སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་གི་མཛད་རྣམ་མདོར་བསྡུས།

སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་གི་མཛད་རྣམ་མདོར་བསྡུས།
སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་གི་མཛད་རྣམ་མདོར་བསྡུས།
༄༅། །བློ་གཏེར་ལུགས་བཟང་ཟབ་རྒྱས་གདམས་པའི་གཏེར། །
ཚེ་རབས་ཕྲེང་བར་སྤེལ་བའི་ཐུགས་བསྐྱེད་མཐུས། །
འཇམ་མགོན་རིང་ལུགས་ཕྱོགས་མཐར་སྤེལ་བ་ལ། །
ཟླ་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །
དེ་ཡང་རང་ཅག་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༸མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་ནི། གཙང་དགའ་ལྡན་ཕུན་ཚོགས་གླིང་གི་ཉེ་འཁྲིས་བླ་རྙིང་གྲོང་ཚོར་ཡབ་དབང་པོ་དང་། ཡུམ་དམ་ཆོས་ཞུ་བ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༣ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་པའི་ཚེ་ཕུན་ཚོགས་གླིང་དུ་ཕེབས་ཏེ་དགུང་ལོ་བཅུ་གསུམ་ཙམ་ནས་སེར་བྱེས་པྲ་སྟི་དགེ་བཤེས་མཁྱེན་རབ་བག་གྲོ་ལགས་ཀྱི་དྲུང་ནས་བསྡུས་གྲྭ་སོགས་ལ་སྦྱངས་ཤིང་། བློ་འཛིན་དང་རྩོད་རིགས་ལ་ཀུན་ཧ་ལས་དགོས་པའི་གྲགས་པ་རྒྱས།
དགུང་གྲངས་ ༡༧ ལ་ཕེབས་པ་ཕྱི་ལོ་ ༡༩༤༠ ལོར་དབུས་སུ་སློབ་གཉེར་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་རྒན་ལྷུན་གྲུབ་ཐབས་མཁས་ལགས་དང་། རྒན་ངག་དབང་དགེ་འདུན། རྒན་རིག་གསལ་ལགས་རྣམས་དང་། ཁོང་རྣམས་ཀྱི་རྩ་བའི་བླ་མ་ཟླ་མེད་པ་དགའ་ལྡན་ཁྲི་ཐོག་གོ་བཞི་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་དཔལ་བཟང་པོ་མཆོག་ལ་སོགས་པ་ཚུལ་བཞིན་དུ་བསྟེན་ཏེ། ༸རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་། གཞུང་ཆེན་མོ་རྣམས་ཀྱི་བཤད་བྱ་རྩ་བའི་མདོ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་མོ་རྣམས་ཀྱི་ཁོག་འབུབས་ལུགས་དང་། རིགས་པའི་ཡན་ལག་ཏུ་མཐའ་དཔྱོད་ཚུལ། བཤད་དོན་ལམ་གྱི་རིམ་པར་སྒྲིག་ལུགས་རྣམས་འོལ་སྤྱི་དང་ཟོམ་འཇོག་ཙམ་མ་ཡིན་པར་ཕུ་ཐག་ཆོད་པར་སྦྱངས་པས། གཞུང་དོན་གདམས་པར་ཤར་བའི་མཁས་གྲགས་དེ་དུས་ནས་རྒྱས།
