ས་སྤྲེལ་སྡེ་གཟར་རམ་གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་སྐོར་གླེང་པ།

ས་སྤྲེལ་སྡེ་གཟར་རམ་གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་སྐོར་གླེང་པ།
ས་སྤྲེལ་སྡེ་གཟར་རམ་ས་སྤྲེལ་(1788)ལོའི་གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་སྐོར་ཕྱོགས་བསྡུས་ཆུ་བབས་སུ་བཀོད་པ།

སྤོང་རོང་གི་འབྲོག་རྒན་ཟླ་བས།

 

༡ ཕྱོགས་བསྡུས་ངོ་སྤྲོད།༢ ཡོངས་གྲགས་ཀྱི་བཤད་སྲོལ།

༣ ས་གནས་དངོས་ཀྱི་མི་སྣའི་གནས་ཚུལ་ལས་ཟུར་མཐོང་།

༤ གཞུང་འབྲེལ་ཡིག་ཆ་ལས་ཟུར་ཐོན་གནས་ཚུལ།

 

༡ ས་སྤྲེལ་སྡེ་གཟར་ཞེས་པ་འདིའི་ཁོངས་སུ་ས་སྤྲེལ་(1788)ལོ་དང་ལྕགས་ཕག་(1791)ལོའི་དམག་འཁྲུག་གཉིས་དང་། ཆུ་བྱི་(1792)ལོའི་ཕར་རྒོལ་དམག་འཁྲུག །ས་བྱ་(1789)ལོ་དང་ལྕགས་ཕག་(1791)ལོའི་ཆིངས་གྲོས་གཉིས་བཅས་དོན་རྩ་ཆེ་བ་ལྔ་དང་། དེའི་ཁྱབ་ཁོངས་གཉའ་ནང་དང་། སྐྱིད་གྲོང་། རོང་ཤར་གསུམ་གཙོ་བོར་གྱུར་པའི་ལ་སྟོད་ལྷོ་ཡོངས་རྫོགས་དང་། གཞིས་ཀ་རྩེ་རྣམས་སུ་ཁྱབ་པ་དང་། དུས་ཡུན་ས་སྤྲེལ་ནས་ཆུ་གླང་(7933)ལོ་བར་ཁྱོན་ལོ་ངོ་དྲུག་གི་དུས་ཡུན་སོང་བ་རེད། དམག་འཁྲུག་དེ་དག་གི་ནང་དུ་མི་སྣ་ཤི་རྨས་མང་པོ་བྱུང་བ་དང་། དེའི་ཤུགས་རྐྱེན་གྱིས་མུ་གེ་དང་ནད་ཡམས་སོགས་བྱུང་ནས་ཤི་གོད་བྱུང་བ་ཡང་མང་པོ་ཡོད་འདུག །འོན་ཀྱང་གྲངས་ཀ་ཁ་གསལ་ཤེས་རྟོགས་མ་ཐུབ། དེ་བཞིན་སོ་ནམ་ཞིང་ལས་དང་འབྲོག་ལས་སོགས་ཐོན་སྐྱེད་ཉམས་རྒུད་སོང་བ་དང་། དགོན་སྡེ་ཁག་ནས་རིག་དངོས་ཐོར་གྱར་སོང་བ་སོགས་གྱོང་གུན་ཧ་ཅང་ཆེན་པོ་རེད། མ་ཟད་བཀའ་ཉེས་ལེ་ཐོགས་ཡོང་ཉེན་གྱིས་གོང་མའི་ནང་བློན་ཆིན་ཁྲའི་དཔའ་རྡ་རིན་དང་། རག་ཤག་བཀའ་བློན་བསོད་ནམས་དབང་རྒྱལ་ལམ་ཚེ་རིང་དབང་རྒྱལ། བླ་མ་ཞྭ་དམར་བ་བཅས་རང་ཤི་རྒྱབ་པ་ཡིན་ཚུལ་འཁོད་ཡོད་པ་རེད།

