སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་རེག་ཟིག་ཏུ་བཀོད་པ་ཀེ་ཏ་ཀའི་འབྲས་བུ་ཞེས་བྱ་བ་བཞུགས་སོ།།

སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་རེག་ཟིག་ཏུ་བཀོད་པ་ཀེ་ཏ་ཀའི་འབྲས་བུ་ཞེས་བྱ་བ་བཞུགས་སོ།།

དཀར་ཆག

མཆོད་བརྗོད་དང་སྔོན་གླེང་།
དང་པོ། སྐྱེས་བུ་དམ་པས་ཇི་ལྟར་ལུང་གིས་བསྟན་པའི་ཚུལ།
གཉིས་པ། སྐུ་ཕྲེང་ཇི་ལྟར་བྱོན་པའི་ཚུལ་བརྗོད་པ།
༡༽ སྐུ་ཕྲེང་དང་པོ་བྱ་བྲལ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས།
༢༽ སྐུ་ཕྲེང་གཉིས་པ་བྱ་བྲལ་དམ་ཆོས་མཁས་བཙུན་གྱི་རྣམ་ཐར་མདོར་བསྡུས།
གསུམ་པ། སྐུ་ཕྲེང་འདི་ཉིད་ཀྱི་སྐུ་ཚེའི་མཛད་པ་དངོས་བརྗོད་པ།
༡༽ སྐུ་ཕྲེང་གསུམ་པ་བྱ་བྲལ་འཇམ་དཔལ་འཕྲིན་ལས་རྒྱ་མཚོ་སྐུ་བལྟམས་པ།
༢༽ གདན་སའི་ཁྲི་ལ་ཕེབས་པ།
༣༽ གཙང་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་ཆེ་ཁག་ལ་གཏན་འཁེལ་མཛད་པ།
༤༽ རིག་གསར་གྱི་ཚ་རླབས་དྲག་ཏུ་འཕྱུར་བ།
༥༽ བཀྲས་ལྷུན་དམངས་བདག་གི་གཙོ་འགན་བཞེས་པ།
༦༽ བསྟན་སྲིད་ཀྱི་འཁུར་ཆེན་བདག་གིར་བཞེས་པ།

༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་གྷོ་ཥཱ་ཡེ། ཡངས་པའི་རྒྱལ་ཁམས་སྤྱི་དང་གངས་ཅན་པའི། །ཆོས་སྲིད་དཔལ་འབྱོར་རིག་གནས་སྤེལ་བ་ལ། །འགྲན་པའི་ཟླ་མེད་ཡང་དར་བསྟན་པའི་བདག །སྐྱབས་གཅིག་སྣང་མཐའི་མགོན་པོ་གཙུག་ན་རྒྱལ། །གང་གི་བཀའ་བབ་དཀྱིལ་འཁོར་རྒྱ་མཚོའི་བདག །གདན་ས་བཞི་དང་རྒྱུད་གྲྭ་སྟོད་སྨད་སོགས། །མཐའ་དབུས་ཀུན་ཏུ་ཟབ་ཆོས་འཁོར་ལོ་བསྐོར། །སྔགས་ཆེན་བློ་བཟང་ཆོས་གྲགས་སྙིང་ནས་འདུད། །འབྱུང་གནས་རྡོ་རྗེས་ལུང་བསྟན་རྒྱལ་བའི་སྲས། །དབེན་ས་སྙན་བརྒྱུད་གདམས་པའི་མཛོད་འཛིན་ཅིང་། །སྣང་མཐའི་མགོན་པོའི་ཐུགས་ཀྱི་ཕོ་ཉ་བ། །འཇམ་དཔལ་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །གང་གི་གསང་གསུམ་ཡོན་ཏན་རྒྱ་མཚོ་ལས། །ཐ་མལ་ཞིང་འདིའི་མཛད་པའི་ཆ་ཤས་ཙམ། །བདག་བློ་ཀུ་ཤའི་རྩེ་མོས་རབ་བླངས་ནས། །ཐོར་འདིས་སྐལ་མཉམ་ཚ་གདུང་སེལ་བར་ཤོག།
ཅེས་ཚིགས་སུ་བཅད་པའི་བསྟོད་ཚིག་འགས་སྔུན་བསུས་ནས་འདིར་གང་འགོད་པར་བྱ་བ་ནི། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རམ་འབྱུང་གནས་རྡོ་རྗེས་ལུང་གིས་བསྟན་པའི་སྐྱེས་བུ། ཡང་དར་བསྟན་པའི་བདག་པོ་༸སྐྱབས་གཅིག་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་ཀྱི་ཕོ་ཉ། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་འཕྲིན་ལས་རྒྱ་མཚོ་མཆོག་གི་སྐུ་ཚེའི་མཛད་རྣམ་ཤིན་ཏུ་བསྡུས་པ་ལགས་ཤིང་། དེ་ཡང་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ནི། དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་གཙང་བཀྲ་ཤིས་ལྷུན་པོའི་ཡོངས་གྲགས་སྤྲུལ་སྐུ་ཆེ་གྲས་བརྒྱད་ ཀྱི་ཡ་གྱལ། བཀའ་གདམས་པའི་གདན་ས་རམ་སྡིངས་ཆོས་ཀྱི་སྡེ་ཆེན་པོའི་དགོན་བདག་དང་། དབེན་ས་སྙན་བརྒྱུད་ཀྱི་གདན་ས་ཆེན་པོ་མདུན་ས་ཆོས་ཀྱི་ཕོ་བྲང་གི་ཁྲི་འཛིན། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དམངས་གཙོ་བདག་གཉེར་གྱི་འགན་འཛིན་གཙོ་བོ། བོད་གངས་རྒྱན་དར་སྤེལ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་སོགས་བོད་གངས་ཅན་གྱི་སྨན་ལྗོངས་འདིའི་བསྟན་དང་འགྲོ་བའི་དོན་ལ་སྨན་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་ན། སྐྱེས་བུ་གང་དེའི་བཀའ་དྲིན་རྗེས་སུ་དྲན་པར་བྱ་བའི་ཕྱིར་དང་། ཕྱི་རབས་པ་རྣམས་ལ་དོན་དེ་གོ་བར་བྱ་བའི་ཆེད་དུ་ལགས་ཤིང་། དེ་ཉིད་བརྗོད་པ་ལ་དང་པོ་སྐྱེས་བུ་དམ་པས་ཇི་ལྟར་ལུང་གིས་བསྟན་པའི་ཚུལ་དང་། གཉིས་པ་སྐུ་ཕྲེང་ཇི་ལྟར་བྱོན་པའི་ཚུལ། གསུམ་པ་སྐུ་ཕྲེང་འདི་ཉིད་ཀྱི་སྐུ་ཚེའི་མཛད་པ་དངོས་བརྗོད་པ་དང་གསུམ་མོ།།

 

དང་པོ། སྐྱེས་བུ་དམ་པས་ཇི་ལྟར་ལུང་གིས་བསྟན་པའི་ཚུལ།

 

ཕུན་ཚོགས་དགེ་ལེགས་མ་ལུས་འབྱུ༵ང་བའི་གཞི། །
འཁོར་བའི་འཇིགས་པ་སྐྱོབ་པའི་གན༵ས་གཅིག་པུ། །
དགོས་འདོད་ཀུན་འབྱུང་བླ་མ་རྡོ༵་རྗེ༵་འཆང་། །
བཤེས་གཉེན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསོལ་འདེབས་སྔོན་དུ་བཏང་སྟེ། དང་པོ་བླ་མ་དམ་པ་རམ་འབྱུང་གནས་རྡོ་རྗེས་ཇི་ལྟར་ལུང་གིས་བསྟན་པའི་ཚུལ་ཅུང་ཟད་རྣམ་ཐར་དང་སྦྱར་ནས་བརྗོད་པ་ལ། དབུས་གཙང་རུ་བཞི་ལས་གཙང་གཡས་རུ་ཤངས་ཀྱི་འོད་ཡུག་ཏུ་གྲགས་པའི་ཡུལ་དབུས་སུ། སྤང་ལྗོངས་རྒྱ་ཆེ་ལ་རྩི་ཤིང་སྣ་ཚོགས་ཡོད་པ། བྱ་དང་བྱིའུས་སྐད་སྙན་པར་སྒྲོག་པ། རྒྱབ་རིར་རི་དྭགས་དང་གཅན་གཟན་རྣམས་བག་ཕེབས་རང་དབང་དུ་རྒྱུ་བ། བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པ། ཡུལ་དེར་གནས་པའི་གང་ཟག་རྣམས་ཀྱང་རང་བཞིན་བཟང་ཞིང་། ནོར་ལུག་འཚོ་སྐྱོང་དང་ས་ཞིང་འདེབས་སྐྱོང་ལ་བརྟེན་ནས་འཚོ་བ། དགེ་བཅུ་ཚང་བའི་ཡུལ་ཁྱད་པར་ཅན་དེར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱི་དངོས་སློབ་བཀའ་བབ་བུ་ཆེན་བརྒྱད་ ཀྱི་ཡ་གྱལ། སྟོང་ཉིད་ཀྱི་ལྟ་བས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇིག་པའི་ནུས་པ་ཡོད་པའི་བཀའ་བབ་པ་རམ་སྡིངས་མ་བའམ་དགེ་བའི་བཤེས་གཉེན་ཆེན་པོ་རམ་འབྱུང་གནས་རྡོ་རྗེ་ཞེས་བྱ་བ་གང་དེས། རབ་བྱུང་གཉིས་པའི་བགྲང་བྱ་ཞེ་དགུ་པ་སྟེ་ཤིང་ཡོས་ཕྱི་ལོ་ ༡༡༣༥ ལོར་བཀའ་གདམས་པའི་གདན་ས་རམ་སྡིངས་ཆོས་ཀྱི་སྡེ་ཞེས་པ་ཕྱག་བཏབ་ནས་སྐལ་ལྡན་གྱི་བུ་སློབ་གྲངས་ལས་འདས་པ་བསྐྱངས་ཤིང་། བཀའ་གདམས་པའི་རིང་ལུགས་དར་ཞིང་རྒྱས་པར་མཛད་དོ།།

 


༼བྱ་བྲལ་རིན་པོ་ཆེའི་འཁྲུངས་གཞིས་རྒྱབ་ལུང་ལྷས་ཆེན།༽

སྐུ་ཚེའི་སྨད་དུ་གནས་དེའི་དབེན་གནས་ཆེན་པོ་རྒྱ་བོ་དུར་ཁྲོད་སོགས་སུ་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་མཁའ་ལ་བྱ་ལྟར་ལྡིང་བ་སོགས་སྤྲུལ་བསྒྱུར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། གཞན་ཡང་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་ཤིང་། ལུང་བསྟན་གནང་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་མཆིས་པ་ལས་འདིར་བརྗོད་པར་བྱ་བ་ནི། དགེ་བའི་བཤེས་གཉེན་ཆེན་པོ་གང་དེས་གནས་འདིར་ཉིད་ཀྱི་སྐུ་སྐྱེ་བཅུ་དྲུག་དྲན་པར་གསུངས་ཤིང་། བུ་སློབ་རྣམས་ཀྱིས་མ་འོངས་པར་བླ་མ་འདས་པའི་ཤུལ་དུ་ཇི་ལྟར་མཆིས་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཞུས་པར། ང་ནས་རྒྱུད་པ་གསུམ་ཙམ་ནས་ཞལ་ཆེ་ཞིང་། གསུང་ཆེ་བ། བྱའི་གདོང་པ་ཅན། རྫི་མ་བཟང་བ། སྨེ་བའི་ག་ཞ་ཅན་ཞིག་འོངས་ནས་ང་ཡི་བཀའ་སྲོལ་འཛིན་པར་འགྱུར་ཞེས་དང་། ཡང་ང་ཡི་སྤྲུལ་པ་བྱ་ཡི་མིང་ཅན་གྱིས་ང་ཡི་གདན་ས་འདི་ཉིད་སྐྱོང་བར་འགྱུར་རོ། །ཞེས་སོགས་ལུང་གིས་བསྟན་པ་ཡིན་ནོ།།

 

གཉིས་པ། སྐུ་ཕྲེང་ཇི་ཙམ་བྱུང་བའི་ཚུལ།
༡༽ སྐུ་ཕྲེང་དང་པོ་བྱ་བྲལ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས།

སྐུ་ཕྲེང་དང་པོ་བྱ་བྲལ་དཀོན་མཆོག་འབྱུང་གནས་སམ་བློ་བཟང་ཆོས་འཕེལ་མཆོག་ནི། བོད་མདོ་དབུས་ཁམས་གསུམ་ལས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། དབུས་གཙང་གཉིས་ལས་གཙང་གི་མྱང་ཆུ་གཙང་པོའི་བྱང་ངོས་གཙང་པ་སྣམ་རྫོང་གི་སྣང་ངུ་ཞེས་པར་ (དེང་དུས་རྒྱལ་རྩེ་རྫོང་ཁོངས་ཡིན།) རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ་ ༡༨༠༨ ལོར་སྐུ་འཁྲུངས་ཤིང་། རམ་འབྱུང་གནས་རྡོ་རྡེས་ཇི་ལྟར་ལུང་གིས་བསྟན་པའི་རྟགས་དང་མཚན་མ་མ་ལུས་པ་སྐུ་ལ་རྫོགས་པ་དང་། སྐུ་གཞོན་ནུའི་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་སྟོབས་ཀྱིས་བྱིས་པའི་སྤྱོད་པ་ཕྲ་མོ་ཙམ་ཡང་མི་མངའ་ཞིང་། བྱམས་དང་སྙིང་རྗེས་ཐུགས་རྒྱུད་གང་བ། ལྷག་པར་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་མོས་པས་དགུང་གྲངས་དྲུག་ཙམ་ལ་རམ་སྡིངས་མ་དགོན་དུ་ཆོས་ཞུགས་གནང་བ་དང་། དེ་རྗེས་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་དུ་སློབ་གཉེར་གནང་བར་ཕེབས་ཤིང་། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་ལ་སྦྱངས་པ་མཐར་ཕྱིན་པར་མཛད། སླར་སྡིངས་མ་དགོན་དུ་ཕྱིར་ཕེབས་པ་དང་གང་གིས་མཁྱེན་པའི་ཆོས་ལ་ཉམས་ལེན་སྙིང་པོར་མཛད་པས་རམ་སྡིངས་ཆོས་སྡེའི་མཁས་མང་གི་དབུས་སུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པས་མཁན་ཆེན་རྡོ་རྗེ་འཛིན་པའི་ཁྲི་ལ་མངའ་གསོལ་ལོ།།

 


༼རམ་སྡིངས་ཆོས་སྡེའི་དེང་གི་རྣམ་པ།༽

དེ་ལྟར་མཁན་ཆེན་གྱི་ཁྲི་ལ་བཞུགས་པ་ནས་གདན་ས་གང་དེའི་བུ་སློབ་རྣམས་དབང་ལུང་མན་ངག་གིས་ལེགས་པར་བསྐྱངས་པར་མ་ཟད། དབེན་ས་སྙན་བརྒྱུད་ཀྱི་གདན་ས་དབེན་དགོན་ཆོས་སྡེ་སོགས་སུ་ཡང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གཞན་ཡང་སྡིངས་མ་དགོན་ནས་རྒྱང་གྲགས་གསུམ་ཙམ་གྱི་སར་བཙུན་དགོན་དགའ་ལྡན་ཆོས་གླིང་ཞེས་པ་ཞིག་ཀྱང་ཕྱག་འདེབས་གནང་བ་དང་། ཡུལ་དེའི་གྲྭ་བཙུན་གཙོ་བོར་གྱུར་པའི་དད་ལྡན་དོན་གཉེར་ཅན་མང་པོར་བྱང་ཆུབ་ལམ་གྱི་རིམ་པ་ལ་སོགས་པ་གསུང་ཆོས་མང་དུ་གནང་། སྐུ་ཚེའི་སྨད་ལ་འཇིག་རྟེན་གྱི་བྱ་བ་མཐའ་དག་སྙིང་པོ་མེད་པར་གཟིགས་ཤིང་། འོད་ཡུག་སྡིངས་མའི་ཕུ་ན་ཡཀྵ་ནག་པོ་ཞེས་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་མེད་པས་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་དང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རམ་འབྱུང་གནས་རྡོ་རྗེའི་སྒྲུབ་གནས་རྒྱ་བོ་དུར་ཁྲོད་དམ་རྒྱ་བྲག་རྩ་ཞེས་པའི་གནས་ཁྱད་པར་ཅན་དེ་དང་། དེ་བཞིན་སྨན་ཆུའི་རི་རྒྱུད་སོགས་སུ་བྱ་བྲལ་དུ་གཤེགས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པར་མཛད་པས། མཚན་ཡང་བྱ་བྲལ་རིན་པོ་ཆེ་ཞེས་ཡུལ་སྟོད་སྨད་ཀུན་ཏུ་འབྲུག་ལྟར་གྲགས་ཤིང་། དགུང་གྲངས་གྱ་གསུམ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ཕྱི་ལོ་ ༡༨༩༡ ལོར་གདན་ས་རམ་སྡིངས་ཆོས་ཀྱི་སྡེར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའོ།། །།

