རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

རྗེ་འདི་ནི་ཉང་སྟོད་ཕྱུག་པོ་གཞུང་སྨིན་དྲུག་ཁྱུང་རྩེ་ཞེས་པའི་དཔོན་རྒྱུད་དུ་ཡབ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོམ་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་གླང་ (༡༤༦༩) ལོར་འཁྲུངས། དགུང་ལོ་དྲུག་ལ་༸རྒྱལ་བ་དགེ་འདུན་གྲུབ་ཆབ་ཚན་ལ་ཕེབས་པ་སྐབས་འཁེལ་གྱིས་གདན་དྲངས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུ་གནང་མཛད་། དགུང་ལོ་བདུན་ལ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།

 

དེའི་དྲུང་ནས་ཟབ་ཆོས་མང་དུ་གསན། སྨིན་དྲུག་ཁྱུང་རྩེར་བཞུགས་ནས་དཀའ་ཆེན་བཞིའི་རྩ་གཞུང་དང་། རྩ་འཇུག་གཉིས། མདོ་སྡུད་པ། ལམ་སྒྲོན་སོགས་ཐུགས་འཛིན་གནང་ནས་ལོ་ལྔ་བཞུགས། དགུང་ལོ་བཅུ་གསུམ་ལ་བཀྲ་ཤིས་ལྷུན་པོར་གསན་སྤྱོང་ལ་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྤྱོང་མཛད། དགུང་ལོ་བཅོ་ལྔ་ལ་ཚད་མ་སྡེ་བདུན་གཟིགས་ནས་མཁས་པའི་གྲགས་པ་ཐོབ།

དགུང་ལོ་བཅུ་དྲུག་པ་ལ་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས། དེའི་དྲུང་ནས་འདུལ་བ་མདོ་རྩ། མངོན་པ་མཛོད་སོགས་གསན། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་ཕར་ཚད་དབུ་གསུམ་དང་། འདུལ་མཛོད་བཅས་བཀའ་པོད་ལྔར་མཁས་པའི་གཙུག་རྒྱན་དུ་གྱུར། དགུང་ལོ་ཉེར་གསུམ་ལ་བཀྲ་ཤིས་ལྷུན་པོའི་དགེ་སྐོས་མཛད། དེ་ནས་དཔའ་འཁོར་བདེ་ཆེན་དང་། གནས་རྙིང་གཟུངས་སྒྲུབ་རྣམས་སུ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞི་པར་དབུས་སུ་ཕེབས་ནས་སེ་རར་ཆོས་རྗེ་དོན་ཡོད་དཔལ་ལྡན་དང་མཇལ། དེ་ནས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་དུ་རྩ་འཇུག་གཉིས་ཀྱི་ཊཱིཀྐ། དྲང་ངེས། ཚུལ་ཁྲིམས་ལེའུའི་རྣམ་བཤད། ཧོར་སྟོན་གྱི་བློ་སྦྱོང་སོགས་ཀྱི་བཤད་ལུང་གསན།

སེ་ར་རྩེར་དཔེ་མཚམས་ལ་བཞུགས་ནས་ཤེར་ཕྱིན་མདོའི་འགྲེལ་རྐང་ཐུགས་སུ་ཆུད། རྗེ་ཤེས་རབ་བཟང་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་ལ་གནས་རྙིང་ཆོས་རྗེའི་བཀའ་བཞིན་སླར་ཡང་གཙང་ཕྱོགས་ལ་ཕེབས་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་ཞེ་གསུམ་པ་ལྕགས་ལུག་ (༡༥༡༡) ལོར་མཁས་གྲུབ་དོན་ཡོད་དཔལ་ལྡན་གྱི་སྐུ་ཚབ་ཏུ་སེ་ར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད། མཁས་པའི་གྲགས་པ་ཆེས་ཆེར་གྲགས་སྟབས་སྟེང་པ་སྒར་པས་ས་སྐྱའི་དགེ་བཤེས་མཁས་པ་མང་པོ་བསགས་ནས་པོ་ཏ་ལ་དང་། གཞིས་ཀ་སྣེའུ་རྣམས་སུ་སེ་འབྲས་ཀྱི་བླ་མ་རྣམས་ཀྱི་དབུས་སུ་རྗེ་འདིས་ས་སྐྱའི་མཁས་པ་དང་བགྲོ་གླེང་མཛད་དེ་ཕས་ཀྱི་རྒོལ་བར་མཛད།

