སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ།

སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ།

༄༅། །གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

 

རྒྱ་གར་སྐད་དུ། སརྦ་སིདྡྷནྟ་ཛྙེ་ཡེ་ན་བྱནྟ་སཱ་དྷ་ག་ནཱ་མ་ཤཱསྠྲ། བོད་སྐད་དུ། གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས། འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གྲུབ་པ་མཐར་ཕྱིན་འཁྲུལ་མེད་སྨྲ་བའི་གཙོ། །གྲུབ་མཐའ་ཀུན་གསུང་ཐུབ་དབང་ལ་བཏུད་ནས། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་མཐར་སོན་ཏེ། །གྲུབ་མཆོག་མཐའ་བྲལ་བསྒྲུབ་ཕྱིར་འདི་བཤད་བྱ། །སྣ་ཚོགས་ལྟ་བའི་དབྱེ་བ་རྣམ་མང་ཡང་། །ལྟ་བ་སྨྲ་བ་རང་གཞན་སྡེ་པར་འདུས། །ཕྱག་རྒྱ་བཞི་དང་སྲིད་རྩེའི་གཉེན་པོ་དང་། །མཐའ་གཉིས་སྤོང་དང་ཐར་པ་འགོག་བདེན་དུ། །འདོད་དང་མི་འདོད་ལྟ་སྒོམ་སྤྱོད་འབྲས་བཞི། །དེ་གཉིས་འབྱེད་པའི་ཁྱད་པར་བྱེད་ཆོས་ཡིན། །
ཕན་བདེ་མཐའ་དག་རྒྱལ་བའི་འཕྲིན་ལས་དང་། །རྟགས་སྤྲུལ་རང་རྒྱུད་མུ་སྟེགས་དབྱེ་བ་དང་། །ཕྱོགས་འཛིན་ཉེས་པ་ཀུན་གྱི་འབྱུང་ཁུངས་ཕྱིར། །སྡང་ཞུགས་ཚུལ་གྱིས་གཞན་སྡེའང་སྨད་མི་རུང་། །རང་གཞན་གྲུབ་མཐའི་དབྱེ་བ་རྣམ་མང་ཡང་། །ལྷན་སྐྱེས་འཁྲུལ་པའི་འཛིན་སྟངས་སྒྲུབ་འགོག་ཕྱིར། །མཐའ་ལ་ཞེན་དང་མཐའ་བྲལ་སྨྲ་བར་འདུས། །ཀླུ་སྒྲུབ་ལུགས་ལས་གཞན་དང་དེ་ཉིད་དོ། །དང་པོའང་རྟོག་དང་རྟོག་མེད་འཛིན་སྟངས་ཕྱིར། །ཕྱི་རོལ་པ་དང་རང་སྡེ་གཉིས་སུ་འདུས། །དང་པོ་ཉེ་རིང་དབྱེ་བས་ཆད་རྟག་གཉིས། །གཉིས་པ་ཕྱི་ནང་དབྱེ་བས་དོན་སེམས་གཉིས། །དེ་དག་འཁྲུལ་པའི་འཛིན་སྟངས་བདེན་ཞེན་གྱིས། །བསྒྲུབས་ནས་ཀུན་བརྟགས་མཐར་ལྟའི་གཡང་དུ་ལྷུང་། །འཁྲུལ་མེད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡུལ། །མཐའ་བྲལ་མཆོག་དེ་ཀླུ་སྒྲུབ་ལུགས་ལས་རྟོགས། །ཡུལ་ཅན་དེ་ནི་མདོ་རྒྱུད་གཞན་དུ་སྦས། །གཉིས་མེད་དུས་ཀྱི་འཁོར་ལོར་གསལ་བར་གསུངས། །གྲུབ་མཐའ་ཀུན་ཤེས་པ་ཞེས་བྱ་བའི་བསྟན་བཅོས་ལས་ལྟ་བ་སྤྱིར་བརྟག་པ་སྟེ་ལེའུ་དང་པོའོ།།  །།

ཕྱི་རོལ་གྲུབ་མཐའ་སྨྲ་བ་མང་གསུངས་ཀྱང་། །ཆད་སྨྲ་གཅིག་དང་རྟག་སྨྲ་སྡེ་བཞིར་འདུས། །ཀུན་ཀྱང་བདག་དང་རྟག་དངོས་འཚེ་བ་སྨྲ། །ཐུབ་པའི་ལུགས་ལ་སྡང་སྨྲས་བྱེད་པར་མཐུན། །ཆད་སྨྲ་ཚུ་རོལ་མཛེས་པ་རྒྱང་འཕེན་པ། །མེད་སྨྲ་ལྷ་ཡི་བླ་མ་ཕུར་བུ་པ། །ངོ་བོ་ཉིད་སྨྲ་རང་བཞིན་རྒྱུར་སྨྲ་ཟེར། །ཕུར་བུ་འཇུག་སྟོབས་འཇིག་རྟེན་མིག་རྗེས་འབྲང་། །འདོད་ཡོན་ཆགས་པས་སྙིང་ལ་རབ་གདུངས་ནས། །འབྱུང་བཞིའི་བདག་དང་ལུས་སེམས་རྫས་གཅིག་དང་། །འགྲོ་བ་གསུམ་དང་གཞན་གྲགས་གཏན་ཚིགས་སྒྲུབ། །སྐྱེ་བ་སྔ་ཕྱི་ལས་འབྲས་དཀོན་ཅོག་གསུམ། །མ་མཐོང་དངོས་པོ་རྗེས་དཔག་ཚད་མ་འགོག །ལྔ་པས་བཞི་པ་བསྒྲུབས་ནས་དེ་དང་ནི། །སྒྲུབ་པ་བཞི་ཡིས་དགག་པའི་དང་པོ་སྒྲུབ། །དེ་ཡིས་ལྷག་མ་མཐའ་དག་འགྲུབ་པར་འདོད། །མ་མཐོང་ཙམ་གྱིས་མེད་པ་མི་འགྲུབ་ཅིང་། །རྗེས་དཔག་མེད་དང་གཏན་ཚིགས་ཡོད་པ་འགལ། །འབྱུང་སེམས་མཐོང་མྱོང་སོ་སོར་སྣང་བཞིན་དུ། །གཅིག་ཏུ་འདོད་ན་མངོན་སུམ་འགོག་པར་འགྱུར། །རྒྱུན་ལྡན་སེམས་ལ་རང་རྒྱུ་སྔོན་སོང་དང་། །རང་འབྲས་བསྐྱེད་ངེས་ད་ལྟའི་སེམས་ཀྱིས་མཚོན། །ཆགས་སོགས་གོམས་གསལ་ཉེར་ལེན་དེས་ཕྱིར་ཡང་། །མི་གསལ་འགྲོ་བ་གྲངས་ཅན་ཕྱུགས་དང་མཚུངས། །རྟག་སྨྲ་གྲངས་ཅན་པ་དང་དབང་ཕྱུག་པ། །ཁྱབ་འཇུག་པ་དང་གཅེར་བུ་པ་ཞེས་བྱ། །གྲངས་ཅན་ཡོན་ཏན་གསུམ་པ་སེར་སྐྱ་པ། །སུམ་ཅུ་པ་དང་གཙོ་བོ་པ་ཞེས་གྲགས། །དབྱེ་ན་མངོན་གསལ་པ་དང་རྣམ་འགྱུར་སྨྲ། །ལྷ་མེད་པ་དང་ལྷར་བཅས་ཞེས་ཀྱང་བྱ། །སེར་སྐྱ་ཆུ་ཀླུང་ལ་སོགས་སྟོན་པར་འཛིན། །ཚད་མ་གསུམ་གྱིས་ཤེས་བྱ་ཉེར་ལྔ་འཇལ། །དབང་པོའི་འཇུག་པ་མངོན་སུམ་ཚད་མ་སྟེ། །འབྲེལ་པ་བདུན་གྱི་རང་དོན་རྗེས་དཔག་དང་། །རྣམ་ལྡན་གསལ་འོངས་གཞན་དོན་རྗེས་དཔག་ཉིད། །དབང་ཕྱུག་ནག་པོའི་རྒྱུད་དང་དྲུག་ཅུ་པ། །མཚན་ཉིད་ལྔ་བཅུ་ལ་སོགས་ཡིད་ཆེས་ཁུངས། །ཤེས་བྱ་གཙོ་བདག་གཉིས་འདུས་ཐ་མ་བདག །ཟ་པོ་རྟག་ཅིང་ཡོན་ཏན་བྱེད་མིན་ཤེས། གཙོ་བོའི་བློར་གནས་སེར་སྐྱས་ཀྱང་མི་མཐོང་། །གཞན་ཀུན་གཙོ་བོ་ཡོན་ཏན་བེམ་པོ་ཡུལ། །རང་བཞིན་རྒྱུ་དང་རྣམ་འགྱུར་འབྲས་བུས་བསྡུས། །ཐོག་མ་དང་པོ་ཡོན་ཏན་གསུམ་མཉམ་པ། །བྱེད་པ་རྟག་གཅིག་ཁྱབ་ཅིང་མི་གསལ་བ། །དེ་ཡི་དངོས་འབྲས་བློའམ་ཆེན་པོ་ནི། །ཤེལ་ལྟར་གསལ་དྭངས་ཡུལ་ཤེས་གཟུགས་བརྙན་འཆར། །གཟུགས་འདྲེས་མངོན་གྱུར་ཡུལ་ཤེས་ལྐོག་གྱུར་ཉིད། །དེ་ལས་བྱུང་བའི་ང་རྒྱལ་གསུམ་ཡིན་ཏེ། །རྨོངས་དང་འདོད་ཆགས་གཡོ་བའི་རང་བཞིན་ཕྱིར། །རྡུལ་དང་རྣམ་འགྱུར་འབྱུང་བ་ལས་གྱུར་གསུམ། །དང་པོས་སྒྲ་སོགས་དེ་ཙམ་ལྔ་བསྐྱེད་ཅིང་། །དེ་ལྔས་མཁའ་སོགས་འབྱུང་བ་ལྔ་སྐྱེད་བྱེད། །གཉིས་པས་དབང་པོ་བཅུ་གཅིག་སྐྱེད་བྱེད་ཅིང་། །གསུམ་པས་གཉིས་པོའི་ཐུན་མོང་བདག་རྐྱེན་བྱེད། །རྒྱུ་དང་རང་བཞིན་ཁོ་ན་ཐོག་མ་སྟེ། །འབྲས་བུ་རྣམ་འགྱུར་ཁོ་ན་བཅུ་དྲུག་ཉིད། །གཉིས་ཡིན་ཆེན་པོ་སོ་བདུན་གཉིས་མིན་བདག །ཐོག་མཐའ་བདེན་གྲུབ་གཞན་ཀུན་རྫུན་པ་སླུ། །སྔར་ཡོད་གསལ་བའམ་འགྱུར་བ་སྐྱེ་བའི་དོན། །རང་བཞིན་ངང་དུ་ཞི་བ་འཇིག་པར་སྨྲ། །བདག་གིས་རྣམ་འགྱུར་རྫུན་པར་མཐོང་བ་ན། །སྐྱེངས་ཏེ་རང་བཞིན་ངང་དུ་བསྡུས་པས་ཐར། །དེ་ལས་གཞན་པའི་ཐར་ལམ་མེད་པས་ན། །སྤྱོད་ལམ་བརྟུལ་ཞུགས་ལ་སོགས་གཙོར་མི་བྱེད། །རྒྱུ་མ་ལོག་པར་འབྲས་བུ་ཟློག་པ་འགལ། །གསུམ་ཕྱིར་གཅིག་མིན་མྱོང་ཕྱིར་བེམ་པོ་མིན། །རེག་ཕྱིར་རྟག་མིན་རྟག་ལ་ཐར་མི་སྲིད། །ཕལ་ཆེར་བློས་བཏགས་འགའ་ཞིག་འཐད་པར་རུང་། །དབང་ཕྱུག་ཕྱུགས་བདག་ཞི་བ་ཡེ་སྲིད་པ། །མིག་མི་བཟང་བ་འུག་པ་པ་ཞེས་གྲགས། །དྲང་སྲོང་རྐང་མིག་གཟེགས་ཟན་སྟོན་པར་འཛིན། །ཞི་བའི་རྒྱུད་དང་གཟེགས་ཟིན་བསྟན་བཅོས་འཆང་། །དབྱེ་བ་རིག་པ་ཅན་པ་བྱེ་བྲག་པ། །གསལ་བྱེད་པ་དང་རྣ་བ་མ་ཕུག་པ། །དབང་ཕྱུག་ཀུན་མཁྱེན་ཏེ་སེ་རི་སྟེང་གནས། །ཡང་དང་ཕྲ་དང་དབང་གྱུར་བདག་པོར་གྱུར། །གར་ཡང་ཕྱིན་དང་མཆོད་འོས་འདོད་དགུར་ལྡན། །དགའ་མགུར་གནས་ཏེ་ཡོན་ཏན་བརྒྱད་ལྡན་ཞེས། །སྣོད་བཅུད་མཐའ་དག་འདོད་པས་ཁྱབ་པར་ནི། །སྡོད་འཇུག་སོགས་དང་རྒྱུ་བདུན་འཚོལ་བས་འགྲུབ། །དེ་ཉིད་གཟུགས་མིན་རྣམ་གསུམ་གནས་ན་གནས། །མདུད་པ་བཅུ་གཉིས་ལམ་དྲུག་དེ་ཉིད་ལྔ། །ཐིག་ལེ་ཞི་བ་འཁྲིག་པ་ཆོས་སུ་སྨྲ། །མངོན་རྗེས་ཉེར་འཇལ་སྒྲ་བྱུང་ཚད་མ་བཞིས། །རྫས་དང་ཡོན་ཏན་ལས་དང་སྤྱི་བྱེ་བྲག །འདུ་བ་ཞེས་བྱ་ཚིག་གི་དོན་དྲུག་འཇལ། །རྫས་ནི་འབྱུང་བཞི་མཁའ་དུས་ཕྱོགས་བདག་ཡིད། །འབྱུང་བཞིའི་རྡུལ་ཕྲན་ཀུན་ཏུ་སོང་མིན་ཚད། །དེ་དང་མཁའ་སོགས་མཐའ་དག་རྟག་པའི་རྫས། །འབྱུང་བཞིའི་རིགས་པ་མི་རྟག་ཀུན་རྫས་ཡོད། །བདག་ནི་གསོན་ལུས་ལ་བརྟེན་བེམ་པོ་ཁྱབ། །ཡོན་ཏན་བཅུ་གསུམ་བདུན་ལྔས་ཉི་ཤུ་ལྔ། །ལས་ནི་འདེགས་འཇོག་བརྐྱང་བསྐུམ་འགྲོ་བ་ལྔ། །སྤྱི་ནི་ཆ་མེད་ཁྱབ་དང་ཉི་ཚེ་བ། །ཁ་དོག་དབྱིབས་ཡིག་གིས་སྟོང་སྒྲ་བློའི་རྒྱུ། །གསལ་ཀུན་རྗེས་འགྲོ་ཐར་ལུག་ཐ་དད་འདོད། །བྱེ་བྲག་དཀར་སོགས་གསལ་བ་སོ་སོ་བ། །འདུ་བ་སྤྱི་གསལ་རྫས་ཡོད་རྟེན་བརྟེན་པ། །ཁྱད་པར་ཁྱད་པར་ཅན་རྣམས་སྒྲེལ་བྱེད་གཞན། །བདག་བསྒོམ་དབང་ཕྱུག་དབང་བསྐུར་ཐར་ལམ་ཡིན། །དོན་དྲུག་ཤེས་པས་ཐར་པ་བྱེ་བྲག་པ། །ཚིག་དོན་བཅུ་དྲུག་ཤེས་ཐར་རིག་པ་ཅན། །དེ་བཞིན་མངོན་སུམ་བེམ་པོ་རྟོག་པར་འདོད། །རྡུལ་ཕྲན་བརྒྱུད་དང་དབང་ཕྱུག་ཉིད་ཀྱིས་བསྐྱེད། །རྟག་པས་འབྲས་སྐྱེད་རྐྱེན་ལ་མི་ལྟོས་ཕྱིར། །རྟག་ཏུའམ་ཡང་ན་ནམ་ཡང་སྐྱེད་མི་འགྱུར། །འདོད་ལ་ལྟོས་ན་ནུས་མེད་མི་རྟག་ཉིད། །ཆ་མེད་ཀུན་ཁྱབ་འགལ་སོགས་གནོད་པ་མང་། །ཁྱབ་འཇུག་སྲེད་མེད་བུ་པ་གྲོང་འཇོམས་པ། །རྒྱལ་དཔོགས་གཞོན་ནུ་མ་ལེན་སོགས་རྗེས་འབྲང་། །རྟོགས་ཕན་ཡལ་ག་ལོ་ལྡན་གསང་ཚིག་འཆད། །དབྱེ་བ་ཚངས་པ་པ་དང་སྤྱོད་པ་པ། །བརྡ་སྤྲོད་རིག་བྱེད་མཐའ་པ་གསང་བ་པ། །སྤྱོད་པ་ལས་གཞན་ཐར་དང་ཀུན་མཁྱེན་འདོད། །ཁྱབ་འཇུག་ལྷ་ཆེན་ནོར་ལྷ་གཏུམ་མོའི་བུ། །སྒོ་ལྡན་གྲོང་ན་བུད་མེད་མང་པོས་བསྐོར། །དངོས་པོ་ཀུན་གྱི་མཆོག་ཀུན་དེ་ཡིན་ལ། །བྲམ་ཟེའི་ལུས་ཀྱིས་ལས་བྱེད་རྣམ་སྨིན་ཟ། །ལྷ་རྫས་ངོ་བོ་ཞི་དང་ཞི་མིན་གཉིས། །དང་པོ་བསྒོམས་པས་ཐར་པ་ཐོབ་པར་འགྱུར། །གཉིས་པས་ཁྱབ་འཇུག་འཇུག་པ་བཅུ་བྱེད་དེ། །ཉ་དང་རུས་སྦལ་ཕག་རྒོད་མིའི་སེང་གེ །མི་ཐུང་དགའ་བྱེད་ར་མ་ནག་པོ་དང་། །སངས་རྒྱས་རིགས་ལྡན་བཅུ་ཡིས་རིམ་བཞིན་དུ། །རིག་བྱེད་བཏོན་དང་འཇིག་རྟེན་བཏེག་པ་དང་། །འཇིག་རྟེན་བསྣན་དང་གསེར་ཅན་བསད་པ་དང་། །སྟོབས་ལྡན་བསླུས་དང་རྒྱལ་རིགས་མེད་བྱས་དང་། །སྲིན་པོ་བཏུལ་དང་སེམས་ཅན་དོན་བྱས་དང་། །སྡིག་པ་སྦྱངས་དང་དུས་ལོག་རྟོགས་པ་འོ། །དེ་ལྟར་འཇིག་རྟེན་སྣ་ཚོགས་དེ་ཡིས་བྱས། །རྟག་ཆད་ལྟ་བ་གཉིས་ཀ་དེ་ཡིས་བསྟན། །ཚངས་པ་པ་ནི་ཚངས་པ་སྐྱེ་གནས་གསུམ། །མིང་བདུན་ལྡན་པ་ལུས་ཀྱི་ཆ་ཤེས་ལས། །མཆོད་སྦྱིན་སྙན་ཚིག་ངེས་རྗོད་སྲིད་བསྲུང་སྟེ། །རིག་བྱེད་བཞི་དང་མི་རིགས་བཞི་བྱུང་བ། །རྟ་ཡི་མཆོད་སྦྱིན་གཙང་མས་སྒྲུབ་ཅེས་སྨྲ། །སྤྱོད་པ་པ་འམ་རྒྱལ་དཔོགས་པ་རྣམས་ནི། །བློ་བདག་ཤེས་རིག་རྟག་པའི་བདག་འདོད་ཅིང་། །ཉེས་རྣམས་སྐྱེས་བུ་ལ་བརྟེན་རྟག་པས་ན། །ཉེས་ཟད་ཀུན་མཁྱེན་མེད་པས་བདེན་ངག་མེད། །ཡུལ་ཁྲུས་ཀྱིས་དག་སྲིད་གཡུལ་སྲོག་བསྲུངས་འདག །མངོན་རྫས་ཉེར་འཇལ་སྒྲ་བྱུང་དོན་གོ་དང་། །དངོས་མེད་ཅེས་བྱ་ཚད་མ་དྲུག་འདོད་ཅིང་། །དོན་གོ་དྲུག་དང་དངོས་མེད་བཞིར་ཡང་འབྱེད། །དེ་ཡི་བྱེ་བྲག་ཙ་ར་ཀ་པ་ནི། །རིགས་དང་མ་དམིགས་སྲིད་པ་ཞེས་གྲགས་དང་། །སྙམ་སེམས་ལ་སོགས་ཚད་མས་ཞན་ཡང་འདོད། །ཤེས་བྱ་མངོན་གྱུར་བློ་ནི་ལྐོག་གྱུར་ཡིན། །བརྡ་སྤྲོད་པ་ནི་སྒྲ་ཡི་ཚངས་པ་སྨྲ། །ཆ་མེད་དངོས་ཀུན་རང་བཞིན་རྟག་པའི་ཨོཾ། །སྣ་ཚོགས་དེ་ཡི་རྣམ་འགྱུར་སྒྲར་སྣང་བས། །དངོས་དབང་སྒྲ་འཇུག་སྦྱིན་སྲེག་གཉིས་ཀྱིས་འགྲུབ། །ཕལ་ཆེར་ཚད་མ་རིག་བྱེད་གཅིག་པུར་འདོད། །བྲྀ་ཏྲ་ཧ་རི་མངོན་རྗེས་གཉིས་ཀྱང་སྨྲ། །རིག་བྱེད་མཐའ་བ་ཤེས་རིག་སྐྱེས་བུ་གང་། །དྲང་སྲོང་ཆེན་པོ་ཉི་མའི་མདོག་ཅེས་པ། །ས་འོག་མུན་པའི་དཀྱིལ་འཁོར་འོག་ན་གནས། །སྣ་ཚོགས་འདི་དག་དེ་ཡི་སྒྱུ་མའི་གཟུགས། །བཅིངས་ཐར་ལ་སོགས་ཀུན་གྱི་བྱེད་པོ་ཡིན། །དེ་ཞེས་མཁས་པ་དེ་ཆར་ཐིམ་པས་གྲོལ། །གསང་མཐའ་པ་ནི་གཟུང་འཛིན་གཉིས་སྟོང་གི །རྟག་གཅིག་ཆ་མེད་ཤེས་རིག་བདག་བདེན་འདོད། །ཚངས་དང་ཁྱབ་འཇུག་སྐྱོན་ལས་མ་གྲོལ་བར། །རང་གི་གཞུང་ལས་མང་དུ་བཤད་པས་བསལ། །ཕལ་ཆེར་རྟག་གཅིག་ཆ་མེད་བཀག་པས་ཁེགས། །ཉེས་ཟད་སྐྱེས་བུ་བརྟགས་ཤིང་དཔྱད་པས་འགྲུབ། །གཅེར་བུ་འཛེམ་མེད་ཟད་བྱེད་ཐལ་བ་པ། །རྒྱལ་བ་ཕྱོགས་མཁའི་གོས་ཅན་ཀུན་ཏུ་རྒྱུ། །རྒྱལ་བ་ལྷར་འཛིན་ཁྱུ་མཆོག་ལྡོང་རིས་དང་། །སྣོད་ཀྱི་རྗེ་དང་འཕེལ་བ་སོགས་རྗེས་འབྲང་། །སྲོག་ནི་ལུས་ཆེད་རྫས་རྟག་རྣམ་གྲངས་གཞན། །མངོན་རྗེས་ལུང་གིས་དུས་གསུམ་རྫས་དྲུག་དང་། །ཚིག་དགུ་སྲོག་ལྡན་དྲུག་རྣམས་འཇལ་བ་བཞིན། །སྡོམ་དང་བརྟུལ་ཞུགས་ཡེ་ཤེས་ལྔ་ལྔ་དང་། །སྤྱོད་པ་བཅུ་གསུམ་ལས་ཟད་ཐབས་ནི་ལམ། །སྲིད་གསུམ་སྟེང་ན་དཔག་ཚད་ཞེ་ལྔའི་ཚད། །དཀར་ཞིང་དྲི་ཞིམ་ཡིད་འོང་ཐར་པ་འབྲས། །འགྲོ་ལྔ་ཡོད་པའི་ལུས་ལྔ་གཞི་འབྲས་ཉིད། །མངོན་སུམ་སྤྱི་འཇལ་རྟོག་མེད་བྱེ་བྲག་རྟོགས། །ཚུལ་གསུམ་འཁྲུལ་ཕྱིར་གཞན་དུ་མི་འཐད་པའི། །ཚུལ་གཅིག་ཉིད་ལས་ལྐོག་གྱུར་ཤེས་པ་ནི། །རྗེས་དཔག་ཡིན་ཏེ་ཡིད་ཆེས་ཚིག་ནི་ལུང་། །སྲོག་བདག་མཁའ་ཕྱོགས་སྡིག་དང་བསོད་ནམས་རྫས། །སྲོག་དང་སྲོག་མིན་བཅིངས་ཐར་འགྲོ་འོང་སྤངས། །ཟག་པ་སྡོམ་པ་ཚིག་གི་དོན་དགུ་འོ། །འབྱུང་བཞི་ལྗོན་པ་འབྲས་བུའི་སྲོག་ལྡན་དྲུག །གཞན་དུ་སྲོག་གི་སྡེ་ཚན་དགུར་ཡང་བཤད། །སྤྱོད་ལམ་སྐད་ཚོལ་མི་འདོར་ཉེར་གནས་སྡོམ། །མི་འཚེ་བདེན་སྨྲ་ཚངས་སྤྱོད་བྱིན་པ་ལེན། །ཡོངས་བཟུང་ཐམས་ཅད་གཏོང་བ་བརྟུལ་ཞུགས་ལྔ། །བློ་གྲོས་ཐོས་མཚམས་དཔྱོད་དང་མོའི་ཡེ་ཤེས། །སྤྱོད་པ་སྡོམ་དང་བརྟུལ་ཞུགས་སྒོ་གསུམ་གསང་། །དམྱལ་བ་དུད་འགྲོ་ལྷ་མི་ཐར་པའི་འགྲོ། །ཁམ་ཟས་འོད་ཡིད་རྫུས་སྐྱེས་མཐའ་ཡི་ལུས། །ཀུན་མཁྱེན་མེད་དང་ཤིང་སོགས་སེམས་ལྡན་དུ། །སྒྲུབ་པའི་གཏན་ཚིགས་མང་དུ་འགོད་པར་བྱེད། །ལུས་བཞིན་ཆེ་ཆུང་འགྱུར་ན་དེ་མི་རྟག །རྫས་དང་རྣམ་གྲངས་གཅིག་དང་ཐ་དད་བརྟག །ཚུལ་གཅིག་མི་འཐད་གཏན་ཚིགས་ཐམས་ཅད་འཁྲུལ། །ལས་ཟད་དོན་མེད་ཐར་པ་གཟུགས་སུ་འགལ། །རཱ་མ་ཎ་ཡི་རྗེས་འབྲང་སྟག་གཟིག་དང་། །བོད་ན་གཤེན་རབ་རྗེས་འབྲང་བོན་ལ་སོགས། །གཉིས་མིན་མང་ཡང་གསར་དུ་བློས་བཏགས་ཕྱིར། །གདོད་ནས་གྲུབ་པའི་གྲུབ་མཐའ་སྨྲ་བ་མིན། །བདག་ནི་ཕུང་པོ་ལས་གཞན་མ་དམིགས་ཕྱིར། །གཅིག་ན་མཚན་ཉིད་འགལ་བས་བདག་མེད་གྲུབ། །རིམ་དང་ཅིག་ཅར་དོན་བྱེད་ནུས་སྟོང་ཕྱིར། །རྟག་དངོས་མི་སྲིད་འཚེ་ལ་ཆོས་མི་སྲིད། །གྲུབ་མཐའ་ཀུན་ཤེས་པ་ཞེས་བྱ་བའི་བསྟན་བཅོས་ལས་གང་ཟག་གི་བདག་གཙོ་བོར་དགག་པ་སྟེ་ལེའུ་གཉིས་པའོ།།  །།