 


༼ དེང་གི་སྡིངས་མ་དགོན།༽

 

 

 

 

༢༽ སྐུ་ཕྲེང་གཉིས་པ་བྱ་བྲལ་དམ་ཆོས་མཁས་བཙུན་གྱི་རྣམ་ཐར་མདོར་བསྡུས།

སྐུ་ཕྲེང་གཉིས་པ་བྱ་བྲལ་དམ་ཆོས་མཁས་བཙུན་མཆོག་ནི། གཙང་གཡས་རུའི་ཤངས་ཀྱི་འོད་ཡུག་སྟག་རྩེ་ཞེས་བྱ་བར། གཟིམ་ཤག་སྒེར་པ་སྟག་རྩེ་ཞལ་ངོ་ཞེས་པར་ཡབ་ཐོགས་མེད་དང་། ཡུམ་པད་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༨༩༢ ལོར་སྐུ་འཁྲུངས་ཤིང་། སྐབས་དེར་རྟགས་དང་མཚན་མ་བཟང་པོ་བྱུང་བ་དང་། དགུང་གྲངས་གསུམ་ཙམ་ལ་ཕེབས་སྐབས་སྡིངས་མ་དགོན་གྱི་ཡང་སྲིད་འཚོལ་ཞིབ་པ་རྣམས་ཀྱིས་མཚོ་གཟིགས་བརྟག་སྒྲིལ་མཛད་པ་སོགས་ལས་ཞལ་ངོའི་ཁྱེའུ་དེ་ཉིད་བྱ་བྲལ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གཅིག་ཐོག་བྱུང་ནས་གདན་ས་སྡིངས་མ་དགོན་དུ་ཁྲི་གསོལ་མཛད། ཁྲི་གསོལ་གྱི་མཛད་སྒོ་ཁག་གྲུབ་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀུན་ལ་ཐོས་བསམ་གྱི་དབུ་བཙུགས་ཤིང་། གང་ཉིད་ཀྱི་གདན་ས་སྡིངས་མ་དགོན་དང་། དབེན་དགོན་ཆོས་སྡེ། དེ་བཞིན་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་སོགས་སུ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་སློབ་གཉེར་རྩེ་གཅིག་ཏུ་མཛད་པས་མཁས་པའི་གོ་འཕང་བརྙེས། རྒྱལ་བ་དབེན་ས་པ་ཆེན་པོའི་གདན་ས་དབེན་དགོན་ཆོས་ཀྱི་སྡེ་ཆེན་པོ་དང་། འོད་ཡུག་སྡིངས་མ་དགོན་གཉིས་ཀྱི་དབུས་ཡུལ་ལུང་ཀུན་ཏུ་དབང་ལུང་མན་ངག་སོགས་མཛད་འཕྲིན་གྱིས་མི་ཁྱབ་པ་མེད་པར་བསྐྱངས།
སྐུ་ཚེའི་སྨད་དམ་དགོངས་པ་གཞན་དོན་དུ་མ་ཕེབས་ཙམ་དུ་གདན་སའི་མི་ཆུང་སློབ་དཔོན་མཆོག་སོགས་དང་ལྷན་དུ་རྒྱ་ཆུང་གི་གཟིམ་ཁང་དུ་ཞབས་ཀྱིས་བཅགས་གནང་བ་དང་། དེ་རྗེས་འོད་ཡུག་སྡིངས་མ་དགོན་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཤིན་ཏུ་རྒྱ་ཆེ་བ་ཞིག་སྩལ་ཅིང་། ཚེ་དབང་གྲུབ་རྗེས་གཟིམ་ཆུང་ནུབ་ཏུ་གཟིམ་ཆུང་མཇལ་ཁ་གནང་། དེའི་སྐབས་སུ་རྒྱ་ཆུང་བའི་མནའ་མ་རྡོ་རྗེ་ལྷ་མོ་ཞེས་པ་མཁའ་འགྲོའི་མཚན་རྟགས་ཚང་བ་ཞིག་ཡོད་པ་མཇལ་ཁར་བཅར་བ་ལ་རྗེ་འདིས་དར་དཀར་དྲི་མ་མེད་པ་ཞིག་སྩལ་ནས་ང་ལ་གནས་ཚང་གཡར་རོགས་ཞེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་པ་གཟིམ་སྦུག་རིན་པོ་ཆེས་དབུས་དེར་འདུས་ཀུན་གྱིས་གོ་བར་མཛད།
དེ་ལྟར་སྐུ་ཚེའི་མཛད་པ་དང་འཕྲིན་ལས་ཤིན་ཏུ་རྒྱས་པའི་དུས་དེར་རྗེ་འདི་ཉིད་དགུང་གྲངས་ཞེ་དགུར་ཕེབས་པའི་ལོ་སྟེ། རབ་བྱུང་བཅུ་དྲུག་པའི་ས་ཡོས་ཕྱི་ལོ་ ༡༩༣༩ ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་སྐུལ་ཕྱིར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན། རྗེ་འདིས་རྒྱུན་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་དང་། སངས་རྒྱས་སྨན་བླའི་སྒོམ་སྒྲུབ་ལ་ཐུགས་དམ་ཆག་མེད་མཛད་པ་ཞིག་ལགས་ཤིང་། དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་སྐབས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་པ་དང་། སྐུ་གདུང་ལས་སྨན་དྲི་བཟང་པོ་འཐུལ་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་། ཐུགས་དམ་གྲོལ་རྗེས་སྐུ་གདུང་སྡིངས་མ་དགོན་གྱི་རྒྱབ་རི། རམ་འབྱུང་གནས་རྡོ་རྗེ་ལ་མཁའ་འགྲོས་མཆོད་པ་ཕུལ་ཞིང་དངོས་གྲུབ་གནང་བ་དང་། ༸པཎ་ཆེན་ཐམས་ཅད་མཁྱེན་པ་༸པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་ཞལ་དངོས་སུ་གཟིགས་པའི་གནས་རྒྱ་བོ་དུར་ཁྲོད་ཅེས་པར་གདན་དྲངས་ཤིང་ཞུགས་འབུལ་ཞུས་པས། སྐུ་གདུང་ལས་རིང་བསྲེལ་མང་དུ་བྱུང་ཞིང་། དཀྱིལ་འཁོར་གྱི་སྟེང་དུ་བྱིས་པ་ལོ་བརྒྱད་ཙམ་གྱི་ཞབས་རྗེས་ཞལ་བྱང་སྨད་དུ་གཟིགས་པ་ཞིག་གསལ་བར་བྱོན།
གཞན་ཡང་དབུ་ཐོད་ལག་མཐིལ་ཙམ་ཞིག་ཞུགས་ཀྱིས་མ་འཚིག་པར་ལུས་པ་ལ་ནང་ངོས་སུ་སྒྲོལ་མ་ཉེར་གཅིག་དང་། རིགས་གསུམ་མགོན་པོ། དུང་དཀར་གཡས་འཁྱིལ་བཅས་དང་། ངོས་གཞན་དེར་ཨོཾ་ཨཱཿཧཱུཾ་གི་རང་བྱོན་ཤིན་ཏུ་གསལ་བར་བྱོན་པ་གདན་སར་གདན་དྲངས་ཤིང་། རམ་སྡིངས་ཆོས་སྡེའི་རྟེན་གྱི་གཙོ་བོའི་གྲས་སུ་བཞུགས་སུ་གསོལ་བ་དང་། དེ་རྗེས་རིག་གསར་སྐབས་སུ་དགོན་པའི་རྟེན་དང་བརྟེན་པར་བཅས་པ་རྩ་གཏོར་བཏང་རུང་དབུ་ཐོད་བྱིན་ཅན་དེ་ཉིད་དད་དམ་འགྱུར་མེད་ཀྱི་གདན་སའི་སྐུ་ཞབས་ཐུབ་བསྟན་ལགས་ཀྱིས་ཉར་ཚགས་གནང་བ་ཉམས་གསོ་གྲུབ་རྗེས་སླར་ཕུལ་བས། རྗེ་འདིའི་སྣང་བརྙན་གྱི་ཐུགས་ཀར་ཕུལ་བ་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་སོ།། །།

 

གསུམ་པ། སྐུ་ཕྲེང་འདི་ཉིད་ཀྱི་མཛད་རྣམ་དངོས་བརྗོད་པ།

༡༽ སྐུ་ཕྲེང་གསུམ་པ་བྱ་བྲལ་འཇམ་དཔལ་འཕྲིན་ལས་རྒྱ་མཚོ་སྐུ་བལྟམས་པ།

འཇ༵མ་དཔ༵ལ་སྙིང་པོའི་མདོ་སྔགས་ཆོས་ཚུལ་ཀུན། །
བཤད་དང་སྒྲུབ་པས་འཛིན་ཅིང་སྤེལ་བ་ལ། །
མ་སྨད་འཕྲི༵ན་ལ༵ས་བཟང་པོས་རྒྱ༵་མཚོ༵འི་ཁྱོན། །
ཡོངས་ཁྱབ་རྗེ་བཙུན་བླ་མར་གསོལ་བ་འདེབས། །
ཨོཾ་ཨཱ་གུ་རུ་བཛྲ་དྷཱ་ར་མཉྫུ་ཤྲཱི་ཀརྨ་ས་ར་སིདྡྷི་ཧཱུཾ་ཧཱུཾ། །

སྐུ་ཕྲེང་གསུམ་པ་རྗེ་བཙུན་འཇམ་དཔལ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། གཙང་གཡས་རུའི་ཤངས་ཀྱི་འོད་ཡུག་མང་རྭ་རྒྱ་མོ་མདོའི་གན་མཛོད་རྒྱ་ཆུང་བའི་དགུན་ས། རྒྱབ་ལུང་ལྷས་ཆེན་ཞེས་པར་ཡབ་རྒྱ་རའི་རྟ་མགྲིན་ཚེ་རིང་དང་། ཡུམ་མི་ཆུང་བའི་སྲས་མོ་རྡོ་རྗེ་ལྷ་མོ་གཉིས་ལ་སྲས་མོ་པདྨ་ལགས་དང་། དེ་འོག་སྲས་བྱམས་པ་འཕྲིན་ལས། དེ་ནས་གཅུང་མོ་ཨ་མི་ལགས། དེ་འོག་གཅུང་མོ་གཡང་སྐྱིད་ལགས། གཅུང་པོ་ཚེ་རིང་རྡོ་རྗེ་ལགས་བཅས་ལྔ་བྱུང་བ་ལས། རྗེ་འདི་ཉིད་སྲས་རྒན་པ་བྱམས་པ་འཕྲིན་ལས་ཞུ་བ་དེ་ཉིད་ལགས།

རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོའི་ཧོར་ཟླ་ ༩ ཚེས་ ༢༢ སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་དེའི་ཉིན་དང་། རེས་གཟའ་པ་སངས། ཕྱི་ལོ་ ༡༩༤༠ ལོའི་ཟླ་བ་ ༡༡ ཚེས་ ༢༢ ཉིན་གྱི་ཞོགས་པར་ཡུམ་གྱི་དབུ་སྔས་ཀྱི་འཁྲིས་སུ་མེ་ཏོག་སེར་པོ་གསུམ་བཞད་ཅིང་། རྗེ་འདི་ཉིད་སྐུ་བལྟམས་པ་དང་སྦྲ་གུར་གྱི་རྩེ་མོར་ཉི་མ་ཤར་བ་དུས་མཉམ་དུ་བྱུང་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་བ་དང་། གཞན་ཡང་བླ་མའི་བཀའ་ལུང་དུ།

རྒྱབ་རི་བྲག་ལ་སྤ་མ་ཤུག་པ་ཡོད། །མདུན་རི་སྤང་ལ་བྱེ་ཁྲ་ཤིག་ཤིག་ཡོད། །
ཆུ་མིག་བཞི་སྒྲོམ་ཡོད་པ་ཞིག་ཏུ་ནི། །ཡབ་མིང་རྟ་དང་ཡུམ་མིང་ལྷ་མོ་ཞེས། །
ལྕགས་ཕོ་འབྲུག་གི་ལོ་ལ་འབྱོན་པར་གྱུར། །

ཞེས་སྐུ་གོང་མས་ཇི་ལྟར་ལུང་བསྟན་པ་བཞིན་རྟགས་དང་མཚན་མ་གསལ་བར་བྱུང་། དགུང་ལོ་ལྔ་ཙམ་ལ་ཕེབས་སྐབས་དབེན་དགོན་གཟིམ་སྦུག་རིན་པོ་ཆེ་སྐུ་གོང་མ་ཡེ་ཤེས་ཆོས་གྲགས་མཆོག་དང་། བྱ་བྲལ་རིན་པོ་ཆེ་སྐུ་གོང་མའི་སྐུ་བཅར་ཤར་གླིང་པ་སྐུ་ཞབས་ཆོས་འཕེལ་ལགས། སྐུ་ཞབས་དུང་མཁན་ལགས་བཅས་ཀྱིས་ཐོག་མའི་ངོས་འཛིན་མཛད། འོན་ཀྱང་སྐབས་དེར་སྡིངས་མ་དགོན་གྱི་སྤྱི་ས་ལས་ཐོག་པ་སྟག་རྩེའི་སྒེར་པ་གཟིམ་ཤག་ཁང་དམར་དཀྱིལ་ཁང་པ་ཡིན་ཅིང་། དེ་ཕྱོགས་ཀྱིས་ཀྱང་བུ་ཀུན་མཆོག་རྒྱལ་མཚན་ཞེས་པ་ཞིག་འོས་སྤྲུལ་དུ་བདམས་པ་དང་། མི་རིང་བར་ཁྲི་གསོལ་ཞུ་རྒྱུ་ཡིན་ལུགས་བརྗོད་པར། སྡིངས་མ་དགོན་གྱི་གྲྭ་དམངས་དང་། གཟིམ་སྦུག་རིན་པོ་ཆེ་སོགས་ཀྱིས་ཁས་ལེན་མ་གནང་བས་མཐར་ཕྱོགས་གཉིས་ཀྱི་འགན་འཁུར་མི་སྣ་བཞིས་རམ་འབྱུང་གནས་རྡོ་རྗེའི་སྐུ་གདུང་ལྷ་ཁང་དུ་མར་མེའི་བརྟག་པ་མཛད་རྒྱུའི་ཞལ་ཆད་བྱུང་བ་བཞིན་རམ་འབྱུང་གནས་རྡོ་རྗེའི་སྣང་བརྙན་གྱི་དྲུང་དུ་མཆོད་པ་རྒྱས་པར་བཤམས་ཤིང་། ཕྱོགས་གཉིས་ཀྱི་མར་མེ་རེ་ཕུལ་ཏེ་ལྷ་ཁང་གི་སྒོ་ལ་སྒོ་ལྕགས་བརྒྱབ་ནས་དོ་དམ་ནན་པར་མཛད། སང་ཉིན་དེར་མཉམ་དུ་སྒོ་ཕྱེ་ནས་མར་མེར་གཟིགས་པས་ཁང་དམར་བའི་མར་མེའི་སྟེང་ས་རྡོག་པོ་ཞིག་ལྷུང་ནས་གྲོངས་པ་དང་། རྒྱ་ཆུང་བའི་མར་མེ་ནི་གསལ་ཞིང་དྭངས་ལ་རྒྱུན་རིང་དུ་བཞུགས་པ་སོགས་ཕྱོགས་གཉིས་ཀྱིས་གསལ་བར་མཐོང་། འོན་ཀྱང་གཞན་ཕྱོགས་དབང་བཙན་པས་ཡང་སྤྲུལ་རིན་པོ་ཆེ་ཁྲི་གསོལ་ཞུ་རྒྱུར་འགོག་རྐྱེན་ཤུགས་ཆེར་ཐེབས་ཤིང་། སྐབས་དེར་གཟིམ་སྦུག་རིན་པོ་ཆེས་ཕྱོགས་གཅིག་ནས་གོང་ལ་སྙན་སེང་ཞུ་རྒྱུ་ཡིན་རབས་དང་། ཕྱོགས་གཞན་ནས་འགོ་འདྲེན་བཙལ་གནང་བ་སོགས་ཐབས་ཤེས་ཡོད་རྒུ་གནང་།
མཐར་མེ་ཁྱི་ལོ་སྟེ་ཕྱི་ལོ་ ༡༩༤༦ ལོར་སྲིད་སྐྱོང་པཎྜི་ཏ་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་མཆོག་གི་དྲུང་དུ་གཟིམ་སྦུག་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་ངོ་བཅར་ཞུས་ནས་བྱ་བྲལ་རིན་པོ་ཆེ་སྐུ་གོང་མས་ཇི་ལྟར་ལུང་བསྟན་པའི་ཚུལ་དང་། ཐེངས་འདིའི་བརྟག་སྒྲིལ་དང་མཚོ་གཟིགས་སོགས་ལས་རྒྱ་ཆུང་བའི་ཁྱེའུ་འདི་ཉིད་ཡང་སྲིད་དུ་གཅིག་མཐུན་བྱུང་ཚུལ་གྱི་སྙན་ཞུ་ཞིབ་ཕྲ་འབུལ་ལམ་ཞུས་པས། སྲིད་སྐྱོང་མཆོག་གིས་གཟིམ་སྦུག་རིན་པོ་ཆེས་ངོས་འཛིན་གནང་བའི་ཁྱེའུ་འཇམ་དཔལ་འཕྲིན་ལས་རྒྱ་མཚོ་མཆོག་བྱ་བྲལ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུ་ཆོག་པའི་ཆོག་མཆན་ཐོབ་བོ།། །།