དགུང་ལོ་ང་ལྔ་ལོ་ལ་སྟག་རྩེ་རིན་ཆེན་སྒང་གི་མཁན་པོར་ཕེབས། རྗེ་འདི་རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ལ་མཁས་པས་སྔགས་པ་ཆེན་པོའི་མཚན་ཐོབ་ཅིང་། དེ་ནས་མི་རིང་བར་སེ་རའི་ཁྲི་ཐོག་བཅུ་གཉིས་པར་ཕེབས། དགུང་ལོ་བདུན་ཅུར་ཕེབས་པ་ས་ཁྱི་(༡༥༣༨)ལོར་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་ཚབ་ཏུ་སྐྱར་དུ་སེ་རའི་ཁྲི་པ་གནང་། དགུང་ལོ་དོན་གསུམ་ལ་ཆོས་རྗེ་ཤེས་རབ་སེང་གེ་ལ་གྲྭ་ཚང་གི་འཆད་ཉན་འགན་འཁྲི་གནང་ནས་རྗེ་ཉིད་ཟུར་བཞུགས་མཛད།

བཀའ་རྩོམ་སྐོར། 《བསྟན་བཅོས་མངོན་རྟོགས་རྒྱན་གྱི་མཐའ་དཔྱོད་སྐོར་དང་།》 《དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བ།》 《བསམ་གཟུགས་ཀྱི་མཐའ་དཔྱོད།》 《དབུ་མ་འཇུག་པའི་མཐའ་དཔྱོད།》 《ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ལོག་རྟོག་འགོག་པར་བྱེད་པའི་བསྟན་བཅོས་ལྟ་བ་ངན་པའི་མུན་སེལ་》 ཞེས་གོ་ཤག་གཉིས་ལ་གདམས་པ་སོགས་མང་དུ་མཛད། སྐུ་ཚེའི་སྨད་དུ་བདེ་ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས་ནས་མཐར་དགུང་ལོ་དོན་དྲུག་ལ་ཕེམས་པ་རབ་བྱུང་དགུ་པའི་ཤིང་འབྲུག་ (༡༥༤༤) ལོར་ཞི་བར་གཤེགས།

 

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

 

སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

གསུང་འབུམ་པོད་བདུན་བཞུགས།

 

གསུང་པོད་དང་པོ། ༡༽ བསྟན་བཅོས་མངོན་རྟོགས་རྒྱན་གྱི་མཐའ་དཔྱོད་ལེགས་བཤད་གསེར་གྱི་ཕྲེང་བ་མཁས་པའི་མགུལ་རྒྱན་སྐབས་དང་པོ་ལ་ཤོག་གྲངས། 164) དང་། ༢༽ སྐབས་གཉིས་པའི་མཐའ་དཔྱོད་དྲི་མ་མེད་པར་ཤོག་གྲངས། 71) ༣༽ སྐབས་གསུམ་པརཤོག་གྲངས། 23) ༤༽ སྐབས་བཞི་པར་ཤོག་གྲངས། 63) ༥༽ སྐབས་ལྔ་པ་དང་། དྲུག་པ། བདུན་པ་རྣམས་ཀྱི་མཐའ་དཔྱོད་ལ་ཤོག་གྲངས། 18) ༦༽ སྐབས་བརྒྱད་པར་ཤོག་གྲངས། 15) ཡོད་པ་བཅས་སོ།།

 

གསུང་པོད་གཉིས་པ། ༡༽ བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་དང་། རྣམ་བཤད་སྙིང་པོ་རྒྱན་གཉིས་ཀྱི་སྤྱི་དོན་སྐལ་བཟང་རོལ་མཚོ་ལ་ཤོག་གྲངས་ 137) དང་། ༢༽ སྤྱི་དོན་སྐལ་བཟང་རོལ་མཚོའི་སྐབས་དང་པོར་ཤོག་གྲངས། 45) ༣༽ ཀླུ་དབང་རོལ་མཚོའི་སྦྱོར་ལམ་གྱི་སྤྱི་དོན་ལ་ཤོག་གྲངས། 23) ༤༽ རིགས་ཀྱི་སྤྱི་དོན་ལ་ཤོག་གྲངས། 30) ༥༽ ཀླུ་དབང་རོལ་མཚོའི་གོ་སྒྲུབ་མན་ལ་ཤོག་གྲངས། 79) བཅས་སོ།།

 

གསུང་པོད་གསུམ་པ། ༡༽ བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་རྣམ་བཤད་རྣམ་པ་གཉིས་ཀྱི་དཀའ་གནད་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་སྐབས་གཉིས་པའི་སྤྱི་དོན་ལ་ཤོག་གྲངས། 85) ༢༽ སྐབས་གསུམ་པའི་སྤྱི་དོན་ལ་ཤོག་གྲངས། 34) ༣༽ སྐབས་བཞི་པའི་སྤྱི་དོན་ལ་ཤོག་གྲངས། 147) ༤༽ སྐབས་ལྔ་པའི་སྤྱི་དོན་ལ་ཤོག་གྲངས། 36) ༥༽ སྐབས་བརྒྱད་པའི་སྤྱི་དོན་ལ་ཤོག་གྲངས། 68) བཅས་སོ།།