༢ ཡོངས་གྲགས་ཀྱི་བཤད་སྲོལ་ལ་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་(1741-1792)མཚོས་གོཪྵ་རྒྱལ་བློན་ལ་ཤོག་སྦུག་རླུང་ཚངས་ཀྱིས་གོར་དམག་གཡོས་པར་གྲགས་པ་རྒྱ་བོད་རོང་གསུམ་ཡོངས་གྲགས་ཆགས་པ་རེད། དེའི་ཁུངས་ནི་གཙོ་བོ་<དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོའམ་རྡོ་རིང་པཎྜི་ཏའི་རྣམ་ཐར>ཞེས་པ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པ་འདི་ཡིན་ཞིང་། འདི་ལ་ཡང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ། དཀར་ཆག་ཙམ་མེད་པ་ཞིག་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤར་བསྐྲུན་སྟོད་སྨད་གཉིས་སུ་ཕྱེ་བ་དཀར་ཆག་ཅན་དང་བཅས། དཔེ་རྒྱུན་མི་འདྲ་བ་ཁག་གཉིས་བཞུགས།དེ་ཡང་བོད་ལྗོངས་དཔེ་སྐྲུན་ཁང་གི་སྤར་མ་P464དང་སི་ཁྲོན་སྤར་མ་555ལས། དེ་རྗེས་བོད་གོར་སྡེ་གཟར་འཁྲུག་འཛིང་ཡོང་བའི་རྒྱུན་རྐྱེན་ཡང་། དེ་སྔོན་ཤིང་འབྲུག་(1784)ལོ་ནང་ཀརྨ་ཞྭ་དམར་ཅོད་པཎ་འཛིན་པའི་རབས་བཅུ་པར[1]་གྲགས་པ་དང་། འབྲུག་ལུགས་བདེ་ཆེན་ཆོས་འཁོར་དགོན་གྱི་རྗེ་བཙུན་ཆོས་ཀྱི་མགོན་པོའི་སྤྲུལ་སྐུ་འཁོར་བཅས་བལ་ཡུལ་དུ་གནས་བསྐོར་དང་། རྟེན་མཇལ་ལ་བསྐྱོད་གནང་གིས་ནཻ་པཱ་ལའི་ཡུལ་གྲུར་བཞུགས་པ་དང་། བོད་ནས་བལ་ཡུལ་མཆོད་རྟེན་རྣམ་གཉིས་ལ་སྐུ་དཀར་གསོལ་ཞིང་། སྤོས་སྨན་སྒྲུབ་པ་སོགས་ལ་རྩེ་དྲུང་དགའ་ལྡན་བཀའ་བཅུ་དང་། རྩེ་འཕྲལ་ནང་ཨེམ་ཆི་གཉིས་སྔར་རྒྱུན་ལྟར་ཐོན་སྐབས། ཡིད་སྲུབས་བདག་པོས་བརླམས་ཏེ་གཞན་འབྱོར་ཕུན་ཚོགས་མི་བཟོད་པའི་ཕྲག་དོག་གི་བསམ་སྦྱོར་དང་ལྡན་པའི་ལོག་སྨོན་ནག་པོར་སྨིན་པ་གོར་ཁ་རྒྱལ་ངན་ནས་བལ་ཡུལ་གླིང་གསུམ་ཡོངས་ལ་མངའ་དབང་སྒྱུར་སྐབས་མ་ཟད། དེ་དུས་གོར་རྒྱལ་ངོ་མ་རཏྣ་སྦ་དུར་འབོད་པ་དེ་བཞིན་ན་ཚོད་ཕྲ་སྟབས་ཕྱི་ནང་གི་བྱ་བཞག་ཆེ་ཕྲ་ཚང་མའི་འགན་འཁུར་རྒྱལ་ངན་དེའི་ཨ་ཁུ་སྦ་དུར་ས་ཧེབ་ཏུ་གྲགས་པ་ནས་བྱེད་བཞིན་ཡིན་འདུག་སྟབས། བལ་ཡུལ་རྟེན་བཞེངས་པ་གོང་གསལ་གཉིས་ལ་གོར་ཁ་རྒྱལ་བློན་ནས་རྒྱུ་མཚན་ཟེར་རིགས་སུ། ཡམ་བུའི་རྒྱལ་ཐོག་རྙིང་དུས་ནས་དར་བའི་ཊམ་ནག་འདི་རྣམས་ལྷད་ཅན་ཤ་སྟག་དང་། གོར་ཁ་རང་གི་རྒྱལ་ཐོག་པར་གསར་རྒྱག་བྱས་པའི་ཊམ་ཀ་འདི་དག་ལྷད་མེད་ལྟ་བུ་བཅས་དེས་ན་ཟངས་ཊམ་དང་། དངུལ་ཊམ་གཉིས་བོད་དབུས་གཙང་དུ་ཁྱད་མེད་འགྲོ་རྒྱུག་བྱེད་པ་མ་འོས་གཤིས། ཕྱིན་ཆད་ཊམ་ནག་འདི་རིགས་འགྲོ་རྒྱུག་གཏན་ནས་མེད་པ་མཛད་དགོས་ཀྱི་དེ་སྔོན་རིམ་པར་བོད་རྒྱལ་པོར་ཡི་གེ་ཕུལ་རུང་དོན་སྨིན་མ་བྱུང་བ་བཅས། ད་སྒོས་གོང་གསལ་ལ་བོད་ནས་དོན་སྨིན་མི་བྱེད་ཚེ་གཞུང་ཞབས་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་ཁག་གསུམ་པོ་དེ་སྔོན་ཡམ་བུའི་རྒྱལ་ཐོག་རྙིང་དུས་སུ་ཡང་འཛིན་ལམ་བྱུང་འདུག་སྟབས། ཕྱིན་ཆད་གོར་ཁ་རང་གི་མངའ་ཞབས་སུ་རྩིས་སྤྲོད་བྱུང་ན་དང་། དེ་མིན་དམག་གཏོང་དགོས་བྱུང་ན་མི་ལེགས་པས་དེ་རྩིས་རྟེན་བཞེངས་གཉིས་ནས་ཀྱང་འདི་བྱས་འདི་བྱུང་གི་བོད་རྒྱལ་པོར་ཡི་གེ་གཏོང་དགོས་ཡོད་ན་ཐོངས། བྱེད་བདེའི་ལན་གསལ་མ་བྱུང་བར་དུ་བལ་ཡུལ་རང་ལ་མི་གཏེ་ལྟ་བུར་སྡོད་དགོས་ཟེར་བ་སོགས་སུན་གཙེར་སྣ་ཚོགས་ཀྱི་མཐར་རྟེན་བཞེངས་པ་སེར་སྐྱ་གཉིས་པོ་སྒོར་དཀྱིལ་བྱེད་རྩིས་བྱས་འདུག་སྐབས། བདེ་ཆེན་ཆོས་འཁོར་གྱི་སྤྲུལ་སྐུ་འཁོར་བཅས་ནི་ལྟད་མོ་བལྟ་ཉེས་ལིང་དཀར་ཚུད་པའི་དཔེ་དོན་ལྟར་བྱུང་དྭོགས་དེ་འཕྲལ་གནས་རྟེན་མཇལ་རྒྱུ་འཕྲོ་བཞག་གིས་བལ་ཡུལ་ནས་མཚན་བརྒྱབ་སྟེ་སྐྱིད་གྲོང་བརྒྱུད་བོད་དུ་བདེ་བར་ཕྱིར་ལོག་མཛད་འདུག་པ་དང་། ཞྭ་དམར་སྟོན་འཁོར་རྣམས་ཀྱང་ཐོག་མའི་ཆར་བསམ་པ་ལྷད་མེད་སྦྱོར་བར་རྩུབ་ཞུགས་བྱུང་བའམ། ཡང་ན་མདའ་སྐད་གླིང་བསྒྱུར་གྱི་གཡོ་སྐོར་དགོས་པ་མཛད་པ་ཇི་ལྟར་ཡིན་རུང་། གཞུང་རྟེན་བཞེངས་སེར་སྐྱ་སྦྲེལ་པོ་དང་། གོར་ཁ་རྒྱལ་བློན་གྱི་བར་དུ་ལེགས་འདུམ་ཡིན་ཚུལ་གྱི་ཉིན་མང་པོའི་བར་ལབ་སྣེ་སྤྲད་ཐོག་ཡང་ཏིག་མཐར་གྱི་འཇོག་སོའི་རྡོ་ཁར། བལ་ཡུལ་རྟེན་བཞེངས་པ་སྦྲེལ་པོར་གོར་རྒྱལ་ནས་སུན་གཙེར་མེད་པར་བོད་དུ་ཕྱིར་སློག་བྱེད་རྒྱུ་དང་། རྟེན་བཞེངས་པའི་ཚབ་ཏུ་ཞྭ་དམར་འཁོར་བཅས་གཞུང་ནས་བྱེད་བདེའི་བཀའ་ལན་མ་ཕེབས་བར་བལ་ཡུལ་དུ་སྡོད་རྒྱུ། རྟེན་བཞེངས་པ་གཉིས་པོ་ཡང་བོད་དུ་འབྱོར་བསྟུན་དྲིན་ལན་ལོག་མཇལ་ཆུ་ཐོན་ཟམ་པར་མ་སོང་བའི་རྒྱ་བོད་བླ་དཔོན་ལ་སྙན་ཞུས་ཀྱི་ཐོག་ནས་གོར་ཁ་རྒྱལ་བློན་གྱི་འདོད་པ་ལྟར་ཊམ་ནག་དབུས་གཙང་ཁུལ་དུ་འགྲོ་རྒྱུག་གཏན་ནས་བྱེད་པ་མེད་པའམ། ཡང་ན་གཉའ་སྐྱིད་རོང་ཤར་གསུམ་པོ་རྩིས་སྤྲོད་གང་བདེ། མཐར་ཞྭ་དམར་བ་འཁོར་བཅས་སྤྱི་དོན་དུ་བསྡད་པར་སྒེར་བདུད་མི་ཡོང་བའི་བལ་ཡུལ་ནས་འདོན་ཐབས་བོད་ནས་མཛད་རྒྱུ་བཅས་ཀྱི་ཆད་དོན་བྱས་ཚུལ་སོགས་འཁོད་པའི་གོང་ས་སྐྱབས་མགོན་རྩེ་ཤོད་དང་། བཀའ་ཤག་ལྷན་རྒྱས་བཅས་ལ་ཞྭ་དམར་བའི་ཞུ་ཡིག་དང་བཅས་སྲིད་སྐྱོང་ནོ་མིན་ཧན་(ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས)རིན་པོ་ཆེ་རྒྱ་ནག་ལ་ཆིབས་ཁ་མ་བསྒྱུར་གོང་(མེ་རྟ་1786ལོའི་ཟླ་ལྔ་པར་ཐོན་པས་དེའི་སྔོན་)ཙམ་དུ་བལ་ཡུལ་རྟེན་བཞེངས་པ་སེར་སྐྱ་སྦྲེལ་པོ་འབྱོར་བྱུང་སྐབས། དགའ་ལྡན་བཀའ་བཅུ་ཅན་རྟེན་བཞེངས་སེར་སྐྱ་སྦྲེལ་པོའི་མགྲིན་ལམ་ལྟར་ན། ཞྭ་དམར་བའི་ཞུ་ཡིག་བརྗོད་དོན་གོང་དུ་གསལ་བ་དང་རྒྱལ་འགལ་ཤ་སྟག་གིས་ཡང་ཏིག་ཞྭ་དམར་བ་དང་། བདེ་ཆོས་སྤྲུལ་སྐུ་གཉིས་རང་དོན་དུ་གནས་སྐོར་ལ་ཕྱིན་པ་ལས་གཞུང་དོན་བཀས་མངགས་པ་མིན་གཤིས་ཞྭ་དམར་བླ་མ་ཡང་བདེ་ཆོས་སྤྲུལ་སྐུ་ལྟར་རང་ཡུལ་དུ་ལོག་པར་སུས་ཀྱང་བཀག་འགོག་བྱེད་མི་མེད་རུང་། དང་པོར་བོད་ནས་ཆེད་རྫོང་མ་བྱས་པར་བལ་ཡུལ་དུ་ཕྱིན། བར་དུ་གོར་ཁ་རྒྱལ་བློན་དང་། གཞུང་རྟེན་བཞེངས་པ་སོགས་ཕན་ཚུན་སུ་ཐད་ནས་སྡོད་ཟེར་མི་མེད་པར་མདའ་ཤེས་གཞུ་ཉོས་ཀྱིས་བལ་ཡུལ་དུ་བསྡད། མཐར་འདྲེས་མ་དྲན་པར་ནད་པས་དྲན་པའི་དཔེ་ལྟར་གོར་ཁ་རྒྱལ་བློན་ལ་ཤོག་སྦུག་རླུང་སྐྱོད་མང་དག་གི་འཕྲུལ་ལས་རྟེན་བཞེངས་པ་གཉིས་ལ་སྔར་མེད་གསར་སྤྲོས་ཀྱིས་སུན་གཙེར་སྣ་ཚོགས་བཏང་མཐར་བསྟན་སྲིད་སྤྱི་དོན་དུ་རང་སྲོག་བློས་བཏང་གི་ཐོག་ནས་བལ་ཡུལ་རྟེན་བཞེངས་པའི་མི་ཚབ་ཏུ་ཞྭ་དམར་སྟོན་འཁོར་རྣམས་བསྡད་པ་བཅས་གང་མགྱོགས་ཐོན་ཐབས་ཡོང་བའི་རྒྱ་བོད་བླ་དཔོན་ནས་འགོ་འདྲེན་མཛད་དགོས་ཚུལ་སོགས་མཛེས་ལམ་གཡོ་སྐོར་དུ་ཟེར་བ་ཙམ་ལས་དོན་དུ་གོར་རྒྱལ་གྱི་ཨ་ཁུ་དང་། བླ་མ་ཞྭ་དམར་བ་གཉིས་ནང་ཚགས་སུ་སྐྱིད་སྡུག་འདོད་གཅིག་ལྟ་བུ་ཡིན་འདུག་ཚུལ་སོགས་སྔ་ཕྱིའི་རྒྱུ་རྐྱེན་མང་དག་ཅིག་སྐྱབས་མགོན་ཡས་ཕྱིན་དང་། བཀའ་ཤག་ལྷན་རྒྱས་བཅས་ལ་ཞུས་སོང་སྟབས་སུས་བཤད་གཏམ་སྙན་གྱི་དཔེ་ལྟར་འདི་བདེན་དང་འདི་མི་བདེན་བྱ་བ་དེ་འཕྲལ་ཁ་ཚོན་གཅོད་ཅི་ལ་ཤེས་རུང་། ཞེས་སོགས་ཆོས་རྒྱལ་ཁྲི་སྲོང་གིས་བསམ་ཡས་བཞེངས་རྒྱུའི་བཀའ་དགོངས་ལྟར་ཡིན་ཚུལ་རྣམས་བཀོད་ནས།(མཐར་དེ་ལ་གཞིགས་པའི་ཇི་ལྟར་གྲ་སྒྲིག་བྱེད་དགོས་དང་ལན་འཁོད་པ་<ཟོལ་མེད་གཏམ་གྱི་རོལ་མོ་>P468)མཐའ་མི་འདི་དག་ངན་གཡོར་བྱང་ཆུབ་སྟབས་ཞྭ་དམར་བ་དང་ཁྱི་སྤྱང་ལག་སྦྲེལ་གྱི་ཐོག་ནས་གསང་དམག་བཏང་སྟེ་གཉའ་སྐྱིད་སོགས་ས་མཚམས་རྫོང་འགོ་ཁ་ཤས་ཤིག་ལ་འཕྲོག་རྩོད་བསུན་གཙེར་བྱས་མི་ཡོང་ངམ་སྙམ་རྒྱ་བོད་བླ་དཔོན་ཚང་མ་ཐུགས་དོགས་བྱུང་སོང་སྟབས། ས་མཚམ་རྫོང་གཞིས་ཁག་ལ་འོན་སེང་རྟོག་འཇུག་གི་ཐོག་ནས་རི་བོང་ཅལ་འདྲོགས་དང་། གླེན་པ་གདེང་ཚོད་དུ་མ་སོང་བའི་གནས་ཚུལ་བསྲིང་རྒྱུ་དང་། སྔ་ཚུད་ནས་ས་འགག་གནད་ཆེ་ཁག་རྣམས་བསྲུང་བཀག་དགོས་པས་མཚོན་བྱེད་སྒོ་ཕྲ་ཞིབ་ཀྱི་བཀའ་རྒྱ་ཆེད་སྩལ་དང་སྟབས་མཚུངས་གཙང་ཁུལ་རྫོང་ཞབས་གཞུང་སྒེར་ཆོས་གསུམ་ལ་མངོན་ཆུང་གི་ཐོག་ནས་དམག་རྩིས་དང་རྫས་བཟོ་བྱེད་རྒྱུ་སོགས་མདའ་རྫོང་སོ་སོར་བཀའ་ཁྱབ་མཛད་འོས་རིགས་སོགས་དང་། དེ་མཚུངས་བླ་མ་ཞྭ་དམར་བས་ཞུ་ཡིག་ཕུལ་ལན་དུའང་། ཊམ་ཀ་གསར་རྙིང་གི་ཐད་ལ་འཛའ་ཁྱད་བབ་མཚུངས་ཤིག་བྱས་པས་འགྲིག་ཚོད་འདུག་ན་བོད་བལ་དཀར་འཚོ་ལེགས་ལམ་གཟིངས་ཤིག་ཏུ་མི་འགྲོ་བའི་འགྲིག་ཆགས་ཁྱད་མི་བྱེད་ཀ་མེད་ཡིན་འདུག་ཅིང་། གཞན་མ་དེ་ག་ནས་ཆད་དོན་རྡོ་ཚིག་ཏུ་བཀོད་པའི་དོན་ཚན་རྣམས་ནི་འགྲིག་རེ་བྲལ་སྟབས་མི་འགྲུབ་ཁས་ལེན་གྱི་རིགས་བྱེད་མ་བདེ་ཚུལ་སོགས་ཀྱི་དོན་རྡོ་འཁོད་པའི་བཀའ་ལན་འཇམ་འདྲོངས་གང་ཆེ་ཡིན་ཁུལ་ཞིག་རྒྱ་བོད་བླ་དཔོན་ཚང་མ་གསུང་མོལ་ཞིབ་ལྷིང་གི་ཐོག་ནས་བསྩལ་སོང་སྟབས་ང་མིན་ཁྱོད་ཡིན་སོགས་ཕན་ཚུན་སུས་ཀྱང་འགྱོད་པ་དང་རེ་འཁང་རྒྱག་དགོས་མེད་རུང་། ཡང་ཏིག་དོན་གྱི་མཐར་ནི། ཞེས་སོགས་དང་། སྙིགས་མའི་དུས་འདིར་རང་དོན་ལས་ཀྱང་སྤྱི་དོན་ལ་ཐུགས་འཁུར་བཀའ་ཁྱབ་ཆེ་བའི་སྲིད་སྐྱོང་ནོ་མིན་ཧན་[2]ཆེན་པོ་དེ་ཡང་གོང་དུ་བརྗོད་པ་ལྟར་དེ་ནས་མི་འགྱངས་པར་སྐྱབས་རྗེ་ལྕང་སྐྱ་རིན་པོ་ཆེའི་རྒྱལ་ཚབ་ཏུ་པེ་ཅིང་རྒྱལ་ཁབ་ཆེན་པོར་བྱོན་པ་དང་། ཁོ་བོ་[3]ཅག་སོགས་བཀའི་མདུན་ན་འདོན་བཞི་པོ་ལའང་རྒྱུན་གྱི་ལས་བྲེལ་ཐོག་ནད་དོགས་བསྡམ་ར་དང་། ལྷ་ལྡན་གཙུག་ལག་ཁང་ཆེན་པོའི་ལེགས་བཟོའི་བཀོད་ཁྱབ་བྱེད་རྒྱུས་མཚོན་དེ་སྔོན་དང་མི་འདྲ་བར་བྲེལ་གཡང་སྣེ་འདོམས་ཆེ་བ་སོགས་་་ཞེས་དང་།(མཐར་གོར་དམག་སླེབས་པའི་སྐོར་ལ་<ཟོལ་མེད་གཏམ་གྱི་རོལ་མོ་>P470)མགྱོགས་པོའི་སྔོན་ལ་སླེབས་ཆེན་གྱི་དཔེ་ལྟར་འདི་(ས་སྤྲེལ་1788)ལོ་ཟླ་བ་དྲུག་པའི་ནང་ཞྭ་དམར་བའི་གཡོག་ཀརྨ་མཆོག་སྦྱིན་ཅན་ཁ་ཤས་ནས་ས་སྣེ་ལམ་རྒྱུས་བྱས་ཏེ་གཞུང་ཞབས་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་ཁག་གསུམ་བརྒྱུད་གོར་དཔུང་གློ་བུར་དུ་ལྷགས་འདུག་པར་བརྟེན་ས་མཚམས་རྫོང་སྡོད་ཁག་ནས་ཀྱང་འཐབ་འཛིང་སོགས་འཁོས་དཔག་གི་གང་ཐུབ་བྱས་འདུག་རུང་མང་སྣེ་ཉུང་གིས་མ་བརྟན་པར་སྐྱིད་གྲོང་རྫོང་སྡོད་རམ་བུ་ལུང་པ་སོགས་འགའ་ཞིག་ནི་དམག་ཐོག་ཏུ་ཤོར་ཞིང་། དེ་འཕྲོས་རྣམས་ཀྱང་སྲན་ཕུང་བེར་ཀས་གཏོར་བ་ལྟར་བྲོས་བྱོལ་ཐོར་གྱར་ལ་སོང་སྟབས། གཉའ་ནང་དང་རོང་ཤར་བརྒྱུད་ལྷགས་པའི་གོར་དམག་རྣམས་ཤེལ་དཀར་ཁུལ་དང་། སྐྱིད་གྲོང་བརྒྱུད་ཡོང་མི་རྣམས་རྫོང་དགའ་ཕྱོགས་སུ་བསྐྱོད་སོང་ཚུལ་སོགས་ཀྱི་གནས་ཚུལ་ས་མཚམས་ཁག་ནས་རྟ་ཟམ་རིམ་བརྒྱུད་གཅིག་རྗེས་གཉིས་བསྟུད་དུ་འབྱོར་བྱུང་སྟབས། སྔ་འཕྲོས་གཙང་དཔུང་གང་ཡིན་ཞིབ་བསྐུལ་ཁག་བགོས་ཐོག་གཉའ་ཤེལ་ཕྱོགས་ཀྱི་གོར་དཔུང་གི་གདོང་ལེན་འགོ་ཡོད་དུ་གཙང་མདའ་དཔོན་ལྕང་ལོ་ཅན་པ་དང་། རྫོང་སྐྱིད་བཅས་ཀྱི་བོད་དམག་འགོ་བྱེད་དུ་གཙང་མདའ་དཔོན་པད་ཚལ་པ་གཉིས་ལ་སོ་སོར་ལས་བྱ་རང་འགྲིག་དང་བཅས་འཕྲལ་བསྐོས་ཆེད་རྫོང་ཐོག །དབུས་ཀོང་གི་དམག་མི་ཡང་གང་ཐོན་ཞིབ་བསྐུལ་གྱིས་ཆེད་རྫོང་བྱེད་པར་རྒྱ་མི་དཔོན་ཆུང་རེ་དང་། རྩེ་དྲུང་རེ། བཀའ་བློན་སོ་སོའི་ཟླ་བོ་དོ་ཆོད་རེ་བཅས་འཕྲལ་དུ་རྫོང་བརྡ་བྱས་ཤིང་། དེ་རྗེས་བཀའ་བློན་གཡུ་ཐོག་པ་བཀྲ་ཤིས་དོན་འགྲུབ་ཀྱང་དབུས་གཙང་ཁུལ་ནས་དཔུང་དམག་ཞིབ་བསྐུལ་བྱས་པ་རྣམས་ཀྱི་སྤྱི་ཁྱབ་འགོ་ཡོད་དུ་རྒྱ་བོད་བླ་དཔོན་བཀའ་མོལ་གྱི་ཐོག་ནས་རྫོང་བརྡ་མཛད་ཅིང་། བོད་བཞུགས་ཨམ་བན་གཉིས་ནས་གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོར་ཡང་གོར་དམག་ལྷགས་ལུགས་ཀྱིས་མཚོན་འདི་བྱས་འདི་བྱུང་གི་གནས་ཚུལ་དྲལ་རྩེ་དཔའ་སྦེ་ལཱི་ཞེས་ཤིན་ཏུ་མགྱོགས་པའི་སྒོ་ནས་ཕུལ་བ་ན། ཞེས་སོགས་དང་།<ཟོལ་མེད་གཏམ་གྱི་རོལ་མོ་>P471འདི་སྐབས་དམག་ས་ནས་བཀའ་བློན་གཡུ་ཐོག་པའི་གནས་ཚུལ་འབྱོར་བར། སྐྱིད་གྲོང་བརྒྱུད་ལྷགས་པའི་གོར་དཔུང་གིས་མངའ་རིས་རྫོང་དགའ་བླངས་སོང་ཚུལ་དང་། གཉའ་ནང་བརྒྱུད་ཡོང་བའི་གོར་དམག་རྣམས་ནས་ཤེལ་དཀར་རྫོང་ལེན་མ་ཐུབ་པར་དེང་དུས་རྫོང་ཞོལ་ཀླུ་སྡིང་དུ་སྒར་ཕབ་ཀྱིས་བསྡད་འདུག་པ་དང་། བོད་དམག་རྣམས་འཐབ་འཛིང་བྱེད་སྐབས་སུ་ཡོད་འབྱོར་གཤིས། ་་་ཞེས་པ་སོགས་འཁོད་པ་རྣམས་ཀྱིས་དམག་འཁྲུག་འདི་བྱུང་རིམ་ད་ལྟ་བར་ཡོངས་གྲགས་སུ་གནས་པ་དེའོ། །