 

༼བྱ་བྲལ་རིན་པོ་ཆེའི་འཁྲུངས་གཞིས་རྒྱབ་ལུང་ལྷས་ཆེན་གྱི་འབྲོག་སའི་རྣམ་པ།༽

 

༢༽ གདན་སའི་ཁྲི་ལ་ཕེབས་པ།

 

བོད་མེ་ཕག་ལོའི་ཟླ་བ་ ༡ ཚེས་ ༥ དང་རེས་གཟའ་མིག་དམར། ཕྱི་ལོ་ ༡༩༤༧ ལོའི་ཟླ་བ་ ༢ ཚེས་ ༢༥ ཉིན་ཏེ་གཟའ་ཚེས་མཆོག་ཏུ་དགེ་བའི་ཉིན་དགུང་གྲངས་བརྒྱད་ལ་ཕེབས་པའི་ཡང་སྤྲུལ་རིན་པོ་ཆེ་འཁྲུངས་གཞིས་རྒྱ་ཆུང་ནས་དབེན་དགོན་ཆོས་ཀྱི་ཕོ་བྲང་དུ་གདན་འདྲེན་ཞུ་འགོ་ཚུགས་ཤིང་། ཞོགས་པ་གནམ་གཤིས་ཧ་ཅང་གྲང་བས་ཡང་སྤྲུལ་མཆོག་གིས་ཡུམ་ལ། ད་རང་ཁྲུས་རྒྱག་ཕོད་པ་མི་འདུག །ཨ་མས་ངའི་གདོང་པར་སྤགས་ཕྱིས་བརྒྱབ་ནས་གཏོང་རོགས་ཞུས་པར་ཡུམ་གྱིས་ཀྱང་དེ་ལྟར་མཛད། དེའི་ཉིན་ཁ་བ་ལྷབ་ལྷུབ་ཏུ་བབས་པ་དང་། འབྲུག་སྐད་ཀྱང་ལྡིར་ལྡིར་གྲགས་པས་ཡུམ་ཐུགས་ཤིན་ཏུ་སྐྱོ་ནས་ཤུམས་པ་ལ་རྒྱ་ཆུང་བའི་སྤོ་བོ་ཚེ་བརྟན་ལགས་ཀྱིས། གངས་བབས་པར་མ་ཟད། འབྲུག་སྐད་གྲགས་པ་དེ་འདྲའི་རྟགས་བཟང་བ་ལ་ཁྱོད་ཅིའི་ཕྱིར་ངུ་ཞེས་བཀའ་བཀྱོན་མཛད། དེ་ནས་ཡུལ་མི་སྤུན་མཆེད་རྣམས་ཀྱིས་ཕེབས་སྐྱེལ་ཞུས་ཤིང་། སྐབས་དེར་དབེན་དགོན་གྱི་གདན་འདྲེན་ཞུ་མི་དང་། ཡང་སྤྲུལ་རིན་པོ་ཆེ། རྒྱ་ཆུང་བའི་སྤོ་བོ་ཚེ་བརྟན་ལགས་བཅས་རྒྱ་ཆུང་ནས་ཕེབས་ཐོན་གནང་སྟེ། འཛོམས་ཐང་གི་ཁོངས་བཙུན་དགོན་དགའ་ལྡན་ཆོས་གླིང་དུ་གསོལ་ཚ་བསྐྱོན། དེ་ནས་ཆིབས་བསྒྱུར་གནང་ནས་རི་ཆུང་དཔོན་ཚང་དུ་བཞུགས་ཞག་གནང་།
དེ་ནས་རིམ་བཞིན་རྟག་གྲུ་ཁ་སོགས་བརྒྱུད་ནས་མེ་ཕག་ལོའི་ཟླ་ ༡ ཚེས་ ༨ དང་རེས་གཟའ་པ་སངས། ཕྱི་ལོ་ ༡༩༤༧ ལོའི་ཟླ་བ་ ༢ ཚེས་ ༢༨ ཉིན་དབེན་ས་སྙན་བརྒྱུད་ཀྱི་གདན་ས་ཆེན་པོ་མདུན་ས་ཆོས་ཀྱི་ཕོ་བྲང་དང་ཉེ་བར་ཕེབས་ཙ་ན། ཕེབས་ལམ་གཡས་གཡོན་དུ་བསང་དུད་ཀྱིས་ནམ་མཁའ་གང་ཞིང་། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་སྐྱེས་ཕོ་མོ་གྲངས་ལས་འདས་པས་གླུ་དང་བྲོ་གར་གཞས་ཆེན་ལ་སོགས་པ་ཚར་དུ་དངར་བའི་ཕེབས་བསུ་དང་། དགེ་འདུན་པ་རྣམས་ཀྱིས་དུང་དང་རྒྱ་གླིང་ལ་སོགས་པ་རོལ་མོ་སྣ་ཚོགས་པའི་སྒྲ་དང་། གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་པའི་ཡོ་ཆས་ཕུན་སུམ་ཚོགས་པ་ཕྱག་ཏུ་ཐོགས་ནས་སེར་སྦྲེངས་ཞུས་ཤིང་། ཡང་སྐབས་དེར་ནམ་མཁའ་སྔོ་ཞིང་དྭངས་པ་ལ་འཇའ་སྤྲིན་དང་འཇའ་གུར་ཕུབ་ཅིང་། འབྲུག་སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་བ་སྐབས་དེའི་དད་ལྡན་སྐྱ་སེར་ཀུན་གྱི་མཐོང་ཆོས་སུ་གྱུར། དེ་ནས་མདུན་ས་ཆོས་ཀྱི་ཕོ་བྲང་གི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སོར་བདེ་བར་འཁོད་ཅིང་། ཉིན་དུ་མར་རྐང་བྲོ་གླུ་གར་དང་། ལྷ་མོའི་རྣམ་ཐར་སོགས་ཁྲི་གསོལ་གྱི་བཀྲ་ཤིས་དགའ་སྟོན་བསམ་གྱིས་མི་ཁྱབ་པ་མཛད་ཅིང་བཞུགས་སོ།།
དེ་ལྟར་ཁྲི་འདོན་གྱི་མཛད་སྒོ་ཁག་ལེགས་པར་གྲུབ་པ་དང་། དབེན་དགོན་གྱི་མཁན་པོ་གཟིམ་སྦུག་རིན་པོ་ཆེ་ཡེ་ཤེས་ཆོས་གྲགས་དཔལ་བཟང་པོ་མཆོག་དང་། ཤར་གླིང་བ་རྒན་ཆོས་འཕེལ་ལགས། དེ་བཞིན་ཤར་གླིང་རྒན་དུང་མཁན་ལགས་སོགས་ལས་འདོན་ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་སྦྱངས་པ་རྩེ་གཅིག་ཏུ་མཛད་པ་དང་། གཞན་ཡང་སྡིངས་མ་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སློབ་དཔོན་ཉི་མ་མཆོག་གི་དྲུང་ནས་ཀྱང་གསན་བསམ་སློབ་གཉེར་མང་དུ་མཛད་དོ།།
ཆུ་འབྲུག་ལོའི་ཟླ་བ་ ༥ ཚེས་ ༡ དང་། ཕྱི་ལོ་ ༡༩༥༢ ལོའི་ཟླ་བ་ ༦ ཚེས་ ༢༣ ཉིན་༸སྐྱབས་མགོན་ཀུན་གཟིགས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོས་སེར་སྦྲེངས་དང་བཅས་གདན་ས་བཀྲ་ཤིས་ལྷུན་པོའི་བླ་བྲང་རྒྱལ་མཚན་མཐོན་པོའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་མཛད་པ་དང་། རྗེ་འདི་ཉིད་བླ་བྲང་རྒྱལ་མཚན་མཐོན་པོར་གཟིམ་ཆུང་མཇལ་ཁར་བཅར་བ་དང་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེར་བདེ་མཆོག་རྩ་རྒྱུད་ལེའུ་ང་གཅིག་ཅན་ཆ་ཚང་བ་བློ་རྒྱུགས་ཕུལ་ནས་ཐུགས་ཤིན་ཏུ་མཉེས་པར་མཛད་ཅིང་། སྐབས་དེར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བྱ་བྲལ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གཏན་འཁེལ་མཛད།
ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་རྗེ་འདི་ཉིད་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་སློབ་གཉེར་དུ་ཕེབས་ཤིང་། ལོ་དེར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་ཐོབ་པ་དང་། གཞན་ཡང་དགེ་བའི་བཤེས་གཉེན་ཆེན་པོ་གྲངས་མེད་ཆེ་བ་དཀེན་ལྷག་པ་ཚེ་རིང་ལགས་དང་། གྲངས་ཆེ་དཀེན་ཕུར་བུ་ཚེ་རིང་ལགས་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པ་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་ནན་ཏན་དུ་མཛད་པས། སྐབས་དེའི་སྐྱོར་དཔོན་དུ་བསྐོས་པ་སོགས་བཤེས་གཉེན་རྣམ་པས་གཟིགས་མཐོང་ཆེན་པོ་གནང་བ་དང་། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དབུ་བཞུགས་ཀྱི་དགེ་བཤེས་ཚོགས་ལང་དམ་བཅའི་སྐབས་ཀྱི་རིགས་པ་འཕེན་སྟངས་ལ་༸སྐྱབས་མགོན་ཀུན་གཟིགས་ཆེན་པོ་མཆོག་གིས་ཀྱང་བསྔགས་བརྗོད་མཛད་པར་གྲགས། གཞན་ཡང་གངས་བླ་རིན་པོ་ཆེ་སྐུ་གོང་མ་བློ་བཟང་དཔལ་ལྡན་སོགས་གཙུག་ཏུ་བསྟེན་ནས་དབང་ལུང་མན་ངག་སོགས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་སློབ་གཉེར་མང་དུ་མཛད།
མེ་སྤྲེལ་ཕྱི་ལོ་ ༡༩༥༦ ལོར་༸སྐྱབས་མགོན་ཀུན་གཟིགས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་རྒྱས་པར་ཐོབ་ཅིང་། མེ་བྱ་ཕྱི་ལོ་ ༡༩༥༧ ལོར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་དབུས་པའི་སྡིངས་མ་དགོན་གྱི་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འཁོར་དང་བཅས་པ་ཆིབས་རྟ་བཅིབས་ནས་བཀའ་གདམས་པའི་གདན་ས་རམ་སྡིངས་ཆོས་ཀྱི་སྡེ་ཆེན་པོར་ཐོག་དང་པོའི་ཆིབས་ཞལ་བསྐྱངས་པར་ཡུལ་དེའི་དད་ལྡན་མང་ཚོགས་ཀྱིས་གཞས་དང་ཞབས་བྲོའི་གཟིགས་མོ་ཕུལ་བ་སོགས་ཕེབས་བསུ་རྒྱས་པར་ཞུས་པ་དང་། མཇལ་ཁ་ཕྱག་དབང་སྩལ་བ་སོགས་སྐལ་བཟང་བྱུང་བ་ལགས་སོ།། །།
༼རམ་སྡིངས་མ་དགོན་གྱི་བྱ་བྲལ་རིན་པོ་ཆེའི་གཟིམ་ཆུང་།༽

༣༽ གཙང་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་ཆེ་ཁག་ལ་གཏན་འཁེལ་མཛད་པ།

 

ས་ཕག་ཕྱི་ལོ་ ༡༩༥༩ ལོར་དབེན་དགོན་ཆོས་སྡེའི་བུ་སློབ་རྣམས་ཀྱིས་རྗེ་འདི་ཉིད་རང་གདན་དབེན་དགོན་དུ་ཕྱིར་ཕེབས་གནང་རོགས། ཞེས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རང་གདན་དུ་ཕྱིར་ལོག་ཕེབས་རྒྱུར་ཐུགས་གཏན་འཁེལ་ནས་༸སྐྱབས་མགོན་ཀུན་གཟིགས་ཐམས་ཅད་མཁྱེན་པའི་གཟིམ་ཆུང་དུ་ཐོན་མཇལ་ལ་བཅར་ཏེ་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་བློ་རྒྱུགས་ཕུལ་ཞིང་། ཐོན་ཕྱག་གི་མཇལ་དར་ཕུལ་བས་༸སྐྱབས་མགོན་ཀུན་གཟིགས་ཆེན་པོས་མཇལ་དར་མ་བཞེས་པར་རིན་པོ་ཆེ་ཁྱེད་རང་གདན་ས་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུའི་ཁུངས་སུ་མུ་མཐུད་སྡོད་དགོས། ཞེས་བཀའ་ནན་ཕེབས་པས། བཀའ་ལས་འདའ་མ་ནུས་པར་བཞུགས། འོན་ཀྱང་དབེན་དགོན་ནས་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་བཞུགས་ན་བླ་སྤྲུལ་ཆེ་ཁག་གི་གཏོང་སྒོ་གཏོང་དགོས་ཤིང་། ངེད་དགོན་ཆུང་ལགས་པས་སྤྲུལ་སྐུ་ཆེ་ཁག་གི་གཏོང་སྒོ་གཏོང་མི་ཐུབ་ཚུལ་སོགས་ཁ་གཡར་ཅི་རིགས་མཛད་ནས་ཕྱིར་གདན་འདྲེན་ཞུ་རྩིས་ཐེངས་མང་བྱས་ཀྱང་༸སྐྱབས་མགོན་ཀུན་གཟིགས་སྐུ་ཕྲེང་བཅུ་པ་ཆེན་པོས་སྤྲུལ་སྐུ་ཆེ་ཁག་གི་གཏོང་སྒོ་བླ་བྲང་གཞུང་ནས་གཏང་འཐུས་ཀྱི་བཀའ་བཟང་ཕེབས་པར་མ་ཟད། དེ་དོན་ཕྱག་བསྟར་གནང་ནས་བྱ་བྲལ་སྤྲུལ་སྐུ་མཆོག་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་ཆེ་གྲས་བརྒྱད་ཀྱི་ཁོངས་སུ་བཙུད་གནང་བས། མཐར་བྱ་བྲལ་རིན་པོ་ཆེའི་ཞབས་གྲས་རྣམས་རེ་རེ་བཞིན་ཕྱིར་དབེན་དགོན་དུ་ཕྱིར་ལོག་ཕེབས་པ་དང་། བྱ་བྲལ་རིན་པོ་ཆེ་སྐུ་རྐྱང་བཀྲས་ལྷུན་སྔགས་གྲྭ་ཕུ་པ་རྒྱལ་མཚན་ལགས་སུ་བཅོལ། སྔགས་གྲྭ་རྒྱལ་མཚན་ལགས་ནི། གཞིས་ཀ་བསམ་གྲུབ་རྩེའི་མངའ་ཁོངས་ཀྱི་སྤན་ཞེས་པའི་ལུང་པ་ཕུ་དང་གཞུང་གཉིས་ལས་སྤན་ཕུ་པ་ནས་ཡིན་ཅིང་། ཐོག་མར་དབེན་དགོན་དུ་གྲྭ་ཞུགས་གནང་ཡང་རྗེས་སུ་བཀྲ་ཤིས་ལྷུན་པོའི་སྔགས་པ་གྲྭ་ཚང་གི་འདོན་ཆོག་རྒྱུགས་འབུལ་ཞུས་ནས་བཀྲས་ལྷུན་སྔགས་གྲྭའི་ཁོངས་སུ་ཞུགས་ཤིང་། སྤན་ཕུ་པར་བཞུགས་ཡོད་པའི་གཅེན་མོའི་བུ་དབང་འདུས་ལགས་དགེ་ཕྲུག་ཏུ་ཐུགས་ཉར་གནང་བས། རིན་པོ་ཆེ་མཆོག་དང་དབང་འདུས་ཕུ་པ་ལགས་ཤག་ཚང་གཅིག་པར་གྱུར་པས། རིག་གསར་སྐབས་སུའང་སྐྱིད་སྡུག་མཉམ་མྱོང་མཛད་པ་ཡིན།
ལྕགས་བྱི་ཕྱི་ལོ་ ༡༩༦༠ ལོར་བཀྲ་ཤིས་ལྷུན་པོར་དམངས་གཙོའི་བཅོས་བསྒྱུར་བྱེད་འགོ་ཚུགས་པས་འོ་བརྒྱལ་ཅུང་ཟད་བྱུང་ཡང་། ཆུ་སྟག་ཕྱི་ལོ་ ༡༩༦༢ ལོར་བོད་ཀྱི་དགེ་བཤེས་ཁག་གཅིག་རྒྱ་ནག་ཏུ་ནང་ཆོས་ཟབ་སྦྱོང་ལ་བསྡུས་པ་བཞིན་བྱ་བྲལ་རིན་པོ་ཆེ་སོགས་བོད་ཆོལ་ཁ་གསུམ་གྱི་དགོན་སྡེ་ཆེ་ཁག་གི་དགེ་བཤེས་ཞལ་གྲངས་ ༢༦ རྒྱ་ནག་ཏུ་ཕེབས་པ་དང་། ལོ་དེའི་བོད་ཟླ་ ༧ ཚེས་ ༢༧ དང་། ཕྱི་ཟླ་ ༩ ཚེས་ ༢༥ ཉིན་པེ་ཅིང་དུ་ཀྲུང་གོ་ནང་བསྟན་སློབ་གྲྭ་བོད་བརྒྱུད་ནང་བསྟན་འཛིན་གྲྭ་ཞེས་པ་བཙུགས་ཤིང་། དེའི་སློབ་སྤྱིའམ་སློབ་དཔོན་དུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་བསྐོ་གཞག་གནང་བས། རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་ལས་ཆོས་དང་སྐད་ཡིག་སོགས་ལ་སྦྱངས་པ་གནང་བའི་གོ་སྐབས་ཐོབ་བོ།། །།