སངས་རྒྱས་པ་ལ་ལྔ་པ་མེད་གསུངས་ཕྱིར། །རང་སྡེ་བྱེ་བྲག་སྨྲ་བ་མདོ་སྡེ་པ། །རྣལ་འབྱོར་སྤྱོད་པ་དབུ་མ་པ་དང་བཞི། །དོན་སེམས་ངོ་བོ་ཉིད་མེད་གསུམ་དུའང་འདུ། །གཉིས་གཉིས་ཐེག་དམན་པ་དང་ཐེག་ཆེན་ཕྱིར། །གཉིས་པ་ཐེག་ཆེན་པར་སྡུད་གཞུང་ལུགས་འཁྲུལ། །དོན་སྨྲ་གཉིས་ཀའི་འདོད་པ་མཐུན་པ་ནི། །ལོངས་སྐུ་རྟག་བཞུགས་བྱང་སེམས་བདེ་བར་འགྲོ། །བདག་མཆོག་འདོད་དང་ཉན་རང་འཚང་རྒྱ་བས། །ཕྱག་རྒྱ་བཞི་དང་འགལ་སོགས་མཐའ་ཡས་ཕྱིར། །ཐེག་ཆེན་སྤོང་ཞིང་སྒྲིབ་གཉིས་བདག་མེད་གཉིས། །ཀུན་གཞི་ཉོན་ཡིད་གནས་གྱུར་ས་བཅུ་དང་། །སྐུ་གསུམ་ཡེ་ཤེས་ལྔ་སོགས་མི་འདོད་ཅིང་། །ཐམས་ཅད་ཡོད་སྨྲ་ཕལ་ཆེན་གནས་བརྟན་པ། །མང་བཀུར་བ་བཞི་གྱེས་པ་བཅོ་བརྒྱད་འདོད། །མང་བཀུར་ནང་ཚན་གནས་མ་བུ་ལ་སོགས། །སྡེ་པ་ལྔ་ཡིས་བརྗོད་མེད་བདག་འདོད་ཅིང་། །བྱེ་སྨྲའི་ནང་ཚན་གཞན་ཀུན་བདག་མེད་འདོད། །དཔེ་སྟོན་སྡེ་པ་སློབ་དཔོན་དགེ་སྲུངས་དང་། །བཙུན་པ་དཔལ་ལེན་ལ་སོགས་མདོ་སྡེ་པ། །ཀུན་ཀྱང་ཕུང་སོགས་དབྱེ་བ་སྐྱེ་འགྲོ་ཟས། །རྡུལ་ཕྲན་ཆ་མེད་རགས་པ་ཆ་བཅས་རྫུན། །སེམས་དང་སེམས་བྱུང་འདུས་བྱས་སྐྱེ་ཚུལ་དང་། །བདེན་བཞི་ལམ་ལྔ་ཉན་རང་བྱང་སེམས་དང་། །ཕྱིན་དྲུག་སངས་རྒྱས་དགེ་འདུན་ཉི་ཤུ་དང་། །བསམ་གཏན་ལ་སོགས་ཡོན་ཏན་ཕལ་ཆེར་དང་། །སངས་རྒྱས་ས་ན་སྡུག་བདེན་ཡོད་པ་དང་། །ལྷག་མེད་གསུམ་ག་རིག་པ་རྒྱུན་ཆད་དང་། །ཟག་བཅས་ཟག་མེད་བདེན་གཉིས་འཇོག་ཚུལ་མཐུན། །ཟག་རྣམས་ཀུན་ཏུ་རྒྱས་འགྱུར་ཅིག་ཤོས་ཕྱིར། །ལམ་བདེན་ལས་གཞན་འདུས་བྱས་མཐའ་དག་དང་། །དེ་དང་འདུས་མ་བྱས་ཀུན་གོ་རིམ་བཞིན། །གཞིག་དང་གསལ་བས་རང་བློ་མི་འདོར་འདོར། །ཡང་ན་དོན་དམ་དོན་བྱེད་ནུས་མི་ནུས། །དོན་དམ་ཀུན་རྫོབ་བདེན་པའི་མཚན་ཉིད་ཕྱིར། །འདི་གཉིས་དོན་གཅིག་ཆུ་དང་བུམ་སོགས་ཀྱིས། །དམ་པའི་དོན་དུ་དོན་བྱེད་མི་ནུས་ཏེ། །དེ་ནི་རང་འཛིན་འཁྲུལ་མེད་སྐྱེད་བྱེད་པའི། །དོན་ཆོས་རང་གི་མཚན་ཉིད་ལ་འདོད་ན། །དེ་དག་བརྡ་སོགས་ནང་གི་ཡན་ལག་ལ། །བལྟོས་པའི་བློ་ཆོས་ཀུན་རྫོབ་དངོས་པོའི་ཕྱིར། །དེས་ན་དངོས་པོ་ཙམ་ལ་དོན་དམ་གྱིས། །ཁྱབ་པ་མདོ་སྡེའི་ལུགས་སུ་སྨྲ་བ་ནི། །མདོ་སྡེ་པ་ལ་སྐུར་པ་འདེབས་པ་སྟེ། །བྱེ་སྨྲ་ལས་ཀྱང་ཆོས་བདག་རྒྱ་ཆེའི་ཕྱིར། །དོན་དམ་བདེན་པ་རིག་པས་དཔྱད་བཟོད་ཀྱི། །བདེན་པར་མི་འདོད་དངོས་སྨྲ་མེད་ཕྱིར་རོ། །ལྡན་མིན་འདུ་བྱེད་བློས་བཏགས་དངོས་པོར་ནི། །འདོད་པས་བྱེ་བྲག་སྨྲ་ལས་ལྷག་པའང་འགལ། །དེ་ཕྱིར་དོན་སྨྲ་གཉིས་ཀྱི་ཁྱད་པར་ནི། །མངོན་པ་སྡེ་བདུན་བཀའ་རུ་འདོད་མི་འདོད། །ལུང་གི་དམ་ཆོས་འདུ་བྱེད་གཟུགས་ཕུང་དང་། །རྡུལ་ཕྲན་བསྐོར་བ་བར་བཅས་བར་མེད་དང་། །རིག་བྱེད་མིན་གཟུགས་སྒྲུབ་དང་འགོག་པ་དང་། དབང་པོ་ཚད་མ་གཟུང་འཛིན་རྒྱུ་འབྲས་ཀུན། །དུས་མཉམ་འདོད་དང་མི་འདོད་དོན་སྣང་འདི། །ཕྱི་དོན་ཉིད་དང་ཤེས་པའི་རྣམ་པ་དང་། །དབྱིབས་དང་དུས་གསུམ་ཤེས་བྱ་གཞི་ལྔ་དང་། །ལྡན་མིན་འདུ་བྱེད་རྫས་ཡོད་བཏགས་ཡོད་དང་། །འདུས་མ་བྱས་རྣམས་དངོས་པོ་དངོས་མེད་དང་། །དེ་བཞིན་ཉིད་དང་རང་རིག་མི་འདོད་འདོད། །བྱ་བྱེད་ལྡན་འབྲེལ་དོན་གཞན་དོན་གཅིག་དང་། །ལུས་ཤེས་བསམ་གཏན་ཡན་ལག་མི་རུང་རུང་། །འཕགས་པའི་སྤངས་རྟོགས་ཉམས་དང་མི་ཉམས་སོ། །ལུས་སེམས་ས་བོན་ཅན་དུ་མི་འདོད་འདོད། །རགས་ལ་རྫས་བརྒྱད་འདུས་པས་ཁྱབ་མ་ཁྱབ། །སེམས་བྱུང་མཐའ་དག་རྫས་གཞན་གྲུབ་མ་གྲུབ། །རྟེན་འབྲེལ་ཕུང་པོ་ཚོགས་དང་ཁ་ཡར་བ། །འདི་དག་སྤྱན་རས་གཟིགས་དང་ལེགས་ལྡན་འབྱེད། །ཀུན་མཁྱེན་གཉིས་པས་ཇི་ལྟར་གསུངས་པ་རྣམས། །འཁྲུལ་མེད་ལེགས་པར་རྟོགས་ནས་བསྟན་པས་ན། །རྒྱ་བོད་གཞན་གྱིས་གཞན་དུ་བཤད་རྣམས་འཁྲུལ། །བརྗོད་མེད་བདག་ནི་མཛོད་འགྲེལ་དགུ་པར་བཀག །ཐེག་ཆེན་བསྟན་པར་དམ་པ་ཀུན་གྱིས་བསྒྲུབས། །བྱེ་སྨྲའི་རྟོག་བཏགས་མདོ་སྡེ་པ་ཡིས་བཀག །དེ་ཡི་རང་འདོད་རྣལ་འབྱོར་དཔྱོད་པས་འགོག །གྲུབ་མཐའ་ཀུན་ཤེས་པ་ཞེས་བྱ་བའི་བསྟན་བཅོས་ལས་བཟུང་བའི་ཆོས་བདག་གཙོ་བོར་དགག་པ་སྟེ་ལེའུ་གསུམ་པའོ།།  །།