 

༣ ས་གནས་དངོས་ཀྱི་མི་སྣའི་ལོ་རྒྱུས་ལས་ཟུར་མཐོང་།

 

དེ་ཡང་ས་སྤྲེལ་(1788) གྱི་སྔོན་ལོ་མེ་ལུག་(1787)ལོར་ཞྭ་དམར་བ་ཉིད་གསང་བྲོས་ཀྱི་བོད་ལ་ཕེབས་ཡོང་བའི་ལམ་བར་སྐྱིད་རོང་ནས་གོར་ཁས་ཕྱིར་ལོག་འཁྲིད་པའི་གནས་ཚུལ་ཞིག་བྱུང་བ་སྟེ།<བྱ་བྲལ་རྣལ་འབྱོར་པ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་(1772-1838)རྟོགས་བརྗོད་རྨ་བྱ་དགའ་བའི་འབྲུག་སྒྲ་>མེ་ལུག་(1787)ལོའི་མཛད་རིམ་གྱི་སྐབས་ལས།p334 ཞྭ་དམར་སྐུ་ཞབས་གསང་བྲོས་ཀྱི་བོད་ལ་བྱོན་རྩིས་ཀྱི་ཕེབས་མཐུན་རྗེ་སྨན་སྒོམ་ཀྱང་ཆོས་གླིང་དུ་མཇལ་ཙམ་བྱུང་། ་་་ཞེས་དང་། སྐུ་ཞབས་ཞྭ་དམར་གོར་རྒྱལ་གྱི་ཐོན་ཕྱག་མ་གྲུབ་པར་སོང་འདུག་ཚུལ་གྱི་མོན་[4]ཁ་ཅིག་རྗེས་སྙེགས་ཡོངས་ཏེ་:དཀུག་[བཀུག]པར། བདག་གི་བླ་མ་དམ་པ་དེ་ཉིད་ཀྱི་ཕེབས་མི་དགོས་པའི་ཞུ་དོན་མཛད་པར་དགོངས་ཀྱང་། དབུས་གཙང་རང་ལ་བཞུགས་པ་ཡིན་ན་བསྟན་འགྲོ་མང་པོའི་དཔལ་དུ་གྱུར་ངེས་པ་ནི། ལོག་སྨོན་གྱི་མཐུ་གྲུབ་པའི་གཟུགས་ཅན་གཟུགས་མེད་འབྱུང་པོའི་:རྒྱུ་ཐབ་[སྒྱུ་ཐབས]ཆེན་པོའི་འཁྲུལ་ལ་བརྟེན་སྡིག་རྒྱལ་ངན་པའི་ལག་ཏུ་རྩིས་སྤྲོད་གྲུབ་པ་དང་། ་་་་ཞེས་སོགས་འཁོད་དོ། །

