ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། བོད་ཀྱི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་ ༡༡༨༢ ལོར་ཡབ་དཔལ་ཆེན་འོད་པོ་ཆེ་ (རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་།) དང་། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ས་སྐྱར་སྐུ་འཁྲུངས་ཤིང་། ཁོང་གི་ཆུང་མིང་ལ་དཔལ་ལྡན་དོན་གྲུབ་ཅེས་གསོལ། རྗེས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཁོ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པ་བླངས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ།

གུང་ལོ་ཆུང་ངུའི་དུས་ནས་བཟུང་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་། གསང་སྔགས་ཀྱི་དབང་ཁྲིད་མན་ངག་དུ་མ་ཞུས་ཤིང་། གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན་བཞེས་མཛད་པ་དང་། གཞན་ཡང་ཚད་མ་རིག་པ་དང་། བཟོ་རིག་པ། སྐར་རྩིས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད། གསང་སྔགས་རྒྱུད་སྡེ་བཞི་དང་། གཞན་ཡང་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞབས་དྲུང་ནས་དཔལ་ལྡན་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་དང་། ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་མང་དུ་གསན། ཞུ་དོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སྡེ་ལྔ་སོགས་ལུང་གི་ཆོས་སྐོར་དང་། ས་སྐྱའི་མཁས་པ་ཆེན་པོ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་དང་། མཚུར་སྟོན་གཞོན་ནུ་སེང་གེ་རྣམ་གཉིས་ལས་ཚད་མ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལས་གདམས་པ་སྣ་ཚོགས་གསན་བཞེས་གནང་སྟེ་སྡེ་སྣོད་ཀུན་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཏེ་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ།

དགུང་ལོ་ཉེར་གསུམ་ལ་ཕེབས་པ་སྤྱི་ལོ་ ༡༢༠༤ ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་དང་མཇལ། པཎ་ཆེན་དེ་ཉིད་ཀྱི་སློབ་མ་སཾ་གྷ་ཤྲཱི་དང་། སུ་གྷ་ཏ་ཤྲཱི་ལ་སོགས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང་། བོད་ཡུལ་དུ་རིག་པའི་གནས་བཅུ་སྲོལ་བཟང་བཏོད་དེ་བོད་དུ་པཎྜི་ཏའི་མཚན་གྱི་ཅོད་པཎ་ཐོག་མར་བཞེས། དགུང་ལོ་ཉེར་ལྔ་ལ་ཕེབས་པར་སྤྱི་ལོ་ ༡༢༠༦ ལོར་ས་སྐྱའི་གདན་སའི་ཁྲིར་ཕེབས། ཆོས་ཀྱི་འཆད་ཉན་ཡུན་རིང་མཛད་པས་སྐལ་ལྡན་བུ་སློབ་མང་དུ་བསྐྱངས། དགུང་ལོ་ཉེར་བདུན་ལ་ཕེབས་པ་སྤྱི་ལོ་ ༡༢༠༨ ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་ཚར་བཅད་ནས་རལ་པ་བྲེགས་ཏེ་རྒྱལ་བའི་བསྟན་པ་ལ་བཅུག

དགུང་ལོ་སོ་ལྔར་ཕེབས་པ་སྤྱི་ལོ་ ༡༢༡༦ ལོར་ས་སྐྱའི་བཞི་ཐོག་བླ་བྲང་གསར་བཞེངས་ཐོག་སྐུ་གསུང་ཐུགས་ཀྱི་རྟེན་བཟང་མང་དུ་བཞེངས་སྐྲུན་གནང་། བསམ་ཡས་ཀྱི་རྗེ་བོ་ཤཱཀྱ་མགོན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གདན་དྲངས་པ་ལྟར་ཕེབས་ཏེ་དཔལ་བསམ་ཡས་ཀྱི་གདན་སར་བཞུགས། བསམ་ཡས་གཙུག་ལག་ཁང་གི་བྱང་ངོས་ཀྱི་གྱང་ལྡེབས་སུ་འཇམ་དབྱངས་གྱི་སྐུ་བརྙན་ངོ་མཚར་ཅན་ཕྱག་བྲིས་གནང་བ་དང་། སྡོམ་བརྩོན་དམ་པ་ཞེས་སུ་གྲགས་པའི་བོད་ཀྱི་རི་མོ་གྲགས་ཅན་དེ་ཉིད་འགྲེལ་བཤད་ཀྱི་བསྟོད་ཚིག་དང་བཅས་པ་ཆོས་རྗེ་ས་པཎ་རང་ཉིད་ཀྱིས་ཕྱག་བྲིས་མཛད།