ཐེག་པ་ཆེན་པོ་མདོ་དང་སྔགས་ཀྱིས་བསྡུས། །གཉིས་ཀའང་དབུ་སེམས་གཉིས་སུ་མཁས་ལ་གྲགས། །ཅི་ཕྱིར་རྣམ་རིག་ངོ་བོ་ཉིད་མེད་ཀྱི། །ཚུལ་གཉིས་ཤིང་རྟའི་སྲོག་འབྱེད་འཛམ་གླིང་རྒྱན། །ཐོགས་མེད་ཀླུ་སྒྲུབ་གཉིས་ཀྱིས་བྱམས་འཇམ་དབྱངས། །བརྟན་ནས་དགོངས་པ་ངེས་འགྲེལ་མདོ་དང་ནི། །བློ་གྲོས་མི་ཟད་མདོ་བཞིན་ལེགས་བཀྲལ་བ། །དེ་དག་ལས་གཞན་ཐེག་ཆེན་ཤིང་རྟ་ཆེ། །ཡོད་པ་མིན་པར་མཁས་ལ་གྲུབ་ཕྱིར་རོ། །ཤེར་ཕྱིན་མདོ་ལ་འཆད་ཚུལ་བཞི་བྱུང་བ། །ཤིང་རྟའི་སྲོལ་འབྱེད་བཞི་ཞེས་ཟེར་བ་ནི། །ཐེག་ཆེན་སྤྱི་ཡི་ཤིང་རྟའི་སྲོལ་འབྱེད་མིན། །དེ་ཕྱིར་ཉན་ཐོས་སྡེ་གཉིས་མི་འདོད་པའི། །ཐེག་ཆེན་གཞི་ལམ་འབྲས་བུའི་རྣམ་གཞག་ཀུན། །ཕལ་ཆེར་ཤིང་རྟའི་མཆོག་གཉིས་བཞེད་ཚུལ་མཐུན། །གཞན་དབང་ཡོངས་གྲུབ་བདེན་པར་སྔ་མས་བསྒྲུབས། །ཕྱི་མས་དེ་ཡང་རིག་ཚུལ་དུ་མས་བཀག །རང་རིག་ཐ་སྙད་ཙམ་དུ་འདི་མི་བཞེད། །མཚན་ཉིད་གསུམ་དང་ཀུན་གཞིའང་མི་བཞེད་ཅིང་། །ཕྱིའི་དོན་ཐ་སྙད་ཙམ་དུ་འདི་བཞེད་པར། །འདི་ན་འགའ་ཞིག་གསལ་པོར་སྒྲོགས་པ་ནི། །བྱང་ཆུབ་སེམས་འགྲེལ་གཞུང་དང་འགལ་བར་མཐོང་། །ཚུལ་གཉིས་རྗེས་འབྲང་ནང་ཚན་སོ་སོ་ལ། །ཚོགས་བརྒྱད་རང་རིག་འདོད་ཚུལ་སྣ་ཚོགས་ཡོད། །ཐེག་ཆེན་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། །གཞི་ལ་ངོ་བོ་ཉིད་མེད་ལ་སོགས་དང་། །ལམ་ལ་སྐྱེ་མེད་ཆོས་ལ་བཟོད་པ་དང་། །འབྲས་བུ་མཐར་ཐུག་ཐེག་པ་གཅིག་པ་རྣམས། །དྲང་དོན་ངེས་དོན་ཉིད་དུ་བཞེད་པས་ན། །འཁོར་ལོ་བར་མཐའི་དྲང་ངེས་ཁྱད་པར་ཡིན། །རྣམ་རིག་སྨྲ་བའི་གཙུག་རྒྱན་སྐུ་མཆེད་གཉིས། །ངོ་བོ་ཉིད་དང་ཁྱད་པར་བཏགས་པ་དང་། །གཟུང་འཛིན་རྫས་གཞན་བདེན་པའི་ཀུན་བརྟགས་ཏེ། །རྟོག་དང་རྟོག་མེད་ལྷན་སྐྱེས་ལ་སྣང་བའི། །ཆོས་བདག་འདི་གཉིས་འགོག་ལ་སོ་སོར་བརྩོན། །མིང་གི་སྔ་རོལ་མིང་ཅན་བློ་མེད་ཕྱིར། །དོན་དེ་མིང་འདི་བདག་ཉིད་དུ་འགལ་དང་། །དོན་གཅིག་ཉིད་ལ་མང་པོའི་མིང་ལྡན་པས། །དོན་དེ་བདག་ཉིད་མང་པོར་འགལ་བ་དང་། །དོན་གཅིག་ཉིད་ལ་མིང་གཅིག་མ་ངེས་པས། །དོན་གཉིས་གཅིག་ཏུ་འདྲེས་པར་འགལ་བས་ན། །རྟོག་ལ་མིང་དོན་གཅིག་ཏུ་སྣང་བ་འདི། །སྣང་བཞིན་མ་གྲུབ་བདག་མེད་གྲུབ་པར་འགྱུར། །རྫས་གཞན་སྣང་བའང་བདག་འདིའི་རྩ་བ་ཅན། །ཡིན་ཞིང་སྤང་བྱའི་རྟོག་པ་བཞི་དང་ལྔ། །བཅུ་དང་ཁྱད་པར་བྱང་སེམས་རྣམ་རྟོག་བཅུ། །འདིར་རྟོག་ཉིད་ལ་བརྟེན་ཕྱིར་འདི་བཀག་པས། །ཤེས་སྒྲིབ་མཐའ་དག་འཇོམས་པར་ནུས་སོ་ཞེས། །གཅེན་གྱིས་ཐེག་བསྡུས་སོགས་སུ་གསལ་བར་གསུངས། །ཅིག་ཅར་སྦྱར་ཚེ་སོ་སོའི་ཕྱོགས་བལྟ་ན། །ཆ་བཅས་འགྱུར་ཞིང་ཤར་ལ་བལྟ་བའི་ངོས། །གང་ཡིན་གཞན་ལའང་བལྟ་ན་རགས་མི་འགྱུར། །དེས་ན་ཕྱི་དོན་མི་འགྲུབ་རྩོད་སྤོང་དང་། །བཅས་པ་གཅུང་གིས་ཉི་ཤུ་པ་ལས་བཤད། །གཞན་ཡང་མི་རྟོག་ཡེ་ཤེས་དོར་མེད་དང་། །རིས་དྲུག་དགྲ་གཉེན་སྣང་བ་འགྱུར་ཕྱིར་དང་། །སད་དང་རྨི་ལམ་དོན་བྱེད་མཚུངས་ཕྱིར་དང་། །གསལ་མྱོང་ལྷན་ཅིག་དམིགས་པ་ངེས་ཕྱིར་དང་། །དོན་ལ་གནས་འདོད་རྡུལ་ཕྲན་མི་སྣང་ཞིང་། །བློ་ལ་སྣང་བའི་རགས་པ་དོན་གནས་ལ། །མེད་པར་དོན་སྨྲ་རང་ཡང་འདོད་པས་ན། །དོན་ལ་སྐྱེས་འདྲའང་འགྲུབ་པ་མི་སྲིད་ཕྱིར། །དོན་སྣང་མཐའ་དག་ཆོས་ཀྱི་བདག་འཛིན་ཡིན། །དེ་ཕྱིར་ཕྱི་དོན་རིག་པའི་དགག་བྱར་བཞེད། །ཚུལ་འདི་ལང་གཤེགས་དགོངས་པ་ངེས་འགྲེལ་སོགས། །ཟབ་ཡངས་མདོ་སྡེ་མང་ལས་གསལ་བར་གསུངས། །རྡུལ་ཕྲན་ཆ་བཅས་ཟླ་གྲགས་བཞེད་ཟེར་ལ། །རི་རབ་རྡུལ་དུ་ཐལ་བའི་གནོད་པ་འབབ། །རྣམ་རིག་སྨྲ་ལ་འདོད་ཚུལ་གཉིས་ཡིན་ཏེ། །གཟུགས་སྣང་མཐའ་དག་སེམས་སུ་བདེན་པས་ན། །ཕུང་ཁམས་སྐྱེ་མཆེད་ཇི་སྙེད་གསུངས་པ་ཀུན། །སེམས་ཀྱི་ཆོས་སུ་བདེན་པར་འདོད་པ་དང་། །སྐྲ་ཤད་སོགས་བཞིན་མེད་པ་གསལ་སྣང་ཕྱིར། །ཤེལ་གོང་དག་འདྲའི་རང་རིག་རང་གསལ་ཉིད། །བདེན་པར་འདོད་པའི་རྣམ་བདེན་རྣམ་རྫུན་ནོ། །གཉིས་ཀ་བག་ཆགས་བརྟན་དང་མི་བརྟན་ཕྱིར། །འཕྲལ་དང་གཏན་གྱི་འཁྲུལ་རྒྱུའི་ཁྱད་པར་འབྱེད། །རྣམ་བདེན་ལ་ཡང་གཟུང་ཆ་འཛིན་ཆ་ཡི། །ཤེས་པ་གཉིས་སུ་བདེན་དང་རྣམ་པའི་གྲངས། །ཇི་སྙེད་ཤེས་པའི་གྲངས་ཀྱང་འདོད་པ་དང་། །རྣམ་པ་སྣ་ཚོགས་ཤེས་པ་གཅིག་ཉིད་དུ། །སྨྲ་བ་གསུམ་དུ་མཁས་ལ་གྲགས་ཤིང་གྲུབ། །གསུམ་ག་ལ་ཡང་ཐུན་མོང་གནོད་པ་ནི། །བདེན་ན་གཅིག་ཏུ་བདེན་ལས་མ་འདས་ཤིང་། །ཕྱོགས་ཆར་སྣང་འདི་རྡུལ་དང་མཚུངས་པས་ཁེགས། །དང་པོ་གཟུང་འཛིན་རྫས་གཞན་ཐལ་བ་དང་། །གཉིས་པ་རིས་མཐུན་རྣམ་ཤེས་གཅིག་ངེས་དང་། གསུམ་པ་གཅིག་དང་དུ་མ་འགལ་བས་བཀག །རྣམ་རྫུན་པ་ཡི་གཉིས་སྟོང་རིག་པ་དེ། །ཡུལ་མེད་ཕྱིར་ན་ཤེས་པའི་མཚན་ཉིད་མེད། །བདེན་པ་དེ་ཉིད་རྫུན་པར་སྣང་བ་དང་། །འབྲེལ་པ་མེད་ཕྱིར་རྫུན་སྣང་འབྱུང་མི་རིགས། །མེད་ཀྱང་འབྱུང་ན་རྒྱལ་ལའང་འབྱུང་བར་ངེས། །འབྲེལ་པ་ཡོད་ན་རྫུན་སྣང་དངོས་པོར་འགྱུར། །སངས་རྒྱས་ས་ན་གཉིས་སྣང་ཡོད་མེད་ཀྱིས། །རྣམ་རྫུན་དྲི་བཅས་དྲི་མེད་གཉིས་ཞེས་གྲགས། །འདི་དག་རྟོག་ངོར་ཕྱི་རོལ་དོན་ཡང་ཡོད། །དོན་ལ་གཞན་རིག་སེམས་དང་སེམས་བྱུང་མེད། །བྱ་བྱེད་མཐའ་དག་རྟོག་ངོ་ཙམ་དུ་བཞེད། །དེ་ཕྱིར་འབྲས་རྟོགས་གསུམ་པའང་འདི་ཡི་ལུགས། །ཡིན་པར་ཁོ་བོའི་རྣམ་དཔྱོད་ཁོ་ནས་རིག །སེམས་ཙམ་པ་ལ་ཀུན་གཞི་བཞེད་མི་བཞེད། །གཉིས་སུ་གངས་ཅན་འདི་ན་གྲགས་མོད་ཀྱི། །སྐུ་མཆེད་གཉིས་ཀྱིས་གསལ་བར་བཤད་པ་ལས། །རྗེས་འབྲང་ལ་ལས་གསལ་པོར་མ་བརྗོད་ཀྱང་། །འགོག་པའི་ལུང་རིག་སུས་ཀྱང་མ་བརྗོད་ཕྱིར། །ཀུན་གཞི་མི་འདོད་སེམས་ཙམ་ཚད་ལྡན་དཀའ། །ཤིན་ཏུ་བརྟན་པའི་རིག་རྒྱུན་མེད་མི་རུང་། །ཆོས་ཀུན་བདེན་གཉིས་མཚན་ཉིད་གསུམ་དུ་བསྡུ། །མ་གྲུབ་བཏགས་པའི་གཙོ་བདག་ལ་སོགས་དང་། །རྟོག་ལ་གཅིག་སྣང་རྟོག་མེད་གཉིས་སྣང་སོགས། །མཚན་ཉིད་ཡོངས་ཆད་རྣམ་གྲངས་ཀུན་བརྟགས་ཡིན། །འཁྲུལ་གཞི་སེམས་དང་སེམས་བྱུང་འཁྲུལ་ལྡན་དང་། །འཁྲུལ་བྲལ་མ་དག་དག་པའི་གཞན་དབང་ཡིན། །ངག་དེ་ཕྱིན་ཅི་མ་ལོག་ཡོངས་གྲུབ་ཀྱང་། །འཁྲུལ་གཞི་འཁྲུལ་བས་སྟོངས་པའི་སྟོང་ཉིད་ནི། །འགྱུར་མེད་ཡོངས་གྲུབ་ཅེས་བྱ་འདུས་མ་བྱས། །འདི་ཉིད་རྣམ་དག་དམིགས་པར་ཀུན་ཀྱང་འདོད། །རྣམ་རྫུན་ཡོངས་གྲུབ་དང་པོའང་དེར་འདོད་པས། །མཉམ་གཞག་སྣང་བཅས་ཞེས་བྱར་གྲགས་པ་ཡིན། །ཀུན་བརྟགས་གང་ཡིན་ཀུན་རྫོབ་བདེན་པ་དང་། །ཡོངས་གྲུབ་དོན་དམ་བདེན་པར་གཉིས་ཀ་མཐུན། །རྣམ་བདེན་གཞན་དབང་གཉིས་ཀྱང་ཀུན་རྫོབ་དང་། །རྣམ་རྫུན་དག་པ་གཞན་དབང་དོན་དམ་འདོད། །མུ་སྟེགས་བྱེད་ཀྱིས་རྒྱུན་དང་རགས་པ་རྣམས། །ཆ་མེད་གཅིག་ཏུ་བདེན་པར་འདོད་པ་དེ། །བྱེ་སྨྲས་བཀག་ནས་རྒྱུན་ཅན་ཕྲ་རབ་རྣམས། །དམ་པའི་དོན་དུ་གྲུབ་པར་ནན་གྱིས་བསྒྲུབས། །དེ་ཡིས་བྱ་བྱེད་ལྡན་འབྲེལ་བདེན་འདོད་པ། །མདོ་སྡེ་པས་བཀག་འབྲེལ་པོ་སོགས་བདེན་བསྒྲུབས། །དེ་ཡིས་རྣམ་པ་གཏོད་བྱེད་ཕྱི་རོལ་ན། །ཡོད་པར་འདོད་པ་རྣམ་བདེན་སྨྲ་བས་བཀག །དེ་ཡིས་ཤེས་པའི་བྱ་བྱེད་བདེན་གྲུབ་ཏུ། །སྨྲས་པ་རྣམ་རྫུན་འདོད་པས་བཀག་ན་ཡང་། །འཁྲུལ་དང་བྱ་བྱེད་མཐའ་དག་འཇོག་པ་ནི། །གཞི་རྟེན་བདེན་གྲུབ་མེད་པར་མ་ཤེས་ཕྱིར། །དངོས་པོར་སྨྲ་བ་ཞེས་བྱར་མཁས་རྣམས་གསུང་། །དེ་ཡིས་བདག་མེད་སྟོང་ཉིད་གང་སྨྲས་ཀྱང་། །རང་གི་ངོ་བོས་སྟོང་ཚུལ་མེད་པས་ན། །གཞན་སྟོང་ཉི་ཚེའི་སྟོང་ཉིད་ཁོ་ནར་ཟད། །ཁྱད་པར་ཤེས་པ་སྐད་ཅིག་ཆ་མེད་དེ། །དུས་གཞན་གཉིས་དང་ཕྲད་དམ་མ་ཕྲད་བརྟག །མ་ཕྲད་ད་ལྟ་བར་ཡང་འགྲུབ་མི་འགྱུར། །ཕྲད་ན་དུས་གསུམ་སྐད་ཅིག་ཉིད་དུ་འགྱུར། །གྲུབ་མཐའ་ཀུན་ཤེས་པ་ཞེས་བྱ་བའི་བསྟན་བཅོས་ལས་འཛིན་པའི་ཆོས་བདག་གཙོ་བོར་དགག་པ་སྟེ་ལེའུ་བཞི་པའོ།།  །།

