ས་སྐྱའི་མཁན་ཆེན་སངས་རྒྱས་བསྟན་འཛིན་མཆོག་དང་ས་སྐྱ་ལེགས་བཤད་ཀྱི་དོན་འགྲེལ།

ས་སྐྱའི་མཁན་ཆེན་སངས་རྒྱས་བསྟན་འཛིན་མཆོག་དང་ས་སྐྱ་ལེགས་བཤད་ཀྱི་དོན་འགྲེལ།

དེ་རིང་སློབ་མ་ཞིག་གིས་ཁོ་བོར་ <<ས་སྐྱ་ལེགས་བཤད།>> ལ་འགྲེལ་པ་སྔ་ཕྱི་རྒྱས་འབྲིང་བསྡུས་གསུམ་ཇི་སྙེད་ཅིག་འདུག་པར། ཁྱེད་ཀྱིས་བལྟས་ན་འགྲེལ་པ་རབ་དང་ཕུལ་དུ་གྱུར་པ་དེ་གང་རེད་ཟེར། ངས་ས་འགྲེལ་མི་འདྲ་བ་ཁ་ཤས་ཤིག་མཇལ་མྱོང་བ་ལས། རང་ཉིད་ལ་མཚོན་ན་ད་ཕན་ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་ཆ་ཚང་ཤོས་དང་། བློ་ངོར་འཇུག་པ་བདེ་ཤོས་ནི། ས་སྐྱའི་མཁན་ཆེན་སངས་རྒྱས་བསྟན་འཛིན་ (༡༩༠༤-༡༩༩༠) མཆོག་གིས་བརྩམས་གནང་བའི་ <<ས་སྐྱ་ལེགས་བཤད་ཀྱི་དོན་འགྲེལ།>> ཞེས་པའི་བསྟན་བཅོས་དེ་རེད། དེ་ཡང་འགྲེལ་པ་དེར་ཚིག་དོན་གང་གི་ཆ་ནས་ཀྱང་ལེགས་བཤད་ཀྱི་དངོས་ཤུགས་ཀྱི་དགོངས་པ་མཐིལ་དུ་ལོན་པས། མ་རྟོགས་ལོག་རྟོག་དང་། ཐེ་ཚོམ་གྱི་དྲི་མ་བྲལ་བ། དེ་འབྲེལ་རྗོད་བྱེད་ཚིག་གི་ཆ་ནས་ཀྱང་བོད་ཡིག་གི་རྩོམ་འགྲོས་རྣལ་མའི་སྙན་འཇེབས་ཀྱི་བྲོ་བ་ལྷག་ཏུ་སྦྱིན་ཞིང་། སྔ་མོའི་དགོངས་འགྲེལ་རྩོམ་རིག་གི་ཉམས་འབུར་དུ་ཐོན་པས། ཇི་ཙམ་བཀླགས་ཀྱང་རོ་མཆོག་ཟད་མཐའ་བྲལ་བ། དེ་མཚུངས་ལེགས་བཤད་ཀྱི་དཔེ་དོན་དང་འབྲེལ་བའི་གནའ་བོའི་གཏམ་རྒྱུད་དག་ཀྱང་ཁ་གཡར་ཙམ་མིན་པར་ཞིབ་ཚགས་སྐབས་དོན་དང་ཡོངས་སུ་འབྲེལ་བས་ལེགས་བཤད་ཀྱི་དགོངས་དོན་བདེ་བླག་ཏུ་རྟོགས་པ་སོགས་ཁྱད་ཆོས་ལྷག་ཏུ་ཆེ།

དེས་ན་ས་སྐྱ་ལེགས་བཤད་ལ་ཐོས་བསམ་སྒོམ་གསུམ་བྱེད་འདོད་པ་དག་གིས་འགྲེལ་པ་འདི་ཁོ་ནར་ཡིད་རྟོན་ན་གཞན་དག་གཏང་སྙོམས་སུ་བཞག་ནའང་སྐྱོན་ཆེ་མེད། དེ་དོན་ཁོ་བོར་ཡིད་མ་ཆེས་ན་འགྲེལ་པ་འདིར་སྤྱན་རས་གཡོ་ཙམ་གནང་ན་ཤེས་ནུས་སོ།།