དེ་ནས་ས་སྤྲེལ་སྡེ་གཟར་དངོས་གཞི་ཇི་ལྟར་བྱུང་མིན་སྐོར་སྐྱིད་གྲོང་ཁུལ་གྱི་བླ་མ་འགའ་ཞིག་གི་རྣམ་ཐར་ན་གསལ་བ་དང་། དེའི་ནང་ཅུང་ཟད་ཁ་གསལ་བ་<རིག་འཛིན་ཆེན་པོ་ཀརྨ་བདུད་འཇོམས་(1725-1789)ཞབས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཉིན་བྱེད་ངོ་མཚར་སྣང་བའི་གཏེར་མཛོད་>ས་སྤྲེལ་ལོའི་མཛད་རིམ་རྣམས་རིམ་པར་བཀོད་པ་བོད་ཟླ་དྲུག་པའི་ཟླ་སྨད་ཙམ་གྱི་སྐབས།p201 སླར་ཡང་ཁྲག་ལ[5]་བརྒྱུད་དཔལ་མོ་ཆོས་སྡིངས་སུ་འབྱོར་ནས་ཚེ་རིང་མའི་བསྐང་མདོས་ཞིག་ཀྱང་གནང་ནས་སྦྲ་ཆེན་དུ་ཕེབས། འདི་སྐབས་གཉའ་ནང་དང་སྐྱིད་གྲོང་ཕྱོགས་སུ་དུས་ཟིར[6]་གྱི་སྔོན་འགྲོ་ཚུགས་ཙམ་ཡིན་པས་བོད་འབྲོག་ཐམས་ཅད་བརྡབ་སིག་ལ་ཚད་བཟུང་མེད། ་་་ཅེས་དང་། འདི་སྐབས་སྐྱིད་གྲོང་དུ་འབྱུང་པོའི་བརླམས་པའི་མི་ཁ་ཅིག་གི་ཉེར་ལེན[7]་ལ་བརྟེན། རྐང་པས་ས་མ་ཟིན་པར་སྤྱི་བོས་གནམ་བརྟོལ་གྱི་དཔེས་ཉེས་ཅན་ཉེས་མེད་ཀྱི་མོན་པ[8]་མང་པོ་ཉལ་འཐག་བཅད་ཅིང་། ་་་་ཞེས་དང་།P203 དེའི་ཚེ་ཞལ་སྔ་ནས། ད་སྟེ་སྐྱིད་གྲོང་ལུང་པ་འདི་སྐྱིད་པའི་རེ་བ་བྲལ་བ་ཡིན་ཏེ། ནམ་ཉིན་མེད་པར་ལག་མཚོན་ཆ་དང་མ་བྲལ་བར་སྡོད་དགོས་པ་མ་ཟད། སླར་གོཪྵ་འདི་མཐའ་ངན་པས་འགྱོད་པའི་གཞི་གཅིག་ལས་མི་ཡོང་གསུང་བ་བཞིན། མི་རིང་བར་གོཪྵའི་དཔུང་ཆེན་ལྷགས་ནས་ཐམས་ཅད་ཅི་དྲག་ལ་གྱ་བའི་དུས། སྐྱེས་ཡོད་དགུ་ཅོག་འཆས་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ་གཡུལ་འགྱེད་པའི་དུས་བཏབ། བཅོ་ལྔའི་སྔ་བའི་ཆར་འཐབ་དུ་ཉེ་བ་ན། དཔུང་གིས་དཔུང་ནོན་རེ་བྲལ་བས་འཐབ་འདུན་གྱི་ཞེན་པ་བཏང་སྟེ་བྱ་སྤུ་གནམ་འཐོར་བཞིན་ཕྱོགས་མཐར་བྲོས། གཞིས་ཀྱི་བུ་སྨད་རྣམས་བྲང་བརྡུང་གིན་བྲོས་པ་དུས་མཉམ་དུ་བྱམས་སྤྲིན་བྱམས་སྤྲིན་ནས་སྔགས་འཆང་སྐུ་མཆེད་ཀྱང་འབྱོར་ཞིང་། དམག་མི་ཕྱེད་རྫོང་དཀར་སོང་བས་སྐྱོན་འགྱུར་ཙམ་མི་གཏོང་བའི་ཐེལ་གོག་ཞིག་སྤྲད་ཀྱང་། ་་་་ཞེས་སོགས་འཁོད། ཡང་།  <བྱ་བྲལ་རྣལ་འབྱོར་པ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་(1772-1838)རྟོགས་བརྗོད་རྨ་བྱ་དགའ་བའི་འབྲུག་སྒྲ་>p335-337ས་སྤྲེལ་ལོ་ཤར་ནས་བསྟན་དགྲ་གོར་རྒྱལ་གྱི་དམག་གིས་བོད་ཡུལ་གངས་ཅན་ཆོས་ཀྱི་འབྱུང་གནས་ལ་རྒོལ་བའི་དཔུང་ཆེན་པོ་ཡུལ་གཉའ་ནཾ་ནས་ཐོན་ཏེ་ལས་སྟོད་ཤེལ་དཀར་གྱི་མདུན་དུ་དབུས་གཙང་གི་གཡུལ་འགྱེད་པའི་སྡེ་གཟར་ཆེན་པོ་བྱུང་བ་དང་། སྐྱིད་གྲོང་། རྫོང་ག་ཁུལ་རྣམས་ཀྱང་གོཪྵས་འཛིན་བཟུང་ལ་བརྟེན་ཡུལ་དགོན་ཀུན་ལ་སྡུག་བསྔལ་མནར་སྦྱོངས་ཆེན་པོ་གཏོང་བར་ལྷ་འདྲེའི་རྒྱུད་བསྐུལ་ལྟ་བུའི་མི་ཁ་ཅིག་གི་ཉེར་ལེན་ལ་བརྟེན། མོན[9]་ལ་ངོ་ལོག་བྱས་ནས་མོན་པ་ཐམས་ཅད་ཉིན་གཅིག་ལ་བསད་པ་དང་། གྱར་མོན་གཉིས་བཀྱིགས་ནས་ངུ་ཙི་ཐེག་གེ་འདུག །དཾ་རྫས་མྱོང་གྲོལ་ཞོ་དང་སྦྱངས་ནས་བྱིན། དེ་གཉིས་གསོན་པོ་དུར་དུ་བཅུག་ནས་བྲོ་བརྡུང་བྱ་བར་འགྲོ་ཟེར་ནས་ཐམས་ཅད་སོང་ཡང་། བྱིས་པའི་བློ་མིག་མ་རྫོགས་པས་གང་ཡིན་མ་ཤེས་ཀྱང་། མིག་ཙམ་ལྟ་བར་ཡང་འགྲོ་མ་ནུས་ཤིང་། སྙིང་རྗེས་མ་ཎི་དང་སྨོན་ལམ་འདོན་ཏེ་བསྡད། ཡུལ་ལྷ་རྣམས་ལ་འཁྲུས་གསོལ། བསྐང་གསོ་གཏོང་དགོས་ཟེར་བ་སོགས་བྱས། ཀྐ་ཅི་བྷུ་དྷུ་པག་འབྲ་[10]འགྲས་བསམ་གཏན་[11]གླིང་ན་བཟུང་། དགེ་སློང་མཆོག་སྦྱིན[12]་སྐྱིད་གྲོང་དུ་བཅིང་ནས་སྲོག་སྐྱོབ་བྱ་དགོས་ཟེར་བ། གང་ཡོང་བྱས་ཀྱང་ཕྱོགས་ལྷུང་གི་མིའི་བཛྲ་མུའི་ལམ་དུ་དྲངས་ཚར་འདུག །རི་ཟུར[13]་བའི་ས་མཚམས་བསྲུང་བར་སྐྱེས་པ་ཡོད་ཚད་བསྡད་ཀྱང་། བོད་ནས་རྒྱབ་དཔུང་ནོན་པ་མ་བྱུང་བར། གོར་དམག་ཆེར་གཡོས་ནས་ཉིན་གཅིག་ཀྱང་མ་ཐུབ་པར་སྐྱིད་གྲོང་ནས་རྫོང་གའི་བར་དུ་ཤོར། སྐྱེ་བོ་དུ་མ་མཚོན་ཆའི་ལམ་ནས་དྲངས། ཡུལ་མི་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་རི་རྩེ་བརྒྱུད་དེ་བྲོས། རི་ལུང་མེད་པར་གོར་དམག་གི་གང་བའི་དཀར་དམར་ཤིག་ཤིག་བྱེད་པ། མེའི་འཁྲུལ་འཁོར་བསྐོར་བའི་སྒྲ་འར་འར་པོའི་ཕྱོགས་མཚམས་ཀུན་ནས་སྒྲོགས་པ།  ཞེས་སོགས་དང་། ཡང་།<བྱ་བྲལ་རྣལ་འབྱོར་པ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་(1772-1838)རྟོགས་བརྗོད་རྨ་བྱ་དགའ་བའི་འབྲུག་སྒྲ་>p338མི་ཕལ་ཆེར་སླེབས་ནས་ཡུལ་དུ་ཕྱིན་པས་མོན་པ་རྣམས་དང་ཐུག་ནས་རང་དབང་མེད་པར་ཁྲིད་དེ་སྐྱིད་གྲོང་དུ་སླེབས། ངོ་ཤེས་རྣམས་ཀྱི་མཐོང་མ་ཐག་མཆི་མ་གཏོང་གི་འདུག །ཤེལ་དཀར་ནས་ཕྱིར་ལོག་ཡོང་བའི་དམག་མི་ལམ་མི་ཐར་བ་ཙམ་གྱི་ཁྲོད་ལ་ཁྲིད་ནས་བཞག་བྱུང་བར། སྔ་དགོང་རེས་དམག་དཔོན་སོ་སོའི་ཐད་ནས་ཟངས་རྔ་། དུང་དང་། གླིང་བུ་སོགས་འབུད་དཀྲོལ་སྣ་ཚོགས་དུ་མས་ས་གཞི་འདར་བའམ་སྦེར་བ་ལྟ་བུའི་ཟི་བུན་བུན་བྱེད་པ་དང་། བསམ་གླིང་ཕྱག་མཛོད་རྗེ་དྲུང་སོགས་ཀྱང་བཟུང་ནས་སྡུག་གཏོང་གིན་འདུག །གཞན་ཡང་མི་འགའ་ལ་སྡུག་སྣ་ཚོགས་གཏོང་གི་འདུག་པས། དེ་འདྲ་བྱས་ན་གང་དྲག་མཚན་ལ་བྲོས་ན་ཟེར་བར་གང་འཐད་བགྱིས་སྙམས་ནས་སྡད་པར། ཕྱག་རྟེན་རྟ་གཅིག་ཙམ་གྱི་ཚོད་དགོས་ཟེར་བ་བཞིན་བཏང་། འཇིགས་སྐྲག་ཆེ་ཆེ་ལྟར་བྱས་མི་མང་ཡང་། བདག་མཐོང་བ་དང་། དམག་དཔོན་དེ་སེམས་དགའ་བ་འདྲ་ཞིག་བྱུང་ངམ་སྙམ། གནོད་སྐྱེལ་གྱི་བློ་མེད་པ་གཏམ་འདྲ་དྲིས་ནས་ཅི་བདེར་བཏང་བྱུང་ཞིང་། ངོ་ལོག་སྐབས་ཀྐ་ཅི་[14]འཛིན་བཟུང་བྱེད་མི་གཞན་ཡིན་ཀྱང་། ཞོལ་མི་ཞིག་ལ་ཁྱོད་རང་འདྲ་བ་འདུག་ཅེས་ཞུ་བ་ཅི་བྱས་རུང་མ་ཉན་པར་རྫོང་གི་མདའ་རར་ཁྲིད་དེ་བསད་ཚར་བ་ལ། ཡོན་བདག་གི་བྱང་ཞུ་ཕུལ་བར་བསྔོ་སྨོན་བ་ལམ་བྱས། ཞེས་དང་། ཡང་། དེ་ནས་སྔར་བཞིན་ཐམས་ཅད་རང་སར་བསྡད་ཆོག་པ་བྱུང་ཡང་སྐྱིད་གྲོང་ཁུལ་གྱི་ཡུལ་མི་དྲག་རིམ་རྣམས་བལ་ཡུལ་དུ་འཁྲིད་ནས་ལྕགས་སྒྲོག་གིས་བཅིང་། ཁྲིམ་མུན་དུ་བཅུག །དེ་དག་གི་བསླུ་རིན་དང་། རང་རེ་མི་རྣམས་ཀྱིས་ཀྱང་ཐེ་རེག་མང་བའི་རྐྱེན་གྱིས་བདེ་བའི་གོ་སྐབས་ནི་རི་བོང་རྭ་བས་དབེན། ཞེས་སོགས་འཁོད།