གྲུབ་མཐའ་མཐའ་དག་རང་རང་བློ་ངོ་ན། །མཐའ་གཉིས་བཀག་ནས་དབུ་མ་སྨྲ་བར་རློམ། །ཁྱད་པར་རྣམ་རྫུན་གཉིས་མེད་ལྟ་བ་འདི། །དབུ་མར་མདོ་དང་ཚད་ལྡན་གཞུང་ལས་བཤད། །བྱེ་བྲག་ཀླུ་སྒྲུབ་ལུགས་མཆོག་འཆད་པ་ལའང་། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་གཉིས་ཀྱིས། །ཐལ་འགྱུར་ཙམ་དང་རང་རྒྱུད་སྒྲུབ་བྱེད་ཕྱིར། །ཐལ་རང་གཉིས་སུ་མཁས་ལ་གྲགས་ཤིང་གྲུབ། །དེ་གཉིས་རིམ་བཞིན་རབ་ཏུ་མི་གནས་དང་། །སྒྱུ་མ་རིགས་གྲུབ་པ་ཞེས་འཕགས་ཡུལ་གྱི། །ཚད་ལྡན་དུ་མས་བཤད་ཕྱིར་དབྱེ་བ་དེ། །རྨོངས་པ་མཚར་སྐྱེད་ཡིན་ཞེས་གསུངས་མི་རིགས། །དབུ་མ་པ་ཡི་སྒྲས་བརྗོད་དབྱེ་བ་ནི། །གཉིས་སྟོང་བདེན་སྨྲ་རྣམ་རིག་དབུ་མ་པ། །སྣང་ལ་སྐུར་འདེབས་སྣང་སེལ་དབུ་མ་པ། །ཐ་སྙད་ཚད་འཇལ་རིགས་གྲུབ་དབུ་མ་པ། །སྟོང་ཉིད་བདེན་གྲུབ་གཞན་སྟོང་དབུ་མ་པའོ། །འདི་བཞི་ལུང་རིག་ལྟར་སྣང་མང་བརྟེན་ནས། །དབུ་མར་རློམ་ཞིང་རྒྱ་ཆེར་གྲགས་ན་ཡང་། །རྟོག་གེས་བསླད་ཕྱིར་མཐར་འཛིན་ནང་ན་བཞུགས། །ཐོག་མཐའ་གཉིས་ཀྱིས་བདེན་གྲུབ་འདོད་ཕྱིར་དང་། །གཉིས་པས་ཐབས་ཕྱོགས་མཐའ་དག་སྤངས་ཕྱིར་དང་། །གསུམ་པས་རྫུན་དང་བསླུ་མེད་གཞི་མཐུན་དུ། །དཔྱད་ནས་སྨྲས་པས་འགལ་འདུའི་རང་བཞིན་ཕྱིར། །འོན་ཀྱང་ཐ་སྙད་ཚད་གྲུབ་འདོད་ན་ནི། །རང་རྒྱུད་འཐད་ཕྱིར་རྒྱ་བོད་མཁས་མང་བཞེད། །འདི་ཡང་ཀུན་རྫོབ་མ་བཏགས་ཉམས་དགའི་ངོར། །འཇོག་ཅེས་གསུངས་ཀྱང་རྟོག་གེར་གོམས་ཆེས་པས། །མཐུན་སྣང་རྟེན་འབྲེལ་བཏགས་བྲལ་མ་ཚང་ན། །བློས་བཏགས་ཙམ་ལ་བྱ་བྱེད་མ་མཁྱེན་པས། །སྟོང་དང་བརྟེན་འབྱུང་དོན་གཅིག་མཚན་ཉིད་ལ། །ཅུང་ཟད་འཁྲུལ་ཕྱིར་དབུ་མ་ཆེན་པོ་མིན། །འོན་ཀྱང་དོན་དམ་རིག་པས་དཔྱད་བཟོད་འགོག །སྤྲོས་པ་ཉེར་ཞི་མཐར་ཐུག་དོན་དམ་དང་། །སྐྱེ་མེད་རྣམ་གྲངས་པར་བཞེད་མཐའ་བྲལ་ཕྱིར། །དངོས་སྨྲ་ལས་ལྷག་དབུ་མ་ཁོ་ནའོ། །འདི་ནི་རང་རིག་མི་འདོད་ཕྱི་དོན་འདོད། །འདི་ལས་ལྡོག་པར་སྨྲ་བ་གཉིས་སུ་འདུས། དང་པོ་ལེགས་ལྡན་ཡེ་ཤེས་སྙིང་པོ་སྟེ། །གཉིས་པ་ཞི་འཚོ་ཡབ་སྲས་རྗེས་འབྲང་བཅས། །གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིག་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ། །ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། །རྗེས་དཔག་ཡོད་དང་བསྒྲུབ་ངག་མེད་པ་འགལ། །མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། །རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ། །སྐྲ་ཤད་མེད་དང་ཀླུང་རྣག་ཡོད་པ་འགལ། །རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ། །གཞན་སྐྱེ་མེད་དང་ས་མྱུག་རྫས་གཞན་འགལ། །བདེན་རྫུན་ཡོད་དང་ཡང་ལོག་མེད་པ་འགལ། །ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ། །རང་རྒྱུད་སྨྲ་བས་རང་བཞིན་སྨྲས་པ་དང་། །རང་བཞིན་མེད་བློ་དེ་ངོར་གྲུབ་པ་འགལ། །ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །གཞུང་གཞན་ནས་འབྱུང་ཀུན་གཞི་རང་རིག་སོགས། །འགོག་ན་རང་ལུགས་དེ་དག་མི་འདོད་དང་། །སྡེ་བདུན་ལས་གསུངས་ཚད་མ་མི་འདོད་ཀྱང་། །རང་ལུགས་ཚད་མའི་རྣམ་བཞག་ཤེས་པ་འགལ། །མི་རྟག་སོགས་རྟོགས་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་ལམ་རྟོགས་པར་མི་སླེབ་འགལ། །གཞན་སེམས་ཤེས་པ་ཡིད་མངོན་ཡིན་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ། །ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་དང་། །ཤེས་བྱ་བྱེད་ལ་ཚད་མ་མིན་པ་འགལ། །རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། །དེ་ལྟར་འགལ་བའི་ཁུར་ཆེན་ཡོད་པའི་རྒྱུ། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་ཞེས། །ཡང་ཡང་སྨྲས་ཀྱང་རྟོག་གེར་གོམས་པའི་མཐུས། །འཐད་པ་བཅུག་ནས་དཔྱད་ཅིང་བསྒྲུབས་པས་སོ། །ཀླུ་སྒྲུབ་ལུགས་མཆོག་དབུ་མ་ཆེན་པོ་ནི། །ཟླ་བས་ལེགས་བཀྲལ་ཉི་མས་བསྒྱུར་པའི་སྲོལ། །སྲས་བཞི་ལས་འོངས་རྟོག་གེས་མ་བསླད་པ། །གངས་ཅན་མཐའ་བྲལ་རྩེར་གཤེགས་འགའ་ཡིས་གཟིགས། །བོད་ཡུལ་རྟོག་གེའི་བརྡ་ཡིས་གང་བའི་མཐུས། །ཐ་སྙད་སྨྲ་བརྗོད་ཅུང་ཟད་མི་བདེ་བས། །མཁས་རློམ་ཀུན་གྱི་བློ་གྲོས་ར་བར་ནི། །མ་ཤོང་ཁྲོན་པའི་རུས་སྦལ་ཇི་བཞིན་ནོ། །དེ་ཕྱིར་ཀླུ་སྒྲུབ་ཡབ་སྲས་སངས་རྒྱས་བསྐྱངས། །ཟླ་གྲགས་ཞི་བ་ལྷ་ཡི་གཞུང་མཆོག་ཀུན། །མ་དཔྱད་ཅུང་ཟད་དཔྱད་དང་ལེགས་པར་དཔྱད། །གནས་སྐབས་གསུམ་ལ་སྦྱོར་བར་ཁོ་བོས་རྟོགས། །ཐ་སྙད་མ་དཔྱད་འཇིག་རྟེན་ལྷན་སྐྱེས་ངོར། །དོན་དམ་ཅུང་ཟད་དཔྱད་པའི་རིགས་ཤེས་ངོར། །སྤྲོས་བྲལ་ལེགས་པར་དཔྱད་པའི་བརྗོད་མེད་ངོར། །འདི་གསུམ་ལེགས་པར་ཤེས་དེ་དབུ་མ་ཆེ། །གང་ཕྱིར་གསུམ་པོ་འདི་ལས་རིམ་བཞིན་དུ། །བསོད་ནམས་མིན་པ་དང་པོར་བཟློག་པ་དང་། །བར་དུ་བདག་ཏུ་ལྟ་བ་གཉིས་བཟློག་ཅིང་། །ཐ་མར་ལྟ་བའི་སྤྲོས་ཀུན་བཟློག་ཕྱིར་རོ། །དེ་ཡང་དང་པོར་ལྷན་སྐྱེས་འཁྲུལ་པའི་ངོར། །བྱེད་པོ་དཔྱོད་པོ་གཅིག་ཏུ་འཛིན་པ་ནི། །རྟོག་གེས་མ་བསླད་རང་དགར་ཞུགས་པ་ན། །རང་བཞིན་མེད་པའི་ལས་ལས་འབྲས་བུ་འབྱུང་། །རྟག་དང་མི་རྟག་དཔྱད་མཐར་རྒྱུན་དང་ནི། །ཆུད་མི་ཟ་སོགས་གཞན་འདོད་ཀུན་བཀག་ནས། །ཞིག་དང་ཡང་ཞིག་དེའི་ཡང་ཞིག་དངོས་སོགས། །བྱེ་བྲག་སྨྲ་བའི་ཐོབ་པའི་དགའ་སྟོན་ལྟར། །སྨྲས་ཀྱང་ཐུག་མེད་དང་པོ་འགྲུབ་མི་སྲིད། །དེ་ཕྱིར་སྐད་ཅིག་ཆ་སོགས་དཔྱད་མི་རུང་། །ཕྱི་ནང་གར་ཡོད་འགྲོ་འོང་གང་བྱེད་སོགས། །འཇིག་རྟེན་རང་དགར་དཔྱོད་དང་འདི་མི་མཚུངས། །གཉིས་པར་བདག་འཛིན་གཉིས་ཀྱི་འཛིན་སྟངས་ཡུལ། །རིག་པའི་མཆོག་གིས་བཙལ་ནས་མི་རྙེད་པའི། །སྐྱེ་མེད་བདེན་སྟོང་བསླུ་མེད་ཡུལ་གྱི་མཆོག །དེ་འཇལ་ཚད་མར་ཐ་སྙད་ཙམ་དུ་གྲུབ། །དེས་ན་བདེན་སྟོང་དོན་དམ་བདེན་པ་དང་། །དེ་ཡོད་ཐ་སྙད་བདེན་པར་འཐད་མོད་ཀྱི། །དེ་ཉིད་ལེགས་པར་དཔྱད་མཐར་འདོད་པ་དང་། །རྣམ་གྲངས་དོན་དམ་དུ་འདོད་གཉིས་ཀ་འཁྲུལ། །གསུམ་པར་མེད་དགག་ཙམ་དུ་བཟུང་ན་ཡང་། །གཟུང་འཛིན་ཡུལ་དང་ཡུལ་ཅན་མ་འགགས་ཕྱིར། །གཉིས་སྣང་སྤྲོས་པ་གཅོད་པར་མི་ནུས་པས། །དབྱིངས་རིག་ཆུ་ལ་ཆུ་བཞག་ཇི་བཞིན་དུ། །རིག་བྱ་རིག་བྱེད་ཅུང་ཟད་མི་དམིགས་པར། །ནམ་མཁའ་མཐོང་ཞེས་བརྗོད་ལྟར་སྤྲོས་ཀུན་ཞི། །རྟོགས་བྱ་རྟོགས་བྱེད་ཡོད་ན་བྱང་ཆུབ་ནི། །མིན་པར་ཀླུ་སྒྲུབ་ཞབས་ཀྱིས་གསུངས་ཕྱིར་རོ། །རིག་ཤེས་རྗེས་དཔག་བདེན་སྟོང་རྣམ་ལྡན་དུ། །སྐྱེས་ཤིང་དེ་ལ་ངེས་ཤེས་ཆེར་འདྲེན་པ། །བསམ་བྱུང་ཡིན་གྱི་བསྒོམ་བློ་ག་ལ་ཡིན། །དེ་ཕྱིར་དེ་ནི་མཉམ་བཞག་སྔོན་དུ་འགྲོ། །ངེས་ཤེས་འདིས་དྲངས་ཅི་ཡང་མི་འཛིན་དང་། །ཧྭ་ཤང་ལྟ་བ་མཚུངས་པའི་སྐབས་མེད་པས། །གཉིས་པ་སྔོན་དུ་མ་བཏང་རྩོམ་འཇོག་དང་། །གསུམ་པར་མེད་དགག་ནན་འཛིན་གཉིས་ཀ་འཁྲུལ། །དེ་ཕྱིར་རང་ལུགས་གཞི་ལམ་འབྲས་བུ་ཀུན། །ཅུང་ཟད་དཔྱད་ངོར་ཡིན་ཕྱིར་ལུགས་འདི་ལ། །རྣམ་དཔྱོད་མེད་ཅེས་སྨྲ་ལའང་རྣམ་དཔྱོད་པ། །རྣམ་པར་གྲོལ་སོགས་གསུངས་དང་འགལ་བ་ཡོད། །དེ་ཕྱིར་བདེན་གཉིས་ཐབས་ཤེས་སྐུ་གཉིས་རྣམས། །ཟུང་འཇུག་གཞི་ལམ་འབྲས་བུར་གྲུབ་པས་ན། །ཀླུ་སྒྲུབ་ཞབས་ཀྱི་གཞུང་ལས་འབྱུང་བ་བཞིན། །ཅུང་ཟད་དཔྱད་ངོར་བདག་གིས་འདིར་བརྗོད་བྱ། །བདེན་གཉིས་དབྱེ་གཞི་ཤེས་བྱ་ཙམ་དུ་གསུངས། །དབྱེ་ངོ་ཀུན་རྫོབ་བདེན་དང་དོན་དམ་བདེན། །མཚན་ཉིད་འཁྲུལ་ངོར་རྙེད་དང་རིག་ངོར་རྙེད། །སྔོ་དང་ཟླ་གཉིས་འཇིག་རྟེན་བདེན་རྫུན་ཕྱིར། །མ་དཔྱད་ཡང་ལོག་དབུ་མ་རང་ལུགས་མིན། །མ་དཔྱད་ཡུལ་ངོས་བྱ་བ་བྱེད་པ་ཡང་། །འཇིག་རྟེན་ཀུན་རྫོབ་དཔྱད་ན་འདི་མི་སྲིད། །རང་རྒྱུད་པ་ཡིས་འདི་ཙམ་དཔྱད་ནས་སྨྲས། །བརྟག་པ་མ་བྱས་ཞེས་པ་ཚིག་ཙམ་ལས། །དོན་དམ་ཡུལ་དང་ཡུལ་ཅན་དངོས་རྣམ་གྲངས། །ངོ་བོ་དབྱེར་མེད་མཚན་ཉིད་ཐ་དད་ཡིན། །དེ་རྟོགས་དགོས་པ་ཐབས་དང་ཐབས་བྱུང་རིག །རྟོག་གེས་བརྟགས་བཞིན་མཐའ་དག་མི་འདོད་ཀྱང་། །མ་བརྟགས་ཉམས་དགར་ཕུང་ཁམས་སྐྱེ་མཆེད་དང་། །ཕྱི་དོན་ཀུན་གཞི་མཚན་ཉིད་གསུམ་ལ་སོགས། །སྒྱུ་མའི་སྣང་བ་ཙམ་དུ་ལུགས་འདི་བཞེད། །དེ་ཕྱིར་དངོས་སྨྲས་དོན་དམ་གང་འདོད་པ། །འདི་ཡིས་ཐ་སྙད་ཙམ་དུ་འདོད་ཅེས་པའང་། །མི་འཐད་དངོས་པོར་སྨྲ་བས་གང་བཞག་པ། །ཀུན་ཀྱང་རང་གྲགས་འགལ་འདུའི་རང་བཞིན་ཕྱིར། །ཅུང་ཟད་དཔྱད་ངོར་མ་དག་ལས་སྣང་འདི། །རབ་རིབ་ཅན་གྱི་སྐྲ་ཤད་དང་མཚུངས་པས། །དག་པའི་ཡེ་ཤེས་ཡུལ་མེད་ཞིར་ཞུགས་ཉིད། །ཡུལ་གཞན་འཇལ་དང་གཞན་ལ་སྟོན་པ་སོགས། །གདུལ་བྱའི་དགེ་དང་སྔོན་གྱི་སྨོན་ལམ་ལས། །འབྱུང་ཚུལ་རྟོག་གེས་བསམ་མི་ཁྱབ་པར་གསུངས། །དེ་ཕྱིར་ཀུན་རྫོབ་ངེས་བྱེད་འཁྲུལ་ཤེས་ཙམ། །དོན་དམ་ངེས་བྱེད་གཅིག་དང་དུ་བྲལ་དང་། །རྡོ་རྗེ་གཟེགས་མ་ཡོད་མེད་སྐྱེ་འགོག་དང་། །མུ་བཞི་སྐྱེ་འགོག་རྟེན་འབྲེལ་གཏན་ཚིགས་རྣམས། །ངོ་བོ་རྒྱུ་དང་འབྲས་བུ་གཉིས་ཀ་དང་། །སྣང་ཙམ་ལ་དཔྱོད་ཆོས་ཀྱི་བདག་མེད་སྒྲུབ། །དང་པོའི་ནང་འདུས་རྣམ་བདུན་རིག་པ་ཡིས། །གང་ཟག་བདག་འགོག་རིག་པའི་རྒྱལ་པོ་སྟེ། །རྟག་གཅིག་རང་དབང་ཅན་ཙམ་ལྷན་སྐྱེས་ལ། །སྣང་མོད་འཐད་པ་བཅུག་པ་ཀུན་བརྟགས་ཡིན། །བདེན་པའི་གཅིག་དང་དུ་མས་དབེན་པའི་ཕྱིར། །ཆོས་ཀུན་བདེན་པར་མེད་དེ་གཟུགས་བརྙན་བཞིན། །ཆོས་ཅན་མ་བརྟགས་སྣང་ཙམ་ཁོ་ན་སྟེ། །ཕྱོགས་ཆོས་ཆ་བཅས་ཕྱིར་དང་གཅིག་མེད་ཕྱིར། །བདེན་ན་གཉིས་པོར་ངེས་པ་མེད་པ་འགྲུབ། །བརྟགས་པ་འགོག་ན་རྡུལ་དང་སྐད་ཅིག་སོགས། །ཆ་མེད་འདོད་ལ་ཕྱོགས་ཆ་དུས་ཆས་དགག །དེས་བརྩམས་བེམ་རིག་མཐའ་དག་བདེན་གཅིག་ཁེགས། །ཆོས་ཉིད་ནམ་མཁའ་སོགས་ལའང་རྟེན་ཆ་ཙམ། །དངོས་མེད་ཀུན་ལ་ཐ་སྙད་ཙམ་དུ་ཡང་། །ངོ་བོ་མེད་པས་བདེན་འཛིན་ཆུང་བའི་ཕྱིར། །གཞུང་དུ་དངོས་པོ་རྣམས་ལ་བདེན་གྲུབ་བཀག །སྟོང་ཉིད་བདེན་མེད་སྒྲུབ་ལའང་ཆ་བཅས་དང་། །རྟེན་འབྲེལ་སོགས་ཀྱི་གཏན་ཚིགས་མ་བཀོད་པར། །དགག་བྱ་བདེན་མེད་ཁོ་ནས་བསྒྲུབ་པར་མཛད། །གཟུགས་བརྙན་བདེན་མེད་ཙམ་དུ་མ་གྲུབ་ཀྱང་། །བྱད་བཞིན་ཉིད་དུ་མི་བདེན་དཔེ་ལ་གྲུབ། །རང་གཞན་གཉིས་ཀ་གཉིས་མིན་སྐྱེ་བྲལ་ཕྱིར། །བདེན་པའི་སྐྱེ་མེད་དང་པོའི་རྟགས་སྒྲུབ་ནི། །ས་བོན་སྐྱེ་བ་ཐུག་པ་མེད་པ་དང་། །མྱུ་གུའི་སྐྱེ་དང་མདོག་དབྱིབས་མི་རྙེད་དང་། །མངོན་གསལ་ཡིན་ན་རྒྱུ་འབྲས་གཅིག་མིན་དང་། །མཐོང་དང་འགལ་ཞིང་འཇིག་རྟེན་དང་འགལ་དང་། །བྱ་བྱེད་མཐའ་དག་གཅིག་ཏུ་འགྱུར་ཕྱིར་རོ། །གཉིས་པའི་རྟགས་སྒྲུབ་རྒྱུ་མིན་ཀུན་སྦྱར་འགྱུར། །ནས་དང་ས་ལུའི་ས་བོན་གཉིས་ཀ་ཡང་། །ས་ལུའི་མྱུ་གུ་ལས་གཞན་མཚུངས་ཕྱིར་རོ། །དུས་མཉམ་མིན་ལ་གཞན་པའི་ཚུལ་མི་སྲིད། །རྒྱུ་འབྲས་དུས་མཉམ་རིག་པས་ཁེགས་ཕྱིར་དང་། །དུས་མཉམ་འབྲས་བུ་ཡོད་མེད་བརྟགས་པས་ཁེགས། །འདི་ལ་འཕྲོས་ནས་ཡོད་མེད་སྐྱེ་གོག་གསུངས། །ཡོད་ལ་ཅི་བྱ་མེད་ལ་རྒྱུས་ནུས་མེད། །གཉིས་ཡིན་ངེས་ལེགས་གཉིས་མིན་མི་སྲིད་དོ། །གཞན་སྐྱེ་འཇིག་རྟེན་ཚད་མས་གྲུབ་ཅེ་ན། །འཛིན་སྟངས་འཁྲུལ་པས་ཚད་མར་མི་འཐད་ཅིང་། །ཁོ་བོ་གཞན་དུ་འཇིག་རྟེན་ཡང་མི་འདོད། །མ་བརྟགས་འཁྲུལ་ངོར་འབྲས་ཚེ་རྒྱུ་གནས་པས། །ལས་འགགས་ཡུན་རིང་ལོན་ལས་འབྲས་འབྱུང་འཐད། །འདིར་འགྲོས་ཀུན་གཞིའི་བག་ཆགས་བདེན་གྲུབ་དང་། །གཞན་དབང་ཡོད་དང་ཕྱི་དོན་མེད་ཚུལ་བཀག །གཉིས་སྐྱེ་དེ་གཉིས་ཁེགས་པའི་ཤུགས་ལ་ཁེགས། །རྒྱུ་མེད་ཧ་ཅང་ཐལ་ཞིང་མཐོང་དང་འགལ། །དེར་འཛིན་འཁྲུལ་པར་མངོན་སུམ་འཁྲུལ་པས་འགྲུབ། །དེ་ལྟར་རྡོ་རྗེ་གཟེགས་མ་རྒྱས་པར་གསུངས། །མུ་བཞི་རྒྱུ་གཅིག་ཉིད་ལས་འབྲས་གཅིག་དང་། །ལྡོག་དང་གཅིག་ལས་དུ་མ་དེ་ལས་ལྡོག །རང་རྒྱུད་པ་ཡིས་གཉིས་པ་བཞི་པ་དང་། །གཞན་ལས་སྐྱེ་དང་མེད་པ་སྐྱེ་བ་རྣམས། །ཐ་སྙད་ཙམ་དུ་མ་དཔྱད་འདོད་ན་ཡང་། །འདི་ལས་ལྷག་པའི་དཔྱོད་ཚུལ་གཞན་མེད་པས། །འདིར་གྲུབ་བདེན་གྲུབ་ཉིད་དུ་འགྱུར་བའི་ཕྱིར། །ཀུན་ཀྱང་ཐ་སྙད་ཙམ་དུའང་འདིར་མི་འདོད། །རིག་པའི་རྒྱལ་པོ་རྟེན་ཅིང་འབྲེལ་འབྱུང་ནི། །ཕྲད་བལྟོས་ཙམ་ལས་མི་འབྱུང་ཆོས་མེད་ལ། །བདེན་པར་གྲུབ་ན་བལྟོས་པ་མི་སྲིད་ཕྱིར། །ལྟ་ངན་དྲྭ་བ་མཐའ་དག་འདི་ཡིས་གཅོད། །ངར་འཛིན་ལྷན་སྐྱེས་འཛིན་སྟངས་ཀྱིས་བཟུང་པའི། །བདེན་གྲུབ་བདག་དེ་འདོགས་གཞིའི་ཕུང་པོ་དང་། །གཅིག་དང་ཐ་དད་རྟེན་དང་བརྟེན་པ་དང་། །ལྡན་པ་ལྔ་རུ་ཀླུ་སྒྲུབ་ཞབས་ཀྱིས་དཔྱད། །ཟླ་བས་དབྱིབས་དང་ཚོགས་པ་གཉིས་བསྣན་ནས། །ཤིང་རྟ་དང་མཚུངས་དཔྱད་ན་མི་རྙེད་ཀྱང་། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་ཞེས་གསུངས། །ཕལ་ཆེར་གཞན་གྱིས་བརྟགས་རྣམས་ཐལ་བས་འགོག །མ་བརྟགས་གཏན་ཚིགས་བགོད་པས་རང་གཞན་ལ། །རིག་ཤེས་རྗེས་དཔག་སྐྱེད་ལ་འགལ་བ་མེད། །རྟོག་གེས་བཏགས་པའི་རང་རྒྱུད་མི་སྲིད་ཕྱིར། །རང་རྒྱུད་ཙམ་ཡང་མི་འདོད་ཅེས་སྨྲ་བ། །ཐལ་འགྱུར་ལ་ཡང་ཅི་ཡི་ཕྱིར་མི་མཚུངས། །ཕུང་སོགས་བདེན་བཞི་ཀུན་བྱང་མཚན་ཉིད་ཀུན། །ངོ་བོས་གྲུབ་པར་གསུངས་རྣམས་དྲང་དོན་ཙམ། །གཞན་ཀུན་མངོན་པའི་མདོ་བཞིན་འདིར་བཞེད་དེ། །འཇིག་རྟེན་ངོར་བྱས་སྟོན་པས་གསུངས་ཕྱིར་རོ། །ལམ་གྱི་ཐོབ་བྱ་མངོན་མཐོ་ངེས་ལེགས་ཏེ། །དེ་གཉིས་སྒྲུབ་ཐབས་དད་དང་ཤེས་རབ་ནི། །འགྲོ་བ་བཞི་ཡིས་ཆོས་ལས་མི་འདའ་དང་། །སྒོ་གསུམ་སྤྱོད་པ་འཁོར་གསུམ་མི་རྟོག་པའོ། །ངེས་ལེགས་རང་གཞན་དབང་བྱས་དམན་མཆོག་གཉིས། །མངོན་མཐོར་བཅས་པ་སྐྱེས་བུ་གསུམ་གྱིས་སྒྲུབ། །ཡིད་ཆེས་དད་པས་དགེ་སྡིག་བླང་དོར་དང་། །ངེས་འབྱུང་བསམ་པས་བདེན་བཞིའི་འཇུག་ལྡོག་དང་། །བྱང་ཆུབ་སེམས་ཀྱིས་ཕྱིན་དྲུག་སྤྱོད་པ་རྣམས། །དེ་གསུམ་ལམ་དུ་མར་མེ་མཛད་དཔལ་བཞེད། །དམན་ལས་འབྲིང་པོ་དབྱེ་བས་ཐེག་གསུམ་སྟེ། །ཐེག་པ་བཞི་དང་གྲུབ་མཐའ་ལྔ་བ་བཀག །ཀུན་ཀྱང་སྟོང་ཉིད་ལྟ་བས་མ་ཟིན་ན། །གཞི་ལམ་འབྲས་བུའི་ཚུལ་ལ་འཁྲུལ་པའི་ཕྱིར། །ལས་སུ་འགྱུར་མོད་ཟབ་མོའི་སྣོད་དཀོན་པས། །འབྲས་ཀྱི་ཕྱིར་དུ་ཀོ་ཊ་འདེབས་པ་ལྟར། །དྲང་ཕྱིར་གསུངས་ཏེ་ཟབ་མོའི་ཕྱོགས་རེ་ནས། །རིམ་གྱིས་ཞུགས་པས་བདེ་བླག་གྲོལ་འགྱུར་ཕྱིར། །རྒྱལ་དང་སེམས་ཅན་གཉིས་ཀར་གུས་བྱ་ཡི། །རང་ལྟ་ལ་ཆགས་གཞན་ལ་འཁྲུག་མི་བྱ། །འོན་ཀྱང་ངེས་ལེགས་ལམ་ཀུན་འདིར་བལྟོས་ཕྱིར། །ལམ་གྱི་གཙོ་བོ་མཐའ་བྲལ་ཤེས་རབ་ཡིན། །མཉམ་གཞག་དངོས་ཀྱི་འཇོག་ཚུལ་ཁྱད་མེད་ཀྱང་། །སྦྱོར་འཇུག་དབྱེ་བས་ལམ་ལྔ་ས་བཅུར་འགྱུར། །འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་དང་། །ངེས་ལེགས་བྱང་ཆུབ་གསུམ་གྱི་རྣམ་བཞག་དང་། །སངས་རྒྱས་ས་ཡི་སྐུ་གསུམ་འཕྲིན་ལས་ཀུན། །ཕལ་ཆེར་ཐེག་ཆེན་མངོན་པའི་མདོ་བཞིན་བཞེད། །དངོས་ཀུན་བློས་བཏགས་མིང་ཀྱང་བཏགས་ཡོད་ཕྱིར། །ཐ་སྙད་དུ་ཡང་རྟོག་གེས་བཏགས་ཀུན་སྤོང་། །དཔྱད་ངོར་བསླུ་མེད་མྱང་འདས་ཁོ་ནའི་ཕྱིར། །འདུས་བྱས་བསླུ་ཆོས་ཚད་གྲུབ་མེད་པ་དང་། །བདེན་འཛིན་འཁོར་བའི་རྩ་བར་ངེས་པའི་ཕྱིར། །དེས་བསྐྱེད་ཆགས་སོགས་ཉོན་སྒྲིབ་ཁོ་ན་དང་། །ཐེག་གསུམ་ཆོས་ཉིད་གཟིགས་ཚུལ་གཅིག་པའི་ཕྱིར། །མཐོང་ལམ་སྐད་ཅིག་དུ་མ་མེད་པ་དང་། །རང་ངོར་ཤེས་བྱའི་སྣང་བ་ནུབ་པའི་ཕྱིར། །འཕྲིན་ལས་བསམ་ཡས་གཞན་སྣང་རྣམ་རོལ་རྣམས། །ལུགས་འདིའི་ཐུན་མོང་མ་ཡིན་ཁྱད་ཆོས་གཙོ། །སྒྲུབ་བྱེད་རྒྱས་པར་དབུ་མ་ཆེ་གཞུང་ལྟོས། །ལེགས་ལྡན་ཤར་གསུམ་བྱམས་ཆོས་དབུ་མ་ཀུན། །རང་རྒྱུད་ཡིན་ཕྱིར་ཆ་མཐུན་ཙམ་དུ་ཟད། །མངོན་རྟོགས་རྒྱན་དང་རྒྱུད་བླ་རྩ་འགྲེལ་རྣམས། །ཐལ་འགྱུར་གཞུང་དུ་མཁས་མང་བཞེད་མོད་ཀྱི། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཙམ། །སྤངས་པ་རྣམ་གྲོལ་ཉིད་ལ་ཚང་བ་དང་། །གང་ཟག་བདག་མེད་ལ་ཡང་ཆོས་ཉིད་ཙམ། །མཁས་ལ་གྲགས་ཤིང་ལེགས་པར་གྲུབ་ཕྱིར་དང་། །རང་གཞུང་མང་དང་གོང་འོག་འགལ་འགྱུར་ཕྱིར། །མ་ངེས་རིགས་ཅན་དྲང་ཕྱིར་གསུངས་པ་སྟེ། །དངོས་བསྟན་ལམ་གྱིས་སྲིད་རྩ་མི་ཆོད་པས། །འཕགས་ལམ་དངོས་མིན་ཡན་ལག་ཁྱད་པར་ཅན། །འཕགས་བཞིའི་མངོན་རྟོགས་སྤང་གཉེན་རགས་པ་ཀུན། །ཤིན་ཏུ་གསལ་ཕྱིར་ལྷག་པར་གུས་འཇུག་བྱ། །འདི་དག་འཁོར་ལོ་བར་པའི་དངོས་བསྟན་ཉིད། །དབུ་མའི་གཞུང་ལས་ཇི་ལྟར་བཤད་བཞིན་ཏེ། །ཐ་མར་གཞི་ཡི་ཟག་མེད་ཤེས་པ་ཉིད། །བདེ་གཤེགས་སྙིང་པོ་སྔར་ལས་ཇེ་གསལ་གྱུར། །ལ་ལར་ཤིན་ཏུ་ཕྲ་བའི་རླུང་སེམས་དང་། །གཞན་དུ་རང་བཞིན་ལྷན་སྐྱེས་འོད་གསལ་དང་། །ཐེག་རྩེར་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཞེས། །གསུངས་འདི་ཆ་མེད་ཀུན་འགྲོ་ཞི་ཞིང་རྟག །ཆོས་དབྱིངས་དོན་དམ་བདེན་པར་གསུངས་རྣམས་ལ། །འཁྲུལ་ནས་དོན་དམ་གཞན་སྟོང་རྣམ་གཞག་བྱུང་། །ཁ་ཅིག་བདེན་སྟོང་ཉིད་ལ་དེར་དགོངས་པས། །ཀུན་རྫོབ་ཏུ་ཡང་དེ་དག་མེད་ཅེས་སྨྲ། །དེ་གཉིས་རྟག་ཆད་གཡང་དུ་ལྷུང་བས་ན། །སྐད་ཅིག་འཇིག་ཀྱང་རྒྱུན་གྱི་རྟག་པ་དང་། །དྲི་མས་གཡོགས་ཀྱང་ངོ་བོ་ཞི་བ་དང་། །རིག་པས་འཇིག་ཀྱང་ལམ་གྱིས་གཞོམ་མེད་དང་། །འཛིན་སྟངས་མིན་ཀྱང་དམིགས་ཡུལ་ཡིན་པའི་ཕྱིར། །རྟག་དང་ཞི་བདེན་ཆོས་དབྱིངས་མིང་གིས་བསྟན། །འདི་ནི་ཐ་སྙད་པ་ཡི་གནས་ལུགས་ཏེ། །ཐ་སྙད་ཙམ་དུ་རང་བཞིན་མི་འགྱུར་ཕྱིར། །མེ་ཡི་ཚ་སོགས་འཁྲུལ་ངོའི་རང་བཞིན་ཙམ། །ནུས་ལྡན་བློ་ལ་བསིལ་བར་སྣང་ཕྱིར་རོ། །དེས་ན་ཆོས་ཅན་བསླུ་མེད་འདིར་གཏོགས་ཏེ། །འོན་ཀྱང་སྐད་ཅིག་ལ་བལྟོས་འདི་ཡང་སླུ། །འདི་དང་འདི་ཡི་སྟེང་གི་བདེན་སྟོང་གཉིས། །སྣང་དང་འཛིན་སྟངས་ཡུལ་དུ་བྱས་ནས་ནི། །ལེགས་པར་གོམས་ན་སངས་རྒྱས་མྱུར་འགྲུབ་ཕྱིར། །བསྒྲུབ་གཞི་རང་ལ་ཚང་བ་ལ་དགོངས་ནས། །སངས་རྒྱས་རང་ལ་ཡོད་ཅེས་ལན་མང་གསུངས། །འདི་དང་ཐོག་མེད་ནས་འགྲོགས་དྲི་མ་རྣམས། །ཤིན་ཏུ་མི་མཐུན་གསར་དུ་སྐྱེ་དགོས་ཀྱི། །ཡོན་ཏན་མཐའ་དག་ཤིན་ཏུ་མཐུན་པས་ན། །གཞི་ནས་དེ་དག་ནུས་པའི་ཚུལ་གྱིས་ནི། །གནས་ཕྱིར་ཡོན་ཏན་རང་ཆས་ཞེས་ཀྱང་གསུངས། །འདི་ཡི་དྲི་མ་སྦྱོང་བའི་རིམ་པ་ལ། །ཐེག་དང་གྲུབ་མཐའ་གོང་ནས་གོང་དུ་བཞག །འདུལ་བ་མདོ་སྡེ་རྡོ་རྗེ་ཐེག་རྣམས་ཀྱི། །དངོས་བསྟན་སྤང་བྱ་འཁོར་བ་ཕྲ་རགས་གསུམ། །ཀུན་ཉོན་གསུམ་དང་རང་བཞིན་སྡིག་པ་གསུམ། །འདི་ལས་གདུལ་བྱ་དམན་འབྲིང་མཆོག་ཏུ་བཞག །འཁོར་བ་རགས་པ་མ་དག་སྐྱེ་འཆི་སྟེ། །འདི་ཡི་རྩ་བ་ཉོན་མོངས་ཅན་རྨོངས་ཡིན། །ཕྲ་བ་ཡིད་ལུས་དག་པའི་སྐྱེ་འཆི་སྟེ། །འདི་ཡི་རྩ་བ་མ་རིག་བག་ཆགས་ས། །ཤིན་ཏུ་ཕྲ་བ་ཕར་ཕྱིན་སངས་རྒྱས་ཏེ། །འདི་ཡི་རྩ་བ་འཕོ་ཆགས་ཕྲ་མོ་ཡིན། །དེ་ཕྱིར་འོག་མའི་རྟོགས་པ་མཐར་ཕྱིན་ཀྱང་། །གོང་མར་འཇུག་ཚེ་དེ་ཡི་ཚོགས་ལམ་བཙལ། །དེ་ཕྱིར་ཉན་རང་ཚོགས་ལམ་ནས་འཇུག་དང་། །ས་བཅུ་མཐོང་ལམ་ནས་འཇུག་རྣམ་གཞག་འགལ། །ཉོན་མོངས་ལས་དང་སྐྱེ་བའི་ཉོན་མོངས་གསུམ། །འདུལ་བ་མདོ་སྡེ་སྔགས་ཀྱི་སྤང་བྱའི་གཙོ། །དེ་བཞིན་གཟུགས་ཅན་བདུན་དང་ཡིད་ཀྱི་གསུམ། །དེ་གསུམ་ཆ་ཤས་ཁྱད་པར་ཅན་རྣམས་སོ། །འདི་དག་ཐུབ་བསྟན་འདི་ལ་གནས་མོད་ཀྱི། །གསལ་བར་ཐོན་པའི་རྣམ་དཔྱོད་སྔར་མ་བྱུང་། །དེ་ཕྱིར་ཁོ་བོའི་རྣམ་དཔྱོད་ཉི་མ་ཡིས། །མཐའ་དག་ཤེས་བྱའི་གཟུགས་ཀུན་གསལ་ནུས་ཀྱང་། །རྟག་པར་བྱང་དུ་ཁ་བལྟས་བུག་པའི་སྦུབས། །གསལ་བར་མ་གྱུར་ཉི་མས་ཅི་ཞིག་ནོངས། །མདོ་སྔགས་གཉེན་པོའི་ཁྱད་པར་ཡོད་བཞིན་དུ། །སྤང་བྱ་གཅིག་ན་ཉེ་རིང་ཙམ་གཟུང་བྱ། །མདོ་སྡེར་གཉེན་པོ་སྦས་ན་སྤང་བྱ་ཡང་། །སྦས་པར་བློ་གྲོས་ཅན་གྱིས་གསལ་བར་རྟོགས། །རྡོ་རྗེ་ཐེག་པའི་གདུལ་བྱའི་རིམ་པ་དང་། །དེར་བལྟོས་རྒྱུད་སྡེའི་དམན་མཆོག་དེ་དག་གི །སྤྱི་དང་ཁྱད་པར་ལམ་གྱི་རྣམ་གཞག་ནི། །ཐུན་མོང་མིན་པས་གཞན་དུ་བཤད་ལས་ཤེས། །གྲུབ་མཐའ་ཀུན་ཤེས་པ་ཞེས་བྱ་བའི་བསྟན་བཅོས་ལས། ཕྲ་བའི་བདག་གཉིས་བཀག་ནས་མཐའ་བྲལ་སྒྲུབ་པ་ཞེས་པའི་ལེའུ་སྟེ་ལྔ་པའོ།།  །།

