ས་སྐྱ་གདོང་ཆོས་དགོན་སྐྱབས་རྗེ་དཀོན་མཆོག་རྒྱལ་མཚན་མཆོག་གི་རྣམ་ཐར།

ས་སྐྱ་གདོང་ཆོས་དགོན་སྐྱབས་རྗེ་དཀོན་མཆོག་རྒྱལ་མཚན་མཆོག་གི་རྣམ་ཐར།

༄༅།།སྐྱབས་རྗེ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་མ་བཞུགས་སོ། །

                   གདོང་࿄སྣ་བོ་ཆེ།

གང་གི་རང་བཞིན་ཀུན་ནས་རྣམ་དག་བརྗོད་པའི་ཡུལ་ལས་རབ་འདས་ཀྱང་། །

འདུལ་བྱའི་བསམ་པ་བསྐོང་མཛད་གང་ལ་གང་འདུལ་སྤྲུལ་པའི་སྐུར་བཞེངས་ཏེ། །

སྐྱེ་བ་འདི་ཉིད་འཇའ་ལུས་མཁའ་སྤྱོད་གྲུབ་པའི་རང་བཞིན་འགྱུར་མེད་སྐུ། །

སྐྱབས་རྗེ་དཀོན་མཆོག་རྒྱལ་མཚན་ཞབས་རྡུལ་སྤྱི་བོར་བླངས་སྟེ་གུས་ཕྱག་འཚལ།།

         བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་ནི་ངེས་པ་དོན་གྱི་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་ཡོངས་སུ་རྙེད་པ་ཡིན་མོད།     དེ་ལྟ་ན་ཡང་གང་གི་རྣམ་པར་ཐར་པ་བསམ་གྱི་མི་ཁྱབ་པ་རྣམས་འཕགས་པ་ཁོ་ནའི་སྤྱོད་ཡུལ་ལས་གདུལ་བྱ་སྣང་བ་མ་དག་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་འདིར་ཐུན་མོང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་འབྲི་བར་བྱ་སྟེ།