 

༤ གཞུང་འབྲེལ་ཡིག་ཆ་ལས་ཟུར་ཐོན་གནས་ཚུལ་ནི། གངས་ཅན་རིག་མཛོད།16 <བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་བསྒྲིགས>།P194-199 གོཪྵ་ནས་བསུན་གཙེར་བྱེད་རྒྱུའི་རྩ་རྐྱེན་སྔོན་གྱི་བཀའ་བློན་བསོད་ནམས་དབང་[15]རྒྱལ་ནས་ཚོང་གི་སྐོར་ལ་བརྡབ་གསིག་བཏང་བ་མ་ཟད། ཚོང་ཁྲལ་གྱི་སྐོར་ལ་རང་འཚམ་གྱིས་སྤར་འདུག་པ་དེ་སྐབས་གོཪྵའི་སེམས་ལ་མ་བཟོད་པ་བྱུང་འདུག་ཀྱང་། དེ་སྐབས་ལིའུ་སྤའུ་ཀྲུང་དང་ཆིན་ལེན་གཉིས་ནས་སྦུག་འདྲེན་གྱིས་གནས་ཚུལ་མ་ཕུལ་རུང་། བསོད་ནམས་དབང་རྒྱལ་ཁོ་པར་འཇིགས་ཟིལ་སྐྱེས་པས་དུག་ཟས་པས་ཤི་འདུག་པར་བརྟེན་སྔོན་ཚུད་བཀའ་ཡིག་ཕབ་ནས་ཁོ་པའི་ཛ་སག་ཐའི་ཇིའི་གོ་ས་བླངས་ཁོ་པའི་མི་བརྒྱུད་ལ་འཇགས་གནས་མི་ཡོང་བ་སོང་ཞིང་། ཏཱ་ལའི་བླ་མ་དང་གཞུང་གི་ལས་དོན་ལ་བཀའ་བློན་ནས་དབུས་འོས་མིན་བྱས་ཐོག་ཁོ་པའི་མི་རྒྱུད་ལ་སྡོད་སྡེ་བྱས་ཚེ་གཞན་དག་གི་ཡིད་ལ་མི་འགྲོ་བ་མ་ཟད། ཁོ་པའི་ཉེས་པ་བསྟན་འཛིན་དཔལ་འབྱོར་ལས་ལྗི་བ་བཅས་ཕུ་བཅས་ནས་རྩད་གཅོད་ཀྱིས་གཞུང་ལེན་བྱེད་དགོས། དེ་མཚུངས་འདི་རིགས་དང་འདྲ་བའི་རང་འཚམ་གྱིས་འོས་མིན་བྱེད་མི་རིགས་བྱུང་ཚེ་ཚང་མར་རྩད་གཅོད་བྱེད་དགོས་རྒྱུར་བརྩི་འཇོག་གྱིས་ཞེས་ཕེབས་བྱུང་བ། ཞིབ་ན་ལྷ་སྐྱོང་དགུང་ལོ་ང་གསུམ་པའི་ནང་སྤའ་ཀྲུང་ལྷ་སར་འགྲོ་སྐབས་རམ་མདའ་བཅས་ཀྱི་ས་ཡུལ་ནས་གསེར་སྙན་སྒྲོན་པར་བལ་པོ་ནས་སྔོན་དུ་བསུན་གཙེར་བྱེད་རྩིས་ཡོད་སྐད་ལ་བསོད་ནམས་དབང་རྒྱལ་ནས་གོཪྵས་ས་མཚམས་ལ་བསུན་གཙེར་བྱས་དོགས་འཇིགས་ཟིལ་སྐྱེས་པའི་དུག་ཟོས་ཏེ་ཤི་འདུག་པ་དང་། ཡང་སྤའ་ཀྲུང[16]་ལྷ་སར་འབྱོར་རྗེས་གསེར་སྙན་སྒྲོན་པའི་དོན་རྡོར། གཉའ་ནང་དུ་རང་འཚམ་གྱིས་ཚོང་ཁྲལ་སྤར་འདུག་པ་དང་། ཡང་བསོད་ནམས་དབང་རྒྱལ་ནས་བལ་པོའི་ཚོང་པ་སོགས་ལ་བརྡབ་གསིག་བཏང་འདུག་པ་མ་ཟད། རིམ་པར་འོས་མིན་བྱས་པར་བརྟེན་བལ་པོ་རྣམས་ནད་མ་ཐེག་པའི་བོད་ཀྱི་ས་མཚམས་སུ་བསུན་གཙེར་བྱས་འདུག་པ་དེ་ཐད་ཚང་མ་བསོད་ནམས་དབང་རྒྱལ་མི་གཅིག་ལ་ཐུག་པར་ཁོ་པའི་མི་རྒྱུད་ལ་ཛ་སག་དང་ཐའི་ཇི་དང་པོའི་གོ་ས་བཅས་འཇགས་གནས་མི་ཡོང་བ་དང་། ཡང་ཁོ་པ་བཀའ་བློན་ཡང་ནད་ཀྱིས་ཟིན་ནས་ཤི་བ་ལས་དུག་ཟས་ནས་འཆི་བ་མི་འདུག་ཅེས་པ་དང་། བློན་པོ་རྣམས་ལྷ་སར་འབྱོར་ནས་རྩད་གཅོད་ཞིབ་ནན་བྱས་པར་ལྷ་སྐྱོང་:དགུང་ལོ་[ཁྲི་ལོ་]ང་གསུམ་(1789)པའི་ཟླ་༥པའི་ནང་གོཪྵའི་ཊམ་གསར་དེ་བཞིན་བོད་དུ་ཊམ་གཉིས་རེའི་ཐང་རྩི་དགོས་ཡོད་འདུག་པ་དེ་དག་འོས་མིན་ལ་སོང་གཤིས་འགྲོ་རྒྱུག་དཀའ་བ་བཅས་གཞུང་ས་ནས་གྲོས་བསྡུར་འཁྲུན་མ་ཆོད་པར་བརྟེན་ཟླ་༦ པའི་ནང་ས་མཚམས་ལ་བསུན་གཙེར་བྱས་འདུག་པ་འདི་ཐད་གོཪྵ་ནས་ཞྭ་དམར་པའི་དཀྲུག་ཤིང་ལ་ཉན་འདུག་པ་དེ་དོན་བཞིན་ཁག་འདོགས་ཀྱིས་བྱ་གཞག་དེ་བཞིན་བྱས་འདུག་པ་འཁྲུག་ཟིང་ཡོང་རྒྱུའི་སྐོར་བསོད་ནམས་དབང་རྒྱལ་ནས་བལ་པོའི་ཚོང་པར་བརྡབ་གསིག་བཏང་བ་དང་། ཚོང་ཁྲལ་སྤར་བ་སོགས་གཏན་ནས་མི་འདུག་ཀྱང་། གོཪྵ་ཟེར་བ་འདི་བཞིན་མཐའི་མི་རིགས་ཆུང་ངུ་ཞིག་ལ་སོང་གཤིས། གོང་མ་ཆེན་པོའི་དཔུང་ཤུགས་དང་གཟི་བྱིན་མ་ཤེས་པ་དང་། བོད་མི་རྣམས་ཀྱི་ཉམས་ལོན་པ་མ་ཟད། རྒྱལ་ཁབ་ཆེན་པོ་དང་ཁད་འགྱངས་པའི་སྟབས་དཔུང་འཇུག་བྱས་འདུག་པ་འདི་ཐོག་ཏུ་བཀའ་ཟུར་གསལ་འདི་བཞིན་བདེན་ངེས་ཡིན་འདུག་པ་གཞན་དག་མི་བདེན། ད་ལམ་གོང་མ་ཆེན་པོའི་འཇིགས་ཟིལ་མ་བཟོད་པའི་སེམས་རྩེ་གཅིག་ཏུ་མགོ་སྒུར་བྱས་ཐོག་སྔོན་ཆད་ཀྱི་ཉེས་པ་ཡང་དང་ལེན་གྱི་ཇི་སྲིད་བར་བསུན་གཙེར་བྱེད་མི་ནུས་པ་དེ་རིགས་ཞུ་བ་ལས་གཞན་དག་རིགས་ཞུས་མ་བྱུང་ཞིང་། དེ་དག་ལ་ཞིབ་ན་ཚང་མ་བདེན་ངེས་ཡིན་འདུག་པ། ་་་་ཞེས་སོགས་མང་དག་བཀོད་པ་ལས་དོན་གནད་སྤའ་ཀྲུང་གིས་བསོད་ནམས་དབང་རྒྱལ་ལ་ལེ་ཐོགས་ཡོད་པའི་སྔོན་ཞུས་ཚང་མ་རྫུན་མ་ཡིན་འདུག་ཚུལ་འཁོད་པའི་བཀའ་ཡིག་ཞིག་ལྷ་སྐྱོང་:དགུང་ལོ་[ཁྲི་ལོ་]ང་བརྒྱད་(1794)པའི་ཟླ་༨ཚེས་༢ཉིན་གསེར་སྙན་སྒྲོན། ཟླ་༤ཚེས་༡༨ཉིན་བཀའ་ཕྱིར་ཕེབས་སུ་འཕྲལ་དུ་དམིགས་བསལ་བཀའ་ཡིག་ཡོང་།