གང་གི་དྲིན་ལས་ཕྱི་ནང་གྲུབ་པའི་མཐའ། །རྒྱ་མཚོའི་ཕ་རོལ་སོན་པའི་དེད་དཔོན་དུ། །ལེགས་པར་བསྐྲུན་མཛད་འཇམ་མགོན་བླ་མ་ལ། །སྙིང་ནས་གུས་པ་ཆེན་པོས་ཕྱག་བགྱིད་དོ། །རང་གཞན་ལྟ་བའི་མཚོ་ཆེན་ལྟ་འདོད་ཅིང་། །རྣམ་གྲོལ་དབང་གི་རྒྱལ་པོ་ལེན་འདོད་ན། །དེད་དཔོན་འདིར་བརྟེན་རྣམ་དཔྱོད་གྲུ་ཆེན་ལ། །དྲན་པའི་ཟག་ལྷན་བརྩོན་པའི་དར་ཚུགས་ཤིག །མཁས་རློམ་ཕལ་ཆེར་ཁྲོན་པའི་རུས་སྦལ་ཏེ། །གཞན་དག་གང་གཱའི་ཆུ་ཙམ་སྒྲོལ་ནུས་ཀྱང་། །མཐའ་ཡས་ཆུ་གཏེར་མཐར་སོན་སྲིད་མཐའ་ཙམ། །དེ་ཕྱིར་སུ་ཞིག་འདིར་གུས་སྐྱེ་མི་འགྱུར། །འོན་ཀྱང་བྱིས་བློས་ཟབ་མོར་དཔྱད་པའི་ཕྱིར། །ཡེ་ཤེས་སྤྱན་ལྡན་དག་གིས་གཟིགས་པ་ན། །ནོངས་པ་གང་མཆིས་ནོངས་རྒྱུ་མ་རིག་བཅས། །ཡེ་ཤེས་མེ་ཡིས་སླར་ཡང་གཞོམ་དུ་གསོལ། །འདིར་འབད་དགེ་བ་གངས་རི་ལྟར་དཀར་དེས། །ལྷན་སྐྱེས་ཀུན་བརྟགས་དངོས་འཛིན་གདོན་ཆེན་པོས། །ཡུན་རིང་གཟིར་བའི་མ་རྒན་འགྲོ་བ་འདི། །མྱུར་དུ་ཞི་ཞིང་བདེ་བས་འཚོ་གྱུར་ཅིག །ཅེས་གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་ནི། ཡུལ་བྱང་ཕྱོགས་གངས་རིའི་ལྗོངས་སུ་བསྟན་རྩིས་ཡོངས་གྲགས་ལྟར་ན་ལྔ་བརྒྱ་པ་བརྒྱད་པའི་སྟེང་དང་འཐད་ལྡན་ལྟར་ན་ལྔ་པའི་སྐེད་ཀྱི་དུས་སུ་བྱུང་བ། གཙང་སྟག་ཚང་གི་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་ཉི་མ་ཞེས་བྱ་བ་ཆུ་མོ་ལུག་གི་ལོ་མགོ་ཅན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན། དགེ་འཕེལ་ཆོས་འཁོར་སྒང་དུ་གྲུབ་པར་བགྱིས་པའོ།།   །།

 

 

༄༅། །གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་རྣམ་པར་བཤད་པ་ལེགས་བཤད་ཀྱི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

 

