སེ་ར་ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེའི་རྣམ་ཐར།

སེ་ར་ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེའི་རྣམ་ཐར།

ཁོང་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཚལ་གུང་ཐང་དུ་ཚལ་བའི་དཔོན་བརྒྱུད་ཀྱི་རིགས་སུ་སྤྱི་ལོ་ 1354 ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་ཡི་གེ་འབྲི་ཀློག་སོགས་གསན་བསམ་མཛད། རབ་ཏུ་བྱུང་བའི་མཚན་ལ་ཤཱཀྱ་ཡེ་ཤེས་ཞེས་གསོལ། བླ་མ་མང་པོ་བསྟེན་ནས་གསུང་རབ་ལ་སྦྱངས་པ་མཛད་དེ་མཁས་པར་གྱུར། ལྷག་པར་རྗེ་ཙོང་ཁ་པ་བླ་མར་བསྟེན་ཞིང་བཀའ་ཆོས་གནང་བ་ཐམས་ཅད་ཐུགས་ལ་མངའ་བ་ཡིན། རྒྱ་ནག་ཏཱ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་གདན་དྲངས་པ་ཕེབས་མ་ཐུབ་སྟབས་རྗེ་ཉིད་སྐུ་ཚབ་ཏུ་ཕེབས། རྗེ་ཙོང་ཁ་པའི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་མཛད།

 

མཐར་དགུང་ལོ་གྱ་གཉིས་པ་སྤྱི་ལོ་ 1435 ལོའི་བོད་ཟླ་ ༡༠ ཚེས་ ༢༤ ཉིན་སྐུ་འདས།

རབ་བྱུང་བཅུ་བདུན་པའི་ས་བྱི་སྤྱི་ལོ་ 1408 ལོར་ཏཱ་མང་རྒྱལ་པོས་རྗེ་ཙོང་ཁ་པ་གདན་དྲངས་པ་ཕེབས་མ་ཐུབ་སྟབས་བྱམས་ཆེན་ཆོས་རྗེ་སྐུ་ཚུབ་ཏུ་གཏོང་གནང་མཛད། གོང་མ་ཡུང་ལོ་(永乐)ཁྲི་ལོ་བཅུ་གཉིས་པ་ཤིང་རྟ་སྤྱི་ལོ་ 1414 ལོའི་ཟླ་བཅུ་གཉིས་པའི་ཟླ་སྨད་དུ་དབུས་ནས་ལྷོ་ཁ་ཁམས་ཕྱོགས་ལི་ཐང་བརྒྱུད་ནས་རིམ་གྱིས་རྒྱ་ནག་གོང་མའི་ཕོ་བྲང་དུ་ཕེབས་ཏེ་ཡུང་ལོ་རྒྱལ་པོ་དང་མཇལ། གོང་མ་ཆེན་པོ་སྲི་ཞུ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། གོང་མ་རྒྱལ་པོས་རྒྱལ་ཁབ་འདིར་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་རྣམས་དར་བ་ཞིག་བྱ་འདོད་པས་མདོ་སྔགས་ཀྱིས་ཆོས་སྤྱི་དང་ཁྱད་པར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་མཆོད་པ་བྱེད་དགོས་པའི་བཀའ་ལུང་གནང་།
དེ་ནས་གོང་མའི་དགོངས་པ་ལྟར་རྒྱུད་སྡེ་སྒྲུབ་མཆོད་འཛུགས་པ་དང་དགོན་སྡེ་འདེབས་པ་སོགས་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པས། ཐམས་ཅད་མཁྱེན་པ། བློ་གྲོས་ཆེན་པོ། ཀུན་གྱི་སྐྱོབ་པ།  བྱམས་པ་ཆེན་པོ།  ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བར་སྦྱོར་བ།  ཀུན་གྱི་གཙུག་ཏུ་དབང་བསྐུར་བ།  ནུབ་ཕྱོགས་ཀྱི་རྒྱལ་བའི་སྲས་པོ།  སྐྱིད་པའི་རྒྱལ་སྲིད་མི་འགྱུར་བརྟན་པའི་བླ་མ་ཆེན་པོ། ཏཱ་ཀོའུ་ཤྲི་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་གསོལ་བ་དང་།  གསེར་ནག་ལས་གྲུབ་པའི་ཐམ་ག་དང་བཅས་ཕུལ་ཏེ་བསྟན་འཛིན་མཐའ་དག་གི་གཙུག་རྒྱན་དུ་མངའ་གསོལ།  སླར་ཡང་སྤྱི་ལོ་ 1429 ལོར་གོང་མས་སྤྱན་དྲངས་ཏེ་རྒྱ་ནག་པེ་ཅིང་དུ་ཐེངས་གཉིས་ཕེབས་པར་ཆོས་སྦྱིན་གྱི་ལས་མང་དུ་སྤེལ་བ་སོགས་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས།

