ་རྗེས་ཆག་ལོ་ཙཱ་བས་མཛད་པ་རྒྱ་ཆེར་བསྐྱངས་ཤིང་།  ཐེངས་ཤིག་ཁོང་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས་སྡེ་བརྒྱད་ཀརྨ་ཉི་ཟླས་བཀའ་སྲུང་ཞུ་རྒྱུར་ཁས་བླངས།

དགོན་པའི་ཁོར་མོ་ཁོར་ཡུག་ཏུ་སྐྱེ་ཤིང་གང་ཡང་མེད་པས་ཉིན་ཞིག་ཆག་ལོ་ཙཱ་བས་ཉེ་གནས་ལ་དབུ་སྐྲ་རྐང་ཁ་ཤས་གནང་སྟེ་ཁྱེད་ཀྱིས་སྐྲ་འདི་དང་རྒྱ་གང་ཆེ་ཆེའི་སར་གཏོར་ནས་ཤིང་སྣ་ཚོགས་སྐྱེ་བར་ཤོག་ཅེས་ཤིང་སོ་སོའི་མིང་ནས་བོས་ཤིག་ཅེས་གསུངས་པ་ལྟར་ཉེ་གནས་ཀྱིས་དབུ་སྐྲ་གང་སར་གཏོར་ཞིང་།  ཤིང་སྣ་འགའ་ཞིག་གི་མིང་བོས་ཀྱང་ཙན་དན་གྱི་མིང་འབོད་རྒྱུ་མ་བྱུང་བར་འགྱོད་སེམས་ཆེན་པོ་སྐྱེས་། འོན་ཀྱང་ཡུལ་དེའི་ཁུལ་དུ་ཤིང་གཏན་ནས་མེད་ཀྱང་དགོན་པའི་མཐའ་ཁོར་ཤིང་སྣས་ཁེངས་པར་དུས་ད་ལྟའང་ཚང་དཔག་མེད་སྐྱེ་གི་ཡོད། དགོན་པའི་རྟེན་གཙོ་ཇོ་བོ་བྱང་ཆུབ་སེམས་དཔའི་སྐུ་སྟོད་ནི་ཛྷེ་ཀྱིམ་ལས་གྲུབ་པའི་ནང་རྟེན་རྩ་ཞིག་ཡིན་པས་དེར་གསོལ་བ་སྨོན་ལམ་ཅི་བཏབ་ན་མ་འགྲུབ་པ་མེད་ཅེས་སོ།  །

 

༣༽ འོལ་ཁ་ཆོས་ལུང་དགོན་དང་ཆོས་ཟམ་དགོན།

 

ཆོས་ལུང་དགོན་པ་ནི་སྔར་རྗེ་ཙོང་ཁ་པས་འཁོར་དག་པ་རྣམ་བརྒྱུད་སོ་སོ་སྒྲུབ་ཕུག་རེར་བཞུགས་སྐབས། འོལ་ཁ་རྫོང་དཔོན་བཀྲ་ཤིས་རྒྱལ་མཚན་ཐོག་སྐོར་དུ་ཡོང་སྐབས་ཆོས་ལུང་ནས་འོད་འཚེར་བ་མཐོང་བས་འཁོར་གཡོག་མངགས་ཏེ་ཅི་འདུག་སྟོས་ཤིག་གསུངས་པར་འཁོར་གཡོག་རྣམས་དེར་སླེབས་སྐབས་རྣལ་འབྱོར་པ་རང་རང་གི་སྒྲུབ་ཕུག་ཏུ་བཞུགས་འདུག་པ་དེ་དོན་རྫོང་དཔོན་ལ་ཞུས་པས་རྫོང་དཔོན་སོང་སྟེ་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་ཞབས་ཏོག་སྒྲུབ་རྒྱུར་ཁས་བླངས་པས་རྗེ་ཙོང་ཁ་པས་ངེད་ཚོར་གཞན་གྱི་རྒྱས་སྤྲོས་མི་དགོས། ཁྱེད་ཀྱིས་འགྲུབ་ན་འདུལ་བའི་སྤྱོད་ལམ་བཞི་བཤོང་བའི་ཁང་པ་ཞིག་ཨེ་འགྲུབ་ཅེས་གསུངས་པ་རྫོང་དཔོན་གྱིས་དེ་མར་ཁས་ལེན་ཞུས་ཤིང་ལོ་དེ་རང་ལ་འགྲུབ་པར་བྱས།