དགུང་ལོ་རེ་གཉིས་པ་ཕེབས་པ་སྤྱི་ལོ་ ༡༢༤༣ ལོར་སོག་པོའི་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་པ་གོ་དན་གྱིས་གདན་ཞུས་ལྟར་སངས་རྒྱས་ཀྱི་བསྟན་པ་དང་། སྐྱེ་འགྲོའི་བདེ་ཐབས་སོགས་ཀྱི་སླད་དུ་སྐུ་ན་ཤིན་ཏུ་སྨིན་ཅིང་། ཕེབས་ལམ་བཤུལ་ཐག་རིང་བ། དྲག་ཤུལ་ཅན་གྱི་ཧོར་དམག་གི་ཁྲོད་དུ་ཕེབས་དགོས་པ་སོགས་ལ་ཇི་མི་སྙམ་ཞིང་། ཐ་ན་སྐུ་སྲོག་ལའང་ལྟོས་མེད་ཐོག་ཐུགས་བསྐྱེད་རླབས་པོ་ཆེ་བཞེས་ཏེ། སྐུ་དབོན་ (གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས།) འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་ཕྱག་ན་རྡོ་རྗེ་རྣམ་གཉིས་དང་ལྷན་དུ་ལང་གྲུར་ཕེབས།

དགུང་ལོ་རེ་བཞིར་ཕེབས་སྐབས་རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་གཅིག་གྱུར་ཡོང་བར་ཕན་པའི་འཕྲིན་ཡིག་བོད་ལ་བརྫངས། མདོར་ན་བོད་མི་མཐའ་དག་ཧོར་གྱི་འཇིགས་པ་ལས་བསྐྱབས་ཤིང་། ཆེན་པོ་ཧོར་གྱི་ཡུལ་དུ་ནང་ཆོས་ཀྱི་བསྟན་པ་གསར་དུ་སྤེལ། དེ་ལྟར་མེ་ཕོ་བྱི་བ་ལོ་སྟེ་སྤྱི་ལོ་ ༡༢༡༦ ལོ་ནས་ཤིང་ཕོ་བྱི་བ་སྤྱི་ལོ་ ༡༢༦༤ བར་གདན་ས་མཛད་ཅིང་། གསུང་ལས་སྐྱེས་པའི་སློབ་བུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འུ་ཡུག་པ་རིག་པའི་སེང་གེ། ཞང་བཙུན་མདོ་སྡེ་དཔལ། དགེ་བཤེས་ཤཱཀྱ་བཟང་པོ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ཡང་མང་དུ་བསྐྱངས།

ཁོང་གི་གསུང་རྩོམ་པོད་གསུམ་བཞུགས་ཤིང་། གསུང་རྩོམ་གྲགས་ཆེ་བ་ནི། ༡) ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ལ་སྡོམ་གསུམ་རབ་དབྱེ་དང་། ༢) སྤྱོད་པ་དང་སྤྱོད་པ་མ་ཡིན་པ་རྣམ་པར་འབྱེད་པ་ལ་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར། ༣) ཚད་མ་དང་ཚད་མ་མ་ཡིན་པ་རྣམ་པར་འབྱེད་པ་ལ་ཚད་མ་རིགས་གཏེར། ༤) ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་དང་། ༥) གཞུང་ལུགས་ལེགས་པར་བཤད་པའི་བསྟན་བཅོས། ༥) ཚིག་གཏེར། ༦) རོལ་མོའི་བསྟན་བཅོས། ༧) མཁས་པ་འཇུག་པའི་སྒོ། ༨) སྡེབ་སྦྱོར་མེ་ཏོག་ཆུན་པོ། ༩) མཁས་པའི་ཁ་རྒྱན། ༡༠) ཟློས་གར་རབ་དགའི་འཇུག་པ། ༡༡) སྒྲ་ལ་འཇུག་པ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བརྩམས་ཆོས་རྨད་དུ་བྱུང་བའི་ལེགས་བཤད་མཐའ་ཡས་པ་ཞིག་ཕྱི་རབས་གདུལ་བྱ་རྣམས་ཀྱི་གསོས་སུ་འཇོག་གནང་མཛད།

གཞན་ཡང་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་པཎ་གྱི་འགྱུར་གཞུང་ལ་མཚོན་ནའང་། ཀ) བཀའ་འགྱུར་དུ། 1) རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་བིརྱཏྟ་མ་འབུམ་སྡེའི་དུམ་བུ་དང་། 2) དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད། 3) འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུད། 4) འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ། ཁ) བསྟན་འགྱུར་དུ། 5) མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ། 6) གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། 7) ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བ་དབང་གི་བྱ་བ་ཤོ་ལོ་ཀ་ཕྱེད་དང་བརྒྱད་བརྒྱ་པ། 8) ཚོགས་ཀྱི་འཁོར་ལོའི་ཆོ་ག་སོགས་མང་དུ་བཞུགས་སོ།།