ན་མོ་མཉྫུ་ཤྲཱི་ཡེ། གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་རྣམ་པར་བཤད་པ་ལེགས་བཤད་ཀྱི་རྒྱ་མཚོ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དགེ་ལེགས་གསེར་གྱི་གཞི་ལས་འཐོན། །སྐུ་བཞིའི་བང་རིམ་མངོན་པར་མཐོ། །འཕྲིན་ལས་གཟི་འོད་མུ་མཐའ་མེད། །ཐུབ་དབང་ལྷུན་པོར་གུས་ཕྱག་འཚལ། །སྐལ་བཟང་བློ་མུན་མཐར་བྱེད་ཅིང་། །ལེགས་བཤད་པད་མོའི་ཚལ་སྐྱོང་བ། །མཁྱེན་བརྩེའི་གཟི་འོད་མཆོག་གི་མཆོག །འཇམ་མགོན་བླ་མའི་ཉིན་བྱེད་རྒྱལ། །གང་གི་དྲིན་ལས་བདག་བློའི་དཔལ། །སྤྲིན་བྲལ་ཉི་མ་ལྟར་གསལ་བས། །ཐུབ་བསྟན་པད་ཚལ་རྒྱས་ཕྱིར་དུ། །ལེགས་བཤད་གཟི་འོད་འདི་སྤྲོ་འོ། །འདིར་ཕན་བདེ་མཐའ་དག་གི་གཏེར་ཆེན་པོ་རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་རབ་རིབ་དང་ལྡན་པ་དག་གི་རྨོངས་པ་དྲུངས་ནས་ཕྱུང་སྟེ། ཡང་དག་པའི་ལམ་དྲི་མ་མེད་པ་ལ་འགོད་པར་འདོད་ནས་བསྟན་བཅོས་འདི་བརྩམས་སོ། །དེ་ཡང་མཚན་གྱི་དོན་ནི་རྒྱ་གར་སྐད་དུ་ཞེས་སོགས་ཏེ། འཕགས་ཡུལ་དུ་སྦྱར་བ་དངོས་མ་ཡིན་ཡང་རྗེས་སུ་མཐུན་པས། དེ་ལྟར་སྨོས་པ་ཚད་མ་རིག་པའི་གཏེར་ལ་སོགས་པ་བཞིན་ནོ། །གཞུང་གི་དོན་ལ། བཤད་པ་ལ་འཇུག་པ་ནི། གྲུབ་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། རྐང་པ་གཉིས་ཀྱིས་མཆོད་པར་བརྗོད་པ་དང་གཉིས་ཀྱིས་བཤད་པར་དམ་བཅས་སོ། །དེ་ལ་གྲུབ་པ་ནི་སའི་མིང་སྟེ། མདོ་སྡེ་རྒྱན་ལས། མཚན་ཉིད་གང་ཟག་བསླབ་པ་དང་། །ཕུང་པོ་གྲུབ་པ་རྟགས་དང་ནི། །ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །ཞེས་མདོར་བསྟན་དང་། གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་སོགས་རྒྱས་པར་གསུངས་ལ། ཕྱོགས་གཞན་ནས་ཀྱང་། གྲུབ་པ་ཆུང་ངུ་དང་འབྲིང་དང་མཆོག་གི་རྣམ་གཞག་གསུངས་པ་ལས་ཆེས་མཆོག་ཏུ་གཤེགས་པས་ན་གྲུབ་པའི་མཐར་ཕྱིན་ཏེ་རང་དོན་མཐར་ཕྱིན་པའོ། །རང་གིས་རྟོགས་པ་གཞན་ལ་སྨྲ་བ་ནི་དྲང་སྲོང་སེར་སྐྱ་དང་རྐང་མིག་ལ་སོགས་པ་ཡང་ཡིན་མོད་ཀྱི་བརྗོད་བྱའི་དོན་ལ་འཁྲུལ་པ་དང་བཅས་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཁོ་ན་འཁྲུལ་མེད་དུ་གསུང་པ་ཡིན་པས་སྨྲ་བ་རྣམས་ཀྱི་གཙོ་བོ་དང་། འཆད་པར་འགྱུར་བའི་གྲུབ་མཐའ་ཐམས་ཅད་ཀྱང་རྒྱལ་བའི་གསུང་རབ་ལས་འབྱུང་བས་ན། གྲུབ་མཐའ་ཀུན་གསུང་བ་པོ་ཐུབ་པའི་དབང་པོ་ལ་བསྟན་བཅོས་རྩོམ་པའི་ཐོག་མར་སྤྱི་བོས་འདུད་པ་ནི། དམ་པའི་སྤྱོད་པ་དང་མཐུན་ཞིང་སྐབས་ཀྱི་བྱ་བ་མཐར་ཕྱིན་པའི་ཆེད་དུ་བསོད་ནམས་ཁྱད་པར་ཅན་སྒྲུབ་པ་སྟེ། ལྷ་ལས་ཕུལ་བྱུང་གི་བསྟོད་པར། སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །གང་ཞིག་ཐུབ་དབང་ལ་ནི་ཕྱག་བྱེད་པ། །དེས་ནི་ལྷ་ཡི་བདེ་སོགས་ཕུན་སུམ་འཐོབ། །ཅེས་དང་སངས་རྒྱས་ལ་དམིགས་པའི་བསོད་ནམས་གཞལ་དུ་མེད་པ་སོགས་མང་དུ་གསུངས་ཏེ་ཡི་གེ་མང་དུ་དོགས་པས་མི་སྤྲོའོ། །དམ་བཅའི་རྒྱུ་མཚན་ནི། སྤྱིར་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ནི་དམ་པས་བསྔགས་པའི་ཡོན་ཏན་ཡིན་པའི་ཕྱིར་དང་། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོགས་དང་། ཡེ་ཤེས་རྒྱས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ། །དེ་ལ་མཁས་ན་ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པར་འགྱུར་རོ། །ཞེས་སོགས་དང་། བྱང་ཆུབ་སེམས་དཔས་བསླབ་པར་བྱ་བའི་རིག་པའི་གནས་བཅོ་བརྒྱད་ཀྱི་ནང་ན། གྲངས་ཅན་དང་བྱེ་བྲག་པའི་བསྟན་བཅོས་ཀྱང་ཡོད་པའི་ཕྱིར་དང་། ཇོ་བོ་ཆེན་པོས། ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དྭང་དུ་བླང་བར་གྱིས། །ཞེས་གསུངས་པ་ལྟར་རང་གི་འདོད་པ་ཡང་དག་པའི་ལྟ་བ་ཚོལ་ན་ཡང་། དབུ་མའི་གཞུང་ལུགས་མཐའ་དག་གི་ཕྱོགས་སྔ་མ་ཤེས་ན་དེ་ཇི་ལྟར་འགོག་ཚུལ་མི་ཤེས་ཤིང་དེ་ལྟ་ན་རང་གི་ལྟ་བ་ལྷན་སྐྱེས་འགོག་པར་མི་ནུས་ཏེ། ལྟ་བ་དང་གྲུབ་མཐའ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པའི་བློ་དང་བསྟུན་ནས་བཞག་པ་ཡིན་པའི་ཕྱིར་རོ། །བཤད་པ་ཉེ་བར་དགོད་པ་ལ། བདག་ལྟའི་འཛིན་སྟངས་སྤྱིར་དགག་པ་དང་། སོ་སོར་དགག་པའོ། །དང་པོ་ལ། རང་གཞན་གྱི་ཁྱད་པར་བཤད། གཞན་ལ་སྡང་ཞུགས་སྤང་། བླང་དོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། དམིགས་པ་དང་འཛིན་སྟངས་སོགས་ཀྱིས་ཕྱེ་བའི་སྣ་ཚོགས་པའི་ལྟ་བ་དང་གྲུབ་མཐའི་དབྱེ་བ་ནི་རྣམ་པ་ཤིན་ཏུ་མང་སྟེ། སློབ་དཔོན་སྨན་པའི་ཞབས་ཀྱིས། ལྟ་བ་ལྔ་བརྒྱ་བདུན་ཅུ་བཤད་པ་དང་། སློབ་དཔོན་སྣང་བྲལ་གྱིས། ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་བཤད་པ་དང་། མདོ་སྡེ་ཚངས་པའི་དྲྭ་བ་ལས། ལྟ་ངན་དྲུག་ཅུ་རྩ་གཉིས་དང་། དད་པ་ཆེར་འབྱུང་གི་མདོ་ལས་འབྱུང་བ་མངོན་པ་ཀུན་ལས་བཏུས་སུ་དྲངས་པ་ལས། དམ་པ་མིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་གསུངས་པ་དང་། གཞན་ཡང་། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ཕ་རོལ་སྨྲ་བ་བཅུ་དྲུག འཇིག་ལྟ་ཉི་ཤུ་ལ་སོགས་པ་དང་། ཡང་དག་པའི་ལྟ་བ་ལ་ཡང་དབྱེ་བ་མང་དུ་གསུངས་པས་སོ། །དེ་ལྟར་གདོད་མ་ནས་ཕྱི་པའི་རིག་བྱེད་དང་ནང་པའི་གསུང་རབ་ལས་འབྱུང་བ་མང་ཡང་གདོད་མ་ནས་གྲུབ་པའི་ལྟ་བ་དེ་དག་སྨྲ་བ་པོའི་གང་ཟག་ནི་ཤིན་ཏུ་རིགས་མི་མཐུན་པས་བཞག་པ་རང་སྡེ་སངས་རྒྱས་པ་དང་གཞན་སྡེ་མུ་སྟེགས་པ་སྟེ་རང་གཞན་གྱི་སྡེ་པར་འདུས་ཏེ། གཉིས་ཡིན་དང་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །གང་ཡང་རྒྱ་གར་ན་ལྷ་མིན་གྱི་ཆོས་ནི་གཉིས་ཀ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་པ་ནི་གདོད་མ་ནས་ཡོད་པ་མིན་གྱི། རཱ་མ་ཎ་ལ་སོགས་པས་གསར་དུ་སྦྱར་ལ། བོད་ན་ཡང་སངས་རྒྱས་བར་མི་གཏོགས་པ་དང་། གཏོགས་ཀྱང་ལུང་རིག་ལྟར་སྣང་གིས་བྲན་དུ་བཀོལ་ཏེ། གྲུབ་མཐའ་བཞིའི་ནང་དུ་མ་འདུས་པ་མང་དུ་བྱུང་བ་རྣམས་ཀྱང་དེ་བཞིན་ནོ། །འོ་ན་ཕྱི་ནང་གི་ཁྱད་པར་གང་ཞེ་ན། ལྟ་བ་རང་སྐྱེ་ཐུབ་པའི་བདག་ཡོད་མེད་དུ་སྨྲ་བ་ཙམ་གྱིས་མ་ཡིན་ཏེ། རང་སྡེ་གནས་མ་བུ་པ་དང་བོན་གྱིས་མ་ངེས་པས་སོ། །སྒོམ་པ་ཞི་ལྷག་ཆ་མཉམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་མེད་པ་དང་ཡོད་པས་མ་ཡིན་ཏེ། མུ་སྟེགས་ལ་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པ་ཡོད་པས་སོ། །སྤྱོད་པ་སེམས་ཅན་ལ་འཚེ་བ་ཡོད་མེད་ཀྱིས་མ་ཡིན་ཏེ། གཅེར་བུ་དང་སྦྱོར་སྒྲོལ་ཆོས་སུ་སྨྲ་བས་མ་ངེས་པའི་ཕྱིར་རོ། །འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་བྱར་བྱེད་པ་དང་མི་བྱེད་པས་མ་ཡིན་ཏེ། མུ་སྟེགས་གྲངས་ཅན་དང་གཅེར་བུ་པ་སོགས་ཀྱང་དེ་འདོད་པས་སོ། །དེས་ན་ཕྱི་ནང་འདི་གཉིས་སོ་སོར་འབྱེད་པའི་ཁྱད་པར་བྱེད་ཆོས་ནི་བཞི་ཡིན་ཏེ། ལྟ་བ་དང་སྒོམ་པ་དང་སྤྱོད་པ་དང་འབྲས་བུ་རྣམས་ཐ་དད་པའི་ཕྱིར་ཏེ། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་། སྒོམ་པ་སྲིད་རྩེའི་གཉེན་པོ་དང་། སྤྱོད་པ་ངལ་ཞིང་དུབ་པའི་མཐའ་དང་འདོད་པ་བསོད་ཉམས་ཀྱི་མཐའ་སྟེ། མཐའ་གཉིས་པོ་སྤོང་བ་དང་། འབྲས་བུའི་ཐར་པ་སྤང་བྱ་ཟད་པའི་བྲལ་བ་ཁྱད་པར་ཅན་འགོག་བདེན་དུ་སྟེ་རེ་རེ་ལ་ཡང་འདོད་པ་དང་། མི་འདོད་པ་རྣམས་སོ། །ཕྱག་རྒྱ་བཞི་ནི། ཆོས་ཀྱི་སྡོམ་བཞིར་གྲགས་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་ནི་སྟོང་ཞིང་ཞི་བའོ། །ཞེས་མདོ་ལས་གསུངས་པའོ། །འོ་ན་འདུལ་བ་ལུང་ལས། གཉིས་པ་མི་འབྱུང་ཞིང་། འོད་ལྡན་དུ་ཡང་། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཞེས་བཤད་པ་ཅི་ཞེ་ན། གང་མི་རྟག་པ་དེ་སྡུག་བསྔལ་དུ་གསུངས་པས་དང་པོའི་ཤུགས་ཀྱིས་གོ་བ་ལ་དགོངས་སོ། །རང་སྡེ་བྱེ་སྨྲར་གཏོགས་པ་འགའ་ཞིག་བདག་འདོད་ཅིང་སྐད་ཅིག་གིས་མི་འཇིག་པའི་འདུས་བྱས་ཁས་ལེན་པ་ཡང་ཡོད་མོད། ཕུང་པོ་ལས་དོན་གཞན་དག་རྟག་པར་མི་འདོད་ཅིང་། གཏན་འཇིག་མི་སྲིད་པའི་རྟག་དངོས་སུ་ཁས་མི་ལེན་པས་མུ་སྟེགས་དང་ཁྱད་པར་ཆེའོ། །སྲིད་རྩེའི་གཉེན་པོ་ནི་མུ་སྟེགས་ལ་མེད་དེ། བདག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་ལས་རྒྱབ་ཀྱིས་ཕྱོགས་ཤིང་། གོང་ན་ས་གཞན་མེད་པས་ཞི་རགས་ཀྱི་རྣམ་པ་ཡང་མེད་པའི་ཕྱིར་ཏེ། མཁས་མཆོག་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་རྩ་བཞིན་དུ། །སྲིད་པ་རྣམས་ནི་འདོར་བར་བྱེད། །ཅེས་གསུངས་པ་ལྟར་རོ། །སྤྱོད་པའི་སྐྱོན་ནི་མཐའ་གཉིས་སུ་ལྷུང་བ་སྟེ། རྙེད་བཀུར་ལ་ཆགས་པས། ངན་པ་དང་ཉུང་ངུས་མི་ཚིམ་པར་བཟང་པོ་དང་མང་པོ་འདོད་ཞེན་གྱིས་སྒྲུབ་ཅིང་སྤྱོད་པ་དང་། རང་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན། བདག་མེད་ཀྱི་ལྟ་བས་དངོས་འཛིན་རགས་པ་ལས་གྲོལ་བ་ཞིག་གིས། སྒྲུབ་པའི་ཚེ་ཆོས་ལ་གནོད་པའི་འབད་རྩོལ་མི་དགོས། སྤྱོད་པའི་ཚེ་ཆགས་ཞེན་དང་མངོན་ཞེན་དྲག་པོ་མི་སྐྱེ་ན་བཟང་ཞིང་མང་བ་སྤྱོད་པ་ལ་ཡང་བག་འཁུམས་མི་དགོས་ཀྱང་། དེ་ལྟར་བྱེད་པས་ལུས་སེམས་གདུང་བ་གཉིས་ནི། རིམ་པ་བཞིན་རྒྱང་འཕེན་པ་དང་གཅེར་བུ་པ་ལ་གཙོ་བོར་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། གོས་དང་ཟས་དང་གནས་མལ་དང་སྨན་ཏེ་གནས་བཞི་པོ་མཐའ་གཉིས་སུ་མ་ལྷུང་བ་ལ་བསླབ་པར་ནན་གྱིས་གསུངས་པས་སོ། །འབྲས་བུ་ཐར་པ་ཡང་། བཤེས་སྤྲིང་དུ། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་གསུངས་པ་ལྟར། རྒྱང་འཕེན་ནི། འབྱུང་བཞི་སེམས་དང་བཅས་པ་དང་། དེ་དང་བྲལ་བ་གཉིས་འཁོར་འདས་སུ་འདོད་པས། ཐར་པ་དང་འབྱུང་བཞིའི་གཞི་མཐུན་འདོད་ལ། ནེ་ཙོས་ཉི་མར་བཏོལ་ནས་ནི། །ཐར་བར་མཆིས་པར་བཤད་ཅེས་གྲག །ཅེས་སོགས་ཉི་ཟླ་ཐར་པར་འདོད་པ་དང་། གཅེར་བུ་པས། ནམ་མཁའི་དབྱིངས་ན་ཐར་པ་གདུགས་བཀན་པ་ལྟ་བུར་འདོད་པ་སོགས་ཀྱིས་ཐོབ་བྱའི་ཐར་པ་ལ་རྨོངས་པས་ཐོབ་བྱེད་ལམ་ལ་ཡང་རྨོངས་ལ། རྒྱལ་བའི་བསྟན་པ་ནི། ཐར་པའམ་མྱ་ངན་ལས་འདས་པ་འགོག་བདེན་དུ་བཞེད་པས་སོ། །དེ་དག་ནི་འཐད་མོད་ཀྱི། དཀོན་ཅོག་གསུམ་ལས་གཞན་ལ་སྐྱབས་སུ་འགྲོ་བ་ཕྱི་རོལ་མུ་སྟེགས་ཀྱི་འཇོག་བྱེད་དུ་ཁ་ཅིག་འདོད་པ་ཡང་འཐད་དོ་ཞེ་ན། དེ་ལྟ་ན་བོད་ཀྱི་གཤེན་རབ་རྗེས་འབྲང་དང་བཅས་པ་རྣམས་དེར་འགྱུར་ལ། འདོད་མི་ནུས་ཏེ། བདག་མེད་ཀྱི་རྣམ་བཞག་རྒྱས་པར་ཁས་ལེན་ལ། བདག་མེད་དང་ཕྱག་རྒྱ་བཞི་འདོད་པའི་མུ་སྟེགས་ནི་མི་སྲིད་པས་འདི་ནི་བློས་བཏགས་གཉིས་མིན་དུ་རིགས་སོ། །གཞན་ལ་སྡང་ཞུགས་སྤང་བ་ནི། ལྟ་བ་སྨྲ་བ་ཕལ་ཆེར་རང་ལྟ་ལ་མཆོག་ཏུ་བཟུང་ནས་གཞན་ལ་སྡང་སྨྲས་ཀྱི་སེར་བ་འབེབས་ལ། ཁྱད་པར་དབུ་མ་ཆེན་པོ་པར་ཁས་འཆེ་བ་དག་གིས། ཤིང་རྟ་ཆེན་པོ་དག་ལ་ཡང་གཤེ་ན། ཕྱི་རོལ་པ་ལ་ལྟ་ཅི་སྨོས། རང་གི་རྗེས་འཇུག་དག་གིས་ཀྱང་རང་ལུགས་ལ་གུས་ཤིང་འཛིན་སྐྱོང་སྤེལ་གསུམ་བྱས་པས་མི་ཆོག་གོ །གཞན་ཕྱོགས་ལ་སྡང་སྨྲས་མ་བྱས་ན་བསྟན་པ་མ་བཟུང་བར་འདོད་པ་དག་ནི། དེ་བཞིན་གཤེགས་པའི་བཞེད་པ་མ་ཡིན་ཏེ། འཇིག་རྟེན་ན་ཕུགས་ཀྱི་ཕན་པ་དང་འཕྲལ་གྱི་བདེ་བ་མཐའ་དག་ནི་རྒྱལ་བའི་འཕྲིན་ལས་ཁོ་ན་ཡིན་ཏེ། འབྲས་བུ་དེ་ནི་རྒྱུ་དགེ་བ་མེད་པར་མི་འབྱུང་ལ། དགེ་བློ་ཕྲ་མོ་ཙམ་ཡང་སངས་རྒྱས་ཀྱི་མཐུ་ལས་འབྱུང་དགོས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་སོགས་མདོ་དང་སྔགས་ལས་མང་དུ་གསུངས་པའི་ཕྱིར། མུ་སྟེགས་ཀྱི་སྒྲས་བརྗོད་རིགས་ལ་དབྱེ་ན། མིང་བཏགས་པ་དང་། དེར་སྤྲུལ་པ་དང་། རང་རྒྱུད་པའི་མུ་སྟེགས་ཏེ་དབྱེ་བ་གསུམ་ཡོད་པའི་ཕྱིར་ཏེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕེན་ཡིན། །ཞེས་རྣམ་རྟོག་མ་ཟད་ཀྱི་བར་ལ་རྒྱང་འཕེན་གྱི་སྒྲས་གདགས་པར་གསུངས་ཤིང་། བདེན་སྨྲའི་མདོ་ལས། ཡིད་བཞིན་ནོར་དང་འཆིང་བུ་ཕྲད་གྱུར་པ། །བདེན་པའི་ཚུལ་དུ་ནམ་ཡང་འབྱུང་བ་མེད། །དེ་བཞིན་སངས་རྒྱས་རིན་ཆེན་མུ་སྟེགས་ཅན། །ཞིང་གཅིག་ཏུ་ནི་ནམ་ཡང་འབྱུང་བ་མེད། །མུ་སྟེགས་ཅན་སྒོ་འདི་ཀུན་བསམ་གཏན་དང་། །མངོན་ཤེས་དབང་སྒྱུར་ཐབས་མཁས་ཡིན་ཤེས་གྱིས། །ཤེས་རབ་ཐབས་ཀྱི་སྤྱོད་པས་བློ་ལྡན་རྣམས། །རྣམ་པར་འཕྲུལ་པ་སྣ་ཚོགས་སྟོན་པར་བྱེད། །ཅེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས་ཀྱང་། སེང་གེ་ཆེན་པོའི་མདུན་དུ་རི་དྭགས་ཕྲ་མོ་མི་གནས་པ་བཞིན་དུ། དེ་བཞིན་གཤེགས་པའི་མདུན་དུ་མུ་སྟེགས་གནས་པར་མི་ནུས་མོད་ཀྱི། སེམས་ཅན་སྨིན་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ནི་མ་གཏོགས་སོ། །ཞེས་ཟབ་མོའི་ལམ་ལ་དངོས་སུ་བཀྲིར་མི་རུང་བ་དག་རིམ་གྱིས་གཞུག་པའི་ཕྱིར་དུ། སངས་རྒྱས་དང་བྱང་སེམས་མང་པོས་དེའི་སྟོན་པར་སྤྲུལ་ནས་རིག་པའི་སྒོ་དུ་མ་སྟོན་པར་གསུངས་ལ། དེ་དག་གི་གདུལ་བྱ་མང་པོ་རང་རྒྱུད་པ་ཡིན་པ་ལ་དགོངས་ནས་ནི། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་བ་ལ་དགེ་སྦྱོང་གི་ཚུལ་དང་འཕགས་པའི་ལམ་མེད་དོ་ཞེས་དང་། ཀུན་ཏུ་རྒྱུ་ཀླན་ཀ་ཚོལ་བའི་བསམ་པས་འོངས་པ་དེ་དག་ལ་དཀར་པོའི་ཆོས་གཅིག་ཙམ་ཡང་ངས་མ་མཐོང་སྟེ། ཞེས་སོགས་གསུངས་པའི་ཕྱིར། ཕྱོགས་འཛིན་ནི་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར་ཏེ། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་སོགས་དང་། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །ཞེས་སོགས་དང་། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །ཅེས་སོགས་མང་དུ་གསུངས་ཤིང་། སྡེ་དང་རིས་སུ་ཆད་པའི་འཁྲུག་ལོང་གིས་འཇིག་རྟེན་མཐའ་དག་རྒུད་པར་འགྱུར་བ་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ། །དེ་ལྟར་ན་སྡང་ཞུགས་ཚུལ་གྱིས་རང་སྡེ་སྟོན་པ་གཅིག་གི་བསྟན་པ་ལ་ཚངས་པའི་སྤྱོད་པ་མཚུངས་པར་སྤྱོད་པ་དག ལྟ་སྤྱོད་ཀྱི་ཆ་ཕྲ་མོ་རེ་ཙམ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་སྨོད་པ་ལྟ་ཞོག སྟོན་པ་དང་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་གཞན་སྡེའང་སྨད་དུ་མི་རུང་བས་གནས་འདི་ལ་གཟབ་པར་བྱའོ། །བླང་དོར་བསྡུས་ཏེ་བསྟན་པ་ལ། མདོར་བསྟན་ནི། རང་དང་གཞན་གྱི་གྲུབ་མཐའ་སྨྲ་བའི་དབྱེ་བ་རྣམ་པ་མང་ཡང་བླང་བྱ་དང་དོར་བྱའི་ཚུལ་གྱིས་བསྡུ་ན་གཉིས་སུ་འདུས་ཏེ། རྟག་ཆད་གང་རུང་གི་མཐའ་སོགས་སུ་འདུས་པའི་ཕྱིར་ཏེ། རྒྱུ་མཚན་ནི་བློ་ལྷན་སྐྱེས་འཁྲུལ་པའི་འཛིན་སྟངས་སྒྲུབ་པར་བྱེད་པ་དང་། འགོག་པར་བྱེད་པ་གཉིས་སུ་འདུས་པའི་ཕྱིར་རོ། །མཚན་གཞི་ནི། ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་གཞན་པ་རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་དང་། དཔལ་མགོན་འཕགས་པའི་ལུགས་དེ་ཉིད་དོ། །དེ་ཡང་རྟོག་དཔྱོད་དང་ལྡན་པར་རློམ་པ་ཐམས་ཅད་ཀྱང་། རང་རང་གི་བློ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་ཤིང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་འདི་ལ་གང་སྣང་བ་ཐམས་ཅད་ནི་སྣང་བ་ལྟར་དོན་ལ་གྲུབ་པས་ཡུལ་བདེན་པ་དང་བློ་ཚད་མར་བཟུང་ནས་ལྟ་བ་དང་གྲུབ་མཐའ་འཇོག་པ་ཤ་སྟག་ཡིན་ལ། ལྷན་སྐྱེས་ཀྱི་རིག་རྒྱུན་འཛིན་སྟངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡུལ་གྱི་གནས་ཚུལ་དང་བློའི་སྣང་ཚུལ་ཤིན་ཏུ་མཐུན་པ་ཞིག་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་རང་ཆས་སུ་གནས་པ་ནི། གློ་བུར་དྲི་མས་སྤྲིན་དང་རྙོག་པས་བསྒྲིབས་ནས་མངོན་དུ་མ་གྱུར་ཅིང་། གསུང་རབ་ཕལ་ཆེར་ལས་གསུངས་ཀྱང་སྦས་ལ། ཆ་དང་ཟུར་གྱིས་ཅུང་ཟད་སྨོས་པ་རྣམས་ལ་ནི། བློ་གྲོས་རྣོ་ཞིང་གསལ་བར་ཁས་འཆེ་བ་དག་གིས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ལྟ་བ་དུ་མའི་འཁྲུལ་གཞིར་གྱུར་ཏེ་རྣམ་པ་སྣ་ཚོགས་སུ་སྨྲ་བར་བྱེད་དོ། །རྒྱས་པར་བཤད་པ་ནི། ལྷན་སྐྱེས་འཁྲུལ་མ་འཁྲུལ་གཉིས་ཀྱི་དང་པོ་འཁྲུལ་པའི་འཛིན་སྟངས་དབང་དུ་བཙུགས་ནས་གྲུབ་མཐའ་འཇོག་པའང་ཕྱི་སོགས་འདུས་ཏེ། རྟོག་པ་འཁྲུལ་པའི་འཛིན་སྟངས་རྟག་པ་དང་གཅིག་པུ་དང་ཆ་མེད་དུ་འཛིན་པ་འདིས་ཇི་ལྟར་བཟུང་བ་ལྟར་གྲུབ་པར་རློམ་ནས་ཕྱི་རོལ་པའི་གྲུབ་མཐའ་དང་། རྟོག་མེད་ལྷན་སྐྱེས་འཁྲུལ་པའི་འཛིན་སྟངས་ཀྱིས་ཇི་ལྟར་བཟུང་བ་ལ་འཕྲལ་གྱི་གནོད་པ་མ་མཐོང་བས་རྒྱུ་བྱས་ནས་རང་སྡེའི་གྲུབ་མཐའ་བཞག་པའི་ཕྱིར་རོ། །དང་པོ་ཕྱི་རོལ་པ་ལ་གྲུབ་མཐའ་སྨྲ་བ་ཤིན་ཏུ་མང་ཡང་། མཐོ་རིས་དང་ཐར་པ་གཉིས་ཀའམ་གང་རུང་རེ་རེ་མི་འདོད་པའི་ཆད་སྨྲ་དང་། འདོད་ཀྱང་རྒྱུ་བྱེད་པ་པོ་རྟག་དངོས་དང་ཆ་མེད་སོགས་ཁས་ལེན་པའི་རྟག་སྨྲ་གཉིས་སུ་འདུས་ཏེ། ཉེ་བ་མངོན་སུམ་ལ་སྣང་ཚོད་ལས་གཞན་པ་མེད་པར་འཛིན་པ་དང་། རིང་བ་གཏན་ཚིགས་ལྟར་སྣང་ལ་བརྟེན་པའི་ལྐོག་གྱུར་བློས་བཏགས་ལ་བདེན་པར་འཛིན་པའི་དབྱེ་བས་སོ། །གཉིས་པ་རང་སྡེ་ལ་སྡེ་པ་བཅོ་བརྒྱད་སེམས་ཙམ་རྣམ་བདེན་རྫུན་སོགས་མང་ཡང་ཕྱི་དོན་སྨྲ་བ་དང་སེམས་ཙམ་པ་གཉིས་སུ་འདུས་ཏེ། མངོན་སུམ་གཞན་རིག་ཕྱི་རོལ་རྒྱང་ཆད་དུ་འཛིན་པ་འདི་ལ་གནོད་པ་ཅན་གྱི་ཚད་མ་མ་མཐོང་ནས་ཇི་ལྟར་སྣང་བ་ལྟར་དོན་དམ་དུ་གྲུབ་པ་འདོད་པ་དང་། དེ་ལས་བློ་མཆོག་ཏུ་གྱུར་པས་དེ་ལ་གནོད་པ་མཐོང་ཡང་། ཁ་ནང་ལྟས་མྱོང་རིག་ཙམ་དུ་སྣང་བ་འདི་ལ་གནོད་པ་གང་ཡང་མ་མཐོང་ཞིང་འཁོར་ལོ་ཐ་མ་ཕལ་ཆེར་གྱིས་དེ་སྟོན་པར་མཐོང་ནས་སྣང་བ་ཤེས་རིག་ཙམ་དུ་འདོད་པའི་དབྱེ་བས་སོ། །དེ་ལྟར་ལྷན་སྐྱེས་འཁྲུལ་བ་དབང་དུ་བཙུགས་ནས་གྲུབ་མཐའ་འཇོག་པ་པོ་ཕྱི་ནང་དེ་དག་ནི། འཁྲུལ་པ་ལ་འཁྲུལ་པ་བསྣན་ནས་རྟག་ཆད་གང་རུང་གི་མཐར་སོགས་སུ་ལྷུང་སྟེ་ལྷན་སྐྱེས་འཁྲུལ་བའི་འཛིན་སྟངས་ལུང་རིག་ལྟར་སྣང་ལ་བརྟེན་བདེན་ཞེན་གྱིས་འབད་པས་བསྒྲུབས་ནས་ལྷན་སྐྱེས་ཀྱི་ས་བོན་དྲུང་པོ་ལུང་རིག་གི་བརླན་དང་དྲོད་ཀྱིས་བསྐྱངས་ཏེ་ལྟ་བ་ཀུན་བརྟགས་ཀྱི་ལྗོན་ཤིང་རྒྱས་པར་བྱེད་པའི་ཕྱིར་རོ། །དེས་ན་དེ་དག་ནི་གོལ་ས་བཅད་པའི་ཕྱིར་དང་དེའི་རིགས་ཅན་དྲང་བའི་ཕྱིར་དུ་བསླབ་པར་བྱ་བ་ཡིན་པས་སྡང་ཞུགས་ཀྱིས་དོར་བར་མི་བྱ་ཡང་རང་རང་མཆོག་ཏུ་བཟུང་ནས་གོང་མའི་ཁྱད་པར་མི་འཚོལ་བ་ནི་སྤང་བར་བྱ་ལ། འཕྲལ་དང་ཡུན་དུ་བླང་ཞིང་སྤྱད་པར་བྱ་བའི་ཡུལ་དང་ཡུལ་ཅན་ཡོངས་སུ་རྫོགས་པ་ནི། ལུགས་གཞན་ལས་མི་རྟོགས་ཏེ། འཁྲུལ་སོགས་ནས་རྟོགས་ཤིང་། ཡུན་སོགས་ནས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རང་ཉིད་འཁོར་བ་ལས་ཐར་པ་ཙམ་དོན་དུ་གཉེར་བས་ཀྱང་ཀླུ་སྒྲུབ་ཞབས་ཀྱི་ལུགས་ནི་ངེས་པར་བསླབ་པར་བྱ་ཞིང་། ལུགས་མཐའ་དག་ལ་མ་སྦྱངས་ཀྱང་རེ་ཞིག་གི་དགོས་པ་འགྲུབ་མོད་ཀྱང་། དེ་ཡང་མཐར་ཐམས་ཅད་མཁྱེན་པའི་ལམ་ལ་བསླབ་དགོས་པ་ནི། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ལུང་རིག་གིས་ལེགས་པར་གྲུབ་པས་སེམས་ཅན་འདོར་བའི་བློ་ནི་སྒོ་དུ་མ་ནས་འདོར་དགོས་ལ། སེམས་ཅན་རྗེས་སུ་འཛིན་ན་ནི། ཕྱི་ནང་གི་གཞུང་ལུགས་མཐའ་དག་འདོར་དུ་མི་རུང་བ་དང་མཐར་མ་ཐུག་གི་བར་དུ་ཆོག་པར་མི་འཛིན་པ་དང་། ཕྱི་ནང་གི་བསྟན་པ་མཐའ་དག་རྒྱལ་བའི་ཐབས་མཁས་ཀྱི་འཕྲིན་ལས་སུ་ཤེས་ནས་དག་སྣང་ཕྱོགས་མེད་དུ་འབྱོངས་པའི་དད་པ་ཁྱད་པར་ཅན་དང་། དངོས་བསྟན་ལ་ཡང་ཁྱད་མེད་དུ་བཟུང་ནས་བླུན་དད་ཀྱིས་རྨོངས་པར་བྱས་པ་མིན་པར། ལེགས་བཤད་ཉེས་བཤད་འབྱེད་པའི་བློ་གྲོས་རྩལ་ཇེ་རྒྱས་སུ་སོང་བ་གཉིས་འགལ་བ་མེད་པའི་བླང་དོར་གྱི་གནད་དམ་པ་ཆོས་སྤོང་གི་ཉེས་ཆེན་འགོག་ཅིང་། མཆོག་དམན་ལ་ངེས་པ་འདྲོངས་པར་མན་ངག་སྒོ་དུ་མ་ནས་བཙལ་བར་བྱའོ། །དེ་ལྟར་དངོས་པོར་སྨྲ་བའི་ལྟ་བ་ཐམས་ཅད་ཀྱང་ལྷན་སྐྱེས་འཁྲུལ་བ་ལ་བརྟེན་ནས་བཞག་པར་བཤད་པ་འདིས་ནི། ལྷན་སྐྱེས་དང་ཀུན་བརྟགས་གཉིས་འཛིན་སྟངས་གཏན་མི་མཐུན་པར་འདོད་པ་དང་། ཀུན་བརྟགས་འགོག་པའི་རིག་པས་ལྷན་སྐྱེས་མི་ཁེགས་པར་འདོད་པའི་ལོག་རྟོག་ཆེན་པོ་གཉིས་ལེགས་པར་བཀག་སྟེ། འཛིན་སྟངས་ཀྱི་གཙོ་བོ་མཐུན་པར་བསྟན་ཅིང་། ཀུན་བརྟགས་ཀྱི་ཞེན་ཡུལ་སུན་ཕྱུང་བས་ལྷན་སྐྱེས་ལ་ཤིན་ཏུ་གནོད་པར་བསྟན་པའི་ཕྱིར་རོ། །གཞན་དུ་ན་གནོད་པ་མང་སྟེ། གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་ལ་ན་ནིང་དང་ད་ལོའི་བདག་གཅིག་ཏུ་འཛིན་པ་དང་། ཤར་དང་ནུབ་ཏུ་ཕྱིན་པའི་བདག་གཉིས་རིལ་པོ་ཆ་མེད་དུ་འཛིན་པ་མེད་པར་ཐལ་བ་དང་། ཤིང་རྟ་ཆེན་པོ་དག་གིས་བཤད་པའི་ཀུན་བརྟགས་ཀྱི་གྲུབ་མཐའ་ཆེན་པོ་དག་ལ་འཁྲུལ་གཞི་མེད་པར་ཐལ་བ་དང་། གཞུང་ལུགས་ཆེན་པོ་རྣམས་སུ་ཀུན་བརྟགས་ཀྱི་ལྟ་བའི་ཞེན་ཡུལ་འགོག་པའི་རིག་པ་འབའ་ཞིག་གསུངས་པ་རྣམས་དོན་མེད་དུ་ཐལ་བའི་ཕྱིར་རོ། །འོ་ན། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་རྟོགས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱིས་གནམ་བོར་འགྱུར་ཉིད་དོ། །ཞེས་ཀུན་བརྟགས་ཀྱི་ཞེན་ཡུལ་མེད་པར་རྟོགས་པས་ལྷན་སྐྱེས་ལ་མི་གནོད་པར་གསུངས་པ་ཅི་ཞེ་ན། ཀུན་བརྟགས་ཀྱི་ཞེན་ཡུལ་དེ་ལྷན་སྐྱེ་ངར་འཛིན་གྱི་རྟེན་ནམ་ཡུལ་དུ་མི་འདོད་ན་སྐྱོན་དེ་ཡོད་པར་གསུངས་པའམ། ལུང་རིག་ལྟར་སྣང་གིས་བརྟན་པར་བྱས་པའི་ཀུན་བརྟགས་ཀྱི་བདག་དེ། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་དུ་དགོས་ན། བསྐལ་པ་མང་པོར་དུད་འགྲོར་སྐྱེས་པ་སོགས་ལ་ལྷན་སྐྱེས་མི་སྲིད་པར་འགྱུར་བའི་སྐྱོན་ཡོད་པ་ལ་དགོངས་པའོ། །གྲུབ་མཐའ་ཀུན་ཤེས་ལས་ལེའུ་དང་པོ་རྒྱ་ཆེར་བཤད་པའོ།།  །།