གནས་དེར་རྗེ་ཙོང་ཁ་པས་འཇམ་དབྱངས་ཀྱི་ལུང་བསྟན་ལྟར་སྐུ་ཕྱག་འབུམ་སོ་ལྔ་གནང་བར་ལྟུང་བཤགས་ལྷ་སོ་ལྔའི་ཞལ་གཟིགས་ཐོབ། མཎྡལ་རྡོ་སྟེང་ཁོ་ནར་ཕུལ་གནང་བས་ཕྱག་ངར་ཡང་བརྡོལ། རྡོའང་ཤེལ་ལྟ་བུར་གྱུར། མདོ་སྡེ་ཕལ་མོ་ཆེ་གཟིགས་པས་ཐུགས་སྟོབས་ཅི་ཆེ་འཁྲུངས་ཏེ་སྤྱན་ཆབ་ཀྱང་ཤོར། ལྷག་པའི་ལྷ་དངོས་དང་མནལ་ལམ་ཅི་རིགས་ལ་ཞལ་གཟིགས་ཡང་ཡང་བྱུང། དེ་ནས་ཆོས་ར་སྒང་ཞེས་ད་ལྟ་སྐུ་རྗེས་རང་བྱོན་ཡོད་སའི་ཕ་བོང་གི་སྟེང་ནས་དགའ་ལྡན་ཡིད་དགའ་ཆོས་འཛིན་གཟིགས་སྣང་དུ་བྱུང་སྟེ་དགའ་ལྡན་དགོན་པ་ཕྱག་འདེབས་རྒྱུའི་དགོངས་ཚུལ་ལྷམ་ལྷམ་འཆར། དགོན་པ་འདིའི་ནང་རྗེ་བཞི་གྲགས་མ་དང། ལྟུང་བཤགས་སོ་ལྔའི་ལྡེབས་རིས། རྗེ་རིན་པོ་ཆེས་མ་འབུལ་གནང་སའི་རྡོ་དང་སྐུ་ཕྱག་འབུལ་གནང་སའི་རྡོ། རྗེ་རིན་པོ་ཆེ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་ཕུལ་བའི་རྟ་རྭ་ཅོ་གཉིས་ལྡན་གཅིག་ཀྱང་ཡོད། ཆོས་ལུང་དགོན་པ་ནས་ཅུང་ཙམ་ཕྱིན་ན་ཆོས་བསམ་དགོན་པར་སླེབས་ཤིང་། དེ་ནི་རྗེ་ཙོང་ཁ་པས་ཚེ་དཔག་མེད་སྒྲུབ་གནང་ས་ཡིན། གནས་དེར་རྗེ་རིན་པོ་ཆེས་ཆ་དགུ་བརྒྱ་དགུ་བཅུ་གོ་དགུ་བཏབ་གནང་བ་དང་། དེ་རྗེས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་རྗེ་བསོད་ནམས་བློ་གྲོས་གཉིས་ཀྱང་བཞུགས་མྱོང་ཡོད། དགོན་དེའི་ལྟག་ཏུ་ལྷ་ལྡིང་རི་ཁྲོད་ཅེས་པར་རྗེ་རིན་པོ་ཆེར་སྟོང་ཉིད་ལྟ་བ་འཁྲུངས་ཏེ་རྟེན་འབྲེལ་བསྟོད་པ་ལྗགས་རྩོམ་གནང་སའི་གནས་ཁྱད་པར་ཅན་ཞིག་ཡིན། ཡོངས་གྲགས་སུ་འོལ་ཁ་ཆོས་ལུང་ཆོས་ཟམ་ཞེས་མིང་ལྷན་དུ་འབོད་ཅིང་། དགོན་པ་འདི་གཉིས་གནས་སའི་ཁོར་ཡུག་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་། ས་གཙང་ཆུ་གཙང་མཁའ་དབུགས་གཙང་བ་བཅས་ཡོད་པས་གནས་སྐོར་བ་དང་ལྗོངས་རྒྱུ་བ་ཕེབས་པའི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡིན།

 

༤༽ ཟངས་རི་མཁར་དམར་དགོན།

 

ཟངས་རི་མཁར་དམར་དགོན་ནི་ཟངས་རི་རྫོང་གི་ཤར་ངོས།རྗེ་བཞུགས་གྲོང་ཞེས་པ།སྔར་རྗེ་རིན་པོ་ཆེ་བཞུགས་མྱོང་བའི་གྲོང་གི་རི་ཆུང་སྟེང་དུ་གནས་ཡོད།