 

༼ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ཡོངས་འཛིན་རྒྱ་ཡག་སྤྲུལ་སྐུ། གུང་ཐང་རིན་པོ་ཆེ། ཨཀྱཱ་རིན་པོ་ཆེ། བྱ་བྲལ་རིན་པོ་ཆེ་སོགས་ལྷན་སྒྲོན།༽

༤༽ རིག་གསར་གྱི་ཚ་རླབས་དྲག་ཏུ་འཕྱུར་བ།

 

མེ་རྟ་ཕྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེའི་དུས་ཟིང་གིས་རྐྱེན་པས་སློབ་གྲྭ་དེ་ཉིད་མཚམས་འཇོག་བྱས་ཏེ་རིན་པོ་ཆེ་ཐད་ཀར་གདན་ས་བཀྲ་ཤིས་ལྷུན་པོར་ཕྱིར་སློག་པ་དང་། ལོ་དེར་རྒྱལ་ཡོངས་སུ་རིག་གསར་གྱི་ཚ་རླབས་དྲག་ཏུ་འཕྱུར་ཞིང་། སློབ་གསོ་ཆེན་པོ་གསུམ་གྱི་ལས་འགུལ་ལྟ་བུ་གང་སར་ཞྭ་མོ་གཡོགས་པ་དང་། སྐབས་དེའི་འགོ་འཁྲིད་རྣམས་ལ་འཐབ་རྩོད་དང་ཁྲོམ་སྐོར་དུ་འཁྲིད་པ་སོགས་བྱས་པས། གོང་རིམ་ནས་བཀྲས་ལྷུན་དགོན་པར་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཐོན་སྐྱེད་ངལ་རྩོལ་དང་གྲལ་རིམ་འཐབ་རྩོད་སོགས་རྙོག་འཛིང་ཤིན་ཏུ་ཆེ་བའི་དུས་སྐབས་དེ་ཤར་བ་ཡིན་ནོ།།
ལོ་དེའི་ཟླ་བ་ ༨ པར་ལྕགས་འདམ་བཅིངས་འགྲོལ་རྐ་གསར་ལས་མཇུག་བསྒྲིལ་ཞིང་། དགོན་པར་ཐོན་སྐྱེད་རུ་ཁག་བཙུགས་པས། ཁོང་དང་དབང་འདུས་ལགས་སོགས་དཔོན་ཚང་བྲང་ཁང་དུ་རུ་ཁག་གསུམ་པའི་ནང་བཞག །རྒྱ་བོད་སྐད་གཉིས་ལ་བྱང་བའི་བྱ་བྲལ་རིན་པོ་ཆེ་རྒྱུན་གཏན་ཕྱག་ལས་གཙོ་བོ་མའོ་ཙེ་ཏུང་གི་གསུང་བཏུས་དང་། དེ་མིན་གྱི་སྦྱར་ཚིག་འབྲི་རྒྱུའི་ལས་འགན་བསྐུལ་བས་གོས་སྐུ་སྤེལ་དང་དཔོན་ཚང་བྲང་ཁང་། དེ་བཞིན་གཞིས་རྩེའི་ལུས་རྩལ་ཐང་སོགས་སུ་རྒྱ་ཡིག་དང་བོད་ཡིག་གི་སྦྱར་ཚིག་སྣ་ཚོགས་འབྲི་གནང་མྱོང་ཞིང་། ཐེངས་ཤིག་སྦྱར་ཚིག་འབྲི་སྐབས་མའོ་ཙེ་ཏུང་གི་པར་གྱི་ཐོག་ཏུ་བཀྲག་རྩི་ཐིགས་པས་ལོག་སྤྱོད་ཀྱི་ཞྭ་མོ་ཕུལ་ནས་འགག་རྒྱག་བྱ་རྩིས་ལ་སྐབས་དེའི་དམག་དོན་དོ་དམ་པ་ཡང་སི་ལིང་ཞེས་པས་གུ་ཡང་བཏང་བས་འོ་བརྒྱལ་མ་གཏོད་ཙམ་བྱུང་། དེ་མིན་གྱི་ངལ་རྩོལ་ཁག་གྲྭ་དམངས་མཉམ་དུ་བསྐུལ་བ་ལས། སྤྲུལ་སྐུ་གཞན་དག་ལྟ་བུའི་འོ་བརྒྱལ་དེ་ཙམ་མ་བྱུང་། འོན་ཀྱང་རུ་ཁག་གི་རུ་དཔོན་ཨ་སོག་ཟེར་བ་དེས་ལས་ཀ་དཀའ་ལས་ཁག་ས་གང་ཡིན་ལ་བྱ་བྲལ་རྒྱུགས་ཞེས་རིན་པོ་ཆེ་གཏོང་རྐྱང་བྱེད་པར་གསུངས།


༼ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ཡོངས་འཛིན་རྒྱ་ཡག་སྤྲུལ་སྐུ། བྱ་བྲལ་རིན་པོ་ཆེ་སོགས་ལྷན་སྒྲོན།༽

 

གཞན་ཡང་རིན་པོ་ཆེ་ཐུགས་ཆུང་བས་སྐབས་དེ་དུས་ཀྱི་འགོ་འཁྲིད་ཀྱིས་ལྟ་སྟངས་ལེགས་ཙམ་ཡོད་པར་མ་ཟད། ཡང་སི་ལིང་གི་ཨ་ཅེ་དེས་ཞལ་ཏོག་ཕུལ་བ་སོགས་དམིགས་བསལ་ལྟ་སྐྱོང་ཞུས་ཤིང་། ཤིང་སྟག་ལོ་སྟེ་ཕྱི་ལོ་ ༡༩༧༤ ལོ་ཙམ་ལ་ལྷ་སར་བོད་ལྗོངས་ལས་བྱེད་སློབ་གྲྭར་ཕེབས་རྒྱུའི་གོ་སྐབས་བྱུང་སྟེ་ལོ་གཉིས་ཙམ་ཕེབས་འདུག །མེ་སྦྲུལ་ཕྱི་ལོ་ ༡༩༧༧ ལོར་འཁྲུངས་གཞིས་རྒྱ་ཆུང་དུ་ཡབ་ཡུམ་ཟུང་ལ་གཟིགས་པར་ཕེབས། ས་རྟ་ལོའི་བོད་ཟླ་ ༡༡ ཚེས་ ༢༩ དང་། ཕྱི་ལོ་ ༡༩༧༨ ལོའི་ཟླ་ ༡ ཚེས་ ༨ ཉིན་འོད་ཡུག་སྡིངས་མ་དགོན་གྱི་གནས་སྟངས་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། དགུང་གསར་རིང་འཁྲུངས་གཞིས་རྒྱ་ཆུང་དུ་ཡབ་ཡུམ་དང་སྐུ་མཆེད་ལྷན་དུ་བཞུགས་པའོ།། །།

 

༥༽ བཀྲས་ལྷུན་དམངས་བདག་གི་གཙོ་འགན་བཞེས་པ།

 

ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་གོང་རིམ་ནས་བཀྲས་ལྷུན་དམངས་བདག་བསྐྱར་སྒྲིག་བྱས་ནས་བྱ་བྲལ་རིན་པོ་ཆེར་ཀྲུའུ་རེན་ (འགན་འཛིན།) རྒན་པའི་མཚན་གནས་ཕུལ། འོན་ཀྱང་ཕྱི་ནང་གི་དབང་ཆ་ཚང་མ་རྒྱུན་ལས་ཀྲུའུ་རེན་འཇམ་དབྱངས་ལ་ཡོད་ཅིང་། སྐབས་དེར་འཇམ་དབྱངས་དང་། པ་སངས་པུའུ་ཀྲང་ (ལྷན་ཁང་གི་དྲུང་ཆེ་ལྟ་བུ།) ཆབ་སྲིད་གྲོས་ཚོགས་ཁོངས་སུ་བཅུག་པ་དང་། དེ་བཞིན་དགེ་འདུན་དམངས་ཀྱིས་མོས་མཐུན་མེད་པའི་འགོ་ཁྲིད་རྙིང་པ་རྒྱལ་མོ་རོང་པ་དང་། ངག་དབང་ཉི་མ་གཉིས་གཞིས་ཀ་རྩེ་ས་གནས་ཐབས་ཕྱོགས་གཅིག་གྱུར་ཚན་པར་སྐོང་འཐེན་བྱས།
ཆུ་ཁྱི་ཕྱི་ལོ་ ༡༩༨༢ ལོར་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་རང་གདན་དུ་ཆིབས་བསྒྱུར་བསྐྱངས་ཤིང་། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་ཟུར་མཇལ་གནང་ནས་ཆོས་སྲིད་ཀྱི་མཛད་འཆར་ཁག་ནང་མོལ་གནང་བ་དང་། ལོ་དེར་བཀྲས་ལྷུན་རིགས་གཅིག་རྐང་འཛིན་འཛིན་གྲྭ་དང་། རྩེ་སློབ་གྲྭ་སོགས་བསྐྱར་འཛུགས་བཀའ་དྲིན་བསྐྱངས་ཤིང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་རིམ་བཞིན་སླར་གསོ་བྱུང་།
ཆུ་ཕག་ཕྱི་ལོ་ ༡༩༨༣ ལོ་ནས་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་། འབི་ལུང་རིན་པོ་ཆེས་བཀྲས་ལྷུན་སྔགས་པ་གྲྭ་ཚང་བསྐྱར་འཛུགས་ཀྱི་ཐུགས་འགན་བཞེས་ནས་གསེར་ཁང་མི་ཚན་ཉམས་བཟོ་མཛད་དེ་སྔགས་པ་གྲྭ་ཚང་བསྐྱར་འཛུགས་མཛད་པ་དང་། ཤིང་བྱི་ཕྱི་ལོ་ ༡༩༨༤ ལོར་བྱ་བྲལ་རིན་པོ་ཆེས་ཆོས་ལུགས་དོན་འཁྱོལ་ཡོང་སླད་གོང་འོག་གང་སར་འབོད་སྐུལ་དང་། དགོངས་འཆར་བཏོན་གནང་བར་འབྲས་བུ་མི་དམན་པ་ཐོབ་པར་མ་ཟད། མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་ཐོབ། ལོ་དེར་གཙང་བཀྲ་ཤིས་ལྷུན་པོའི་དབྱར་གྱི་སྨོན་ལམ་ཆེན་མོ་འཛུགས་རྒྱུ་དང་། གོས་སྐུ་མཐོང་གྲོལ་ཆེན་མོ་འགྲེམས་སྤེལ་ཞུ་རྒྱུའི་དགོངས་འཆར་སྟོན་གནང་བར་ཀྲུའུ་རེན་འཇམ་དབྱངས་སོགས་ཀྱིས་གོས་སྐུ་སྤེལ་འདི་ཉིད་ལོ་མང་བེད་མེད་དུ་བཞག་པས་བདེ་འཇགས་ཀྱི་གནས་ཚུལ་ལྷགས་སྲིད་པ་སོགས་རྒྱུ་མཚན་དུ་བྱས་ནས་བཀག་འགོག་བྱས་པར། བྱ་བྲལ་རིན་པོ་ཆེས་གནས་ཚུལ་ཆེ་ཆུང་ཅི་འདྲ་ཞིག་ཐོན་ནའང་ངས་འགན་འཁུར་ཞུ་ངེས་ཡིན་ཞེས་གསུངས་ནས་ཁས་ལེན་གནང་སྟེ་མཚན་རྟགས་འགོད་གནང་མཛད། གཞན་ཡང་ལོ་དེར་དབེན་དགོན་གྱི་འདུ་ཁང་བསྐྱར་བཞེངས་སོགས་ཉམས་གསོའི་ཐུགས་འགན་ཡོངས་སུ་བཞེས།