ཕྱི་ལོ་ ༡༩༥༦ དང་ ༡༩༥༧ ལོ་སོ་སོར་གཙང་བཀྲ་ཤིས་ལྷུན་པོར་མཁས་མང་རྒྱ་མཚོའི་དབུས་སུ་བརྒལ་བརྟགས་ཀྱི་རྩོད་རིགས་འགྲན་པས་༸རྗེ་འདིའི་ལུང་རིགས་དང་། རྣམ་དཔྱོད་ཀྱི་སྟངས་ཀ་ལ་ཀུན་གྱི་ངོ་མཚར་ཞིང་བསྟོད་པས་དུས་འདའ་བ་བྱུང་ཡོད། སེར་བྱེས་སུ་ལོ་ངོ་ ༡༧ ཙམ་ལ་སློབ་གཉེར་གནང་རྗེས་ཕུན་ཚོགས་གླིང་གི་དགེ་རྒན་དུ་ཕེབས།
ཕྱི་ལོ་ ༡༩༦༠ ཟླ་བ་ ༡ པོའི་ནང་ལྷ་རྩེ་རྫོང་ཐོག་ཏུ་རྒྱ་གཞུང་གིས་བཙོན་འཇུག་དོ་དམ་བྱས།
ཕྱི་ལོ་ ༡༩༦༩ ལོར་བཙོན་གྲོལ་བཏང་སྟེ་ཕྱི་ལོ་ ༡༩༦༩ ཟླ་བ་ ༩ ཚེས་ ༢༩ དགོང་མོར་གསང་སྟབས་ཀྱིས་བྲོས་བྱོལ་དུ་ཕེབས་ཏེ། དང་པོར་འབྲས་ལྗོངས་སུ་རི་ཁྲོད་དུ་བཞུགས་རྩིས་གནང་བར། སེར་བྱེས་གྲྭ་ཚང་ནས་ནན་སྐུལ་གནང་དོན་ལྟར་ལྷོ་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕེབས།
ཕྱི་ལོ་ ༡༩༧༡ ལོར་༸གོང་ས་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་དང་། རྒན་བློ་བཟང་དབང་ཕྱུག་སོགས་དང་མཇལ། ཕྱི་ལོ་ ༡༩༧༢ ལོར་གདན་གསུམ་མཁས་མང་ཚོགས་པའི་དབུས་སུ་ལྷ་རམས་ཨང་དང་པོའི་དང་པོ་ཐོན། དུས་དེ་ནས་བཟུང་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་དག་གི་དཔེ་ཁྲིད་རྒྱུན་མཐུད་ནས་གནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འཁྲོལ་ཐོག་ཕྱི་ལོ་ ༡༩༨༢ ལོར་བོད་དུ་ཕེབས་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། སེར་བྱེས་མཁན་ཟུར་རྒན་ལྷུན་གྲུབ་ཐབས་མཁས་སོགས་དང་མཇལ་མོལ་ཡང་གནང་།
བུ་ཆུང་ཀེ་ཚེ་རིང་། on Twitter: "སེར་བྱེས ...
ཕྱི་ལོ་ ༡༩༨༧ ལོའི་ཟླ་བ་ ༤ པའི་ཚེས་འགོར་༸གོང་ས་མཆོག་ནས་མཁན་འོས་ཕྱག་རྟགས་གནང་བ་ལྟར་ཚེས་ ༡༡ ལ་ཁྲི་འདོན་གནང་།
ཕྱི་ལོ་ ༡༩༩༣ ཟླ་བ་ ༨ ཚེས་ ༡༦ ནས་བཟུང་མཁན་ཟུར་དུ་ཕེབས། མཁན་པོ་ལོ་ངོ་ ༧ གནང་བའི་རིང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཅི་གསུང་བཀའ་བཞིན་བསྒྲུབས་ཏེ་གྲྭ་ཚང་རིན་པོ་ཆེའི་ཆོས་སྲིད་གང་ཅིའི་ཐད་འགྲན་ཟླ་མེད་པའི་མཛད་པ་ཡོངས་སུ་བསྐྱངས་པར་མ་ཟད། ཕྱི་ལོ་ ༡༩༩༨ ལོ་ནས་རྫོང་དཀར་ཆོས་སྡེ་དང་། རིམ་བཞིན་བཀྲ་ཤིས་ལྷུན་པོ་གཉིས་ལའང་སྐབས་རེར་ཕེབས་ཏེ་དཔེ་ཁྲིད་བཀའ་དྲིན་བསྐྱངས།
༸རྗེ་བཙུན་བླ་མ་དམ་པ་འདི་ཉིད་ནས་རྒྱལ་བསྟན་འབའ་ཞིག་ཐུགས་ལ་དགོངས་ཤིང་། ཉིན་ཁར་མཚན་མཐུད་ཀྱིས་དཔེ་ཁྲིད་གནང་བར་མ་ཟད། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་མཚན་བརྗོད་པ་ཙམ་གྱིས་སྤྱན་ཞགས་འཁོར་བ་དང་། ཕྱི་ལོ་ ༢༠༠༦ ལོར་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གནང་སྐབས། ཕྱག་རྫས་ཡོངས་རྫོགས་༸སྐྱབས་མགོན་རིན་པོ་ཆེར་བརྟན་བཞུགས་སུ་ཕུལ་ཞིང་།