དགོན་པ་འདི་ཐོག་མར་མ་གཅིག་ལབ་སྒྲོན་གྱིས་རབ་བྱུང་གཉིས་པའི་ཤིང་གླང་༡༡༩༥ལོར་ཕྱག་བཏབ།དེ་ཡང་ཟངས་རི་ཞེས་པ་ནི།སྔར་ཡུལ་དེ་ན་ཟངས་ཀྱི་གཏེར་ཁ་ཡོད་པར་གྲགས་ལ་དེང་དུས་ཀྱང་ཟངས་གཏེར་དངོས་སུ་ཡོད་པ་དང།མཁར་དམར་ཞེས་པ་ནི་སྐྱོབ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་བྲག་རྡོ་ཞིག་ཆུར་བསྐུར་གནང་སྟེ་འདི་གང་དུ་འཁྱེར་ནས་གང་དུ་བསྡད་ཀྱང་ས་དེ་ན་དགོན་པ་ཞིག་འདེབས་དགོས་གསུངས་པར།བྲག་རྡོ་དེ་ད་ཡོད་དགོན་པའི་མདུན་གྱི་གཙང་ཆུའི་ཁྲོད་འཁར་བ་དང་འཁར་ས་ནི་ཕ་བོང་དམར་པོ་ཞིག་ཡིན་པས་དགོན་མིང་ལའང་ཐོག་མར་འཁར་དམར་ཞེས་དང་དེ་ནས་བོད་ཡིག་གི་གོ་དོན་ལྟར་མཁར་དམར་ཞེས་ཟེར། དགོན་དེ་ན་མ་གཅིག་ལབ་སྒྲོན་ལབ་སྒྲོན་གྱིས་མོ་གཅོད་ཀྱི་བསྟན་པ་ཆེས་ཆེར་སྤེལ། དེ་ཡང་ཡོངས་གྲགས་སུ་ནང་ཆོས་ཐམས་ཅད་རྒྱ་དཀར་ནག་སོགས་ལས་དར་ཡང་།བོད་ཆོས་རྒྱ་གར་དུ་དར་བ་ནི་མ་གཅིག་གི་གཅོད་རྒྱུན་མོ་གཅོད་དེ་ཁོ་ན་ཡིན་ཟེར། དེས་ན་མ་གཅིག་ལབ་སྒྲོན་ནི་མོ་གཅོད་གསར་གཏོད་པ་ཡིན་པ་དང་།གཅོད་དང་པོ་ལྷོ་ཁ་ནས་དར་བ་མ་ཟད།མ་གཅིག་ལབ་སྒྲོན་འཁར་དམར་དུ་མ་ཕེབས་གོང་ནས་གྲུབ་ཆེན་ཐོས་པ་བྷ་ད་དང་མཐུན་མཇུག་གིས་སྲས་སྲོས་གསུམ་ཡང་འཁྲུངས་ཡོད་པས་ཁོང་ནི་མི་རིགས་གཞན་དང་མཐུན་མཇུག་གནང་མཁན་བོད་ཀྱི་རྗེ་བཙུན་མ་ཨང་དང་པོ་དེ་ཡིན། དགོན་འདིར་སྔོན་རྒྱ་དཀར་ནག་སོགས་ཕྱོགས་མང་པོ་ནས་ཆོས་ཞུ་མཁན་ཡོང་ཡོད་ཅིང་།ཐོག་མར་མོ་དགོན་ཡིན་ཡང་རྗེས་སུ་གཙང་འགྲམ་དུ་ཆགས་པའི་དགའ་སྒྲ་དགོན་པ་ཆུས་འཇིག་རྗེས་གནས་དེར་སྤོས་པསཕོ་དགོན་དུ་འགྱུར། དགོན་པ་འདི་གཞི་ཁྱོན་ཆེན་པོ་མེད་རུང་ལོ་རྒྱུས་ཐོག་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གནས་བབ་བཟུང་ཡོད་པས་གནས་སྐོར་བ་དང་ལྗོངས་རྒྱུ་བ་ཚང་མས་ཆེད་དུ་ཡོང་དང་ཡོང་བཞིན་པ་ཡིན།

 

༥༽ དྲེའུ་ལྷས་དགོན་དང་རི་ཐང་དགོན།

 