འཕྲོས་དོན། བླ་མ་ཞྭ་དམར་བ་སྐུ་གཤེགས་པའི་སྐོར།<དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོའམ་རྡོ་རིང་པཎྜི་ཏའི་རྣམ་ཐར>སི་ཁྲོན་སྤར་མ་P860ལས། བལ་པོའི་རྒྱལ་རྒྱུད་ཨ་ཁུ་སྦ་དུར་ས་ཧེབ་ཀྱི་སྐད་ཆ་ལུང་དྲངས་ནས་བཀོད་གསལ།་་་དེར་བརྟེན་བླ་མ་ཞྭ་དམར་བ་ནི་དུག་འགམས་པའམ་ཇི་ལྟར་ཡང་བལ་ཡུལ་མཆོད་རྟེན་དུ་སྡོད་བཞིན་ཐོག་འདས་ནས་མི་འདུག་པས། ཞེས་དང་། ཡང་།<ཟོལ་མེད་གཏམ་རོལ>སི་ཁྲོན་སྤར་མ་P854ལས། བླ་མ་ཞྭ་དམར་བའང་དུག་ཟོས་པའམ། འཕོ་བ་སྤར་བ་ཇི་ལྟར་ཡང་བལ་ཡུལ་མཆོད་རྟེན་གྱི་བཞུགས་གནས་རང་དུ་གྲོངས་ཡོད་འདུག་ཀྱང་། ཞེས་སོགས་དང་།<ཟོལ་མེད་གཏམ་རོལ>སི་ཁྲོན་སྤར་མ་P867ལས། སྐུ་སྤུར་ངོ་ནོར་མེད་པ་ཡོད་ཚུལ་དང་། དུར་ཁྲོད་ལྷུན་འགྲུབ་བརྩེགས་པར་བསྲེག་ཆོག་བྱས་སོང་སྐབས་བཟང་ངན་ཇི་ལྟར་ཡིན་རུང་སྤུར་ཁང་ལ་འཇའ་སྣ་ལྔ་ཞིག་ཟུག་ཅིང་། ནམ་མཁར་འཇའ་སྤྲིན་མང་ཙམ་འཁོར་བ་ནི་ངེད་རྒྱ་བོད་དེར་ཡོད་ཚང་མས་མངོན་སུམ་མིག་གིས་མཐོང་བྱུང་བ་མ་ཟད། ཅེས་སོགས་འཁོད་ཡོད། ཡང་།<རྗེ་བཙུན་བླ་མ་དམ་པ་སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར་དད་པའི་པད་ཚལ་རྒྱས་བྱེད་>P154ལས།  ཆུ་ཕོ་བྱི་བའི་(1792)ལོར་ཡོལ་མོ་དགོན་པདྨ་ཆོས་གླིང་འདུ་ཁང་ཞིག་གསོས་གྲུབ་པར་་་་་ཞེས་སོགས་དང་།P155ལས། དེ་ནས་མི་རིང་བར་བལ་ཡུལ་དུ་རྗེ་ཞྭ་དམར་བ་ཉིད་ཞིང་ཁམས་མཐའ་མ་བསྡུ་བར་ཉེ་བས་ཡུན་རིང་དུ་སྐུ་ཤིན་དུ་བསྙེལ་བར་འཕྲོད་རྟེན་གྱི་ཐབས་ཚུལ་ཅི་མང་ཞིག་མཛད་ཀྱང་ཕན་ཐབས་ཟད་པར་གྱུར་ཏེ་སྣྲོན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་ཞི་བར་གཞོལ་བར་ཐུགས་དམ་བསྐུལ་བ་སོགས་ནས་སྐུ་གདུང་ཞུགས་སུ་ཞེན་པའི་བར་གྱི་མཐུན་འགྱུར་དུ་འོས་པ་རྣམས་མཛད་ནས་རང་གནས་སུ་ཕེབས། ཞེས་འཁོད་པས། ཞྭ་དམར་མཆོག་སྐུ་གཤེགས་པའི་རྐྱེན་ཡིག་ལམ་མི་འདྲ་བ་ཡོད་པ་དང་། གཞན་ཡང་།བླ་མ་སྨན་སྒོམ་པ་འདིས། ཞྭ་དམར་རིན་པོ་ཆེར་གསོལ་སྨན་འབུལ་བ་སོགས་ཞབས་འདེགས་སུ་ཡང་ཡང་བཅར་བ་དང་། དེ་སྐབས་རྡོ་རིང་བཀའ་[17]བློན་སོགས་བོད་ཀྱི་མི་དྲག་བཙོན་དུ་ཚུད་པ་རྣམས་ལ་ཡང་སྨན་བཅོས་མང་དུ་མཛད་ཅིང་། བཀྲས་ལྷུན་མགྲོན་གཉེར་ས་ཁུད་ནས་ཀྱིས་དང་བ་ཆེན་པོས་བཏུད་པ་སོགས་གསལ།  འཕྲོས་དོན་གཉིས་པ། འབྲེལ་ཡོད་མི་སྣ་འབྲུག་བདེ་ཆེན་ཆོས་འཁོར་གྱི་ཆོས་མགོན་སྤྲུལ་སྐུའི་འཕྲོས་དོན་གྱི་སྐབས་སུ། བདེ་ཆེན་ཆོས་འཁོར་གྱི་སྤྲུལ་སྐུ་འཁོར་བཅས་ནི་ལྟད་མོ་བལྟ་ཉེས་ལིང་དཀར་ཚུད་པའི་དཔེ་དོན་ལྟར་བྱུང་དྭོགས་དེ་འཕྲལ་གནས་རྟེན་མཇལ་རྒྱུ་འཕྲོ་བཞག་གིས་བལ་ཡུལ་ནས་མཚན་བརྒྱབ་སྟེ་སྐྱིད་གྲོང་བརྒྱུད་བོད་དུ་བདེ་བར་ཕྱིར་ལོག་མཛད་འདུག་པ་དང་། ཞེས་འཁོད་པས། སྐད་ཆ་འདི་དག་གླེང་པ་པོ། རྟེན་བཞེངས་པ་སེར་སྐྱ་སྦྲེལ་པོ་འབྱོར་བའི་དུས་ཚོད་ནི།<ཟོལ་མེད་གཏམ་རོལ>P[18]466ལས། སྐྱབས་མགོན་རྩེ་ཤོད་དང་།བཀའ་ཤག་ལྷན་རྒྱས་བཅས་ལ་ཞྭ་དམར་བའི་ཞུ་ཡིག་དང་བཅས་སྲིད་སྐྱོང་ནོ་མིན་ཧན་[19]རིན་པོ་ཆེ་རྒྱ་ནག་ལ་ཆིབས་ཁ་མ་བསྒྱུར་གོང་[20]ཙམ་དུ་བལ་ཡུལ་རྟེན་བཞེངས་པ་སེར་སྐྱ་སྦྲེལ་པོ་འབྱོར་བྱུང་སྐབས། ཞེས་འཁོད་པས། དེ་ལྟར་རྟེན་བཞེངས་སེར་སྐྱ་སྦྲེལ་པོ་ཤིང་སྦྲུལ་(1785)ལོའི་ལོ་མཇུག་གམ་མེ་རྟ་(1786)ལོའི་ལོ་འགོར་བལ་ཡུལ་དུ་ཕྱིན་པ་འདྲ་ཞིག་མངོན། དེ་ཡང་། ཁོང་ཚོ་ཚུར་འབྱོར་བའི་དུས་ཚོད་རོབ་ཙམ་ལས། ཕར་ག་དུས་ཕྱིན་པ་སོགས་གསལ་ཁ་མེད། འོན་ཀྱང་། ཆོས་མགོན་སྤྲུལ་སྐུ་ཚུར་ལམ་སྐྱིད་གྲོང་བརྒྱུད་ནས་ཕེབས་པས། དེ་སྐབས་སྐྱིད་གྲོང་བརྒྱུད་ཀྱི་བླ་མ་འགའ་ཞིག་ལ་འབྲེལ་པ་བྱུང་ཡོད་པ་ནི། བྲག་དཀར་རིག་འཛིན་ཆོས་ཀྱི་དབང་ཕྱུག་གི་རྣམ་[21]ཐར་ལས། རང་ལོ་བཅུ་གཅིག་པ་ཤིང་སྦྲུལ་(1785)ལོར་བདེ་ཆེན་ཆོས་འཁོར་ནས་རྗེ་བཙུན་མཐུ་ཆེན་དཔའ་བོ་ཆོས་ཀྱི་མགོན་པོའང་། གཉའ་ནང་བརྒྱུད་ནེ་པཱ་ལའི་གནས་གཟིགས་སུ་བྱོན་ནས། ཡར་ལམ་དངོས་གྲུབ་[22]ཕུག་ཏུ་ཕེབས་པ་རྗེ་ཉིད་[23]ལ་རིག་འཛིན་ཆེན་པོ་[24]ནས་བརྒྱུད་པའི་བཀའ་ཆོས་འདྲ་གསན་བཞེད་པའི་གནས་ཚུལ་ཕེབས་ཀྱང་། སྐུ་མཚམས་ཀྱི་ཕེབས་མ་བདེ་བར་བཀའ་ལན་འབུལ་བ་དང་མཇལ་ཕྱག་ཞུ་བར་ངེད་རྫོང་བརྡའ་མཛད་པ་བྱམས་སྤྲིན་གཙུག་ལག་ཁང་དུ་མཇལ་ཞིང་ཕྱག་དབང་ཙམ་ལས་ཆོས་འབྲེལ་ནི་མ་ཐོབ། ཅེས་དང་། ཀརྨ་བདུད་འཇོམས་ཀྱི་རྣམ་[25]ཐར་P178ལས། བཅུ་གཅིག་པའི་ཚེས་གཅིག་ནས་བཅད་རྒྱ་ལ་ཞུགས་ཏེ་ཚེ་སྒྲུབ་[26]ལྕགས་སྡོང་མའི་དཀྱིལ་འཁོར་བཞེངས། བདུན་ཕྲག་ཙམ་ནས་བུམ་པའི་ཁ་རྒྱན་ཤུག་པ་ལ་དངུལ་ཆུ་ལྟ་བུའི་ཟིལ་པ་ཕྲོམ་ཕྲོམ་པ་བདུན་ཙམ་པ་ཟླ་བ་གསུམ་དང་། ཞག་བདུན་གྱི་བར་མ་ཉམས་པར་གནས་པའི་ལྟས་ངོ་མཚར་བ་བྱུང་། བདེ་ཆེན་ཆོས་འཁོར་ནས་རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོའང་གཉའ་ནས་བརྒྱུད་བལ་ཡུལ་གྱི་གནས་གཟིགས་ཐ་དག་མཛད་དེ་དངོས་གྲུབ་ཕུག་ཏུ་ཕེབས་པར། ངེད་ཀྱི་ཐོབ་ཡིག་ཆ་ཚང་གཡར་པོ་དགོས་གསུང་པ་ལྟར་ཞུ་ཡིག་རྒྱས་པ་དང་བཅས་ཕུལ་བས། རྗེ་རིག་ཆེན་པོ་ནས་བརྒྱུད་པའི་ཆོས་འབྲེལ་ཞིག་དགོས་ཞེས་ཕེབས་ཀྱང་། ཚེ་སྒྲུབ་ཀྱི་བཅད་རྒྱ་དམ་པོས་སྟབས་མ་བདེ་བར་སྤྲུལ་སྐུ་[27]མཇལ་ཕྱག་ཞུ་བ་དང་གནས་ཚུལ་འབུལ་དུ་བྱམས་སྤྲིན་དུ་བཏང་བས་ཐུགས་ཕྲེང་བཞིན་བྱོན་སོང་སྐད།

བློ་དྭོགས་ཀྱི་གཞི། ༡ དེ་ལྟར་ན། གོང་གསལ་རྟེན་བཞེངས་པ་སེར་སྐྱ་སྦྲེལ་པོས་ཤིང་སྦྲུལ་(1785)ལོའི་ལོ་འགོ་ལ་ཆོས་མགོན་སྤྲུལ་སྐུ་བལ་ཡུལ་ནས་ཚུར་ལོག་པ་བཤད་པས། ཤིང་འབྲུག་(1784)ལོའི་ལོ་མཇུག་གམ་ཤིང་སྦྲུལ་(1785)ལོའི་སྐབས་ཐོག་དེར་བལ་ཡུལ་ན་ཡོད་པར་མངོན་པས། དེ་ནས་ལོ་གཅིག་ཙམ་སོང་ནས་མེ་རྟ་(1786)ལོའི་ལོ་སྟོད་ལ་མ་གཏོགས་བོད་དུ་མ་འབྱོར་བས། རྟེན་བཞེངས་པ་གཉིས་ལོ་གཅིག་ཙམ་བལ་ཡུལ་དུ་འགོར་བས། གོར་ཁས་བསྒོར་བའམ། ཡང་ན་བལ་བོད་བར་ལོ་གཅིག་ཙམ་འགོར་གཞི་གང་ཞིག་བྱུང་བ་ཡིན་ནམ།