ཤིང་གླང་ཕྱི་ལོ་ ༡༩༨༥ ལོར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སླར་ཡང་བོད་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་མཛུབ་སྟོན་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གྲོལ་རྗེས་གདན་སར་ཕེབས་ནས་བཀྲས་ལྷུན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་བཅོས་སྒྲིག་གནང་བ་དང་། དེའི་འགོ་ཁྲིད་མི་སྣ་མཐའ་དག་དམངས་གཙོའི་ལམ་ནས་འདེམས་བསྐོ་བྱ་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་ལོ་དེའི་ཟླ་བ་ ༨ པར་ལྷག་ལུས་དགེ་འདུན་པ་ཞལ་གྲངས་ ༥༨༧ གྱིས་མང་མོས་འོས་ཤོག་འཕེན་པས། འོས་དང་པོ་བྱ་བྲལ་རིན་པོ་ཆེ་དང་། གཉིས་པ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། གསུམ་པ་རྣམ་ཚེ་རིན་པོ་ཆེ་སོགས་ཐོན་པས་འདུས་དམངས་ཀྱིས་གསོལ་བ་བཏབ་པ་བཞིན་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པས་གདན་ས་བཀྲ་ཤིས་ལྷུན་པོའི་མཚན་འཛིན་ཀྲུའུ་རེན་དང་། བྱ་བྲལ་རིན་པོ་ཆེས་ཀྲུའུ་རེན་རྒན་པ། ཆོས་ལྡན་ལགས་ཀྲུའུ་རེན་གཞོན་པ། རྣམ་ཚེ་རིན་པོ་ཆེས་རྒྱུན་ལས་ཀྲུའུ་རེན་མཛད་རྒྱུའི་ཐུགས་གཏན་འཁེལ།
མེ་སྟག་ཕྱི་ལོ་ ༡༩༨༦ ལོར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གདན་ས་སྡིངས་མ་དགོན་ཉམས་གསོའི་ཆེད་འོད་ཡུག་ཏུ་ཐེངས་ཁ་ཤས་ཕེབས་དགོས་བྱུང་བ་དང་། དེ་བཞིན་དབེན་དགོན་ཉམས་གསོའི་ཐུགས་འགན་བཞེས་བཞིན་པར་མ་ཟད། ལྷག་པར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་དགོངས་ལྟར་༸པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་ཀྱི་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་དགོས་པ་སོགས་ཕྱག་ལས་མཛད་བྲེལ་ཆེ་ལ། གསོལ་ཆས་ཀྱང་དུས་ཐོག་ཏུ་བཞེས་ཁོམ་མ་བྱུང་བས། སྐུ་བད་ལ་སྙུན་གཞི་བཞེས་ཏེ་སྐུ་ཤ་སྐེམ་རིད་དུ་ཕེབས་པ་དང་། བཞིན་རས་ནག་ལ་ཞལ་རྒྱན་རིང་བ་སོགས་བགྲེས་ཉམས་ཅན་དུ་གྱུར།
ལོ་དེའི་ས་ཟླའི་ཚེས་ ༡༣ ཉིན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་སྡིངས་མ་དགོན་དུ་ཆིབས་ཁ་བསྒྱུར་བ་དང་། ཆོས་སྡེ་གང་དེའི་ཆོས་ལུགས་ཀྱི་གནང་སྒོ་ཁག་གི་ཐུགས་འགན་ཡོངས་རྫོགས་དགེ་བའི་བཤེས་གཉེན་ཆེན་པོ་མཁན་རིན་པོ་ཆེ་བློ་བཟང་ཐབས་མཁས་མཆོག་ནས་བཞེས་རྒྱུ་དང་། དཔལ་འབྱོར་སོགས་ཀྱི་ཐུགས་འགན་ཚང་མ་རྒན་བློ་བཟང་ཐུབ་བསྟན་ལགས་ནས་བཞེས་དགོས་པའི་བཀའ་ནན་གནང་བ་དང་། དེའི་ཉིན་མོར་བློ་གསར་གསུམ་གྲྭ་ཁོངས་སུ་གསར་འཇུག་གནང་བ་ནི་དུས་བསྒྱུར་རྗེས་ཀྱི་གྲྭ་རྒྱུན་ཐོག་མ་དེ་དག་ཡིན། དེ་རྗེས་སླར་ཡང་གསར་བུ་བདུན་གྲྭ་ཁོངས་སུ་འཇུག་གནང་མཛད།
གཞན་ཡང་ལོ་དེར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་ཤོག་གུ་ལ་བརྒྱུད་ནས་གཙང་ལྗོངས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པས། བྱ་བྲལ་རིན་པོ་ཆེའི་བཀའ་བཀོད་འོག་ཡུལ་དེའི་སེར་སྐྱ་ཚང་མས་ལོ་རྒྱུས་ཡུན་རིང་ལྡན་པའི་མེ་ཏོག་ལྷས་ཞེས་པར་དབུ་གུར་དང་བཞུགས་ཁྲི་སོགས་ཕེབས་བསུའི་གྲ་སྒྲིག་འཐུས་ཚང་ཞུས་ཤིང་། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ཀྱང་ཐུགས་དགྱེས་བརྩེ་ཆེན་པོས་ཞབས་སོར་བདེ་བར་འཁོད་ནས་དད་ལྡན་ཡོངས་ལ་མཇལ་ཁ་ཕྱག་དབང་གནང་བར་མ་ཟད། གོང་ཞུས་སྡིངས་མ་དགོན་གྱི་བཙུན་ཆུང་གསར་ཞུགས་བཅུའི་སྐྲ་ཕུད་བཞེས་པ་དང་། ཆོས་མིང་ལ་བློ་བཟང་ཞེས་ཐམས་ཅད་མཁྱེན་པ་མཆོག་གི་མཚན་ཟུར་ལྡན་པ་ལ་སྦྱིན་སོགས་ཕར་ཕྱིན་དྲུག་དང་། དེ་འཕྲོས་བཞི་ལ་ཡེ་ཤེས་དང་། ཐུབ་བསྟན། ཡོན་ཏན། དོན་གྲུབ་བཅས་ཀྱིས་མཐའ་བརྒྱན་ཏེ་སྩལ།
རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ། ཕྱི་ལོ་ ༡༩༨༧ ལོའི་ཟླ་བ་ ༣ ཚེས་ ༡༩ ཉིན་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་ཐུགས་དགོངས་རྒྱ་ཆེ་ལ་གཟིགས་རྒྱང་རིང་པོའི་སྒོ་ནས་བོད་ཀྱི་དགོན་པ་ཡོངས་རྫོགས་བསྐྱར་བཞེངས་གནང་རྒྱུ་དང་། དགེ་འདུན་པའི་འཚོ་བའི་མཐུན་རྐྱེན་ལ་དམིགས་ནས་དགོན་པས་དགོན་པ་གསོ་བའི་ཐབས་ལམ་ཉག་གཅིག་ནི་ཚོང་གི་ལམ་ལ་བསྟེན་ནས་དཔལ་འབྱོར་གྱི་རྨང་གཞི་སྒྲུབ་དགོས་པའི་ལམ་སྟོན་མཛད། དེ་ཡང་སྔོན་ལ་མ་རྩ་ཆེན་པོ་ཞིག་གསོག་སྒྲུབ་བྱེད་དགོས་པས། དེའི་རྩ་བའི་མ་དངུལ་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་ནས་སྔོན་ལ་མཁོ་འདོན་གནང་སྟེ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཀུང་སི་ (སྤྱི་ཚོང་ཁང་།) ཆེན་པོ་བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་ཞེས་ཀུང་སི་ཆེན་པོ་དེ་བཙུགས། དེའི་སྤྱི་ཁྱབ་ཅིང་ལིའི་འགན་དེ་བྱ་བྲལ་རིན་པོ་ཆེས་གནང་དགོས་པའི་བཀའ་ཕེབས་པར། ཁོང་ནས་བདག་གྲྭ་པ་གྲྭ་རྐྱང་ཞིག་གིས་ཀུང་སི་ཆེན་པོ་དེ་ལྟ་བུའི་འགན་འཁུར་ཞུ་ཐུབ་ས་མ་རེད། དགོངས་པ་གནང་རོགས་ཞེས་ཡང་ཡང་ཞུས་ཀྱང་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀུང་སིའི་ཅིང་ལིའི་ (སྤྱི་ཚོང་ཁང་གི་སྤྱི་གཉེར།) འགན་དེ་ཁྱེད་རང་གིས་ངེས་པར་བྱེད་དགོས། གཤམ་འོག་གི་ལས་ཀ་མི་གཞན་གྱིས་བྱས་ན་འགྲིག་ཅེས་བཀའ་ནན་ཕེབས། དེ་ནི་ལེགས་བཤད་ལས།

དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་ཐོབ། །
ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཁམས་དགེ་ཞེས་མཁས་རྣམས་སྒྲོག །

ཅེས་པ་ལྟར་ཡིན། ལོ་དེར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དབུ་བཞུགས་ཀྱིས་བཀའ་གདམས་པའི་གདན་ས་རམ་སྡིངས་ཆོས་སྡེར་རམ་འབྱུང་གནས་རྡོ་རྗེའི་སྣང་བརྙན་གདན་འདྲེན་ཞུས།
ས་འབྲུག་ཕྱི་ལོ་ ༡༩༨༨ ལོར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་རམ་སྡིངས་མ་དགོན་དུ་རྒྱལ་བའི་གསུང་རབ་འབུམ་རྒྱས་འབྲིང་བསྡུས་གསུམ་གདན་འདྲེན་ཞུས། ས་སྦྲུལ་ཕྱི་ལོ་ ༡༩༨༩ ལོར་སྡིངས་མ་དགོན་ཉམས་གསོའི་ལས་གྲྭར་གཟིགས་ཞིབ་གནང་ནས་ཉིན་གྲངས་བཅུ་རིང་བཞུགས་འཇགས་མཛད། དེ་བཞིན་ལོ་དེའི་ཟླ་བ་ ༡༢ པར་མཆོད་ཁང་ཤར་ཉམས་གསོ་ལེགས་གྲུབ་ཟིན་པ་དང་། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རབ་གནས་མཛད་སྒོ་ཕུན་སུམ་ཚོགས་པ་མཛད་ཅིང་། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་མཁས་དབང་མཚན་སྙན་ཅན་ཀུན་མཛད་སྒོར་བཅར་ནས་སྐལ་བཟང་དགའ་སྟོན་རྫོགས་ལྡན་གྱི་དཔལ་ལ་འགྲན་པར་མཛད་པའི་སྐབས་ཕྱི་ནང་གི་མཛད་རིམ་ཆེ་ཆུང་མཐའ་དག་གི་ཐུགས་འགན་ཡོངས་རྫོགས་ཕྲག་ཏུ་བཞེས་ཤིང་གྲ་ཆག་གྲུ་ཉམས་མེད་པར་མཛད་པས། ༸སྐྱབས་མགོན་མཆོག་ཀྱང་ཐུགས་མཉེས་ཚོར་ཆེན་པོས་འགོ་ཁྲིད་ཡིན་ཕྱིན་བྱམས་པོ་དགོས་ལ་ནན་པོའང་དགོས། ཞེས་གོང་འོག་གང་སར་བྱ་བྲལ་རིན་པོ་ཆེའི་རྒྱུན་གཏན་ཕྱག་ལས་གནང་ཚུལ་དང་། ལྷག་པར་མཆོད་ཁང་ཤར་གྱི་ལས་གྲྭར་གཟེངས་སུ་ཐོན་པའི་མཛད་རྗེས་ཡོད། ཅེས་ངོ་སོ་བསྟོད་གནང་མཛད།
གཞན་ཡང་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་གདན་སར་ཕེབས་རིམ་བཞིན་ཐུགས་ཁོམ་ནམ་བྱུང་ལ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སྐུ་རྐྱང་གཟིམ་ཆུང་དུ་གདན་ཞུ་གནང་ནས་གདན་སའི་གནས་ཚུལ་དང་། དེ་མིན་བསྟན་འགྲོའི་མཛད་འཆར་གྱི་བཀའ་གྲོས་ལྷུག་པོར་མཛད་ནས་བཞུགས་པ་ཡིན། ས་སྦྲུལ་ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༡ ཚེས་ ༢༨ ཉིན་གྱི་ཐོ་རེངས་སུ་༸སྐྱབས་མགོན་རིན་པོ་ཆེའི་སྐུའི་ཞབས་གྲས་མ་བྱན་ཆེན་མོ་སྤེན་པ་ལགས་ནས་ཛ་དྲག་གིས་སྙན་ཞུའི་ཞལ་པར་ཕུལ་བ་བཞིན་སྨན་རྩིས་ཁང་གི་སྨན་པ་སྐད་གཏོང་གནང་མཛད་ནས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་བཅར་བས། ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཁམས་ཤིན་ཏུ་མི་བདེ་བས་སྨན་རྩིས་ཁང་གི་སྨན་པས་ཕུལ་བའི་གསོལ་སྨན་གསོལ་བས་མནལ་ཅུང་ཙམ་ཁུག །དེ་རྗེས་ཕྱག་ཚོད་བརྒྱད་པ་ཙམ་ལ་གློ་བུར་དུ་གསུང་དྲག་པོ་ཞིག་ཤོར་བ་དང་ཐབས་གང་གིས་ཀྱང་མ་ཕན་པར་ཞིང་བརྗེས། དེ་རྗེས་དམག་མིའི་སྨན་ཁང་དང་ཀྲུང་དབྱང་ནས་ཆེད་གཏོང་བྱས་པའི་སྨན་པ་སོགས་ཀྱིས་མྱུར་སྐྱོབ་བྱེད་ཁུལ་གྱིས་ཕུར་མཉེད་མང་དུ་བྱས་པས། སྐུ་ལུས་ལ་རྨ་མ་ཟོས་ཙམ་གྱི་སྐབས་སུ་བྱ་བྲལ་རིན་པོ་ཆེ་མཆོག་སྤྱན་ཆབ་བསིལ་ཞིང་། ད་ཡིན་ན་གནས་ཚུལ་ཅི་ཞིག་བྱུང་རུང་སྐུ་ལུས་ལ་ཐོ་མ་གཏོང་རོགས་ཞེས་གསུང་སྐད་ཤོར། སྐབས་དེར་ཀྲུང་དབྱང་ནས་མངགས་པའི་ལས་དོན་པས་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་གདུང་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུ་ཡིན་ལུགས་བརྗོད་ཀྱང་། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་ངོ་རྒོལ་མཐའ་གཅིག་ཏུ་མཛད།

༼སྔགས་ཆེན་བློ་བཟང་ཆོས་གྲགས་མཆོག་དང་། བྱ་བྲལ་རིན་པོ་ཆེ།༽

དེའི་ཕྱི་ཉིན་བཀྲས་ལྷུན་རྡོ་གཅལ་ཆེན་མོར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གློ་བུར་ཞིང་བརྗེས་པའི་གནས་ཚུལ་ཁྱབ་བསྒྲགས་མཛད་པས། དེར་འདུས་དགེ་འདུན་ཡོངས་རྫོགས་ཐུགས་མྱ་ངན་གྱིས་ནོན་ནས་སྤྱན་ཆབ་དབང་མེད་དུ་ཤོར། དེ་དག་ལས་གུ་གེ་དགེ་སློང་ནོར་བུ་ཚེ་རིང་ལགས་སོགས་ནས་༸སྐྱབས་མགོན་རིན་པོ་ཆེ་མདང་ནུབ་སྐུ་ལ་མི་བདེ་བ་ཅུང་ཙམ་མེད་པས་དོན་དེ་མི་ངན་གྱི་གཡོ་ཇུས་འོག་བྱུང་བ་རེད། ཅེས་ཆོ་ངེ་དྲག་པོ་འདོན་པ་དང་། འགའ་ཤས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་གནས་ཚུལ་བྱུང་བས། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་འདི་ལྟར་དགོངས་པ་རྫོགས་པ་རེད། ཁྱེད་རྣམས་ཤུམས་ནས་བཞུགས་མཁན་ཡིན་ནམ། ཤུམས་ནས་གནད་དོན་གང་ཡང་ཐག་གཅོད་མི་ཐུབ། གནས་ཚུལ་འདི་འདྲའི་སྐབས་སུ་སེམས་ནང་དཀའ་ངལ་མེད་པ་སུ་ཞིག་ཡོད། ང་ལྟ་བུར་ཆ་བཞག་ནའང་རྐང་པས་གོམ་པ་གང་དུ་སྤོ་དགོས་མིན་ཡང་ཤེས་ཀྱི་མི་འདུག །སྐུ་གདུང་རིན་པོ་ཆེར་སྲུང་སྐྱོབ་དང་། དགོངས་རྫོགས་མཆོད་འབུལ་སོགས་མཇུག་གི་གནང་སྒོ་ཁག་ལ་ཐུགས་བསམ་བཞེས་ཀྱི་མིན་ནམ་ཞེས་བཀའ་བཀྱོན་མཛད།
ཡང་ཕྱོགས་གཞན་ནས་དབུས་གཞུང་དང་། དེར་གཏོགས་པའི་མི་ཁ་ཤས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ད་ནས་བྱང་ཤམ་བྷ་ལར་ཕེབས་རྒྱུ་རེད་ཟེར་བ་དང་། ད་ནས་ཡང་སྲིད་ཕེབས་རྒྱུ་མིན་པའི་སྐོར་རྒྱུ་མཚན་དུ་བྱས་ནས་སྐུ་གདུང་རིན་པོ་ཆེ་ཡང་རྒྱ་ནག་ཏུ་གདན་འདྲེན་ཞུ་དགོས་ལུགས་བརྗོད་པར། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དབུ་བཞུགས་ཀྱི་གདན་སའི་བླ་སྤྲུལ་དགེ་བཤེས་རྣམ་པས་༸སྐྱབས་མགོན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་རིན་པོ་ཆེ་རང་གདན་དུ་གདན་འདྲེན་ཞུ་རྒྱུ་ཡིན་ལ། སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུ་གདུང་ཡང་གཞན་དང་མི་འདྲ་བར་གསེར་གདུང་བཞེངས་རྒྱུ་ཡིན་ཞེས་ཐུགས་ཐག་ཆོད་པོས་གསུངས། ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏར་འཕྲིན་སྙན་ཞུ་ཕུལ་བའི་ནང་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་དང་། མགོན་པོ་གང་གི་ཐུགས་དགོངས་རྫོགས་ཤིང་། མཆོག་སྤྲུལ་རིན་པོ་ཆེ་འཁྲུལ་བྲལ་བསྟན་འགྲོའི་དོན་དུ་མྱུར་དུ་བྱོན་པའི་བསྔོ་སྨོན་སྐྱབས་ཞུ་ཕུལ་བའོ།། །།

 

༦༽ བསྟན་སྲིད་ཀྱི་འཁུར་ཆེན་བདག་གིར་བཞེས་པ།

ལྕགས་རྟ་ཕྱི་ལོ་ ༡༩༩༠ ལོར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་གང་ཉིད་མ་དགོན་མདུན་ས་ཆོས་ཀྱི་ཕོ་བྲང་དུ་སྐུ་འཁོར་དང་བཅས་པ་ཞབས་ཀྱིས་བཅགས་ཏེ་གྲུབ་ཆེན་ཆོས་ཀྱི་རྡོ་རྗེས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ལ་རྟེན་འབྲེལ་བསྟོད་པ་གསུངས་པའི་གནས་ཁྱད་པར་ཅན་གཟིམ་སྦུག་ནུབ་ཏུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་རྨད་དུ་བྱུང་བ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཀྱི་སྐུ་ཚེ་བརྟན་པ། ཁྱད་པར་དུ་སྣང་མཐའི་མགོན་པོ་མི་ཡི་རྣམ་རོལ་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཡང་སྤྲུལ་ཉི་མ་གཞོན་ནུ་འཁྲུལ་པའི་དྲི་མ་བྲལ་བ་ཞིག་རང་གདན་དུ་ཞབས་སོར་མྱུར་དུ་འཁོད་ཐུབ་ཕྱིར་དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ལ་ལྷ་བསང་དང་ཚོགས་འབུལ། དམ་ཅན་ཆོས་རྒྱལ་ལ་དབྱུ་གུ་ཕུལ་བ་སོགས་འཕྲིན་བཅོལ་དང་སྐུ་རིམ་ཉིན་བདུན་ཙམ་གནང་།