རྩེད་ཐང་ནས་ལྷུན་རྩེ་བརྒྱུད་སྤྱི་ལེ་༡༥༧ཙམ་སོང་ན་དྲེའུ་ལྷས་དགོན་པར་སླེབས་ཤིང་དགོན་པ་དེ་ནི་འབྲུག་པ་སྟེ་དྲུག་གི་ཡ་གྱལ་ཡིན་དགོན་པ་དེ་ནི་ཐོག་མར་ད་ལྟའི་དགོན་པ་གནས་ཡུལ་གྱི་ལྷོ་ནུབ་མཚམས་སུ་རི་འབུར་ཞིག་ཡོད་པ་དེར་གྲུབ་པ་ངག་དབང་ནོར་བུས་ཕྱག་བཏབ་གནང་བའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་རྡོ་རྗེ་གདན་ཞེས་པ་གཅིག་ཡོད་ཅིང་དེ་རྗེས་གྲུབ་དབང་བསྟན་འཛིན་བཟང་པོས་ལྷ་མོ་དུད་སྲོལ་མའི་རྟེན་རྩ་ཆེན་དྲེའུ་ཞིག་ལ་བཀལ་ནས་ཕེབས་ཏེ་དྲེའུ་དེ་གང་འདྲ་ཉལ་ཡང་དེར་ངའི་དགོན་པ་འདེབས་ཀྱི་ཡིན་ཞེས་གསུངས་དེ་ཡང་ཐོག་མར་ད་ལྟའི་དགོན་པ་ཆགས་ཡུལ་དུ་བཀའ་གདམས་པའི་དགོན་ཡོད་པ་ལ་གྲོ་བ་ལུང་པ་བློ་གྲོས་འབྱུང་གནས་ཞུ་བས་བློ་ལྡན་ཤེས་རབ་ཀྱི་སྐུ་དམར་གདུང་བཞུགས་པའི་མཆོད་རྟེན་དང་དགོན་པར་ཉམས་གསོ་གནང་། དུས་ཕྱིས་བཀའ་གདམས་པའི་དགོན་པའི་དགོན་པ་དེ་རིམ་བཞིན་ཉམས་ནས་ལྷས་ར་ཞིག་ཏུ་གྱུར་ཡོད་ཅིང་གྲུབ་དབང་བསྟན་འཛིན་བཟང་པོ་ས་ཆ་དེར་ཕེབས་པ་དང་དྲེའུས་ལྷས་ར་དེའི་ནང་ཉལ་བས་ལྷས་རར་དགོན་པ་བཏབ་པ་དང་དགོན་པའི་མཚན་ལའང་ལྷས་དགོན་པ་ཞེས་གསོལ་དེ་ནས་གྲུབ་དབང་བསྟན་འཛིན་བཟང་པོའི་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་རིམ་བཞིན་འཕེལ་བ་དང་་སྟོད་ལ་དྭགས་རྒྱལ་པོའི་དབུ་བླའང་གནང་སྟབས་རྒྱལ་པོས་གསེར་མང་པོ་ཕུལ་བས་དགོན་དེའི་སྐུ་འདྲའི་ཞལ་གསེར་དང་སྡེབས་རིས་སོགས་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་ཡོད། དྲེའུ་སྷས་དགོན་ནས་ལྷོ་བརྒྱུད་སྤྱི་ལེ་བཅུ་གཅིག་ཕྱིན་ན་རི་ཐང་དགོན་རྒྱ་མཚོ་རིན་ཆེན་སྟེང་དུ་སླེབས་ཤིང་དགོན་པ་དེ་ནི་གཉལ་སྡེ་དྲུག་གི་ཁོངས་ཡིན། དགོན་པ་དེའི་ལོ་རྒྱུས་ཆེས་རིང་བ་སྟེ་ཐོག་མར་གནས་དེར་གནའ་བོའི་བོན་དགོན་ཞིག་ཡོད་པ་ལ་དེ་རྗེས་བཀའ་གདམས་པའི་བླ་མ་རི་བོ་མཁྱེན་བརྩེ་ཞུ་བས་དགོན་པ་ཞིག་ཕྱག་བཏབ་དེ་ནས་རིམ་བཞིན་དགེ་ལྡན་པ་ཕྱག་བཞེས་མཛད་བླ་མ་བློ་བཟང་རི་བོ་མཁྱེན་བརྩེའི་སྐུ་གདུང་གི་ཕྱི་ངོས་སུ་སླར་ཡང་མཆོད་རྟེན་ཞིག་དང་འདུ་ཁང་ཀ་བ་སོ་དྲུག་ཅན་སོགས་བཞེངས། ད་ལྟ་ལྷ་ཁང་ཀ་བ་རང་གྲུབ་ཅན་དེའི་ནང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་ཚད་མ་དང་རིགས་གསུམ་མགོན་པོ་ངོ་མཚར་ཆེ་བའི་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

 