        མགོན་པོ་གང་ཉིད་ནི་སྤྱི་ལོ་༡༩༢༧ལོར་དཔལ་ས་སྐྱ་པའི་ལམ་འབྲས་བླ་མ་བརྒྱུད་པ་རྣམས་སྒྲུབ་པར་རྩེ་གཅིག་དུ་བཞུགས་སའི་གནས་མཆོག་ན་གཟའ་བྲག་ཕུག་དང་ཉེ་འདབས་སུ་ཡུལ་བུ་མོ་ལུང་ཞེས་པར་ཡབ་ཨ་ལགས་དང་ཡུམ་འཛོམ་པ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།      སྐུ་ཆུང་ངུའི་དུས་ནས་ཡ་རབས་སྤྱོད་པས་རྒྱན་ཞིང་།   བྱམས་སྙིང་རྗེ་ཆེ་བ།     ལྷག་བསམ་རྣམ་པར་དག་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པས་བྱིས་པ་ཐ་མལ་པའི་སྤྱོད་པ་ལས་རིང་དུ་འདས།    དགུང་ལོ་༡༣ལོར་བྱང་ཕྱོགས་རྡོ་རྗེ་གདན་ནས་དཔག་ཚད་བརྒྱར་བགྲོད་པའི་གནས་གཙང་གྲོམ་པ་ལ་སྟོད་དཔལ་ལྡན་ས་སྐྱའི་ནུབ་བྱང་ངོས་སུ་ཡོད་པའི་གདོང་དགའ་ཆོས་སྡེ་དགོན་དུ་ཆོས་སྒོར་ཞུགས་ཏེ།      དགོན་འདིའི་དཔོན་སློབ་ལུང་རིགས་ཀྱི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས།  སྤྱིར་ས་སྐྱའི་བསྐང་གསོ་སོགས་ཀྱི་མཚོན་པའི་འདོན་ཆོ་ག་ཕྱག་ལེན།བྱེ་བྲག་དགོན་འདིའི་འདོན་ཆོ་ག་ཕྱག་ལེན་སོགས་ལེགས་པར་སྦྱངས་ཤིང་།  དེ་ནས་བོད་ཀྱི་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་༥༩རིགས་གནས་གསར་བརྗེ་ཞེས་པའི་གོད་ཆགས་འདི་ཤར་ཏེ།    རང་དགོན་པའི་བཙུན་པ་རྣམས་དབང་མེད་དུ་དགོན་པ་ནས་ཁ་བྲལ་དགོས་བྱུང་ཞིང་།     མི་བཟོད་པའི་སྡུག་བསྔལ་དང་སྐྱོ་གདུང་ངང་ནས་སླར་མགོན་པོ་གང་ཉིད་འཁྲུངས་ཡུལ་དུ་གཞུགས་ཀྱང་རང་གི་སྡོམ་ཁྲིམས་རྣམས་མིག་འབྲས་བཞིན་གཅེས་པར་བསྲུང་།རིག་གནས་གསར་བརྗེ་ཞེས་པའི་གདུག་རྩུབ་ཇི་ལྟར་ཆེ་ཡང་རང་དགོན་གྱི་རྟེན་གཙོ་རྡོ་ཀྭ་མ་རུ་ལས་གྲུབ་པའི་རྣམ་རྒྱལ་ལྷ་དགུ་རང་བྱོན།      དཔལ་ས་སྐྱའི་བླ་མ་གནམ་ཁའུ་པའི་ཤངས་མཚལ་ལས་གྲུབ་པའི་ཞལ་ཐང་སོགས་ཀྱི་མཚོན་པའི་རྟེན་གཙོ་གལ་ཆེན་རྣམས་ཉར་ཚགས་གནང་བའི་དོན་དུ་མཚན་གུང་མི་ཅི་ཡང་མེད་པའི་དུས་སུ་རང་ཡུལ་ནས་ཚུར་དགོན་པའི་ཕྱོགས་སུ་ཡང་དང་ཡང་དུ་ཕེབས་སྟེ་རྟེན་རྣམས་བཞེས་ཞིང་།   སྐབས་དེ་དུས་ཤངས་མཚལ་ལས་གྲུབ་པའི་ཞལ་ཐང་དེ་མགོན་ཆུང་གི་འདྲ་སྐུའི་གཟུངས་བཞུགས་སུ་ཕུལ་ཡོད།བཏོན་ནས་འཁྱེར་ན་ཡོང་མིན་མགོན་པོར་གསོལ་བ་ཕུར་ཚུགས་སུ་བཏབ་དེ་རྟགས་བསྒྲིལ་ཞུས་པས་མགོན་པོའི་སྣང་བརྙན་ལས་ཐོན་ཞེས་པའི་ལུང་བརྟན་བྱུང་། སང་ཉིན་མི་མཐའ་ཤལ་མང་པོ་ཞིག་ཡོང་ཏེ་མགོན་པའི་སྐུ་འདྲ་ཡོད་ཚད་མེད་པ་བཟོས་པ་སོགས་ལུང་བསྟན་གནད་དུ་ཁེལ་བ་བྱུང་།  ཕྱིས་སུ་རྟེན་དེ་རྣམས་བླ་མ་ལ་ཡོད་པ་ཅུང་ཟད་ཤེས་སྟེ་མགོན་པོ་གང་ཉིད་བཙོན་དུ་བཅུག་སྟེ་མནར་གཅོད་ཚད་མེད་པ་ཞིག་བཏང་ཡང་ཁྲོ་བར་མི་འཛིན་པར་གནོད་ལན་ཕན་པས་འཇལ་བ་སོགས་བྱང་ཆུབ་སེམས་པའི་རྣམ་ཐར་ཁོ་ན་བསྐྱངས།དུས་དང་རྣམ་པ་ཀུན་ཏུ་ས་སྐྱའི་ཆག་མེད་རྣམ་བཞི་ཞལ་འདོན་རྒྱུན་ཆད་མེད་པར་གནང་གི་ཡོད་ཅིང་།སྐབས་དེ་དུས་བཙོན་ཁང་ནང་དུ་མུན་པས་ཁེངས་སྟེ་ཕྱག་དཔེ་སོགས་མི་གཟིགས་པའི་ཚད་ལ་སླེབས་ཀྱང་ཞལ་འདོན་གནང་དུས་བླ་མ་རང་ཉིད་ལ་ཉ་གང་ཟླ་བ་ཤར་བ་ལྟ་བུའི་འོད་གསལ་སྐྱ་ཆེ་ལེར་ཤར་གྱི་ཡོད།གཞན་གྱིས་བླ་མ་རང་ལ་དཔེ་ཆ་གཟིགས་ཀྱི་འདུག་གམ་ཞེས་ཞུ་དུས་བླ་མས་ཞལ་ནས་ཞལ་ཞོབ་དང་འབྲེལ་སྟེ་ང་ལ་དུས་དང་རྣམ་པ་ཀུན་ཏུ་མཁའ་སྤྱོད་མའི་ཞལ་གཟིགས་ཀྱི་ཡོད་ཅེས་གསུངས་ཀྱི་ཡོད།