དེ་དུས་༸གོང་ས་མཆོག་ནས་གསུངས་དོན། “སེར་བྱེས་གཙང་པ་མཁན་ཟུར་རྒན་བློ་བཟང་ལགས་ནས། དུས་རྒྱུན་དཔེ་ཁྲིད་རང་བྱས་ནས་ཡག་པོ་བྱས་པ་རེད། གྲྭ་ཚང་གི་ལས་སྒོའི་ཆོས་སྲིད་གང་ཐད་ལ་གང་ཡོང་ཅི་ཡོང་བྱས་སོང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་གནས་ཁྱད་པར་ཅན་འདིར་གྲྭ་པ་གྲྭ་རྐྱང་ལ་གང་ཡོད་པ་དེ་བཙིར་ནས་ཐམས་ཅད་འདིར་བརྟན་བཞུགས་ལ་འབུལ་བཞིན་ཡོད་པ་རེད།” ཅེས་བཞད་མོ་དང་སྦྲགས་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བསྔགས་བརྗོད་དང་གསལ་བཤད་གནང་བ་དང་།
ཡང་༸གོང་ས་མཆོག་ནས་ཕྱི་ལོ་ ༢༠༡༤ ལོར་བོད་ཁྱིམ་སློབ་གྲྭར་སྩལ་བའི་བཀའ་སློབ་ནང་འཁོད་དོན། གྲྭ་སའི་ནང་གི་དངོས་གནས་རྒྱན་དྲུག་མཆོག་གཉིས་ལ་འགྲན་ནུས་པའི་མཁས་པའི་དབང་པོ་མང་པོ་ཞིག་རྫོགས་ཚར་བ་རེད། རྒན་བློ་བཟང་དབང་ཕྱུག་དང་། རྒན་ཉི་མ་རྒྱལ་མཚན། རྒན་པདྨ་རྒྱལ་མཚན་སོགས་དགོངས་པ་རྫོགས་ཚར་བ་རེད། ད་ལྟ་ལྷག་བསྡད་པའི་གྲས་དེ་རྒན་གཙང་པ་བློ་བཟང་བཅས་ལས་མི་འདུག
ཅེས་གདན་གསུམ་མཁས་མང་གསེར་རིའི་ཕྲེང་བའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་མཁས་པའི་དབང་པོ་འདི་ཉིད་ལ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་ཡོད་ནའང་གཙོ་བོ་གཅིག་ནི། སྐུ་ཆུང་བའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙང་མ་ལ་གནས་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས་ཆོས་ཟབ་མོ་ཐམས་ཅད་ཐུགས་སུ་ཆུད་ཅིང་། དངོས་སྟོབས་ཀྱི་རིགས་པས་གཞི་ལམ་འབྲས་གསུམ་ཐམས་ཅད་གཏན་ལ་འབེབས་པ་འདི་ཡིན་པ་ནི་རྩོད་པ་དང་འཆད་པའི་སྐབས་ཀུན་ལ་མཐུན་སྣང་དུ་གྲུབ་ཅིང་། སྐུ་ཚེ་གང་པོར་བླ་བྲང་དང་ཤག་ཚང་གི་སྤྲོས་པ་དོར་ཏེ། གང་ཤེས་ཐུགས་བརྩེ་བས་སློབ་མ་ལ་འདོམས་པ་དང་། དཔེ་ཁྲིད་དང་དཔེ་ཀློག་གིས་ཉིན་ལས་ཉིན་ཐུང་བ་དང་། མཚན་ལས་མཚན་ཐུང་བའི་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས།