༼དབེན་དགོན་དང་། གཟིམ་སྦུག་བཅས་ཀྱི་རྣམ་པ།༽

 

ཡང་སྡུག་གི་མུན་པ་འཐིབས་པའི་སྐབས་དེར་བྱ་བྲལ་རིན་པོ་ཆེས་ཐུགས་སྟོབས་ཆེར་བསྐྱེད་ཀྱིས་ས་གནས་དང་རང་སྐྱོང་ལྗོངས། ཀྲུང་དབྱང་བཅས་ལ་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུ་གདུང་ཉར་ཚགས་ཞུ་སྟངས་དང་། འདས་མཇུག་གི་བྱ་བ་སྒྲུབ་ཚུལ། སྐུ་གདུང་རིན་པོ་ཆེ་གསེར་གདུང་བཞེངས་རྒྱུ། སྐུའི་ཡང་སྲིད་རིན་པོ་ཆེ་འཁྲུལ་པའི་དྲི་མ་དང་བྲལ་བ་ཞིག་གདན་འདྲེན་ཞུ་དགོས་པ་དེ་དག་གི་འགྲོ་སོང་ཚང་མ་གཞུང་ནས་ནར་གཏོང་དགོས་ཚུལ་གྱི་སྙན་ཞུ་ཕུལ་བར་འབྲས་བུ་མི་དམན་པ་ཐོབ་ཅིང་། ལོ་དེར་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོའི་གདུང་རྟེན་མཆོད་ཁང་སྲིད་གསུམ་རྣམ་རྒྱལ་གསར་བཞེངས་ཀྱི་དབུ་བཙུགས་པ་དང་། སྐུ་གདུང་རིན་པོ་ཆེ་བདེ་ཆེན་སྐལ་བཟང་ཕོ་བྲང་ནས་གདན་ས་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་མཛད་རྒྱའི་ཚོམས་ཆེན་དུ་གདན་དྲངས་ཤིང་། གདན་སའི་གྲྭ་ཚང་ཁག་རེས་མོས་ཀྱིས་དགེ་འདུན་པ་བརྒྱད་གྲྭ་རེ་གདན་ཞུས་ཀྱིས་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་ཡི་དམ་ཁག་གི་ཆོ་ག་སོགས་ཉིན་མཚན་ཆག་མེད་དུ་གནང་།
འོན་ཀྱང་སྐུ་གདུང་གསེར་གདུང་བཞེངས་རྒྱུར་འགོག་རྐྱེན་མུ་འཐུད་འཕྲད་པ་སྟེ། མི་ངན་རེ་ཟུང་གིས་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་གསེར་གདུང་མི་ཐོབ་ཟེར་བ་དང་། སྔར་ནས་བཞེངས་མྱོང་མེད་ཚུལ་སོགས་གླེང་བར་བྱ་བྲལ་རིན་པོ་ཆེས་དཔལ་འབྱོར་གྱིས་འདང་ན་རྒྱལ་བ་ཡབ་སྲས་ཀྱི་མི་ཚད་རང་གི་རྩ་བའི་བླ་མ་སུ་ལ་ཡང་གསེར་གདུང་མི་ཐོབ་པ་མེད། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེར་གསེར་གདུང་བཞེངས་རྒྱུའི་འགྲོ་གྲོན་ཙམ་ཡང་མི་གཏོང་ན་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་གོའི་གྲོགས་པོ་བློས་ཐུབ་ཟེར་བ་སོགས་ནི་ཁ་ཙམ་རེད། གལ་ཏེ་ཀྲུང་དབྱང་ནས་འགྲོ་གྲོན་མ་བཏང་ན་ང་ལ་སློང་ཡིག་ཆོག་མཆན་ཞིག་སྤྲོད་རོགས། ངས་ཕྱིའི་རྒྱལ་ཁབ་སོགས་ལ་སློང་ནས་ངེས་པར་གསེར་གདུང་ཞིག་བཞེངས་རྒྱུ་ཡིན་ཞེས་གསུངས།
དེ་བཞིན་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་ཉེར་སྤྱོད་ལ་སོགས་པ་སྐུ་ཆས་ཚང་མ་གདན་ས་བཀྲ་ཤིས་ལྷུན་པོར་རྩིས་སྤྲོད་གནང་དགོས་ཚུལ་དང་། ༸སྐྱབས་མགོན་སྐུ་ཕྲེང་བཅུ་པ་ཆེན་པོའི་གསུང་འབུམ་དང་། མཛད་རྣམ་ཕྱོགས་སྒྲིག་བྱེད་རྒྱུ་དང་། དེ་དག་གི་འགྲོ་སོང་གཞུང་ནས་གཏོང་དགོས་ཚུལ། གཞན་ཡང་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་བཞིན་བོད་ཁུལ་དུ་སྨན་རིན་མི་དགོས་པའི་སྨན་བཅོས་ལག་བསྟར་དགོས་པ། དེ་བཞིན་བོད་དུ་འོ་མའི་བཟོ་གྲྭ་གཉེར་རྒྱུ་དང་། གློག་ཁང་བསྐྲུན་ནས་རིན་མེད་གློག་མཁོ་འདོན་དགོས་ཚུལ་སོགས་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་མཛད་པ་འཕྲོ་ཅན་རྣམས་དོན་སྨིན་ཡོང་བའི་སྙན་ཞུ་སོགས་དམའ་བ་ས་གནས་ནས་རང་སྐྱོང་ལྗོངས་བརྒྱུད་དེ་མཐོ་བ་ཀྲུང་དབྱང་བར་དུ་སྙན་ཞུ་ཐེངས་མང་ཕུལ་ཡང་རང་སྐྱོང་ལྗོངས་ནས་ཡར་མ་ཕུལ་བའམ་འདི་བྱས་འདི་མིན་གྱི་ལན་གསལ་གང་ཡང་མ་བྱུང་བས། ལྷག་བསམ་ཅན་གྱི་གཞིས་རྩེའི་རྒྱལ་པོ་ཀྲོན་ཡོན་ངོ་མས་ཀྲུང་དབྱང་དུ་སྙན་ཞུ་ཕུལ་བར་གྲགས།

༼ཡུམ་བུ་བླ་སྒང་གི་རྒྱབ་ངོས་བྱ་བྲལ་རིན་པོ་ཆེ་དང་། སྔགས་ཆེན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་གྲགས་སོགས་ལྷན་བཞུགས།༽

 

གཞན་ཡང་ལོ་དེར་དཔེ་རྒྱུན་ཤིན་ཏུ་དཀོན་པའི་གསུང་འབུམ་སྟེ་༸རྒྱལ་བ་དགེ་འདུན་གྲུབ་པ་དང་། ༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གང་སར་འཚོལ་ཞིབ་གནང་མཐར་ཕོ་བྲང་པོ་ཏ་ལར་བཞུགས་པའི་མ་དཔེ་གཡར་པོ་ཞུས་ནས་གོང་གསལ་གསུང་འབུམ་ལས་༸པཎ་ཆེན་སྐུ་ཕྲེང་གཉིས་པའི་གསུང་འབུམ་མ་རྙེད་པ་ཕུད་དེ་མིན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོད་ ༤༣ དང་། ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ་བཅས་དཔར་སྐྲུན་མཛད་ནས་དགོངས་པ་ཆེར་བཞེས་ཀྱིས་མདོ་དབུས་ཁམས་གསུམ་ཀུན་ཏུ་ཁྱབ་པར་མཛད་དོ།།
སྐབས་དེ་དུས་སྐྱབས་རྗེ་རིན་པོ་ཆེ་མཛད་བྲེལ་ཤིན་ཏུ་ཆེ་བའི་སྒང་ཡིན་པ་གོང་ཞུས་ཀྱི་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་སོགས་མཛད་འཆར་ཁག་ལེགས་གྲུབ་ཆེད་མདོ་སྨད་ཀྱི་བླ་ཆེན་ཁག་གི་དྲུང་དུ་བཀའ་བསྡུར་དང་། དེ་བཞིན་ཀྲུང་དབྱང་ལ་སྙན་ཞུ་འབུལ་ཆེད་རྒྱ་ནག་ཏུ་ཐེངས་མང་ཕེབས་དགོས་བྱུང་བས་བཀྲས་ལྷུན་ཨར་པོ་བས།

རྒྱ་ནག་རྒྱ་ནག་ཟེར་བ། །ཐག་ལ་རིང་རྒྱུ་མི་འདུག །བླ་མ་བྱ་བྲལ་སྤྲུལ་སྐུ། །

གསེང་དང་དབྲག་ལ་ཕེབས་ཀྱི། །

ཞེས་ལས་གླུར་ལེན་པའང་བྱུང་ཡོད། གས་ལུག་ཕྱི་ལོ་ ༡༩༩༡ ལོར་གང་གི་གདན་ས་སྡིངས་མ་དགོན་གྱི་གཙུག་ལག་ཁང་གི་ཕྱི་ནང་བར་གསུམ་གྱི་ཉམས་གསོ་ལེགས་གྲུབ་བྱུང་བས། ལོ་དེའི་ཟླ་བ་ ༦ ཚེས་ ༡༥ ཉིན་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་གཙུག་ལག་ཁང་ལེགས་གྲུབ་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་གྲ་སྒྲིག་ཆེད་ཞབས་སོར་འཁོད་པ་དང་། སྐབས་དེར་དགོན་པའི་རྒྱབ་རིར་འཇའ་འོད་ཤིན་ཏུ་དྭངས་ཤིང་གསལ་བ་ཞིག་ཞྭ་གྱོན་པ་ལྟར་ཤར་བས་དེར་བསྡུས་ཀུན་ཡ་མཚན་པར་གྱུར།
སྐྱབས་རྗེ་རིན་པོ་ཆེ་གདན་སར་ཞབས་སོར་འཁོད་རྗེས་གདན་སའི་ལས་སྣེ་དབུ་ཆོས་རྣམས་དང་ལྷན་དུ་མཛད་སྒོའི་གྲ་སྒྲིག་གནང་ཕྱོགས་ལ་བཀའ་བསྡུར་དང་། ལྷག་པར་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐུགས་འགན་ཆེ་བཞེས་ཀྱིས་གྲྭ་གཞོན་གསར་ཞུགས་དྲུག་གི་སྐྲ་ཕུད་བཞེས་ཤིང་། འདུས་ཚོགས་སུ་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དང་། བླ་མཆོད་བདེ་སྟོང་དབྱེར་མེད་མ། ཇ་མཆོད་བདེ་ཆེན་ཀུན་བཟང་མ། རྗེ་རིན་པོ་ཆེའི་བསྟོད་པ་ཀ་ལ་པ། གསུང་མགུར་ཤར་གངས་རི་མ་སོགས་ཀྱི་ལྗགས་ལུང་དང་། དབེན་ས་སྙན་བརྒྱུད་ཀྱི་གསུང་གདངས་ཐུན་མོང་མ་ཡིན་པ་རྣམས་བཀའ་ཁྲིད་ཉིན་མང་པོར་མཛད།
ཟླ་བ་ ༦ ཚེས་ ༢༢ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཐོ་རེངས་ཕྱག་ཚོད་བདུན་པའི་ཐོག་སྐྱབས་རྗེ་རིན་པོ་ཆེ་ཚོགས་ཕེབས་གནང་སྟེ། སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་གྱི་ལྗགས་ལུང་གནང་ཞིང་། བདེ་མཆོག་དང་འབྲེལ་བའི་བླ་མ་མཆོད་པའི་ཚོགས་མཆོད་ཤིན་ཏུ་རྒྱས་པ་འབུལ་གནང་མཛད། ཚོགས་ཡོངས་ལ་མང་ཇ་སྐུ་འགྱེད་དང་། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་ཚྭ་བྱིན་རླབས་ཀྱིས་ཚན་ཁ་འབར་བ་རེ་གསོལ་རས་སུ་སྩལ། དེ་རྗེས་འདུས་དམངས་ཀྱིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཤིང་། སེར་སྐྱ་ཚང་མར་མཇལ་ཕྱག་གནང་། དེ་ནས་རྟེན་འབྲེལ་གྱི་མཛད་སྒོ་དབུ་ཚུགས་ཏེ་མཛད་སྒོར་ཞུགས་མཁན་དང་པོ་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དང་། དེ་ནས་བྲག་དཀར་དགོན། དེ་རྗེས་མང་རྭ་ཡུལ་ཤོག་སོགས་ཁག་ཉི་ཤུ་རྩ་གཅིག་གིས་རྟེན་འབྲེལ་ཞུས་གྲུབ་མཚམས་བདེ་གཡང་ཤར་ངོས་ཀྱི་ཡང་སྟེང་ནས་བསང་གསོལ་དང་ལྷ་རྒྱལ་འཐེན་ཞིང་། བདེ་གཡང་ཕྱི་མའི་ནང་དུ་སྐྱེས་ཕོ་མོ་ཁྲི་སྟོང་མང་པོས་དགའ་དད་སྤྲོ་གསུམ་གྱིས་གླུ་གར་གྱི་མཆོད་པ་ཕུལ་བ་དང་། སྐོར་ལམ་དུ་རྟ་པ་བརྒྱ་ཕྲག་གིས་རྟ་རྒྱུག་དང་ཞར་འཕེན་སོགས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་འགྲན་པར་བྱས།
གཞན་ཡང་ཉིན་དེ་དག་ཏུ་ནམ་མཁའ་ལས་མེ་ཏོག་གི་ཆར་བབས་པ་དང་། འཇའ་འོད་ཀྱིས་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་བཟང་ཕུན་སུམ་ཚོགས་པ་བྱུང་ཞིང་། སྐྱབས་རྗེ་མཆོག་ཀྱང་མཛད་སྒོའི་སྔ་ཕྱི་བར་གསུམ་ཚང་མར་ཞབས་སོར་འཁོད་ཐོག་སྐྱ་སེར་ཕོ་མོ་ཡོངས་ལ་མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་དབང་ཟབ་མོ་སྩལ་བ་དང་། དེ་བཞིན་ཀླུ་སྒྲུབ་སྨོན་ལམ་གྱི་འགྲེལ་པ་དང་། གཞན་ཡང་ཆོས་དང་འཇིག་རྟེན་ལ་ཕན་པའི་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་ཟབ་མོ་གནང་ནས་ཁྱོན་བསྡོམས་ཉིན་གྲངས་ ༡༡ རིང་བཞུགས་འཇགས་མཛད།
ལོ་དེར་གདན་ས་བཀྲ་ཤིས་ལྷུན་པོར་བཀའ་འགྱུར་ལྗགས་ལུང་ཞུ་བའི་གྲ་སྒྲིག་སྐབས་ལྕགས་ཁ་བློ་བཟང་དམ་ཆོས་གཙོ་བོར་གྱུར་པས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་དེ་འདྲ་སྤེལ་ན་ཆབ་སྲིད་ཀྱི་གནས་ཚུལ་ལྷགས་ཀྱི་རེད་ཅེས་དང་། ཡང་ཟིང་ཆ་མ་ལངས་ན་ངས་སྐེ་གཡུགས་ཆོག་ཟེར་བར་རིན་པོ་ཆེས། གནས་ཚུལ་ཆེ་ཆུང་གང་ཞིག་ལྷགས་ཀྱང་ང་བྱ་བྲལ་གྱི་འགན་ཡོངས་རྫོགས་ཁྱེར་ཆོག་གསུངས་ནས་གནས་ཚུལ་ངན་པ་མི་ལྷགས་པའི་མཚན་རྟགས་ཐེངས་གཉིས་པ་བཀོད་པ་གནང་།
ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ལོར་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པའི་གསང་བའི་རྣམ་ཐར་ཆེན་མོ་ཕྱོགས་སྒྲིག་སླད་རྩེ་མགོན་བླ་མ་ཚེ་རིང་ལགས་དང་། གསེར་ཁང་དཀའ་ཆེན་ཚེ་རིང་ལགས། ཧར་གདོང་པདྨ་རྡོ་རྗེ་ལགས། བཞད་པ་དྲུང་ཆེ་ཐུབ་བསྟན་སྐལ་བཟང་ལགས་བཅས་དང་། ཡི་གེ་བ་སྐུའི་ཞབས་གྲས་བློ་བཟང་བསྟན་འཛིན་ལགས་དང་། བཀྲ་ཤིས་སྟོབས་རྒྱས་ལགས། བཀྲ་ཤིས་དར་རྒྱས། ཆོས་ཚེ་རིང་བཅས་དང་། དཔེ་ཆར་འགོད་མཁན་གདན་སའི་དབུ་ཅན་པ་གཙོ་བོ་རྒྱལ་རྩེ་བློ་བཟང་མཁས་གྲུབ་ལགས་དང་། ནོར་སྟེང་བློ་བཟང་རྣམ་རྒྱལ་ལགས། དེ་བཞིན་བུ་ལགས་སོགས་དང་། མ་ཆེན་དཀའ་ཆེན་སྟོབས་རྒྱས་ལགས་སོགས་ལས་གྲུབ་པའི་གདན་ས་བཀྲ་ཤིས་ལྷུན་པོའི་ལོ་རྒྱུས་ཚོགས་ཆུང་བསྐྱར་འཛུགས་གནང་། འོན་ཀྱང་སྐབས་དེར་མཁས་དབང་རྡོ་རྗེ་རྒྱལ་པོས་མཛད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་རྣམ་ཐར་རྒྱས་པ་དེ་ཉིད་ཕྱག་ཏུ་མ་འབྱོར་བས་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་རྫུན་གྱིས་མ་བསླད་པ་ཞིག་ཕྱོགས་སྒྲིག་ཞུ་ཕྱིར་སྒོ་ཀུན་ནས་ཡིག་ཆ་འཚོལ་ཞིབ་དང་བསྡུ་རུབ་མཛད་པས། ཤིང་ཕག་ཕྱི་ལོ་ ༡༩༩༥ བར་གསང་བའི་རྣམ་ཐར་པོད་གསུམ་ཟིན་པ་ལག་བྲིས་ཕྱག་དཔེ་དང་། ཟིན་ཐོ། ལྕགས་པར་བཅས་ཕྱོགས་ཡོངས་ནས་ལེགས་པར་གྲུབ་ཀྱང་འགྲེམས་སྤེལ་ཞུ་མ་ཐུབ་པར་ལུས། ཡང་ལོ་དེར་སྔགས་པ་གྲྭ་ཚང་གསར་བཞེངས་ཀྱི་ལས་གྲྭ་དབུ་ཚུགས།