  མདོར་ན་དགོན་འདི་ཉིད་དུ་མཐོང་དང་མཐོང་ནུས་སུ་ཡོད་པའི་རྟེན་རྙིང་པ་རྣམས་ནི་སྐྱབས་རྗེ་གང་གི་དཀའ་ངལ་ཚད་མེད་ལས་བྱུང་བར་སྨོས་ཅི་དགོས།     གཞན་ཡང་སྐབས་དེ་དུས་ཆོས་པ་རྣམས་ལ་དམ་བཟུང་ཇི་ལྟར་ཆེ་ཡང་མགོན་པོ་གང་ཉིད་ནི་བསམ་རྒྱུ་ཆོས་ལས་མེད་ཅིང་ཞར་དང་ཞོར་དུ་བྲག་མཁར་ཆེན་བླ་མ་ཀུན་བཟང་མཐར་ཕྱིན་དང་ཁྱག་གཞི་དགེ་སློང་ཞེས་པ་ཁོང་གཉིས་ཀྱི་སྐུ་མདུན་ནས་བཀའ་ཆོས་མང་པོ་ཞུས་ཏེ།    ན་གཟའ་བྲག་ཕུག་ཏུ་བསྒོམ་ཉམས་ལེན་ལ་རྩེ་གཅིག་ཏུ་ཡང་ནས་ཡང་དུ་བཞུགས་པ་སོགས་ཀྱི་ངོ་མཚར་བའི་རྣམ་མཐར་དུ་མ་བསྐྱངས་པས་ཡུལ་མི་ཀུན་གྱི་དད་པའི་ཡུལ་དུ་གྱུར་བ་དང་།   བྲག་མཁར་ཆེན་གྱི་བླ་མ་ཀུན་བཟང་མཐར་ཕྱིན་ལགས་ནས་མི་མང་པོ་འཛོམས་སའི་གནས་གང་འདྲ་ཞིག་ཡིན་རུང་།    ཆོས་པ་བྱེད་ན་ཁོང་དཀོན་མཆོག་རྒྱལ་མཚན་ལྟ་བུ་ཞིག་བྱེད་དགོས་རེད་ཁོང་མི་ཀུན་གྱི་མཐོང་སར་སྐྱིད་པོ་ཡོང་གི་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་གནང་མཛད།   དེ་ནས་ཆོས་བྱེད་པའི་བསྐལ་བ་ཕྲན་ཙམ་ཤར་ནས་ས་སྐྱར་བླ་མ་བློ་དགའ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས།     བླ་མར་ལུས་ངག་ཡིད་གསུམ་ཕུལ་ནས།    ས་སྐྱ་པའི་ཟབ་ཆོས་གསུང་ངག་ལམ་འབྲས་གཙོས་ཟབ་ཆོས་མང་པོ་ཞུས་སྟེ།    བླ་མའི་བཀའ་བཞིན་ས་སྐྱ་བྱང་གི་སྒྲུབ་གནས་ཞབས་རྟེན་ལྷ་ཁང་དུ།     དཔལ་ཀྱེ་རྡོ་རྗེའི་བསྙེན་ཆེན།    མཁའ་སྤྱོད་འབྲུ་འབུམ།     སྒྲོལ་དཀར་བསྙེན་པ།   བྲག་རྫོང་ཕྱི་ནང་གསང་གསུམ་སོགས་ཀྱི་བསྙེན་ཆེན་རྣམས་ལེགས་པར་བསྐྱལ་དུས།    བླ་མ་རིན་པོ་ཆེས་ཀྱང་ཐུགས་ཤིན་ཏུ་ནས་གཉེས་པོ་མཛད།