སེ་ར་ཐེག་ཆེན་གླིང་ནི་སྤྱི་ལོ་ 1419 ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ་མཛད།  དགོན་པ་ཐོག་མར་འདེབས་སྐབས་ཤིང་སེ་བའི་སྡོང་པོ་ར་བ་བསྐོར་བ་ལྟར་ཡོད་པས་སེ་བའི་ར་བས་བསྐོར་བ་ན་སེ་ར་ཞེས་བརྗོད།  སེ་ར་དགོན་པ་མ་ཆགས་གོང་དུ་རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་ནས་སློབ་མ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་།  དབུ་མ་རྩ་བ་ཤེས་རབ་ཀྱི་ཊིཀ་ཆེན་རྩོམ་པར་དགོངས་ཏེ་ཟབ་མོ་སྟོང་པ་ཉིད་ལ་བརྟག་ཅིང་དཔྱད་པ་ན་གཟིགས་སྣང་ལ་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་སྟོང་ཉིད་བཅུ་དྲུག་སོགས་ཨ་ཡིག་གི་རྣམ་པར་ཆར་བབས་པས་བྱེས་ཆོས་རའི་ནང་རྡོ་ཕུང་ཞིག་ལ་བཅུ་གསུམ་ཐིམ་པར་གཟིགས་པ་ལྟར་བྲག་རྡོའི་སྟེང་དུ་ཨ་ཡིག་རྣམ་པ་འབུར་དུ་དོད་པ་སོགས་མངོན་མཚར་བའི་རྟགས་དུ་མ་བྱུང་།  སྐབས་དེར་འཇམ་མགོན་བླ་མས་མ་འོངས་པར་གནས་དེར་དབུ་མ་ལ་མཁས་པའི་སྡེ་ཆེན་པོ་ཞིག་ཆགས་པར་འོང་ཞེས་ལུང་བསྟན།

གནས་དེར་རྗེ་བདག་ཉིད་ཆེན་པོས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་དང་། འཁོར་ལོ་བདེ་མཆོག་གཉིས་ཀྱི་རྩ་རྒྱུད་དབུ་ནས་ཆོས་ཐེངས་རེ་གསུངས།  རྗེ་ཤེས་རབ་སེང་གེ་ལ་གསང་བ་འདུས་པའི་བསྟན་པ་གཏད།  བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་བཀའ་བཀོད་མཛད་པ་བཞིན་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་སྦྱར་ནས་སེ་ར་ཐེག་ཆེན་གླིང་བཞེངས། སྐབས་དེར་ཚོགས་ཆེན་གཅིག་དང་།  རིམ་བཞིན་གྲྭ་ཚང་གསུམ།  ཁང་ཚན་སོ་གསུམ།  གྲྭ་པ་སྟོང་ཕྲག་གསུམ་ལྷག་འཕེལ་རྒྱས་བྱུང་ངོ་།།

དཔྱད་གཞིའི་ཡིག་ཆ།

1  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྟོད་ཆ་》 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་ 1 པོའི་དཔར་ཐེངས་དང་པོ། ཤོག་ངོས་ 661 ན་གསལ།

2  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་ 《དུང་དཀར་ཚིག་མཛོད་ཆེན་མོ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 ལོའི་ཟླ་ 4 པའི་དཔར་ཐེངས་དང་པོ། ཤོག་ངོས་ 1481 ན་གསལ།

བརྒྱུད་སྐུལ།

མཆན་སྤེལ།