༦༽ ཐང་པོ་ཆེ་དགོན།

མཚན་ཆ་ཚང་ལ་སོལ་ནག་ཐང་པོ་ཆེ་ཞེས་ཞུ་རྩེད་ཐང་ནས་ལམ་ཐག་སྤྱི་ལེ་༣༠ཡོད་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་༣༧༠༦ཡོད་ཐོག་མར་བསྟན་པ་ཕྱི་དར་གྱི་འདུལ་འཛིན་དབུས་གཙང་མི་བཅུའི་ནང་ཚན་ལམ་པ་ཀླུ་མེས་པ་ཆེན་པོའི་སློབ་མ་གྲུ་མེས་ལ་སོགས་པ་མཆེད་བརྒྱད་ཀྱིས་བཏབ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་དར་རྒྱས་མཛད།  ཁ་ཆེ་པཎ་ཆེན་གྱིས་རབ་བྱུང་བཞི་པའི་མེ་ཡོས་༡༣༠༧ལོར་ཐང་པོ་ཆེར་བསྟན་རྩིས་མཛད་སྐབས་དེར་སངས་རྒྱས་འདས་ནས་ལོ་༡༧༥༠སོང་ཞེས་གསུངས་ཇོ་བོ་རྗེའང་གནས་དེར་ཕེབས་ནས་ཞག་བདུན་བཞུགས་ཀྱང་ཁུ་སྟོན་གྱིས་ཇོ་བོའི་ཞབས་ལ་མ་གཏུགས་སྟབས་ཇོ་བོ་རྗེ་ཉ་མགོ་གྲུ་དནོ་ནས་རྒོད་དཀར་ལ་བརྒྱུད་སྙེ་ཐང་དུ་ཕེབས་རྗེས་སུ་ཁུ་སྟོན་འགྱོད་པ་དྲག་པོ་སྐྱེས་ནས་ཇོ་བོའི་རྗེས་སུ་བསྙེགས་ཏེ་ཞབས་ལ་གཏུགས་ནས་གདམས་པ་མང་པོ་གསན་ཕར་ཕྱིན་དང་གཤིན་རྗེའི་མན་ངག་ལས་རྩལ་ཐོན།  སྔ་ཕྱིར་ཐང་པོ་ཆེར་སྐྱེན་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་ཆོས་འཁོར་བསྐོར་མྱོང་བས་དགོན་པ་འདི་ནི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཡིན།

 

༧༽ ཡར་རྗེ་ཨོ་རྒྱན་གླིང་དགོན་པ།

 