ཞར་བྱུང་འགྲེལ་མཛད་མཁན་པོ་སངས་བསྟན་འཛིན་ནམ་ཤཱཀྱའི་བྷིཀྵུ་མཻ་ཏྲི་བུ་དྷ་ཤ་སན་དྷ་རའི་རྣམ་ཐར་ཅུང་ཞུས་ན། མཁན་ཆེན་གང་ཉིད་ནི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་ལ་སྟོད་བྱང་གྲོམ་པ་ལྷ་རྩེའི་ས་ཡི་ཆར་གཏོགས་པའི་རེད་མདའ་ཞེས་བོད་གངས་ཅན་གྱི་མཁས་པའི་གཙུག་རྒྱན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་འཁྲུངས་ཡུལ་གང་དུ་སྐུ་བལྟམས། དགུང་ལོ་བཅུར་སོན་སྐབས་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་དགོན་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་བ་ནས། མདོ་སྔགས་རིག་གནས་དང་བཅས་པར་གུས་རྟག་གི་འགྲུས་པ་ཆེན་པོས་སློབ་གཉེར་མཛད་ནས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བཀའ་བཅུ་པའི་མཚན་བཞེས་མཛད། དེ་མུར་ངོར་གྱི་བཤད་གྲྭའི་མཁན་པོ་ལོ་གསུམ་དང༌། ཀུན་མཁྱེན་གོ་རམས་པ་ཆེན་པོའི་གདན་ས་རྟ་ནག་ཏུ་མཚན་ཉིད་མཁན་པོ་ལོ་བཅོ་ལྔའི་རིང་མཛད། བྱེས་སུ་ཕེབས་རྗེས་ཕྱི་ལོ་ ༡༩༦༡ ལོར་རྡོར་གླིང་གུམ་ས་སྐྱ་དགོན་དུ་མཁན་པོའི་མཛད་འཁུར་བཞེས་ཤིང༌། ལྷག་པར་ཕྱི་ལོ་ ༡༩༧༩ ལོར་དེ་ཁར་བཤད་གྲྭ་གསར་འཛུགས་བསྐྱངས། སྦག་ས་ཆོས་སྒར་གྱི་སློབ་དཔོན་དང༌། ཝཱ་ཎ་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་སོགས་མཛད། ཤེས་ཡོན་གྱི་སྡེ་ཁག་དེ་དག་ཏུ་འགན་འཁུར་མཛད་རིང་རྒྱུན་དུ་སྐུ་ངལ་མ་འཛེམས་པར་དབུ་མ་དང་། ཕར་ཚད། འདུལ་མངོན། སྡོམ་རིག བརྡ་དག སྙན་ངག ལོ་རྒྱུས་སོགས་འཆད་ཁྲིད་གནང་ཞིང༌། ཆོས་དབར་དུ་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་དང༌། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་རླབས་ཆེན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་དང༌བཀའ་འགྱུར་བགྲོ་གླེང་དང་། དོན་གཉེར་ཅན་གྱི་སྐལ་ལྡན་སློབ་མ་དག་ལ་འཆད་ཉན་གྱི་རྒྱུན་ཧ་ཅང་དཀོན་རིགས་རྣམས་སྤེལ་གནང་མཛད། མཁན་ཆེན་གང་ཉིད་ཀྱི་གསུང་རྩོམ་ལའང་མཁན་ཆེན་ཐུབ་བསྟན་བཟང་པོའི་ཞལ་རྒྱུན་བཟུང་ནས་སྡོམ་གསུམ་རབ་དབྱེ་དང༌། གོ་རམས་པའི་སྡོམ་གསུམ་ཁ་སྐོང༌། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་སོ་སོར་མཆན་འགྲེལ་མཛད་ཅིང༌། ངོར་མཁན་ཆེན་གྱི་ཞལ་གདམས་བཟུང་ནས་འཇུག་པའི་སྦྱོར་ཊིཀ་དང༌། དབུ་མ་འཇུག་པ། བཞི་བརྒྱ་པ། རིགས་གཏེར། མདོ་རྩ། བཤེས་སྤྲིངས་སོགས་ཀྱི་མཆན་འགྲེལ། དེ་བཞིན་ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་དང༌། ཆོ་ག གསོལ་འདེབས། སྙན་ངག་སོགས་མང་དུ་མཆིས། མཐར་དམ་པ་གང་ཉིད་དགུང་ལོ་གྱ་བདུན་དུ་ཕེབས་པ་ལྕགས་རྟ། ཕྱི་ལོ་ ༡༩༩༠ ཟླ་བ་ ༡༡ ཚེས་ ༡༡ ཉིནཐོ་རེངས་སུ་ངོ་མཚར་བའི་རྟགས་དུ་མ་དང་བཅས་དགོངས་པ་གཞན་དོན་དུ་གཤེགས་སོ། །གང་གི་རྣམ་ཐར་རྒྱས་པ་ནི་ཕྱི་ལོ་ ༡༩༨༧ ལོར་རྡོར་གླིང་ས་སྐྱ་གུ་རུ་དགོན་པ་ནས་སྤར་བའི་ <<ས་སྐྱ་མཁན་ཆེན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་མཛད་རྣམ་ངོ་མཚར་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ། །>> ཞེས་པར་གཟིགས་འཚལ་ལོ།།

ཡོང་ཁུངས། ལྷ་སྒང་ཆོས་གྲགས་ལགས་ཀྱི་ངོ་དེབ་ལས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།