༢ བླ་མ་ཞྭ་དམར་བ་མེ་ལུག་(1787)ལོར་གསང་བྲོས་ཀྱིས་སྐྱིད་གྲོང་ཕེབས་པ་གོར་ཁས་མིས་འཇུ་བཟུང་བྱས་ནས་འཁྲིད་པ་དེ་གང་ལ་བརྟེན་ནས་བྱུང་བ་ཡིན་ནམ།

༣ མེ་རྟ་(1786)ལོར་གོར་ཁའི་ཡི་གེ་འབྱོར་ནས་ས་སྤྲེལ་(1788)བར་ལོ་ངོ་གསུམ་ཙམ་རིང་ལ་སྡེ་པ་གཞུང་གིས་གྲ་སྒྲིག་གང་ཡང་བྱེད་མ་ཐུབ་ཚུལ་ཟེར་ན། ཡང་སྙིང་དོན་དེར་སྣང་མེད་དུ་བཏང་བ་མིན་ནམ། གང་ལྟར་ས་སྤྲེལ་སྡེ་གཟར་ཞེས་པ་དེར་ཡ་མཚན་ཅན་གྱི་གནས་ཚུལ་མང་པོ་ཡོད་ཚོད་འདུག།

 

མཇུག་དོན།    དོན་རྐྱེན་དེར་འགན་འབྲེལ་ཡོད་པའི་མི་སྣ་གཙོ་བོ་རྣམས་འགའ་ཞིག་བཤད་པ།

 

1 རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་(1758-1804)མཚོ། ས་སྤྲེལ་ལོར་དགུང་ལོ་༣༡ཏུ་ཕེབས་པས། དགུང་ན་དར་ལ་བབས་ཤིང་། ཕྱག་ལས་གང་གནང་ཀྱང་འཇོན་པའི་ལོ་དུས་སུ་སླེབས་པ་དང་། མེ་རྟ་(1786)ལོར་གོང་མའི་བཀའ་ལུང་གིས་ཀྱང་ཆབ་སྲིད་ཀྱི་འགན་དབང་བཞེས་དགོས་པའི་ཆོ་ལོ་[28]ཕེབས་པ་སོགས་བབ་འོས་ཆེན་པོ་ཡིན་ཏེ། འཇིག་རྟེན་གྱི་ཁ་དཔེར། ཕོ་ལོ་ལྔ་གསུམ་བཅོ་ལྔ་ལ། ཚོང་དང་འཁྲུག་པ་རྒྱག་ཚོད་ཤེས། མོ་ལོ་ལྔ་གསུམ་བཅོ་ལྔ་ལ། ཞོ་དང་འོ་མའི་ཚ་གྲང་ཤེས། ཞེས་པ་བཞིན། མི་སྤྱིར་བཏང་ཞིག་གི་ངོས་ནས་ཀྱང་བྱ་བའི་འགན་ལེན་པའི་དུས་དེ་ཙམ་དུ་ཟིན་ན། ཁོང་ནི། སྤྲུལ་སྐུ་དམིགས་བསལ་བ་ཡིན་པས་སོ་སོའི་འོས་འགན་དེ་བས་ཀྱང་བསྣམ་དགོས་ངེས། འོན་ཀྱང་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་དམ་འཛིན་བྱེད་པ་ལས། སྤྱི་ཚོགས་ལ་ཐུགས་སྣང་གནང་མ་ཐུབ་པ་དང་། ལྷག་པར་ས་བྱ་(1789)ལོར་གོང་མས་མངགས་པའི་དཔོན་དམག་འབོར་ཆེ་ཡོད་ཀྱང་། བོད་དབུས་གཙང་དུ་ཡར་འགྲོ་མར་འགྲོ་སྐྱེལ་འདྲེན་འུ་ལག་བརྡབ་གསིག་ལས། ཆིངས་རྒྱབ་དམག་མི་ཙམ་ཡང་མ་བྱས་པས། དེ་དག་སྐུལ་སློང་བཀའ་སློབ་ཙམ་ཡང་ཕེབས་མ་ཐུབ་པ་དང་། ཆིངས་ཡིག་ལ་གྲོགས་དན་བློ་འདོན་ཙམ་ཡང་མ་ཐུབ་པར་མངོན་པས། རང་འགན་སྐྱུར་འཇོག་བྱས་པ་མ་ཡིན་ནམ།

2 རྟ་ཚག་བསྟན་པའི་མགོན་(1760-1810)པོ། གོར་དམག་བྱུང་རྐྱེན་བོད་ཀྱི་བྱ་བ་གལ་གནད་ཆེ་བས་ས་བྱ་(1789)ལོར་རྒྱལ་བའི་ཕྱག་རོགས་སུ་བསྐོས། འོན་ཀྱང་ཁོང་གི་རྣམ་ཐར་མ་མཇལ།

3 ཚེ་སྨོན་གླིང་ངག་དབང་ཚུལ་(1721-1791)ཁྲིམས། རྒྱལ་ཚབ་གནང་བཞིན་པའི་མེ་རྟ་(1786)ལོར་གོང་མའི་དབུ་བླར་ཕེབས། ལྕགས་ཁྱི་(1791)ལོའི་ལོ་མཇུག་ཏུ་བོད་དུ་ཕེབས་ནས་ཆབ་སྲིད་དང་སྤྱི་ཚོགས། ལྷག་པར་གོར་ཁའི་དམག་འཁྲུག་སོགས་ལ་ཐུགས་འཁུར་ཆེན་པོ་བཞེས་བཞིན་པའི་མུ་ལྕགས་ཕག་(1791)ལོའི་ཟླ་༣པའི་ནང་ཞི་བར་གཤེགས། ཁོང་ནི་དགའ་ལྡན་ཕོ་བྲང་པའི་དབང་འཛིན་གཞན་དང་མི་འདྲ་བར་སྤྱི་ཚོགས་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་སྟེ། སྡེ་གཟར་དེའི་ལས་ཀ་ཐ་ཞན་རྣམས་ལ་ཐུགས་ཁྲོས་པའི་བཀའ་བཀྱོན[29]་དང་བཅས་སླད་ནས་ངེད་རང་དམག་རྒྱབ་[30]ཙམ་དུ་འགྲོ་དགོས་ཀྱང་ཕེབས་ཀྱི་ཡིན་ཚུལ་བཅས་གཞན་དང་མི་འདྲ་བ་གནང་རྩིས་ཡོད་འདུག་ཀྱང་དེ་ནས་རིང་མིན་ཞི་བར་གཤེགས་པས་དོན་དུ་མ་འཁྱོལ། སྐུ་ཚེ་མཐར་འཁྱོལ་བྱུང་ན་སྔོན་མ་རྣམས་དང་མི་འདྲ་བ་ཞིག་ཡོང་རེ་ཡོད་འདུག །

4 དམག་འཁྲུག་དེ་དག་ལ་བྱས་རྗེས་ཡོད་པའི་མི་སྣ། སྨན་སྟོད་པ་བསམ་[31]འགྲུབ(འཁྲུངས་འདས་ལོ་ཚིགས་མ་རྙེད)། ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱིས་དགྲ་འཇོམས་དཔའ་བོའི་དབང་ཕྱུག །ཅེས་པའི་ཆོ་ལོས་གཟེངས་བསྟོད། དེ་རྗེས་གོང་མ་ཆེན་[32]པོས་གོར་དམག་སྔོན་རྗེས་[33]གཉིས་ཀར་གཞུང་རྫོང་དགྲ་ལག་ཏུ་མ་ཤོར་བའི་བྱས་རྗེས་ཟལ་ཐོན་བྱུང་བར། རིམ་པ་བཞི་པའི་ཏོག་གནས་མུ་མེན་གྱི་ཏོག་དང་། རྨ་བྱའི་སྒྲོ་མདོངས་བཅས་སྩལ། ཞེས་སོགས་འཁོད།

5 ལྡིང་ལྕགས་སྦུག་[34]སྤེན་པ་ཞེས་པར་ཚེ་སྨོན་གླིང་པས་ས་སྤྲེལ་སྡེ་གཟར་ལ་བྱས་རྗེས་གཟེངས་བསྟོད་གནང་འདུག་ཀྱང་ས་གནས་གང་དུ་བྱུང་མིན་སོགས་ཞིབ་པ་མ་ཤེས། ཧ་ལམ་ཤེལ་དཀར་དུ་སྨན་སྟོད་པ་དང་ལས་སྦྲེལ་མིན་ནམ་སྙམ།

དེ་ལྟར་ས་སྤྲེལ་སྡེ་གཟར་གྱི་ངོ་སྤྲོད་རགས་ཙམ་འདི་སྤྱིར་རྐྱེན་རྩ་མང་ལ་ཤུགས་རྐྱེན་ངན་པ་རྒྱུན་རིང་ཞིང་། ཡིག་རིགས་འདྲ་མིན་ཡང་ཅུང་ཟད་མཐོང་བས། རང་གི་མཐོང་ཐོས་རྣམས་ཅུང་ཟད་བཀོད་ན་འགའ་ཞིག་ལ་ཉི་མ་འཁྱོལ་བྱེད་འདྲ་ཡོང་སྲིད་སྙམ་ནས་བཀོད་པ་ལགས་སོ། །

 

༢༠༢༠ལོའི་ཟླ་༣པའི་ཚེས་༢༣ལ།


[1]ཀརྨ་པ་ཆོས་གྲུབ་རྒྱ་མཚོ་ཤངས་བཀྲ་ཤིས་རྩེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གཅུང་པོ་ཡིན། ལྕགས་བྱ་1741ལོར་བལྟམས། དགུང་གྲངས་ང་གཉིས་པ་ཆུ་བྱི་1792ལོར་གཤེགས།

 

[2]ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས།

[3]བསྟན་འཛིན་དཔལ་འབྱོར།

 

[4]འདིར་མོན་་ཞེས་པ་ནཻ་པ་ལཱའི་དམག་མིའམ་མིར་གོ་དགོས་པ་ཡིན་ནོ། །

 

[5]གཙང་སོའི་བྲག་ནག་ནས་སྤོང་རོང་པདྨ་སྡིངས་དགོན་པར་འགྲོ་སའི་ལ་ཞིག་གི་མིང་།

[6]དམག་འཁྲུག་ལ་གོ་དགོས།

[7]དམག་རྒྱག་པར་གདེང་ཚོད་མེད་བཞིན་དུ་སྔོན་སླེབས་གོར་ཁའི་མི་རྣམས་ལ་དམག་འཁྲུག་བསླངས་པ།