 

གསུང་པོད་བཞི་པ། ༡༽ དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བ་ལ། 54) དང་། ༢༽ རྟེན་འབྲེལ་གྱི་སྤྱི་དོན་ཀླུ་དབང་གི་རོལ་མཚོ་ལ་ཤོག་གྲངས། 37) ༣༽ རྟེན་འབྲེལ་གྱི་ཐལ་ཕྲེང་མཁས་པའི་མགུལ་རྒྱན་ལ་ཤོག་གྲངས། 43) ༤༽ ས་ལམ་གྱི་རྣམ་གཞག་ལ་ཤོག་གྲངས། 20) ༥༽ དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལ་ཤོག་གྲངས། 45)

༦༽ བསམ་གཟུགས་ཀྱི་མཐའ་དཔྱོད་ལ་ཤོག་གྲངས། 36) ༧༽ གྲུབ་མཐའི་རྣམ་གཞག་ལ་ཤོག་གྲངས། 15) ༨༽ དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་ལ་ཤོག་གྲངས། 16) བཅས་སོ།།

 

གསུང་པོད་ལྔ་པ། ༡༽ རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་ཞེས་བྱ་བ་ལེའུ་དང་པོའི་འགྲེལ་པ་ལ་ཤོག་གྲངས། 121) ༢༽ འབྲས་རྟོགས་གཉིས་པ་དང་། གསུམ་པའི་མཐའ་དཔྱོད་ལ་ཤོག་གྲངས། 38) ༣༽ ལེའུ་བཞི་པའི་མཐའ་དཔྱོད་མཐོང་བའི་ཡིད་འཕྲོག་ལ་ཤོག་གྲངས། 32) ༤༽ ཟུར་བཀོལ་སྙན་བྱ་ལ་ཤོག་གྲངས། 43) ཡོད་པ་བཅས་སོ།།

 

གསུང་པོད་དྲུག་པ། ༡༽ དབུ་མ་འཇུག་པའི་མཐའ་དཔྱོད་ལ་ཤོག་གྲངས། 135) ༢༽ བསྟན་བཅོས་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པའི་སྤྱི་དོན་ལེགས་བཤད་སྐལ་བཟང་མགུལ་རྒྱན་ལ་ཤོག་གྲངས། 154) ༣༽ ཀརྨ་མི་བསྐྱོད་རྡོ་རྗེས་མདོ་སྡེ་རྒྱན་གྱི་དགོངས་པ་རྣམ་བརྫུན་དུ་འགྲེལ་བ་ལ་དགག་སྒྲུབ་ཞུས་པའི་བཀའ་ལན་ཀླུ་སྒྲུབ་དགོངས་རྒྱན་ཞེས་པ་ལ་ཤོག་གྲངས། 74) ༤༽ ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ལོག་རྟོག་འགོག་པར་བྱེད་པའི་བསྟན་བཅོས་ལྟ་བ་ངན་པའི་མུན་སེལ་ཞེས་གོ་ཤག་གཉིས་ལ་གདམས་པ་ལ་ཤོག་གྲངས། 239) ཡོད་པ་བཅས་སོ།།

 

གསུང་པོད་བདུན་པ། ༡༽ དམ་པའི་ཆོས་འདུལ་བའི་སྤྱི་དོན་འདུལ་བ་རྒྱ་མཚོའི་སྙིང་པོའི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པ་མཁས་པའི་མགུལ་རྒྱན་བློ་གསལ་གྱི་ཐེམ་སྐས་མུ་ཏིག་ཕྲེང་བ་ཞེས་བྱ་བར་ཤོག་གྲངས། 162) ༢༽ ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་དཀའ་གནད་ལེགས་པར་བཤད་པ་ནོར་བུའི་བང་མཛོད་ཅེས་བྱ་བར་ཤོག་གྲངས། 150) ཡོད་པ་བཅས་སོ།།

 

བོད་ཟླ་ ༡༡ ཚེས་ ༡༩ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡིག་ཆ་མཛད་པ་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་དགོངས་རྫོགས་ཀྱི་དུས་དྲན་དང་བསྟུན་ནས་བཀོད་པའོ།།

བརྒྱུད་སྐུལ།

མཆན་སྤེལ།