མདོར་ན་རྗེ་འདི་པས་མདོ་སྔགས་རིག་གནས་སྤྱི་དང་། ལྷག་པར་རྣམ་འགྲེལ་སོགས་ཚད་མའི་འཆད་ཉན་བོད་ལ་དར་བར་མཛད་པར་མ་ཟད། སྙན་ངག་མེ་ལོང་མ་བོད་སྐད་དུ་ཐོག་མར་བསྒྱུར་ཅིང་། བོད་ཀྱི་རོལ་མོའི་གཞུང་ལུགས་ཐོག་མར་བརྩམས་པ། བོད་གངས་ཅན་གྱི་ལྗོངས་སུ་ལེགས་བཤད་ཅེས་པའི་རྩོམ་ལུས་ཀྱི་སྲོལ་བཟང་ཕྱེ་བ་སོགས་གསར་གཏོད་ཀྱི་མཛད་བཟང་ཤིན་ཏུ་མང་ལ། ༸རྒྱལ་དབང་ལྔ་པ་ཆེན་པོས་ཇི་སྐད་དུ། བོད་ལ་གནས་ལྔ་རིག་པའི་སྲོལ་འབྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན། ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དོན་དང་ལྡན་ཞིང་། ས་སྐྱ་གོང་མ་རྣམ་ལྔ་ལས་དམར་པོ་རྣམ་གཉིས་ཀྱི་ཡ་གྱལ་དང་། བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཐོག་མར་འདྲེན་པར་མ་ཟད། ཆོས་རྗེ་འདི་པ་ནས་བརྩམས་ཏེ་བོད་ཀྱི་ཆོས་བྱེད་རབ་བྱུང་རྣམས་ལས་ཁག་ཅིག་ཆོས་ཁོ་ན་དོན་དུ་གཉེར་བ་དང་། ཁག་ཅིག་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་སྐྱོང་བ་སྟེ། མཛད་འཕྲིན་སྐྱོང་ལུགས་མི་འདྲ་བ་གཉིས་བྱུང་ཞིང་།

བོད་ཀྱི་མཁས་བཙུན་བཟང་པོ་རྣམས། །བླ་མཆོད་ཚུལ་དུ་ཁྲིད་ནས་འགྲོ། །

ཞེས་པའི་ལུང་བསྟན་དུས་ལ་བབས་ལ། དེ་ལྟར་ས་པཎ་ཆོས་རྗེ་འདི་ཉིད་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་པས། རང་ཅག་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ལགས་སོ།།

མཐར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བཞི་པའི་ལྕགས་མོ་ཕག་ལོ་སྟེ་ཕྱི་ལོ་ ༡༢༥༡ ལོའི་སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ཉིན་སྔར་ཧོར་བོད་དུ་བྱུང་མ་མྱོང་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱང་ཕྱོགས་སྤྲུལ་པའི་གཙུག་ལག་ཁང་ངམ་ཡུལ་ལང་གྲུར་སྐུ་གཤེགས་ཤིང་། སྐུ་གདུང་ད་ལྟའང་དེ་གར་བཞུགས་པར་གྲངས། ས་པཎ་གྱི་ཞིབ་ཕྲའི་རྣམ་ཐར་ནི། 1) འགྲོ་མཁན་ཆོས་རྒྱལ་འཕགས་པས་མཛད་པའི་ས་སྐྱ་པཎ་ཆེན་གྱི་རྣམ་ཐར་དང་། 2) ས་པཎ་གྱི་དངོས་སློབ་མཁན་ཆེན་རིན་ཆེན་དཔལ་གྱིས་མཛད་པའི་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར། 3) ས་སྐྱ་བདག་ཆེན་ཨ་མེས་ངག་དབང་ཀུན་དཀའ་བསོད་ནམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད། 4) རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས་མཛད་པའི་ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ་བཅས་སུ་གསལ་བས་དེ་དག་ལ་སྤྱན་རས་གཡོ་བར་འཚལ་ལོ།།  །།

༼རྣམ་ཐར་སྙིང་བསྡུས་འདི་ཉིད་ས་པཎ་གྱི་དགོངས་རྫོགས་དུས་དྲན་དང་བསྟུན་ནས་བཀའ་དྲིན་རྗེས་དྲན་གྱི་སླད་དུ་ཕྱོགས་བཏུས་ཀྱི་བཀོད་པ་ལགས་སོ།།༽

བརྒྱུད་སྐུལ།

མཆན་སྤེལ།