[8]གོར་ཁའི་དམག་མི་ཚུད་པའི་མིར་གོ་དགོས།

 

[9]གོར་དམག་གམ་གོར་ཁའི་མི།

[10]གོར་ཁའི་ལས་བྱེད་དམ་དམག་དཔོན་ཞིག །

[11]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གདན་ས་སྐྱིད་གྲོང་བསམ་གཏན་གླིང་།

[12]ཞྭ་དམར་བའི་ཞབས་ཕྱི་དགེ་སློང་མཆོག་སྦྱིན།

[13]སྐབས་དེའི་བལ་བོད་ས་མཚམས། རི་སོག་ཀྱང་ཟེར།

 

[14]གོང་གསལ་གོར་ཁའི་དམག་དཔོན།

[15]ཚེ་རིང་དབང་རྒྱལ་ཟེར་བ་ཡང་འདུག །མདོ་མཁར་བའམ་རག་ཤག་གི་མི་ངོ་རེད་འདུག

 

[16]ས་བྱ་ལོར་རྒྱ་ནག་ནས་དཔོན་དམག་མང་པོ་སླེབས་པའི་འགོ་བྱེད་གཙོ་བོ་ནང་བློན་ཆིན་ཁྲའི་དཔའ་བརྡ་རིན། ཁོང་གིས་ཕུལ་བའི་བཀའ་བློན་བསོད་ནམས་དབང་རྒྱལ་དང་འབྲེལ་པའི་སྙན་ཞུ་ཚང་མ་རྫུན་མ་ཡིན་ཚུལ་གསལ། འོན་ཀྱང་། བསོད་ནམས་དབང་རྒྱལ་ཟེར་བ་ཡོན་ཏན་ཆེ་བའི་སྟབས་རྒྱུན་པར་ཡོན་ཏན་ལ་དཔགས་པའི་ལས་ཁུངས་སོ་སོར་ཁོ་པའི་འདུས་དབང་གི་འགོ་འཆིང་དང་། སྡེ་པ་འགོ་ཡོད་སོགས་ལ་ཁྲིམས་གཅོད་བྱས་པར་བརྟེན་བཀའ་བློན་གཞན་གྱི་ཁ་དབང་ལ་མ་སོང་བའི་སྟབས། ཚང་མའི་སེམས་ལ་མ་རུངས་པ་སྐྱེས་ཏེ་གཏིང་ནད་ཁོག་ཟིན་གྱིས་མི་འོས་པའི་གླེང་གཞི་སྣ་ཚོགས་བྱས་འདུག་པ་ལས། ཞེས་སོགས་འཁོད་པས། བཀའ་བློན་ནང་ཁུལ་ནས་ཀྱང་གླེང་གཞི་ཞིག་བྱུང་བ་ཡིན་ཚོད་འདུག །རྡོ་རིང་བསྟན་དཔལ་གྱིས་ཀྱང་། བསོད་དབང་ཁོང་ལ་སྐུ་རླུང་གདོན་སྐྱོད་ལྟ་བུའི་ཕྱི་ནང་ཚང་མར་འར་སྤྱོད་ཀྱི་མཛད་པ་སྣ་ཚོགས་ལ་བརྟེན་གོང་མ་མཆོད་ཡོན་དགོངས་འཚོམས་དང་། ལས་དོན་ལ་འཐུས་ཤོར་སོགས་བྱུང་དྭོགས་དགོངས་ཞུ་མཛད་དགོས་བྱུང་སོང་་་་ཞེས་སོགས་བཀོད་འདུག

 

[17] <སྨན་སྒོམ་པའི་རྣམ་ཐར་གོང་གསལ།>P153དང་154རྣམས་སུ་གསལ་ལོ།

[18]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ།

[19]ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས།

[20]མེ་རྟ་1786ལོའི་ཟླ་ལྔ་པར་ཐོན་པས་དེའི་སྔོན་ཙམ།

[21]བྱ་བྲལ་བ་ཆོས་ཀྱི་དབང་ཕྱུག་གི་རང་མཚང་ལྷུག་པར་བརྗོད་པ་འཁྲུལ་སྣང་སྒྱུ་མའི་རོལ་རྩེད།P93

[22]སྐྱིད་གྲོང་བྱམས་སྤྲིན་གྱི་ཉེ་འདབས་དངོས་གྲུབ་ཕུག་དང་། དེ་དང་ཉེ་བར་གནས་པའི་དགོན་པ་ཞིག་ལ་ཡང་གོ

[23]རིག་འཛིན་ཀརྨ་བདུད་འཇོམས།

[24]ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ལ་གོ།

[25]རིག་འཛིན་ཀརྨ་བདུད་འཇོམས་ཞབས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཉིན་བྱེད་ངོ་མཚར་སྣང་བའི་གཏེར་མཛོད།P177དང་178

[26]ཚེ་སྒྲུབ་འདི་ཀརྨ་ཞྭ་དམར་བ་ཤིང་འབྲུག་ལོའི་ཟླ་བཅུ་པའི་ནང་རྫོང་སྐྱིད་བརྒྱུད་ནས་བལ་ཡུལ་དུ་ཕེབས་སྐབས། ཀརྨ་བདུད་འཇོགས་ལ་དངུལ་དང་གོས་ཡུག་སོགས་གནང་སྦྱིན་བསྩལ་ནས་ཚེ་སྒྲུབ་ཅིག་མཛད་དགོས་གསུངས་པ་བཞིན་མཛད་པ་དེ་རེད་འདུག། སྐབས་དེར་ཟླ་བ་གསུམ་ལྷག་ཙམ་སོང་བ་གསལ་བས། ཤིང་སྦྲུལ་(1785)ལོའི་ལོ་འགོ་ལ་ཡིན་པར་གསལ།

 

[27]ཁོང་གི་སྲས་རིག་འཛིན་ཆོས་ཀྱི་དབང་ཕྱུག

 

[28]<རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན་>ལྡེབ་༡༥༨ན༤

 

[29]<ཟོལ་མེད་གཏམ་རོལ>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ།P108-110པ་ལས། ཤོག་ངོས་ཕྱེད་གཉིས་ཙམ་གསལ་བས་དེར་གཟིགས།

[30]<ཟོལ་མེད་གཏམ་རོལ>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ།P116པ་ལས། ་་དེ་དོན་སྲིད་སྐྱོང་ནོ་མིན་ཧན་ཆེན་པོར་སྙན་ཞུ་བྱས་པའི་ཕྱིར་ཕེབས་སུ། དེ་སྔ་ཕན་ཆད་རྒྱ་བོད་ཚང་མས་གོར་ཥ་རྒྱལ་ངན་སྐྱག་ལང་དུ་བཏང་བས་ལན་པ་ཡིན་འདུག་ཅིང་། ད་སྒོས་ཀྱང་ཁོ་པ་ཀླ་ཀློ་རྣམས་རྫོང་སྒོའི་བསླུ་རིན་ལེན་འདོད་ཡོད་ཚེ་ཕར་བཏུད་ནས་སྤྲོད་འོས་མ་ཆེ་ཞིང་། ཚུར་ལེན་ལ་སླེབས་བྱུང་ཚེ་ས་མཚམས་རྫོང་གཞིས་ཁག་ནས་སྔར་ལུགས་སུ་མ་སོང་བར་བཀག་འགོག་ཐུབ་ན་གང་ཐུབ་བྱེད་པ་དང་། དེ་ལྟར་ཅི་སྟེ་མ་ཐུབ་ཚེ་དབུས་གཙང་དྭགས་ཀོང་དང་བཅས་པའི་དཔུང་དམག་རྣམས་ཞིབ་བསྐུལ་གྱི་ཐོག་ནས་ངེད་རང་ཡང་དགའ་ལྡན་གསེར་ཁྲི་འཛིན་མྱོང་ཙམ་མ་ཟད། བླ་མའི་གནས་སུ་སོང་གཤིས་འཐབ་འཛིང་དངོས་སུ་བྱས་པས་ཅི་ལ་འཐུས་རུང་། བསྟན་པར་དགྲ་བྱུང་ན་འཁར་གསིལ་མདུང་ཚབ་གྱིས་ཟེར་བའི་དཔེ་ལྟར་འདི་མུས་སུ་བསྡད་པས་མ་འཐུས་གཤིས། བོད་དམག་གི་རྒྱབ་འདེད་ཙམ་ལ་འགྲོ་དགོས་བྱུང་རུང་ཕྱིན་ཏེ་དེ་སྔ་ལྟ་བུའི་ཉ་ཉུང་མཉམ་བསྲེས་མ་ཡིན་པའི་བྱས་བྱུང་དབྱེ་དཔྱད་ཀྱི་ཐོག་ནས་ཚར་གཅོད་རྗེས་འཛིན་དགོས་རིགས་འཕྲལ་འཕྲལ་བྱས་རྗེས་གོར་དཔུང་ལྕགས་ལས་གྲུབ་པ་དང་། བོད་དམག་མར་ལ་བཟོས་པ་མིན་སྟབས་རྒྱ་དམག་གི་རྒྱབ་དཔུང་མ་བྱུང་རུང་རང་སྡེ་རང་བསྲུངས་ཐུབ་ཙམ་ཞིག་ཡོང་གཞིར་བཅས་་་ཞེས་སོགས་བཀའ་མོལ་རུས་པ་ཅན་ཕེབས།

[31] <ཚེ་སྨོན་གླིང་རྒྱལ་ཐོག་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ། སྨད་ཆ།P1062-1063བར་ལ། ་་ལ་སྟོད་སྨན་ཁབ་སྟོད་པ་ནས་ས་སྤྲེ་ལོར་གོར་ཥས་སྡེ་གཟར་སྐབས་བསྟན་དོན་ལར་རྒྱའི་ཞབས་འདེགས་ཧུར་སྐྱེད་ཞུས་འདུག་པར་བརྟེན་་་་ཞེས་པ་ནས། སྔ་འཕྲོས་རྫོང་ཁ་རྫོང་སྡོད་དང་ཞབས་སྡོད་ཆབས་ཅིག་པའི་ལས་ཁུར་བསྐོ་གཞག་བགྱིས་ཏེ། དགྲ་འཇོམས་དཔའ་བོའི་དབང་ཕྱུག །ཅེས་པའི་ཆོ་ལོའི་གཟེངས་བསྟོད་དང་བཅས་བྱས་པ་ཡིན། ཞེས་སོགས་འཁོད།

[32]<ཟོལ་མེད་གཏམ་རོལ>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ།P763པར་གསལ།

[33]ས་སྤྲེལ་(1788)ལོ་ཤེལ་དཀར་རྫོང་དང་ལྕགས་ཕག་(1791)ལོར་རྫོང་ཁ་རྫོང་བཟུང་ནས་དམག་འཐབ་དྲག་པོ་བྱས་ནས་གཞུང་རྫོང་དགྲ་ལག་ཏུ་མ་ཤོར་བ་ཡིན།

[34]<ཚེ་སྨོན་གླིང་རྒྱལ་ཐོག་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤར་མ། སྨད་ཆ།P178 ནང་གསལ།

ཡོང་ཁུངས། ཨ་མྱེས་རྨ་ཆེན་གྱི་འཕྲིན་སྟེགས།

 

 

བརྒྱུད་སྐུལ།

མཆན་སྤེལ།