རྩེང་ཐང་ནས་སྤྱི་ལེ་༦༨བྐྱོད་ན་གྲ་ནང་ཡར་རྗེ་ཨོ་རྒྱན་གླིང་དགོན་དུ་སླེབས་ཤིང་།མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་༣༧༠༠ཡོད།དགོན་པ་འདེབས་མཁན་ནི་ཡར་རྗེ་ཨོ་རྒྱན་གླིང་པ་ཡིན།  དགོན་པའི་མཚན་དོན་ནི་ཡར་ཞེས་པ་སྟོད་ཀྱི་དོན་དང་རྗེ་ཞེས་པ་རྗེ་ཨོ་རྒྱན་གླིང་པའི་གདན་ས་ཡིན་པས་ཡར་རྗེ་མཚན་དུ་གསོལ།  དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པ་ནི་༡༣༢༣ལོར་སྔགས་རྒྱུན་ཁྱད་པར་ཅན་དུ་སྐུ་འཁྲུངས་ཤིང་།ཆུང་དུས་ནས་སྨན་རྩིས་མཐུ་སོགས་བརྩོན་པས་སྤྱངས་ཏེ་མཁས་པའི་གོ་འཕང་ཐོབ། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་དེ་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པད་མ་བརྩེགས་པའི་ཤེལ་ཕུག་ནས་ཟབ་གཏེར་གྱི་མཛོད་བཞེས།གཞན་ཡང་སྔ་ཕྱིར་གནས་དུ་མ་ནས་གཏེར་མང་པོ་བཞེས་ཤིང་།བཀའ་འདུས་ཀྱི་དབང་སོགས་གནང་ནས་འདུལ་བྱ་མང་དུ་བསྐྱངས་མཐར་དྭགས་པོ་ཁུལ་དུ་ཕེབས་ཏེ་སྐུ་གཤེགས།སྐུ་གདུང་དྭགས་པོར་སྤྱན་དྲངས།ཕྱིར་དྭགས་ཁུལ་སྡེ་པ་ལས་ཅན་ཞིག་གི་སྐུ་གདུང་དེ་སྐྱེ་བདུན་མྱོང་གྲོལ་དུ་གྲགས་པ་ཤེས་ནས་གསང་བའི་ངང་སྐུ་ཤ་ཅུང་ཟད་ཞུས་ཏེ་ཟོས་པས་སྡེ་པ་ཉམས་འབར་ཏེ་ས་ནས་ཁྲུ་གང་ཙམ་འཕར་བས་སྙན་གྲགས་གང་སར་ཁྱབ་ཏེ་སྐུ་གདུང་སྣེ་གདོང་བན་ཚང་དགོན་དུ་གདུང་རྟེན་ནང་བཞུགས་པ་དང་།དེ་སྔ་ལོ་ལྟར་སྡེ་པ་གཞུང་(བོད་ས་གནས་སྲིད་གཞུང་)ནས་ཆེད་མི་བཏང་སྟེ་གདུང་རྟེན་དམ་འབྭར་ཁ་ཕྱེ་ནས་སྐུ་ཤ་ལུག་གི་མཆིན་པའི་ཆེ་ཆུང་ཙམ་རེ་ཞུས་ཏེ་སྨན་རྩིས་ཁང་གི་སྨན་རྩ་ཆེའི་རིགས་ལ་བསྲེས་སྦྱོར་བྱེས་ཀྱི་ཡོད་པ་དང་།ཞུས་པའི་སྐུ་ཤ་ལོ་ཕྱི་མ་སྔར་བཞིན་འཁྲུངས་པ་ནི་མི་མང་པོས་མཐོང་མྱོང་བ་ཞིག་ཡིན་པ་དང་།ཡར་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ་རྡུལ་ཕྲན་ཙམ་ཁ་ལ་སོང་ན་ངན་སོང་ལས་ཐར་ཏེ་སངས་རྒྱས་ཞིང་ཁམས་སུ་བདེ་བླག་ཏུ་བགྲོད་ཐུབ་ཅེས་རླུང་ལྟར་གྲགས་པས་ཕྱིས་ཁོང་གི་གདན་ས་གྲ་ནང་ཡར་རྗེ་ཨོ་རྒྱན་གླིང་ལ་སྐྱེ་བོ་ཀུན་གྱིས་དད་སེམས་དཔག་མེད་ཞུ་གི་ཡོད། མིག་སྔར་དགོན་པ་དེའི་ཕྱི་བརྩིགས་ཐོག་མའི་དེ་དེ་རང་མི་ཉམས་པར་གནས་ཡོད་པ་དང་།རྒྱ་ཁྱོན་དེ་ཙམ་མི་ཆེ་ཡང་བཟོ་དབྱིབས་ཟངས་མདོག་དཔལ་གྱི་རི་བོ་ལྟར་མཛེས་ཤིང་སྐོར་ལམ་ཕྱི་ནང་བར་གསུམ་ཡོད། ལྷག་པར་དུ་ཡར་རྗེ་ཨོ་རྒྱན་གླིང་པའི་ཤངས་ཁྲག་ལས་བཞེངས་པའི་གུ་རུ་པད་མ་སམ་བྷ་བ་དང་།རྟ་མགྲིན་དྲག་པོ་ཚར་གཅོད་ཀྱི་ལྡེབས་རིས་ཐུན་མོང་མ་ཡིན་པ་དང་།གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དཀར་བྱིན་རླབས་ཀྱི་ཚན་ཁ་འབར་བ་གཟུངས་ཇི་སྙེད་བཞུགས་པ་སོགས་མཇལ་རྒྱུ་ཡོད།

 

༨༽ སྟོད་གྲོང་དགོན།

 