༼ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་མདུན་དུ་བྱ་བྲལ་རིན་པོ་ཆེ་སོགས།༽

 

ཆུ་བྱ་ཕྱི་ལོ་ ༡༩༩༣ ལོར་༸སྐྱབས་མགོན་ཀུན་གཟིགས་ཐམས་ཅད་མཁྱེན་པའི་གདུང་རྟེན་སྲིད་གསུམ་རྣམ་རྒྱལ་བུམ་རྟེན་གདན་ཞུའི་སྐབས་ལྕགས་ཁ་བ་དང་། འཇམ་དབྱངས་སོགས་ནས་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཞལ་དཀར་བརྗེ་པོ་བརྒྱབ་པ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་མཁྱེན་ནས་རྩད་གཅོད་ནན་པོ་གནང་མཐར་ཞལ་དཀར་ངོ་མ་དེ་འབུལ་ལམ་ཞུ་དགོས་བྱུང་ཞིང་། གདུང་རྟེན་རིན་པོ་ཆེ་ལེགས་གྲུབ་ཀྱི་མཛད་སྒོ་རྒྱ་ཆེ་མཛད་པའི་སྐབས་སུ་བྱ་བྲལ་རིན་པོ་ཆེ་ཞབས་ཐོགས་ཏེ་བུམ་རྟེན་སྟེང་ནས་མར་ལྷུང་གྲབས་གནང་བ་དང་། དེ་བཞིན་རབ་གནས་ཆེན་མོའི་སྐབས་སུ་གློག་སྐུད་མཐུད་སྟངས་ཡག་པོ་མ་བྱུང་བའམ་གང་ལྟར་གློག་འཐབ་ནས་མེ་འཆེད་གྲབས་བྱས་པ་སོགས་ཉེན་ཁ་ཆེ་བའི་གནས་ཚུལ་རེ་གཉིས་ཐོན་པར། བཀའ་འགྱུར་རིན་པོ་ཆེས་ད་དུང་གེགས་འཚུབ་ཤིན་ཏུ་ཆེ་བས་ཞབས་བརྟན་གནང་དགོས་ཚུལ་གསུངས།
དེ་ལྟར་སྐུ་གདུང་རིན་པོ་ཆེའི་གདུང་རྟེན་གསར་བཞེངས་ལེགས་གྲུབ་ཟིན་རྗེས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མྱུར་དུ་གསེར་ཁྲིར་མངའ་གསོལ་ཐུབ་སླད་ཕྱོགས་ཡོངས་ནས་འབད་བརྩོན་གནང་། དེ་ཡང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་གདན་ས་བཀྲ་ཤིས་ལྷུན་པོས་གཙོ་བོར་མཛད་དེ་འཚོལ་ཞིབ་གནང་རྒྱུ་དང་། སྔར་སྲོལ་བཞིན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་ངོས་འཛིན་མཛད་རྒྱུ། ཡང་སྲིད་རིན་པོ་ཆེ་རྒྱ་བོད་སོགས་ས་ཆ་གང་དུ་སྐུ་འཁྲུངས་ཀྱང་། མཛད་པ་ངེས་པར་དུ་གངས་ལྗོངས་སུ་བསྐྱང་རྒྱུ་བཅས་རྩ་དོན་གསུམ་གྱི་སྒོ་ནས་ཐག་གཅོད་ཡོང་བར་འབད་བརྩོན་གནང་ཡོད།
ཡང་ལོ་དེ་ནི་དབུ་གནས་མཐོན་པོ་ཕུལ་བ་དང་སྐུ་ལས་ཁག་ཤོས་ཀྱི་ལོ་དེ་ཡིན། གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། དབེན་དགོན་ཆོས་ཀྱི་ཕོ་བྲང་། རམ་སྡིངས་ཆོས་སྡེ་བཅས་ཀྱི་ཕྱི་ནང་གི་བྱ་བ་མཐའ་དག་གི་ཐུགས་འགན་བཞེས་རྒྱུ་དང་། དེ་བཞིན་ཕོ་བྲང་ཡས་མས་གཉིས་དང་། བོད་གངས་རྒྱན་དར་སྤེལ་སྤྱི་གཉེར་ཁང་གི་སྟངས་འཛིན་གནང་རྒྱུ། གཞན་ཡང་སྲིད་གཞུང་གི་ཕུལ་བའི་དབུ་གནས་ཏེ། ཀྲུང་དབྱང་ཆབ་སྲིད་གྲོས་མོལ་གྱི་རྒྱུན་ལས་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི། གཞིས་རྩེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ལྷག་པར་དུ་༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གི་ཚོགས་གཙོ་སོགས་གོང་རིམ་ནས་དབུ་གནས་མཐོན་པོ་ཕུལ་བ་དང་། དེ་བཞིན་སྐུ་སྲུང་དམག་མི་བཅོ་ལྔའི་ཐོབ་ཐང་དང་། འཇར་མན་ནས་ཐོན་པའི་ཆེད་གཏོང་རླངས་འཁོར་དང་དེར་ཁ་ལོ་བ། སྐུའི་མ་བྱན། དེ་བཞིན་སྨོན་སྐྱིད་བྲང་ཁང་དེང་དུས་ཅན་གྱི་གཟིམ་ཆུང་དུ་བསྐྲུན་པ་སོགས་བྱས་ཡོད། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བསྒྲུབས་ན་ང་བྱ་བྲལ་གྱི་བསམ་པ་རྫོགས་པ་ཡིན་ཞེས་གསུངས་མྱོང་ལ། དོན་དུའང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་རྒྱུ་དང་། དགོན་པའི་ལས་དོན་ཁོ་ནར་དགོངས་པ་བཞེས་པ་ལས། ཁོང་རང་ཉིད་ལ་ཐུགས་བསམ་བཞེས་མྱོང་མེད། རྒྱུན་དུ་དགོན་པའི་བདེ་འཇགས་ཀྱི་ཆེད་སྐོར་གཡེང་བསྐྱོན་པའང་ཉུང་ཉུང་མིན།
ཆུ་བྱ་ཕྱི་ལོ་ ༡༩༩༣ ལོར་པེ་གླིང་སྤྱི་ཁང་དུ་སྐུ་ཞབས་བགྲེས་སོང་ལྔ་ཆུང་ལགས་ཀྱི་གཟིམ་ཤག་ཏུ་ནམ་ཕྱེད་ཙམ་ལ་མེ་ཤོར་བ་རིན་པོ་ཆེས་མཁྱེན་ནས་དུས་ཐོག་ཏུ་གསོད་ཐུབ་པ་བྱུང་བ་དང་། དེ་བཞིན་བཀྲ་ཤིས་ལྷུན་པོའི་བསམ་བློ་ཁམས་ཚན་གྱི་མདུན་དུ་དགེ་འདུན་པའི་ཆབ་ཆུ་གསོག་སྣོད་ཀྱི་ལྕགས་སྒྲོམ་མཐོ་ཞིང་གཟར་བ་ཐོག་ཚད་ལྔ་ཙམ་ཡོད་པའི་སྟེང་དུ་མཚན་གྱི་ཕྱག་ཚོད་གསུམ་པ་ཙམ་ལ་བཀྲས་ལྷུན་བདེ་འཇགས་སྐོར་གཡེང་བ་རང་དགར་འཛེགས་པ་རིན་པོ་ཆེས་མཁྱེན་ནས་གློག་བཞུ་བསྣམས་ནས་ཆུ་མཛོད་ཡོད་སར་ཕེབས་ཏེ་གང་བྱུང་དུ་ཆུ་མཛོད་སྟེང་འཛེགས་པར་བཀའ་བཀྱོན་གནང་བ་དང་རྗེས་སུ་དེ་ལྟར་བྱེད་མི་ཉན་པའི་ལམ་སྟོན་གནང་།
གཞན་ཡང་སྐབས་དེའི་གཡས་གཡོན་དུ་གནས་ཚུལ་རྙོག་གྲ་ཅན་མང་དུ་ཐོན་པ་ཚང་མར་གདོང་ལེན་དང་ཐག་གཅོད་གནང་བ། དཔེར་ན། ཕྱི་ལོ་ ༡༩༩༣ ལོའི་དབྱར་དུས་ཤིག་ལ་གཞིས་རྩེ་ཞོལ་དུ་རྒྱ་ཁ་ཆེའི་ཚོང་པ་དང་གྲོང་གསེབ་ནས་ཡིན་པའི་བགྲེས་སོང་ཞིག་དབར་མི་མཐུན་པ་བྱུང་ནས་ཚོང་པ་དེས་བགྲེས་སོང་ལ་ཉེས་བརྡུང་བཏང་བ་གདན་སའི་བཙུན་ཆུང་ཕུན་ཚོགས་ཀྱིས་མཐོང་ནས་བགྲེས་སོང་གི་རྒྱབ་ལ་ལངས། འོན་ཀྱང་ཚོང་པ་དེས་ཕུན་ཚོགས་ཀྱི་མགོ་བོར་ཚལ་གྲི་ཞུས་པས་རྨས་སྐྱོན་ཤུགས་ཆེ་ཕོག་ཅིང་། སྐབས་དེར་གདན་སའི་གྲྭ་ཤར་མཆོད་ཁང་ཤར་གྱི་དཀོན་གཉེར་དབང་འདུས་དམ་པ་དེ་སླེབས་པས་རྒྱ་ཁ་ཆེ་དེ་དག་དང་འཐབ་ནས་ཕུན་ཚོགས་བསྐྱབས། དེ་མཚམས་གཞིས་རྩེའི་མང་ཚོགས་རྣམས་གང་ས་ནས་རྒྱུགས་ཏེ་ཁ་ཆེའི་ཚོང་ཁང་དེ་ཤུལ་ཙམ་མེད་པ་བཟོས། དེར་རྟེན་སྤྱི་བདེ་མི་སྣས་དོ་དམ་ནན་པོ་བྱས་པས་སྐབས་དེར་བྱ་བྲལ་རིན་པོ་ཆེ་སྐུ་དངོས་སྲིད་གཞུང་དང་། སྤྱི་བདེ་ཉེན་རྟོག་ཁང་དུ་ཕེབས་ནས་ཐེངས་འདིར་བཙུན་ཆུང་ཞིག་གི་ཆེད་མང་ཚོགས་ཀྱིས་བྱ་འགུལ་འདི་ཙམ་སྤེལ་གྱི་འདུག་ན། གལ་ཏེ་བླ་སྤྲུལ་ལྟ་བུ་ཡིན་ན་དེས་མི་ཚད་པའི་གནད་དོན་ལྷགས་སྲིད། དེར་བརྟེན་ཐེངས་འདིའི་ཐག་གཅོད་དེ་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློ་ཁེངས་པའི་ཐག་གཅོད་བྱེད་དགོས་ཞེས་བཀའ་གནང་། སྐབས་དེར་མཆོད་ཤར་དཀོན་གཉེར་དབང་འདུས་དམ་པ་དེར་ཕྱག་དངུལ་གསོལ་རས་སྩལ།
ཡང་ལོ་དེར་གདན་ས་བཀྲ་ཤིས་ལྷུན་པོའི་སྲང་ལམ་ཁག་ཏུ་བོད་རང་བཙན་གྱི་སྦྱར་ཡིག་བཀྲམ་པས་དོགས་ཡོད་དགེ་འདུན་པ་བཞི་འཛིན་བཟུང་བཀག་ཉར་བྱས་པར། རིན་པོ་ཆེས་བཙུན་ཆུང་ཁོ་ཚོར་དགོན་པས་བསམ་བློའི་སློབ་གསོ་གཏོང་གི་ཡིན་ཞེས་ངོ་ཆེན་གནང་ཞིང་དགོན་པར་བསུ་བ་གནང་། དེ་བཞིན་རིན་སྤུངས་བྱམས་ཆེན་དགོན་དང་། རྒྱལ་རྩེ་དཔལ་ཆོས་དགོན། ཞྭ་ལུ་གསེར་ཁང་དགོན་བཅས་སུའང་གོང་དང་འདྲ་བའི་ཆབ་སྲིད་དོན་རྐྱེན་འཕྲད་པར་ཐུགས་བརྩེ་བ་ཆེན་པོས་དགེ་འདུན་པ་དེ་དག་གི་ཆེད་དུ་ངོ་ཆེན་གནང་ནས་ཆབ་སྲིད་ཀྱི་གནོན་བཙིར་མ་ཕོག་པའི་ཐབས་བཀོད་མཛད།
ཉིན་ཞིག་གློ་བུར་དུ་འོད་ཡུག་ཏུ་ཡུམ་ལ་གཟིགས་པར་ཕེབས་པས། ཡུམ་གྱིས་བླ་མ་ཁྱེད་རང་སྐྱ་བོ་མི་ནག་གི་གནས་འདི་ལྟ་བུར་འོང་ནས་ཅི་བྱེད་ཅེས་བཀའ་བཀྱོན་གྱི་ཚུལ་དུ་གསུངས་པ་ལ། ཁྱེད་ཉིད་བདག་གི་ཨ་མ་ལགས་པས་མཇལ་དུ་འོང་ཞེས་གསུངས། ཡུམ་གྱིས་ང་ལ་བལྟ་བར་ཕེབས་པ་ལས་ཁྱེད་རང་༸པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གདན་སར་བཞུགས་ན་ང་དགའ་བ་འདུག་ཅེས་གསུངས། དེ་ནས་ཉིན་ཤས་ཀྱི་རྗེས་རིན་པོ་ཆེ་ཕྱག་ལས་སུ་ཕེབས་ཁར་གསོལ་དཔོན་ལ། དེ་རིང་གཅུང་པོ་ཚེ་རྡོར་ལགས་ཡོང་བ་ཡོད་པས་གར་ཡང་མ་འགྲོ་ཞེས་བཀའ་མངགས་གནང་། འོན་ཀྱང་ཉིན་གུང་ཟིན་རུང་ཕེབས་མཁན་སུ་ཡང་མ་བྱུང་། རིན་པོ་ཆེ་ཉིན་གུང་ཞལ་ལག་ལ་ལོག་ཕེབས་ནས་ཚེ་རྡོར་ལགས་སུ་ཕལ་ཆེར་རླངས་འཁོར་མ་ཐོབ་པ་འདྲ། ཕྱི་དྲོ་གང་དུ་ཡང་མ་འགྲོ་ཞེས་གསུངས། ཕྱི་དྲོ་མུ་མཐུད་ཕེབས་སྒུག་ཞུས་ཀྱང་མ་ཕེབས། རིན་པོ་ཆེ་ཕྱག་ལས་གྲོལ་ནས་ཕྱིར་ལོག་ཕེབས་ནས། ཚེ་རྡོར་ལགས་ད་དུང་མ་ཕེབས་པ་ཅི་ཡིན་གསུངས། དེའི་མོད་ལ་གཟིམ་སྒོ་བརྡུངས་བྱུང་བས་གསོལ་དཔོན་གྱིས་གཟིམ་སྒོ་ཕྱེ་ནས་ནང་དུ་གདན་འདྲེན་ཞུས། རིན་པོ་ཆེས། ཨ་མ་གྲོངས་སོང་ངམ་གསུངས་པར། གྲོངས་སོང་། ཨ་མས་བཀའ་མངགས་གནང་བ་ལ། རིན་པོ་ཆེས་མ་ངའི་ཆེད་དུ་རྒྱུ་ནོར་སྐར་མ་ཙམ་ཡང་མ་གཏོང་རོགས། ཚེ་འདིའི་ཕ་མར་སོང་བས་བདེ་བ་ཅན་གྱི་སྨོན་ལམ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ཞིག་འདོན་རོགས་ཞུས་གསུང་གི་འདུག །ཅེས་དང་། ང་རང་སྒེར་གྱི་དངུལ་འདི་ལ་སྔགས་པ་གྲྭ་ཚང་དུ་སྦྱང་ཆོག་ཅིག་གཏོང་རོགས་ཞེས་ལྗགས་ལན་ལྟ་བུ་ཞིག་ཕུལ།
ལོ་དེའི་ཟླ་བ་ ༧ པར་པེ་ཅིང་དུ་རྒྱལ་ལོ་དོན་གྲུབ་མཆོག་དང་མཇལ་ཕྲད་གནང་ཞིང་། ཡང་སྲིད་སྐོར་ལ་སྙན་ཞུ་དང་བཀའ་མོལ་མཛད། དེ་དུས་པེ་ཅིང་དུ་ཡང་སྲིད་སྐོར་གྱི་ཆེས་མཐོའི་ཐག་གཅོད་རང་བཞིན་གྱི་ཚོགས་འདུ་ཚོགས་ཤིང་། གོང་རིམ་ནས་ཡང་སྲིད་མགྱོགས་མྱུར་ཐག་གཅོད་དགོས་ཚུལ་གྱི་བླང་བྱ་ནན་པོ་བཏོན་པ་དང་། བྱ་བྲལ་རིན་པོ་ཆེས་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་ངོས་འཛིན་ཞུ་ཐུབ་པའི་ཞལ་བཞེས་དང་། ཡང་སྲིད་རིན་པོ་ཆེ་༸རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་དགོས་ཚུལ་གྱི་རྒྱུ་མཚན་མང་དུ་གསུངས་པས། དེར་འདུས་ཀུན་ཧང་སངས་ནས་༸པཎ་ཆེན་གཉིས་པ་ཞེས་གྲགས་ཤིང་། ཚོགས་འདུ་གྲོལ་ནས་བོད་དུ་བྱོན་སྐབས་མདོ་སྨད་ཀྱི་བླ་ཆེན་མི་ཆེན་ཀུན་གྱིས་དར་དང་བདུག་སྤོས་སོགས་བསྣམས་ནས་གནམ་ཐང་དུ་ཕེབས་བསུར་བཅར་བ་དང་། ལོ་དེའི་དགུང་གསར་སྐབས་ཀྲུའུ་ཞི་ཅང་ཙེ་མིན་གྱི་ཞལ་པར་ཐོག་འཚམས་འདྲི་དང་། ཡང་སྲིད་མགྱོགས་མྱུར་ཐག་གཅོད་ཡོང་བའི་སྐུལ་ལྕག་ཞུས།
ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་སྐྱབས་རྗེ་རིན་པོ་ཆེ་གཟིམ་ཆུང་སྨོན་སྐྱིད་བྲང་ཁང་དུ་བཞུགས་པའི་ཚེ་ཡ་མཚན་པའི་རྟགས་སམ་མཚན་མ་ཐོར་རེ་བར་བྱུང་ཞིང་། དེ་ཡང་ཉིན་གཅིག་གཟིམ་ཆུང་ནང་སྔར་མཐོང་མ་མྱོང་བའི་བྱ་ཆེན་པོ་ངོ་མཚར་ཅན་ཞིག་འོངས་བས་རིན་པོ་ཆེས་དེར་འབྲས་ལ་སོགས་པ་སྦྱིན་ཅིག་གསུངས་པ་བཞིན་སྦྱིན་པས། དེས་ཀྱང་ཞེད་སྣང་ཙམ་ཡང་མེད་པར་བཟས་ཤིང་། ནུབ་གཅིག་རིང་བསྡད་རྗེས་སང་ཞོགས་སྔ་བར་འཕུར་བ་དང་། ཡང་ཉིན་གཅིག་གར་ཡོང་མེད་པའི་བགྲེས་སོང་ལྕང་ལོ་དཀྲིས་ཤིང་། སྣམ་དཀར་གྱི་ཕྱུ་པ་དང་སེར་ཆེན་འབོག་ཏོ་གྱོན་པ། རྣ་བར་སོག་བྱིལ་བཏགས་པ་ཤིན་ཏུ་བག་བྲོ་བ་ཞིག་གཟིམ་སྒོར་བཅར་ནས་བསོད་སྙོམས་དགོས་ཞེས་ཟེར་བས། གསོལ་དཔོན་གྱིས་གཟིམ་སྒོ་ནས་ཡར་མ་བཏང་བར་མྱུར་དུ་བསོད་སྙོམས་ལེན་དུ་ཕྱིན་ནས་ཕྱིར་ཕེབས་དུས་གྲིབ་གཟུགས་ཙམ་ཡང་མེད་པས། གཡས་གཡོན་ཀུན་ཏུ་བཙལ་ཡང་མ་རྙེད་པར་ཡར་ལོག་པས་རིན་པོ་ཆེས་བསོད་སྙོམས་སློང་མཁན་དེ་ཡར་མི་གཏོང་བ་ཅི་ཡིན་ཞེས་བཀའ་བཀྱོན་དྲག་པོ་གནང་།
༼སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་བཞུགས་གནས་སྨོན་སྐྱིད་བྲང་ཁང་།༽

