སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་རྣམ་ཐར་སྐོར་པོད་དྲུག་དཔར་འགྲེམས།

སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་རྣམ་ཐར་སྐོར་པོད་དྲུག་དཔར་འགྲེམས།

གཡས་རུ་གཙང་ཧའོ་དགོན་སྔ་འགྱུར་རིག་མཛོད་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་བའི་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་རྣམ་ཐར་སྐོར་པོད་དྲུག་པོ་འདིའི། པོད་དང་པོ་རིག་འཛིན་རྒོད་ལྡེམ་དང་། མངའ་རིས་པཎ་ཆེན། བྱང་པ་རིག་འཛིན་ངག་གི་དབང་པོ་སོགས་བྱང་གཏེར་བླ་མ་གོང་མའི་རྣམ་ཐར་ཁག་གཅིག་དང་། པོད་གཉིས་པ་དང་གསུམ་པ་གཉིས། རྡོར་བྲག་རིག་འཛིན་པདྨ་འཕྲིན་ལས་ཀྱི་རང་རྣམ་སྟོད་སྨད་གཉིས། པོད་བཞི་པར་རྡོར་བྲག་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་གི་རང་རྣམ། པོད་ལྔ་པ་འདུས་པ་མདོའི་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་༼སྔ་འགྱུར་བཀའ་མའི་ཆོས་འབྱུང་༽ པོད་དྲུག་པ་གཏེར་བཏོན་ཆོས་འབྱུང་། བཅས་ཡིན།

༢ དེ་ཡང་དཔེ་རྩ་ཆེའི་རྣམ་ཐར་སྐོར་གྱི་དཔེ་ཆ་འདི་དག་ནི་བོད་བརྒྱུད་ནང་བསྟན་གྱི་ཧ་ཅང་གལ་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དམ་པ་ཚོའི་རྣམ་ཐར་ལོ་རྒྱུས་ཡིན་ཕྱིར། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ་སྤྱི་དང་། བྱེ་བྲག་ནང་པའི་རྗེས་འཇུག་ཚོའི་ངོས་ནས་མ་བཀླགས་ཐབས་མེད་ཀྱི་དཔེ་ཆ་ཤ་སྟག་ཡིན་པ་སྟེ། ལོ་རྒྱུས་དང་རྣམ་ཐར་ནི། མེས་པོ་གོང་མ་ཚོའི་ཞབས་རྗེས་བླ་མེད་མཚོན་པའི་མེ་ལོང་ཞིག་ཡིན་ཅིང་། མེ་ལོང་ཇི་ལྟར་གསལ་བ་དེ་ལྟར་གཟུགས་བརྙན་གསལ་པོར་མཐོང་ནུས་པ་ཡང་དངོས་པོའི་ཆོས་ཉིད་ལས་གྲུབ་པ་ཞིག་ཡིན་པ་རེད།

༣ རྣམ་ཐར་ལོ་རྒྱུས་འདི་དག་ནི་ཧ་ཅང་གི་རྩ་ཆེན་ཤ་སྟག་ཡིན་པ་ནི་འུད་སྒྲོག་དང་། ཆེ་བསྟོད་བྱས་པ་ཙམ་མ་ཡིན་པའི་མེ་ལོང་གསལ་དྭངས་ཤིག་ཡིན་པ་སྟེ། དཔེར་ན། འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ལྟ་བུ་ཡིན་ན། སྔ་འགྱུར་བཀའ་མའི་ཆོས་འབྱུང་བླ་ན་མེད་པ་ཞིག་སྟེ། མཛད་པ་པོ་མཁས་གྲུབ་གཉིས་ལྡན་ཡིན་ཕྱིར། དེས་མཛད་པའི་བསྟན་བཅོས་དེ་ཡང་། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །ཞེས་པ་ལྟར། དུས་རབས་བཅུ་བདུན་པའི་ནང་བྱོན་པའི་༸རྒྱལ་དབང་ལྔ་པ་ཆེན་པོའི་ཡོངས་འཛིན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྡོར་བྲག་རིག་འཛིན་པདྨ་འཕྲིན་ལས་མཆོག་གིས་མཛད་པ་ཞིག་ཡིན་པས། རྙིང་མ་བཀའ་མའི་ཆོས་འབྱུང་གཞན་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུ་དང་། གཞན་དག་གིས་ཇི་བཞིན་གསལ་མ་ནུས་པ་སོགས་ཆོས་འབྱུང་འདི་ནས་ཡང་དག་པར་གསལ་ཡོད། ཞིབ་པར་ནང་དོན་ལ་གཟིགས་པས་རྟོགས་པར་འགྱུར་རོ། །

དེ་བཞིན་དུ་དུས་རབས་བཅུ་དྲུག་པའི་ནང་གི་མཁས་གྲུབ་ཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་སློབ་མ་ཟབ་བུ་གདན་ས་པ་ཀརྨ་མི་འགྱུར་དབང་རྒྱལ་གྱིས་མཛད་པའི་གཏེར་བཏོན་ཆོས་འབྱུང་འདིས་ཀྱང་དེ་སྔའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་སོགས་ནས་གསལ་ཁ་མ་ཐུབ་པ་མང་དག་ཅིག་ཁ་གསལ་པོར་འཁོད་འདུག་པ་སོགས་ཁྱད་འཕགས་ཀྱི་ལོ་རྒྱུས་ཆོས་འབྱུང་ཞིག་ཡིན།

༤ དཔེ་དེབ་འདི་དག་ནི་ལྷ་སའི་ལྔ་རིག་དཔེ་ཁང་དང་། དགེ་ལེགས་དཔེ་ཁང་། ང་དང་དཔེ་དེབ། གཞིས་རྩེའི་དགེ་ལེགས་དཔེ་ཁང་། ཧའོ་དགོན་སོགས་ནས་སྡེབ་བསིལ་ཅི་རིགས་པར་བླུ་ཆོག་ཅིང་། དེབ་རེ་རེ་དང་དྲུག་ཆར་མཉམ་བླུ་གང་ཡང་གནང་ཆོག །གཤམ་གྱི་འབྲེལ་ཡུལ་བརྒྱུད་དྲྭ་ལམ་ནས་ཀྱང་བླུ་ཐུབ།

ཧའོ་དགོན་གྱི་འབྲེལ་བ་གནང་ཡུལ། 

13989021727

13628923194

བརྒྱུད་སྐུལ།

མཆན་སྤེལ།