རྩེད་ཐང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་༦༧ལ་བསྐྱོད་ན་གྲ་ནང་སྟོད་གྲོང་དགོན་དུ་སླེབས་ཤིང་།རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༣༦༠༠ ཡོད། དེ་ཡང་དགོན་པ་འདི་ནི་ཐོག་མར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་འཁྲུངས་ཁང་ཡིན་པ་དང་ཕྱིས་ཀུན་མཁྱེན་ཀློང་ཆེན་པས་དགོན་པ་ཕྱག་བཏབ་ནས་ཁོང་གི་གདན་ས་གཙོ་བོར་གྱུར། དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནི་ཡབ་སློབ་དཔོན་པད་མའི་དངོས་སློབ་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབས་ལས་མཆེད་པ་སློབ་དཔོན་བསྟན་པ་སྲུང་དང་།ཡུམ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་མཆེད་པ་འབྲོམ་བཟའ་མ་བསོད་ནམས་རྒྱལ་མཚན་གཉིས་ཀྱི་སྲས་སུ་༡༣༠༨ལོར་སྐུ་འཁྲུངས་།ཀུན་མཁྱེན་དམར་འབྱར་སྐབས་ཡུམ་གྱིས་བུ་ཞིང་ཁའི་ཝ་ཁའི་སྟེང་བཞག་ནས་ཞིང་ལས་གནང་སྐབས་གློ་བུར་དུ་ཆར་པ་ཆེན་པོ་བབས་པས་གཟའ་མ་གསུམ་གྱིས་མྱུར་བར་ཁྱིམ་དུ་གདན་དྲངས་།ཡུམ་གྱི་བུ་ལེན་པར་ཐད་དུས་ཤུལ་ཡང་མེད་པས་དངངས་སྐྲག་ངང་གང་སར་བཙལ་ཡང་མ་རྙེད་པས་བཤུམ་བཞིན་དུ་ཁྱིམ་ལ་ལོག་དུས་བུ་ལ་སྐྱོན་ཅི་ཡང་མེད་པར་ཁྱིམ་དུ་ཡོད་པ་དང་།བར་སྣང་ནས་ཨེ་ཀ་ཛ་ཏིས་བཀའ་བཀྱོན་ཡང་གནང་།དེ་ནས་སྐུ་ན་ཅུང་སོན་ཇེས་ཀུན་མཁྱེན་དུ་ངོས་འཛིན་ཞུས་ཤིང་།བླ་མ་སྐྱེས་ཆེན་དམ་པ་བཅུ་ཕྲག་ལྔའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོསཐབས་ཅད་དཔྱིས་ཕྱིན་པར་མཁྱིན་ཞིང་།རོ་ཁྲོད་དང་བྲག་ཕུག་སོགས་གནས་བྱིན་ཅན་མང་པོར་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ལྷ་བླ་མ་ཡི་དམ་མང་པོའི་ཞལ་གཟིགས་ཤིང་།མཛད་འཕྲིན་ཤིན་ཏུ་རྒྱས་པར་གྱུར་ཏེ་སྔ་འགྱུར་རྙིང་མ་བ་ཙམ་མ་ཟད་གངས་ཅན་ལྗོངས་ཀྱི་རིས་མེད་གྲུབ་མཐའ་སྨྲ་བ་ཀུན་གྱིས་བཅོས་མིན་གྱི་དད་པ་དང་།མགྲིན་གཅིག་གིས་བསྔགས་པའི་ཡུལ་དུ་གྱུར། ད་ལྟ་དགོན་པའི་ནང་ཀུན་མཁྱེན་ཀློང་ཆེན་དང་།ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་སྐུ་འདྲ་རྩ་ཆེའི་མཆོད་རྟེན་སོགས་མཇལ་རྒྱུ་ཡོད་པ་དང་།དགོན་པའི་རྡོ་གཅལ་དཀྱིལ་དུ་ངོ་མཚར་བྱིན་ཅན་གྱི་ཤིང་བཟང་ཤུག་པའི་སྡོང་པོ།དགོན་པའི་མཐའ་སྐོར་དུ་རང་བྱུང་ཤིང་སྣ་མང་པོ་ལས་གྲུབ་པའི་ནགས་ཚལ་།དགོན་པའི་རྒྱབ་རིའི་སྡེབས་སུ་ཀུན་མཁྱེན་ཀློང་ཆེན་གྱི་སྒྲུབ་ཕུབ་དང་།སྒྲུབ་ཆུ།དེ་བཞིན་རྩ་ཆེའི་དུར་ཁྲོད་སོགས་མཇལ་རྒྱུ་ཡོད།

 

༩༽ བདུན་ཕུད་ཆོད་འཁོར་དགོན།

 