 

ཡང་ནུབ་ཅིག་ནམ་གྱི་སྲོད་ཙམ་ལ་བུད་མེད་ངུ་བའི་སྒྲ་ཞིག་གསན་པས། གསོལ་དཔོན་ལ་ཁྱོད་ཀྱིས་ཅི་ཞིག་གོ་གསུངས་པར་ཕྲུ་གུའི་ངུ་སྒྲ་ཞིག་གོ་ལགས་ཞུས་པས། བུད་མེད་ངུ་བའི་སྒྲ་དེ་ཕྱོགས་གང་དུ་ཡོད་མེད་ཞིབ་པར་གསན་པས། བྱམས་ཁང་ཆེན་མོའི་ཐད་ཙམ་ནས་གྲགས་ཤིང་འདུག་པས་ཐུགས་ཅུང་མི་བདེ་བས། ནང་པར་སྔ་བར་བཞེངས་ནས་འདུས་ཚོགས་སུ་བཟློག་བསྒྱུར་དང་ཞབས་བརྟན་མང་དུ་བསྒྲུབས། ལོ་དེར་སྐྱབས་རྗེ་སྔགས་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཆོས་གྲགས་མཆོག་དང་། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་དབུས་པའི་ཡང་སྲིད་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཐུབ་ཆེན་དང་། རྒྱལ་བ་བྱམས་པ། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་གདུང་རིན་པོ་ཆེའི་དྲུང་དུ་གཟན་བརྟག་ཞུས་པར། ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་ཁོ་ནར་བབས་པ་དང་། རིན་སྤུངས་གཡུ་ཕུ་རྫ་ལྷུང་(གཡུ་བུ་རྫ་ལུང་) དང་། ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ་སོགས་སུ་མཚོ་མཇལ་ཞུས་པར། ཤར་ཕྱོགས་ཀྱི་འབྲོག་སྡེ་ཞིག་ཏུ་ཡོད་པ་གསལ་པོར་ལུང་བསྟན་པས་ཐུགས་བློ་བདེ་པོ་བྱུང་།
དེ་ནས་ནག་ཆུར་ཕེབས་པ་དང་ཁྱེའུ་གང་དེ་མཇལ་བ་ཙམ་གྱིས་ཕན་ཚུན་ཐུགས་འདྲིས་ཤིན་ཏུ་ཆེ་བའི་སྣང་བ་ལྟ་བུ་བྱུང་ཞིང་། རྟགས་དང་མཚན་མ་གང་གི་ཆ་ནས་ཀྱང་ཡང་སྲིད་རིན་པོ་ཆེ་འཁྲུལ་བྲལ་དུ་ངེས་པ་རྙེད། འོན་ཀྱང་གདན་སར་ནམ་ཕེབས་ཀྱི་བཀའ་འདྲི་ཞུ་སྐབས། ཐུགས་སྐྱོ་ཉམས་དང་བཅས་མྱུར་དུ་འབྱོན་རྒྱུར་ཞལ་མ་བཞེས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འོས་སྤྲུལ་ཁག་གི་སྐུ་པར་དང་ལོ་རྒྱུས་འབུལ་ལམ་ཞུས་ནས་ངོས་འཛིན་གཏན་འཁེལ་ཡོང་བའི་སྐྱབས་འཇུག་ཞུས།
ལོ་དེའི་ཟླ་བ་ ༡༢ ཚེས་ ༢༣ ཉིན་སྡིངས་མ་དགོན་དུ་ཆེས་མཐའ་མའི་བཀའ་སློབ་ལམ་སྟོན་གྱི་ཕྱག་ཡིག་མྱུར་མཇལ་སྨོན་ལམ་དང་བཅས་པ་ཕེབས་ཤིང་། ༸སྐྱབས་མགོན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་མགྱོགས་མྱུར་གསེར་ཁྲིར་ཞབས་སོར་འཁོད་ཆེད་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས་དགོས་པར་གསུངས། གཞན་ཡང་ཤིང་ཕག་ཕྱི་ལོ་ ༡༩༩༥ ལོའི་སྡིངས་མའི་དུས་གཏོར་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཀྱང་། ནང་སའི་ཚོགས་འདུ་སོགས་ཀྱིས་རྐྱེན་པས་ཕེབས་ལོང་མ་བྱུང་ངོ་།།
སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་རྒྱ་མཚོའི་སྐུ་ཚེའི་མཛད་རྣམ་ཤིན་ཏུ་བསྡུས་པ་འཕྲོ་ཅན་འདི་བཞིན་དོན་གཉེར་ཅན་འགའ་ལ་ཕན་པར་སྙམ་ནས་རྣམ་གྲྭ་བླ་མ་སེར་པོར་འབོད་པས་ཟངས་དཀར་རི་བོའི་འདབས་སུ་སྦྱར་བ་རེ་ཞིག་རྫོགས་སོ།། མངྒལཾ།། །།

ཐེངས་འདིར་རྣམ་གྲྭའི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་མཆོག་གིས་ཞུས་དག་སོགས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་སྙིང་ཐག་པ་ནས་སྐུ་དྲིན་ཆེ་ཞུ་བ་དང་། ༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་མཁན་རྒྱུ་སྦྱོར་བ་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

 

ཟུར་བཀོལ།

ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི། ས་སྦྲུལ་ཕྱི་ལོ་ ༡༩༨༩ ཟླ་བ་ ༡ ཚེས་ ༢༨ ཉིན། གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་དགོངས་པ་རྫོགས་ཤིང༌། ཁོང་སྐུ་གཤེགས་པ་ནས་གཞིས་བྱེས་གཉིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དང༌། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་དད་ལྡན་མང་ཚོགས་མང་པོས་ཇི་ལྟར་གསོལ་འདེབས་སྐྱབས་འཇུག་ཞུས་དོན་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཁུར་ཆེ་བཞེས་དང་བཅས་ཏེ། ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང༌། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བ་དང་འབྲེལ། ཤིང་ཕག་བོད་ཟླ་ ༣ ཚེས་ ༡༥ དང་། ཕྱི་ལོ་ ༡༩༩༥ ལོའི་ཟླ་བ་ ༥ ཚེས་ ༡༤ ཉིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མར་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་བཀའ་ཤོག།
ཀུན་གཟིགས་པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་ཡང་སྲིད་སྐོར། རྒྱ་གར་ནང་བྱེས་འཁོད་བཀྲས་ལྷུན་དགོན་དང༌། ཡང་སྲིད་སྐོར་གྱི་ལས་དོན་ཚོགས་ཆུང་གཙོ་གྱུར་གངས་ལྗོངས་མངའ་རིས་དབུས་གཙང་མདོ་སྟོད་སྨད་ཀྱི་མི་མང་བོད་ཕྱི་ནང་དུ་གནས་འཁོད་དང༌། ལ་དྭགས་སོགས་ས་ཁུལ་ཁག་ནས། སྤྱི་སྒེར་མང་པོ་ཞིག་གིས་སྔ་རྗེས་སུ་འདི་གར་བརྟག་ཞུ་དང༌། རྟགས་མཚན་ཅན་གྱི་ཁྱེའུའི་མཚན་ཐོ། འདྲ་པར། ལོ་རྒྱུས་བཅས་ཕུལ་འབྱོར་བྱུང་ཞིང༌། སྔར་ཕན་༸རྒྱལ་བ་ཡབ་སྲས་ཀྱི་འབྲེལ་ལམ་ལོ་རྒྱུས་རིམ་ཅན་དངོས་ཡོད་བཞིན། ད་ལམ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འོས་འགན་ངོས་རང་ལ་བབས་པ་ལྟར། ལྷག་བསམ་དོ་གལ་ཆེན་པོས་ཁུར་དུ་བླངས་ཏེ་ལོ་ཤས་རིང་རིམ་གྲོ་འབད་སྒྲུབ་ཐོག་གཞུང་བསྟེན་དགྲ་ལྷ་ཁག་ལའང་གོ་བསྡུར་སྔ་རྗེས་བགྱིས་ཤིང༌། ཐོག་མའི་རེ་འཆར་ལ་འདི་ནས་འོས་སྤྲུལ་གཙོ་ཆེ་ཁག་ཁོངས་བོད་དུ་ཡོད་རིགས་ལ་དངོས་པོ་ངོས་འཛིན་གྱི་བརྟག་དཔྱད་སོགས་བྱེད་ཐུབ་རེས་འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་ངོས་ནས་རྒྱ་ནག་གཞུང་བརྒྱུད་འབྲེལ་བ་བྱེད་ཐབས་བྱས་ཀྱང་དོན་ཐོག་མ་སོན། ད་ཆ་གངས་ལྗོངས་གཞིས་བྱེས་འབྲེལ་ཡོད་མི་མང་ཚང་མས་ཡང་སྲིད་རིན་པོ་ཆེ་འཕྲལ་མྱུར་གཏན་འཁེལ་ཡོང་བའི་རེ་སྨོན་བྱེད་པ་ལྟར། བསླུ་མེད་མཆོག་གསུམ་རྒྱ་མཚོར་གསོལ་འདེབས་དང༌། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ནས་སྨོས་ཏེ་བདེན་བདར་དང་འབྲེལ་ཤོ་མོ་དང༌། ཟན་བརྟག་ནན་ཏན་སྔ་རྗེས་བགྱིས་པ་ཐམས་ཅད་མཐུན་པར་ནག་ཆུ་ལྷ་རི་རྫོང་ཁོངས། སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང༌། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་བུ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་པ་དེ་འཁྲུལ་བྲལ་ངེས་རྙེད་བྱུང་བས། མཆོག་སྤྲུལ་རིན་པོ་ཆེའི་མཚན། བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཞིང༌། ༸ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་ཡང་བརྩམས་བྲིས་བྱས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་སྒོ་འདི་ཐད་ཆོས་ཕྱོགས་ཀྱི་བྱ་བ་ལས། ཆབ་སྲིད་ཀྱི་གནད་དོན་མིན་གཤིས་རྒྱ་ནག་གཞུང་གིས་ཀྱང་ཡང་སྤྲུལ་ཁྲི་འདོན་གྱིས་མཚོན་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་མཐུན་འགྱུར་ཕན་གྲོགས་གནང་བའི་རེ་བ་ཡོད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་ ༡༩༩༥ ཟླ་ ༥ ཚེས་ ༡༤ བོད་ཤིང་ཕག་ནག་ཟླའི་ཚེས་ ༡༥ དཔལ་ལྡན་དུས་འཁོར་གྱི་རྩ་རྒྱུད་གསུངས་པའི་དུས་ཆེན། རྒྱལ་སྤྱིའི་སངས་རྒྱས་ཀྱི་འཁྲུངས་ཚེས་དགེ་བར་བྲིས།།

བརྒྱུད་སྐུལ།

མཆན་སྤེལ།