 དེ་ནས་དགུང་ལོ་དྲུག་ཅུ་ནང་དུ་ཕེབས་དུས་རྟབ་རེ་གྲོང་ཚོའི་གྲོང་མི་ཚང་བཀྲིས་མཆོག་དང་།  གདོང་དགའ་ཕུ་གྲོང་ཚོའི་གྲོང་མི་གནས་ཤར་བཀྲིས་ལགས་གཉིས་གཙོ་བོར་བྱས་པའི་སྦྱིན་བདག་འགའ་ཤས་ཀྱིས་བླ་མ་བློ་དགའ་རིན་པོ་ཆེ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ནས་ཁོང་གདོང་དགའ་ཕུ་གཞུང་གི་ཡུལ་མི་རྣམས་ཀྱི་སྐྱབས་ཡུལ་དུ་བླ་མར་གཏོང་རོགས་གནང་ཞུས་ཀྱང་།    བླ་མ་རིན་པོ་ཆེས་ཞལ་གཏན་ནས་མ་བཞེས། སླར་ཡང་ཐེངས་ཁ་ཤས་ཞུས་པས་བླ་མས་ཞལ་ནས་ད་སུ་ལ་ཕན་ཀྱང་སེམས་ཅན་གྱི་དོན་དུ་རེད་གསུངས་ནས་ཞལ་བཞེས།      དེ་ནས་སླར་གདོང་དགའ་ཆོས་སྡེ་རུ་ཕེབས་ནས་སྔོན་གྱི་དགོན་པ་རྣམས་གྱང་རོ་ཙམ་ལས་མ་ལུས་པ་རྩ་གཏོར་དུ་སོང་བ་རྣམས་སླར་ཁོང་ཉིད་ཀྱིས་འོ་བརྒྱལ་ཚད་མེད་པ་ཞིག་བསྐྱོན་གནང་ནས་དགོན་པ་ཉམས་བཟོ་མཛད་ནས་ལྷ་ཁང་གསུམ་དང་།    གྲྭ་ཁང་བཅུ་ཙམ་བསྐྱོན།   ཁོང་རང་གི་ཕྱག་བཟོ་འཇིམ་པ་ལས་གྲུབ་པ་གནས་བཅུ་ལྷ་ཁང་དུ།    ཇོ་བོ་ཤཱཀྱ་མུ་ཎི།   རྒྱལ་བ་བྱམས་པ།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་ཐོག་བརྩེགས་རེ་དང།    བཀའ་འགྱུར་ལྷ་ཁང་དུ་ཤཱཀྱ་ཐུབ་པའི་སྣང་བརྙན་ཐོག་བརྩེགས་གཅིག་གཞེངས་གྲུབ་ཏེ།   སླར་ཡང་སྐྱབས་རྗེ་མཆོག་དགོན་འདི་ཉིད་དུ་ཀྱེ་རྡོར་བསྙེན་ཆེན།     མཁའ་སྤྱོད་མའི་སྒྲུབ་པ་ལ་དུས་ཡུན་མང་པོ་བཞུགས་ཤིང་།    ལྷག་ཏུ་བསྟན་པའི་གཞི་མ་དགེ་འདུན་པའི་སྡེ་ལ་རག་ལས་ཡོད་པ་དགོངས་སྟེ།   གྲྭ་ཆུང་བཅུ་གཅིག་ཙམ་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་ཡང་མང་དུ་འཕེལ་ཞིང་།མགོན་པོ་གང་ཉིད་ཀྱང་གཤམ་གྱི་གྲོང་མི་རྣམས་ཀྱི་དྲུང་དུ་ཕེབས་ཏེ།   དཀའ་ངལ་ཇི་ལྟར་ཆེ་ཡང་ཚེ་སྒྲུབ་དང་།  བྱབས་འཁྲུས་གནང་རྒྱུ་སོགས་ཀྱི་མཚོན་པའི་གདུལ་བྱའི་བསམ་པ་ཇི་བཞིན་སྒྲུབ་པར་མཛད།    དགོན་འདི་ཉིད་དུ་ཡང་ཟླ་བ་ཡར་ངོའི་ཚེས་༡༠་དང་མར་ངོའི་༢༥ཉིན་མཁའ་སྤྱོད་མའི་ཆོ་ག་འདོན་རྒྱུའི་ཕྱག་གསོལ་མཛད།  མདོར་ན་དགོན་འདིའི་བསྟན་པའི་མེ་རོ་ཡོངས་སུ་གསོ་བར་མཛད།     དུས་དང་རྣམ་པ་ཀུན་ཏུ་གཞན་དོན་ཁོ་ནས་དུས་འདས་ཏེ།   མཐར་དགུང་གྲངས་༧༩ལོར།     སྙུང་ཟུག་སོགས་ཅི་ཡང་མེད་པར་སྐྱེ་འཆི་ལ་དབང་འབྱོར་ཏེ།   ཧོར་ཟླ་༣ ཚེས་༢༥ ཡི་དགོང་དྲོ་ས་གཞི་ཡོངས་རྫོགས་དྲིས་ཁྱབ། ནམ་མཁར་འཇའ་འོད་ཀྱིས་འཁྲིགས་ཏེ་མགོན་གང་གི་ཡིད་དམ་གཙོ་བོ་མཁའ་སྤྱོད་མའི་བསུ་མ་དང་འབྲེལ་རྟགས་དང་ངོ་མཚར་ཕུན་སུམ་ཚོགས་པའི་ངང་ནས་དགོང་པ་ཆོས་དབྱིངས་སུ་འཐིམས།