དགོན་འདིའི་མཚན་ཆ་ཚང་ལ་ཐུབ་བསྟན་བདུན་ཕུད་ཆོས་འཁོར་ཞེས་ཞུ་ཞིང་། དགོན་པ་འདི་ནི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་དུས་རབས་བཅུ་པའི་ནང་གནས་མང་པོ་ཞིག་བཞེངས་པའི་ནང་ན་གཙོ་ཆེ་བ་བདུན་ཕུད་པའི་འོག་གི་གནས་རྩ་ཆེན་ཞིག་ཡིན་པས་དགོན་པིའ་མཚན་ལའང་བདུན་ཕུད་ཆོས་འཁོར་ཞེས་ཐོགས། ཕྱིས་ཤེལ་་གྲོང་པཎ་ཆེན་བློ་གྲོས་ཆོས་ཀྱི་རྒྱལ་པོས་དགོན་པ་རྒྱ་བསྐྱེད་དང་གྲྭ་ཚང་གསར་འཛུགས་གནང་བར་སློབ་མ་ཧ་ཅང་མང་པོ་འདུས་པར་བྱམས་ཆོས་སྡེ་ལྔ་ཡང་ནས་ཡང་དུ་གསུངས་པས་དགོན་དེའི་ནུབ་ངོས་སུ་བྱམས་པ་བྱེ་ཐང་ཞེས་པའི་མིང་ད་ལྟངས་མི་ཉམས་པར་གནས་ཤིང་མཐའ་བརྒྱད་ལྕང་རྭ་ཞེས་པའི་མིང་ཆེན་པོའང་དུས་དེ་ནས་བྱུང་། ཆོས་ལུགས་ནི་མཚར་ལུགས་གཙོར་འཛིན་ཐོག་ས་སྐྱ་རིས་མེད་ཕྱག་བཞེས་གནང་གི་ཡོད་ལ་ཀློང་ཆེན་སྙིང་ཐིག་གི་ཆོ་ག་དང་ཡང་ཕལ་མོ་ཆེ་མཐུན། དགོན་པ་འདི་ལྕེ་བདེ་ཞོལ་གྲོང་རྡལ་གྱི་དབུས་སུ་ཆགས་ཡོད་ཅིང་ལྕེ་བདེ་ཞོལ་ཞེས་པའི་གྲོང་མིང་ནི་ཡུལ་མི་རྣམས་ལྕེ་ཤིན་ཏུ་བདེ་བས་དེ་ལྟར་ཐོགས་ཞེས་ཟེར་ལ་དོན་དངོས་ཐོག་ནས་བཤད་ནའང་སྐྱེ་བོ་ཕོ་མོ་ཚང་མ་གཞན་དང་མི་འདྲ་བའི་ཁ་བདེ་པོ་ཡོད་ལྕེ་བདེ་ཞོལ་གྲོང་ནི་ལྷོ་ཁའི་གྲོང་རྡལ་ཆེ་གྲས་གཉིས་པ་དེ་ཡིན་ལ་སྣམ་ཆས་སྤྱི་དང་ལྷག་པར་དུ་སྐད་གྲགས་ཡོད་པའི་པང་གདན་ཐོན་ཡུལ་ཞིག་ཡིན་པ་མ་ཟད་ཚོང་རའང་ཧ་ཅང་འཁྲུག་པོ་ཡོད་པས་རང་ལྗོངས་ཙམ་མ་ཟད་ཁྱིམ་མཚེས་བལ་པོ་སོགས་ཀྱི་ཚོང་ཁང་ཡང་མང་པོ་ཡོད། གྲོང་ཚོའི་ནུབ་ངོས་སུ་བསིལ་དྭངས་ཆུ་མིག་ཅེས་པ་ཡོད་པ་ནི་དེ་སྔོན་ཏལིའ་བླ་མ་རིམ་བྱུང་གི་ན་བཟའ་བཟོ་བྱེད་སྤུས་ལེགས་སྣམ་བུ་འཁྲུ་ས་ཡིན་པས་སུས་ཀྱང་ཆུ་བེད་སྤྱོད་བྱས་མི་ཆོགས་པ་དང་སྣམ་བུ་སྤུས་ལེགས་དེ་དག་ནི་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ལྷོ་ངོས་རྣམ་རྒྱལ་ཞོལ་གྲོང་དུ་འཐག་གི་ཡོད། དེ་ལྟ་བུའི་འཁྲུག་ཆ་དོད་པ་དང་མི་རིགས་ལག་ཤེས་དང་ཁྱད་ཆོས་ཀྱིད་ཕྱུག་པའི་གྲོང་ཚོ་དེས་བདུན་ཕུད་ཆོས་འཁོར་ལ་མཛེས་སྡུག་འཕར་མ་ཞིག་བསྟན་ཡོད། བདུན་ཕུད་ཆོས་འཁོར་དགོན་པའི་ནང་ལྗོངས་ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པའི་སློབ་པོན་ཙཎྡྲ་གོ་མའི་ཐུགས་དམ་གྱི་རྟེན་གཡུ་ཡི་སྒྲོལ་མ་གསུང་བྱོན་ཞིག་ཡོད་དེ་ནི་དེང་ཆར་ཀུན་གྱི་བསོད་ནམས་ཞིང་དུ་མཇལ་རྒྱུ་ཡོད་དོ།།

ཡོང་ཁུངས། ཡར་ཀླུང་སྤྲིན་ཆར།

བརྒྱུད་སྐུལ།

མཆན་སྤེལ།