ཕྱག་རྫས་གང་ཡོད་བླ་མ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་ཁོ་ནའི་ཆེད་དུ་བསྔོ་བར་མཛད་ཅིང་། སྐུ་གཤེགས་པའི་ཚེ་ཡང་བླ་བྲང་དང་ཤག་ཚང་གི་སྤྲོས་པ་གང་ཡང་མེད་པས་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུའི་མཛད་པ་ཀུན་ལ་གོ་བར་མཛད་པ་འདི་ཡིན་པས། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་བླ་མའི་མཛད་པར་ཁ་མིག་ཡར་ལྟ་རེ་ཨེ་ཡོང་ལ་འབད་པ་བྱ་རྒྱུ་འདི་གནད་ཀྱི་དོན་པོ་ལགས།
unnamed-1མཐར་རང་སློབ་རྣམ་བསོད་ནམས་ཀྱི་གོ་སྐལ་དུ་མ་ཆུད་པར་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༡ གི་ཕྱེད་ཡོལ་ཆུ་ཚོད་ ༦།༡༠ ཡས་མས་ཙམ་ལ་རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༢ ཐོག་གདན་ས་ཆེན་པོ་སེ་བྱེས་གཙང་པའི་ཡང་ཐོག་གཟིམ་ཤག་ཏུ་ཞིང་ཁམས་གཞན་དུ་བརྗེས་པའི་མཛད་པ་བསྟན་ཡོད་པ་དང་། དེ་ནས་ཉིན་བདུན་ཐུགས་དམ་ལ་ཞུགས། ཕྱི་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩ པ་ཙམ་ལ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡོད་པ། ལོ་དྲུག་གི་རྗེས་དྲན་དུ་ལྷ་རྒོད་གངས་རི་ནས་ ༢༠༢༠ ཟླ་བ་ ༧ ཚེས་ ༡ ལ།།

 

 

མྱུར་བྱོན་གསོལ་འདེབས།
བརྟེན་ནས་འབྱུང་བའི་དེ་ཉིད་སྨྲ་བ་ཡིས།།
སྐྱེ་འགག་སྤྲོས་པའི་མཐར་ཀུན་ཞི་མཛད་དེ།།
ཟླ་མེད་སྟོན་པ་མཆོག་གི་སར་གཤེགས་པ།།
སྟོན་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
བློ་ཆེན་རྒྱལ་བའི་གཞུང་བཟང་སྟོང་གི་ཟེར།།
སྐལ་བཟང་རྣ་བའི་བཅུད་དུ་སྤྲོ་བའི་ཚེ།།
ཐུབ་པའི་རིང་ལུགས་ཕྱོགས་མཐར་སྤེལ་བའི་གཉེན།།
ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས།།
ཐོས་བསམ་སྒོམ་པ་ཕྱོགས་ཆར་མ་ལྷུང་པས།།
བསྟན་པ་རིན་ཆེན་འཆད་རྩོད་རྩོམ་གསུམ་གྱིས།།
གཅིག་ཏུ་འཛིན་པ་གང་གི་རྣམ་པར་ཐར།།
བདག་སོགས་རྣམས་ཀྱང་དེ་བཞིན་ཟིན་པར་མཛོད།།
ཕྱི་ནང་འགལ་རྐྱེན་སྨག་གི་སྒྲིབ་པ་ཡི།།
ཐུབ་བསྟན་སྤྱི་དང་འཇམ་མགོན་རྒྱལ་བའི་བསྟན།།
བཤད་སྒྲུབ་སྲོག་གི་སྙིང་པོས་དབུལ་བ་འདིར།།
དགོངས་ལ་ཡང་སྤྲུལ་བསྟན་འགྲོའི་དཔལ་དུ་བྱོན།།
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་།།
ཁྱད་པར་བཅོམ་ལྡན་རྟ་མཆོག་རོལ་བ་ཡིས།།
གསང་གསུམ་རྒྱན་གྱིས་འཕྲིན་ལས་མི་གཡེལ་བར།།
བཀྲ་ཤིས་རྒྱ་མཚོའི་ཕྱོགས་ཀུན་ཁྱབ་གྱུར་ཅིག །
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་༧བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༨ ཚེས་ ༨ ཉིན་སྦྱར་བའོ།

བརྒྱུད་སྐུལ།

མཆན་སྤེལ།