  སྐུ་ལུས་གསེར་ཞལ་གྱི་གདངས་མ་ཡལ་བཞིན་དུ་ཐུགས་དམ་ལ་ཉིན་བདུན་བཞུགས་པ་དང་།   ཉིན་བདུན་ནས་ཐུགས་དམ་གྲོལ་བའི་རྟགས་སུ་ཤངས་ནས་བྱང་སེམས་དཀར་དམར་མང་དུ་འཁྲུངས་པ་པ་སོགས་ངོ་མཚར་བསམ་བརྗོད་ལས་འདས་སོ།།  

             ཞེས་རྣམ་ཐར་མདོར་བསྡུས་འདིའང་མགོན་པོ་གང་གི་སློབ་མ་རྒན་འཇམ་དབྱངས་རྒྱ་མཚོ་མཆོག་ལ་གཙོ་བོ་བློ་འདྲི་བྱས་ཏེ་སྨྱུག་མིང་།  གདོང་࿄སྣ་བོ་ཆེར་འབོད་པའམ། གྲྭ་སྐྱིད་སྦུག་ཐུབ་བསྟན་བཟང་པོར་འབོད་པ་དེས་རང་ལོ་༢༤སླེབས་པའི་དུས་སུ་སྐྱབས་རྗེ་གང་ཉིད་དགོངས་པ་ཆོས་དབྱིངས་དུ་ཐིམས་སྟེ་ལོ་གྲངས་༡༧འཁོར་བའི་རྗེས་དྲན་དུ་བྲིས་པའི་དགེ་དེས་རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་དཔལ་ས་སྐྱའི་གདོང་དགའ་ཆོས་སྡེ་དགོན་གྱི་སྐྱབས་རྗེ་དཀོན་མཆོག་རྒྱན་མཚན་མཆོག་གི་ཟག་མེད་ཐུགས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་ཤིང་སླར་ཡང་སྙིགས་དུས་བདག་སོགས་བསྟན་འགྲོའི་མགོན་དཔུང་དམ་པར་མྱུར་དུ་བྱོན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་བཅས། དགེའོ།    སརྦ་མངྒ་ལཾ།།

 

ཡོང་ཁུངས། བོད་སྐད་གློག་བརྙན་འཕྲིན་སྟེགས། 

བརྒྱུད་སྐུལ།

མཆན་སྤེལ།