བདག་ལྟའི་འཛིན་སྟངས་སོ་སོར་དགག་པ་ལ། གང་ཟག་གི་བདག་དགག་པ་དང་། ཆོས་ཀྱི་བདག་དགག་པའོ། །དང་པོ་ལ། ཕྱི་རོལ་པའི་འདོད་པ་སྤྱིར་བསྟན། སོ་སོར་བཤད། ཞར་བྱུང་གཞན་ཡང་དགག་པ་དང་ཐུན་མོང་དུ་དགག་པའོ། །དང་པོ་ནི། ཕྱི་རོལ་སོགས་ཚིགས་བཅད་གཅིག་སྟེ། སྤྱིར་སེམས་ཅན་གྱི་རིགས་ནི་ཤེས་བྱའི་གནས་ཚུལ་དང་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ངང་ཚུལ་ལ་རྟོག་དཔྱོད་གང་ཡང་མི་འཇུག་པར་ཚེ་འདིའི་བདེ་སྡུག་གི་བླང་དོར་ཙམ་དོན་དུ་གཉེར་བ་ནི་ངན་སོང་གི་འགྲོ་བ་གསུམ་དང་ལྷ་མི་ཕལ་ཆེ་བ་ཡིན་ལ། དེ་དག་འབུམ་ཕྲག་ཙམ་གྱི་ནང་ན་དེ་དག་ལ་རྟོག་ཅིང་གྲུབ་མཐའ་ལ་ཞུགས་པ་ནི་རེ་རེ་ཙམ་དུ་ཟད་དོ། །དེ་དག་ཀྱང་འོག་མ་འོག་མ་ནི་ཆེས་མང་ལ། གོང་མ་གོང་མ་ནི་ཆེས་ཉུང་སྟེ། ཇོ་བོ་ཆེན་པོས། དིང་སང་རྒྱ་གར་ན་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པ་བརྒྱ་བརྒྱའི་ཚེ་ཆ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཤེས་པ་རེ་རེ། དེ་བརྒྱ་བརྒྱ་ན་མདོ་སྡེ་པ་རེ་རེ། དེ་བརྒྱ་བརྒྱ་ན་སེམས་ཙམ་རྣམ་བདེན་པ་རེ་རེ། དེ་བརྒྱ་བརྒྱ་ན་རྣམ་རྫུན་པ་རེ་རེ། དེ་བརྒྱ་བརྒྱ་ན་དབུ་མ་རང་རྒྱུད་པ་རེ་རེ། དེ་བརྒྱ་བརྒྱ་ན་ཟླ་བ་གྲགས་པའི་ལུགས་ཤེས་པ་རེ་རེ་ཙམ་ལས་མེད་ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཕྱི་རོལ་རྒྱང་འཕེན་གྱི་གྲུབ་མཐའ་ཤེས་པ་ཡང་སེམས་ཅན་གྱི་རིགས་ནི་ཤིན་ཏུ་ཉུང་བར་སྣང་སྟེ། མིར་སྐྱེས་པ་ཙམ་ཡང་ཤིན་ཏུ་དཀོན་པས་སོ། །དེ་ལ་ཕྱི་རོལ་པའི་ངེས་ཚིག་ནི། བསྟན་པ་འདི་དང་སྟོན་པ་འདི་ལས་ཕྱི་རོལ་ཏུ་ཕྱོགས་ཏེ། འཇིག་རྟེན་པའི་ཤེས་རབ་ཀྱིས་ཤེས་བྱའི་དོན་ལ་དཔྱོད་པར་བྱེད་པ་ཡིན་ལུགས་ཀྱི་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ལམ་མེད་པའོ། །འོན་ཀྱང་དེ་ལ་ཅུང་ཟད་ཉེ་བར་གྱུར་པས་ཐར་པའི་མུ་དང་སྟེགས་ལ་གནས་པས་མུ་སྟེགས་ཞེས་བྱ་བས་ན་འཇིག་རྟེན་ཕལ་པ་ལས་ནི་ཆེས་མཆོག་ཏུ་གྱུར་ཏེ། ཤེས་བྱའི་གནས་ལུགས་སྤྱོད་པ་ལ་སོགས་པས་སོ། །མཚན་ཉིད་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་སངས་རྒྱས་པའི་ལྡོག་མཐར་གནས་པའི་གྲུབ་མཐའ་སྨྲ་བ་པོའོ། །རྩ་བའི་དབྱེ་བ་ནི། བོད་ཀྱི་པཎྜི་ཏ་ཆེན་པོ་རིག་པའི་རལ་གྲིས། དེ་འདྲའི་མུ་སྟེགས་རང་རྒྱུད་ལ། །བསམ་གཏན་པ་དང་རྟོག་གེ་གཉིས། །ཞེས་གསུངས་པ་ལྟར་གཉིས་ལས། དང་པོ་ནི། བསམ་གཏན་དང་གཟུགས་མེད་ཀྱི་མངོན་ཤེས་ལྔ་ལྡན་ཏེ། ཇི་སྐད་དུ། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རིང་དུ་འགྲོ་བ་ཡང་། །གང་དུ་འཆི་བ་ཡོད་མིན་པའི། །གོ་འཕང་དེར་ནི་འགྲོ་བ་མེད། །ཅེས་བཤད་པ་ལྟར་རོ། །དེ་ཡང་ཡེ་ཤེས་རྒྱས་པའི་མདོ་དང་རྟོག་གེ་འབར་བ་སོགས་ནས། བསམ་གཏན་པ་བློ་དམན་འབྲིང་མཆོག་གསུམ་གྱིས་བསྐལ་པ་སུམ་ཅུ་དང་དྲུག་ཅུ་དང་དགུ་བཅུ་རྗེས་སུ་དྲན་པར་བཤད་ལ། དེ་འདྲ་བ་རྣམས་ནི་འཁོར་བ་ཐོག་མ་མེད་པ་ནས་བྱུང་ཞིང་། རྟོག་གེ་པ་ཡང་སྤྱིར་དེ་དང་འདྲ་མོད་ཀྱི་འཆད་འགྱུར་གྱི་གྲུབ་མཐའ་ཕལ་ཆེར་ནི་བསྐལ་པ་འདི་ཉིད་ལ་བྱུང་བའོ། །དེ་ཡང་རྟོག་གེ་འབར་བར། དྲང་སྲོང་མཆོད་འོས་ཞེས་བྱ་བས་རང་གི་འཁོར་གྲངས་ཅན་པ་ལ་སོགས་པ་རྣམས་ལ་བློས་བཏགས་པའི་གྲུབ་མཐའ་སྣ་ཚོགས་བྱིན་པ་ན་ཚངས་པས་ཀྱང་སླེབ་པ་ན་དེས། ཚངས་པ་ཆེན་བདེ་བར་བྱོན། །ཤིན་ཏུ་འཕྱི་བར་འདིར་འོངས་སོ། །བསྟན་བཅོས་ཐམས་ཅད་བྱིན་ཟིན་པས། །ཁྱོད་ནི་རིག་བྱེད་འདི་ལོང་ཞིག །ཅེས་སྨྲས་ཏེ། དེ་ལ་རིག་བྱེད་བྱིན་པར་བཤད་ལ། གཞུང་ལུགས་གཞན་ལས་ནི་འོག་ནས་འཆད་པ་ལྟར། རང་རང་གི་སྟོན་པས་དུས་ཐ་དད་དུ་བྱས་པར་བཤད་དོ། །དབྱེ་བ་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། དབང་ཕྱུག་ལ་སོགས་ཡོན་ཏན་འདོད། །གྲངས་ཅན་སྒྲ་རྣམས་ཡོན་ཏན་མེད། །ཚངས་པ་འདོད་པ་བྲམ་ཟེ་རྣམས། །འདི་རྣམས་དེ་ཉིད་རྣམ་གསུམ་གནས། །ཞེས་ཡོན་ཏན་ཅན་དང་གྲངས་ཅན་དང་ཚངས་པ་བ་གསུམ་ཡིན་ཞེས་དང་། རྟོག་གེ་འབར་བ་ལས། གྲངས་ཅན་པ་དང་། བྱེ་བྲག་པ་དང་། རིག་བྱེད་ཀྱི་མཐའ་གསང་བ་པ་དང་། སྤྱོད་པ་ཅན་ཏེ་བཞི། དུས་འཁོར་དུ། ཚངས་པ་བ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱང་འཕེན་པ། གཅེར་བུ་བ། སྐབས་གཞན་དུ་གྲངས་ཅན་བ་སྟེ་དྲུག བཅོམ་ལྡན་རལ་གྲིས། དབྱེ་བ་བཅུ་གཉིས་དང་དེར་མ་འདུས་པའི་ཡོན་ཏན་སྨྲ་བ་སོགས་མང་དུ་བྱས་པ་སོགས་གཞུང་ལུགས་རྣམས་ལས་མང་དུ་གསུངས་ཀྱང་འོག་ནས་འཆད་པ་ལྟར་ཆད་སོགས་སོ། །དེ་དག་ཀུན་ཀྱང་འདོད་པ་ཐུན་མོང་བ་ནི་བདག་སྨྲ་བ་དང་། རྟག་དངོས་སྨྲ་བ་དང་འཚེ་བ་ཆོས་སུ་སྨྲ་བ་དང་ཐུབ་སོགས་མཐུན་ཏེ། ཉེ་བར་ལེན་པ་བཞིའི་ནང་ནས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི་མུ་སྟེགས་སྤྱིའི་ཆོས་སུ་གསུངས་ཤིང་། ཆད་སྨྲའི་གཙོ་བོ་རྒྱང་འཕེན་གྱིས་ཀྱང་འབྱུང་བཞི་དང་རྫས་གཅིག་པའི་བདག་འདོད་ཅིང་། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་རྣམས་བདག་མེད་ན། །མཐོ་རིས་ཐར་པ་ལ་དགོས་པའི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་པ་མུ་སྟེགས་སྤྱིའི་གཞུང་ཡིན་པའི་ཕྱིར་དང་། གཞུང་དེར། གལ་ཏེ་འགགས་ན་འགགས་གྱུར་པས། །ཇི་ལྟར་འབྲས་བུ་འབྱིན་པར་འགྱུར། །ཞེས་སོགས་ཀྱིས་བྱ་བྱེད་ལས་གསུམ་རྟག་པར་འདོད་པའི་ཕྱིར་དང་། སེམས་ཅན་ལ་མི་འཚེ་བར་རློམ་པའི་གཅེར་བུ་པ་ཡང་། རང་ལུས་དཀའ་ཐུབ་དུ་མས་གདུངས་ཏེ་རང་ལ་འཚེ་བའི་ཕྱིར་དང་། རིགས་སྣ་ཚོགས་དང་རུས་སྣ་ཚོགས་བསྡུས་ནས་སྤྱོད་པ། སྣ་ཚོགས་སྟོན་ཅིང་འཚོ་བ་སྣ་ཚོགས་ཀྱིས་འཚོ་ལ། སྒྱུ་མའི་བློ་བྲིད་སྣ་ཚོགས་ཀྱིས་འཇིག་རྟེན་སླུ་བར་བྱེད་པའོ་ཞེས་སོགས་སྐུར་པ་དུ་མ་འདེབས་པར་བྱེད་པའི་ཕྱིར་རོ། །གཉིས་པ་ལ། ཆད་སྨྲ་བ་དགག་པ་དང་། རྟག་སྨྲ་དགག་པའོ། །དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ལ། མིང་གི་རྣམ་གྲངས། སྨྲ་བ་པོའི་སྟོན་པ། དེས་བཞག་པའི་གྲུབ་མཐའ་དངོས་སོ། །དང་པོ་ནི། ཤི་བའི་ཚེ་བདག་རྒྱུན་ཆད་པར་སྨྲ་བ་དང་། ཚེ་འདི་ལ་གང་ལེགས་བསྒྲུབས་པས་ཆོག་པར་འཛིན་པས་དང་། འཇིག་རྟེན་ཕ་རོལ་རྒྱང་རིང་དུ་འདོར་བས་དང་། སྐྱེ་བ་སྔ་ཕྱི་སོགས་མེད་པར་འདོད་པས་དང་། དྲང་སྲོང་ཆེན་པོ་ལྷའི་བླ་མ་ལ་སྟོན་པར་འཛིན་པས་དང་། དེས་བྱས་པའི་ཕུང་པོའི་རྒྱུད་ལ་བརྟེན་པས་དང་། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མཇུག་བཀྲ་ལ་སོགས་དངོས་རྣམས་ཀུན། །རྒྱུ་ཡོད་མ་ཡིན་ངོ་བོ་ཉིད་ལས་བྱུང་། །ཞེས་གསུངས་པ་དང་། དེ་བཞིན་དུ་ངོ་བོ་ཉིད་དང་རང་བཞིན་དོན་གཅིག་པས་ཆད་སྨྲ་སོགས་མིང་གི་རྣམ་གྲངས་བརྒྱད་དོ། །སྟོན་པ་ནི། སྤྱིར་རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་པ་སྙོམས་འཇུག་པ་དྲུག བྲམ་ཟེ་ཚངས་པའི་ཚེའམ་རྒྱུས་རྒྱལ་ལ་སོགས་པ་རྗེས་སྒྲོག་པ་དྲུག ཁྱད་པར་རྟོག་གེ་པ་དྲུག་ནི། འོད་སྲུངས་རྫོགས་བྱེད་དང་། ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལྭ་བ་ཅན་དང་། ཀ་ཏིའི་བུ་ནོག་ཅན་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་དང་། གཉེན་གྱི་བུ་གཅེར་བུ་པ་སྟེ་སྟོན་པ་དྲུག་ཏུ་གྲགས་པ་སྟེ། འདི་དག་སོ་སོའི་འདོད་པ་ནི། འདུལ་བ་ལུང་གི་མཆོག་ཟུང་དང་འོད་སྲུངས་ཆེན་པོ་སོགས་ཀྱིས་དྲིས་པ་ན་གསལ་ལོ། །ཡོངས་སུ་གྲགས་ཤིང་སྔོན་དུ་བསྟན་བཅོས་བྱེད་པ་པོ་ནི། དྲང་སྲོང་ལྷའི་བླ་མ་ཕུར་བུ་པ་སུམ་ཅུ་རྩ་གསུམ་དུ་ལྷ་མིན་ལས་གཡུལ་རྒྱལ་དུ་རེ་ནས་སྐྱེ་བ་སྔ་ཕྱི་དང་དགེ་སྡིག་མེད་པར་སྟོན་པའི་བསྟན་བཅོས་བྱས་ཤིང་། དེ་ནས་རིམ་གྱིས་འཕེལ་ཏེ་མི་ཡུལ་དུ་བབས་པ་ལས་བཏུས་པས་དྲང་སྲོང་འཇིག་རྟེན་མིག་གིས་བརྩམས་པའི་རྩ་བ་ལ། སློབ་དཔོན་ཆོས་གྲགས་དང་དུས་མཉམ་དུ་བྱུང་བའི་དྲང་སྲོང་འཇུག་སྟོབས་ཀྱིས་འགྲེལ་བ་བྱས་ནས་འཕེལ་ལོ་ཞེས། དབུ་མ་སྤྱན་རས་གཟིགས་བརྟུལ་ཞུགས་ལས་བཤད་དོ། །རྩ་བར་དེ་གཉིས་གོ་རིམ་ལྡོག་པ་ནི་ཚིག་སྦྱོར་བདེ་བའི་ཆེད་དེ། ཞི་བ་ལྷ་དང་འཕགས་པ་ཀླུ་སྒྲུབ་ཀྱིས། །ཞེས་སོགས་བཞིན་ནོ། །དེ་ལྟར་སྟོན་པ་དེ་དག་གི་རྗེས་སུ་འབྲང་ངོ་། །གྲུབ་མཐའི་དངོས་ཀྱི་རྒྱུ་ནི། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་རང་གི་བུ་མོ་ལ་བགྲོད་པར་འདོད་ནས་སྨྲས་པ་ལྟ་བུ་འདོད་ཡོན་སོགས་སོ། །དམ་བཅའ་ནི། བསྒྲུབ་པ་བཞི་དང་དགག་པ་ལྔ་སྟེ། འབྱུང་བ་རྒྱུ་དུས་ན་མི་གསལ་བའི་བདག་དང་། འབྲས་བུ་ཀུན་ལུས་སེམས་རྫས་གཅིག་ཏུ་མངོན་དུ་གྱུར་པ་གསལ་བའི་བདག་དང་། མི་གསལ་བ་འབྱུང་བཞིའི་འགྲོ་བ་གསལ་བ་མི་དང་དུད་འགྲོའི་འགྲོ་བ་སྟེ་འགྲོ་བ་གསུམ་ཡིན་གྱི་ལྷ་དང་དམྱལ་སོགས་མེད་པར་འདོད་པས་འགྲོ་བ་གསུམ་དུ་བསྒྲུབ་པ་དང་། རང་ཉིད་རྗེས་དཔག་མི་འདོད་པས་གཏན་ཚིགས་མེད་ཀྱང་གཞན་ལ་གྲགས་པའི་གཏན་ཚིགས་ཀྱི་འགོད་ཚུལ། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་བུ་དང་བུམ་པ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། ཨུཏྤ་ལ་མིན་པའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་རྩིག་པ་བཞིན་ཞེས་སོགས་སྒྲུབ་པར་བྱེད་ལ། སྤྱིར་རྒྱུ་མེད་དང་། གལ་ཏེ་རྒྱུ་ཡོད་ནའང་། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་པར། །ལུས་ཉིད་འབའ་ཞིག་དག་ལས་སྐྱེ། །ཞེས་པ་ལྟར་སྐྱེ་བ་སྔ་མ་དང་། གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མེད། །འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་ཁའི་རིག་པ་བཞིན། །ཞེས་སྐྱེ་བ་ཕྱི་མ་འགོག་པ་དང་། ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་དེ། །གློ་བུར་བ་ཉིད་ཡིན་པ་ལྟར། །དེ་བཞིན་སྡུག་བསྔལ་སོགས་རྒྱུ་མེད། །ཅེས་ལས་འབྲས་འགོག་པ་དང་། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད། ཅེས་ཐམས་ཅད་མཁྱེན་པ་སངས་རྒྱས་མེད་ལ། དེ་མེད་པར་དེས་གསུངས་པའི་ཆོས་དང་དགེ་འདུན་མེད་ཅེས་དཀོན་མཆོག་གསུམ་འགོག་པ་དང་། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །ཞེས་སོགས་ཀྱིས་ཚད་མ་མངོན་སུམ་གཅིག་པུ་ལས་མེད་པས་མཐོ་རིས་དང་དམྱལ་བ་སོགས་མ་མཐོང་བའི་དངོས་པོ་འགོག་པ་དང་། རྗེས་དཔག་ནི་ཚད་མ་མ་ཡིན་ཏེ། ཚད་མའི་མཚན་ཉིད་དངོས་པོ་འཛིན་པ་མེད་པའི་ཕྱིར་དང་། ལྷ་སྦྱིན་གྱི་བུ་ལས་སྔོ་བསངས་དཔོག་པ་སོགས་གཏན་ཚིགས་ཐམས་ཅད་འཁྲུལ་བའི་ཕྱིར་ཞེས་རྗེས་དཔག་ཚད་མ་འགོག་པར་བྱེད་དོ། །དེ་དག་ལས་ཀྱང་དགག་པ་ལྔ་པ་དེས་བཞི་པ་མ་མཐོང་བའི་དངོས་པོ་བཀག་པ་དེ་བསྒྲུབས་ནས་དེ་དང་ནི། གོང་གི་འབྱུང་བཞིའི་བདག་ལ་སོགས་པ་བསྒྲུབ་པ་བཞི་ཡིས་དགག་པ་ལྔའི་དང་པོ་སྐྱེ་བ་སྔ་ཕྱི་མེད་པ་དེ་སྒྲུབ་ཅིང་དེ་གྲུབ་པ་ཡིས་དམ་བཅའ་ལྷག་མ་མཐའ་དག་གྲུབ་པར་འདོད་པ་རྣམས་ནི་འདོད་པ་མདོར་བསྡུས་ཏེ་བརྗོད་པ། རྣམ་འགྲེལ་ལེའུ་གཉིས་པའི་ཕྱོགས་སྔར་དངོས་སུ་ཡོད་པ་དང་མེད་ཀྱང་འགོག་བྱེད་ཀྱི་རིག་པ་རྣམས་དང་སྦྱར་བས་གསལ་ལོ། །དེ་དགག་པ་ནི། ལྔ་པས་བཞི་པ་སྒྲུབ་པའི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་མི་འཐད་དེ། ཀུན་གྱིས་ཐམས་ཅད་དུ་མ་མཐོང་བའི་དངོས་པོ་མི་སྲིད་ཅིང་འགའ་ཞིག་གིས་འགའ་ཞིག་ཏུ་མ་མཐོང་སོགས་ནས་འགལ་བའི་ཕྱིར། གཞན་ཡང་ཚད་མ་གཏན་མེད་དུ་འགྱུར་ཏེ། རྗེས་དཔག་མི་འདོད་ལ་མངོན་སུམ་ཡང་འགོག་པར་འགྱུར་བའི་ཕྱིར་ཏེ། འབྱུང་བ་དང་སེམས་གཉིས་གཞན་རིག་གིས་མཐོང་མི་མཐོང་དང་། རང་རིག་གིས་མྱོང་མི་མྱོང་སོ་སོར་སྣང་བཞིན་དུ་གཅིག་ཏུ་འདོད་པའི་ཕྱིར་ནའོ། །སྤྱིར་རྒྱུན་དང་ལྡན་པའི་སེམས་ཆོས་ཅན། རང་རྒྱུ་སྔ་མ་སྔོན་དུ་སོང་བ་དང་རང་འབྲས་ཕྱི་མ་སྐྱེད་པར་ངེས་ཏེ། སེམས་ཡིན་པའི་ཕྱིར། དཔེ་ད་ལྟ་ཚེ་འདིའི་སེམས་ཀྱིས་མཚོན་ནོ། །དེ་བཞིན་དུ་བརྡ་ལ་མ་བྱང་བའི་བྱིས་པ་ཆུང་ངུ་ཆོས་ཅན། ཆགས་སོགས་སྐྱེ་བ་སྔ་མ་རྣམས་སུ་གོམས་པར་གསལ་ཏེ། བསླབ་མི་དགོས་པར་ཆགས་ཡུལ་ལ་འཇུག་པའི་ཕྱིར། རིག་པ་བེམ་པོའི་ཉེར་ལེན་ལས་མི་སྐྱེ་སྟེ། བེམ་རིག་ཉེར་ལེན་སོ་སོར་ངེས་པའི་ཕྱིར་རོ། །ཡང་ཞེས་པ་ཚིག་གཅིག་པུ་འདིས་དོན་གཞན་ཡང་སྟོན་པ་སྟེ། དེ་ལྟར་སྐྱེ་བ་སྔ་ཕྱི་གྲུབ་ཏུ་ཆུག་ཀྱང་། ཐམས་ཅད་མཁྱེན་པ་མི་གྲུབ་བོ་ཞེ་ན། དངོས་པོའི་གཤིས་ལ་ཞུགས་པའི་ཐབས་ཤེས་ཁྱད་པར་གྱི་བློ་ཆོས་ཅན། གོམས་རྐྱེན་ཁྱད་པར་ཅན་དང་མ་བྲལ་བར་ཡུན་རིང་དུ་གོམས་ན་གསལ་སྣང་ཁྱད་པར་ཅན་འབྱུང་སྟེ། རྟེན་བརྟན་ཅིང་གོམས་རྐྱེན་དང་ཉེར་ལེན་རིགས་མི་མཐུན་ལ་མི་ལྟོས་པར་ངེས་པའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན། ཆགས་སོགས་གོམས་པ་ལས་ཇེ་གསལ་དུ་མཐོང་བ་བཞིན་ཏེ། འདོད་འཇིགས་མྱ་ངན་གྱིས་བརླམས་དང་། །རྐུན་པོ་རྨི་སོགས་ཀྱིས་བསླད་པ། །མདུན་ན་གནས་པ་ཇི་བཞིན་དུ། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་སོགས་སོ། །མི་གསལ་བའི་འགྲོ་བ་ཁས་ལེན་པ་ནི་རྟོག་གེ་པ་མཐའ་དག་གི་གཙུག་རྒྱན་དུ་མི་འཐད་དོ། །དེ་འདྲ་ཁས་ལེན་པ་ནི་གྲངས་ཅན་པ་དང་དེ་ལས་ཀྱང་བླུན་པའི་ཕྱུགས་དང་མཚུངས་པའི་ཕྱིར་རོ། །རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་ཚར་བཅས་པ་སུ་བརྗོད་སྩོལ། །ཞེས་སོ། །གཉིས་པ་ལ། དབྱེ་བ་མདོར་བསྟན་ནི། མུ་སྟེགས་རྟག་སྨྲ་ནི་སྡེ་བཞི་སྟེ། གྲངས་ཅན་སོགས་ཀྱི་ཕྱིར་རོ། །འདི་བཞི་ཡང་དུག་གསུམ་ཆ་མཉམ་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆེ་བ་དང་རིམ་བཞིན་སྦྱར་ལ། སྐྲ་བཤད་ནི་འོག་ཏུ་སོ་སོར་འཆད་དོ། །མཚན་ཉིད་སོ་སོར་བརྗོད་པ་ལ་བཞི་ལས། གྲངས་ཅན་ལ་འདོད་པ་བརྗོད་པ་ལ་ཡང་། རྣམ་གྲངས། དབྱེ་བ། སྟོན་པ། གྲུབ་མཐའོ། །དང་པོ་ནི། ཤེས་བྱ་གྲངས་སུ་བཅད་པ་ལ་ནན་ཏན་དུ་བྱེད་པས་དང་། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་ཆ་མཉམ་པ་རང་བཞིན་དང་མི་མཉམ་པ་རྣམ་འགྱུར་དུ་འདོད་པས་དང་། དྲང་སྲོང་སེར་སྐྱའི་བུ་བརྒྱུད་ཡིན་ཞིང་དེའི་རྗེས་སུ་འགྲངས་པས་དང་། གཞུང་ལུགས་སུམ་ཅུ་པ་ཞེས་བྱ་བ་མཆོག་ཏུ་འཛིན་ཅིང་བདག་གི་རྣམ་གྲངས་སུམ་ཅུ་འདོད་པས་དང་། ད་ལྟར་གྱི་སྣང་བ་འདི་ཐམས་ཅད་གཙོ་བོས་བྱས་ཤིང་དེའི་རང་བཞིན་དུ་གནས་པར་སྨྲ་བ་རྣམས་ཀྱིས་གྲངས་ཅན་པ་སོགས་སོ། །གཞུང་ལ་ལར་གྲངས་ཅན་པ་དང་སེར་སྐྱ་བ་ཐ་དད་དུ་བྱས་པའང་སྣང་སྟེ། སློབ་དཔོན་འཕགས་པ་ལྷས། གྲངས་ཅན་སྒྲ་རྣམས་ཡོན་ཏན་མེད། །སེར་སྐྱ་པ་རྣམས་སྟོངས་པའི་ཚུལ། །ཞེས་དང་། གྲུབ་ཆེན་སྨན་ཞབས་པས། བདག་གི་རྣམ་གྲངས་སུམ་ཅུ་ལས། དུས་ལས་བྱུང་བ་དང་འདོད་རྒྱལ་དང་གནམ་གྱིས་བསྐོས་པ་དང་གྱི་ན་བཞི་ནི་གྲངས་ཅན་གྱི་འདོད་པ་ཡིན་ནོ། །རྣལ་འབྱོར་དང་ཚད་མ་དང་། དག་པ་དང་མ་དག་པ་བཞི་ནི་སེར་སྐྱའི་འདོད་པ་ཡིན་ནོ། །ཞེས་དང་། འོད་ལྡན་ལས་ཀྱང་། གང་དག་གྲངས་ཅན་དང་སེར་སྐྱ་ལ་སོགས་པའི་བསྟན་བཅོས་དེ་ཁོ་ན་ཉིད་ཡིན་པའི་བློས་འདོན་པ་དེ་དག་ལ་ནི་ཡུལ་འཁོར་གྱི་བསོད་སྙོམས་དུག་ཏུ་འགྱུར་རོ་ཞེས་བཤད་མོད། སེར་སྐྱའི་མངའ་ཞབས་སྤྱི་དང་དྲུང་སྐོར་ལྟ་བུར་མངོན་ནོ། །དབྱེ་ན། མངོན་གསལ་སྨྲ་བ་ལྷ་མེད་པ་དང་། རྣམ་འགྱུར་སྨྲ་བ་ལྷར་བཅས་ཞེས་ཀྱང་བྱ་བ་གཉིས་སོ། །དོན་ནི། འོ་མ་ཞོའི་རང་བཞིན་དུ་གནས་པ་རྐྱེན་གྱིས་མངོན་པར་གསལ་པ་རང་བཞིན་ནམ། གཙོ་བོའི་རྒྱུ་ཙམ་ལས་བྱུང་བ་ཡིན་གྱི་བློ་སྔོན་དུ་གཏོང་བའི་ལྷ་གཞན་མེད་པ་དང་། དེ་གཉིས་རང་བཞིན་གཅིག་ཀྱང་རྣམ་འགྱུར་ཐ་དད་དུ་སོང་བ་ནི་གཙོ་བོར་མ་ཟད་ལྷ་ཆེན་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་ཀྱང་བྱས་ཞེས་སྨྲ་ལ་འདིས་ནི་ཤེས་བྱ་ཚིག་གི་དོན་དྲུག་ཀྱང་འདོད་དོ། །འོན་ཀྱང་དབང་ཕྱུག་པར་ནི་མི་འགྱུར་ཏེ། གཙོ་བོ་བདེན་ཞེན་གྱིས་འདོད་པས་སོ། །སྟོན་པ་ནི། སྔོན་ཚེ་ལོ་དཔག་མེད་ཀྱི་དུས་སུ་དྲང་སྲོང་སེར་སྐྱ་ཞེས་བྱ་བས་བསྟི་གནས་སུ་བསྒོམས་པས་མུ་སྟེགས་ཀྱིས་ཐར་པ་ཐོབ་པར་རློམ་ནས་རང་གིས་མཐོང་བའི་དེ་ཉིད་གཞན་ལ་སྟོན་པར་འདོད་ནས་གྲངས་ཅན་གྱི་བསྟན་བཅོས་བྱས་ཤིང་། ཕྱིས་རྣལ་འབྱོར་དཔྱོད་པ་དབང་ཕྱུག་ལྷར་འཛིན་པའི་དྲང་སྲོང་ཆུ་ཀླུང་གིས་ཀྱང་དབང་ཕྱུག་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག་ཅུ་པ་སོགས་བྱས་པས་ན་སེར་སྐྱ་སོགས་སོ། །གྲུབ་མཐའ་མདོར་བསྟན་ནི། འཇལ་བྱེད་ཚད་མ་གསུམ་གྱིས་གཞལ་བྱའི་ཤེས་བྱ་ཉེར་ལྔ་འཇལ་བར་འདོད་དོ། །རྒྱས་བཤད་ལ། འཇལ་བྱེད་གསུམ་ལས་མངོན་སུམ་ཚད་མ་ནི་དབང་པོའི་འཇུག་པ་ལ་འདོད་དེ། དེ་ཡང་རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་ལ་ཡིད་ཀྱིས་བྱིན་གྱིས་བརླབས་ནས་སྒྲ་ལ་སོགས་པ་ལ་ཞེན་ཅིང་བལྟ་བའོ། །ཞེས་གྲངས་ཅན་སྤྱི་པ་འདོད་ལ། སྟོན་པ་ཆུ་ཀླུང་ནི། དབང་ཤེས་ཀྱིས་ཡུལ་གྱི་བྱེ་བྲག་འཛིན་པའི་སེམས་ཀྱི་འཇུག་པ་ལྔ་ལས་མཆོག་གི་འཇུག་པ་ཞེས་པ་བསླུ་མེད་ཀྱི་བྱ་བ་ཉིད་དབང་པོའི་འཇུག་པར་འདོད་དོ། །རྗེས་དཔག་གཉིས་ལས་རང་དོན་རྗེས་དཔག་ནི། འབྲེལ་བ་བདུན་གྱིས་ཡུལ་འཇལ་བ་སྟེ། ལྷས་བྱིན་དང་རྟ་ལྟ་བུ་ནོར་དང་ནོར་བདག་གི་དང་། འཇིམ་པ་དང་རྫ་བུམ་ལྟ་བུ་རང་བཞིན་དང་རྣམ་འགྱུར་གྱི་དང་། རྫ་མཁན་དང་རྫ་བུམ་ལྟ་བུ་རྒྱུ་དང་རྒྱུ་ཅན་གྱི་དང་། ས་བོན་དང་མྱུ་གུ་ལྟ་བུ་རྒྱུ་དང་འབྲས་བུའི་དང་། སྡོང་པོ་དང་ཡལ་ག་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་དང་། ངུར་པ་ཁྱོ་ཤུག་ལྟ་བུ་གྲོགས་དང་གྲོགས་ཅན་གྱི་དང་། བྱ་རོག་དང་འུག་པ་ལྟ་བུ་དགྲ་བཤེད་ཀྱི་འབྲེལ་པའོ། །གཞན་དོན་རྗེས་དཔག་ཉིད་ནི། རྣམ་ལྡན་དང་བསལ་འོངས་གཉིས་ཏེ། རང་རྒྱུད་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་། ཐལ་འགྱུར་གྱིས་གཞན་ཕྱོགས་བཀག་ནས་རང་ཕྱོགས་གཟུང་བའོ། །ཡིད་ཆེས་པའི་ལུང་ནི། དབང་སོགས་ནས་ལྔ་བཅུ་པ་ལ་སོགས་པའི་གཞུང་སྟེ། དེ་ལྟར་མངོན་རྗེས་ལུང་གསུམ་ནི་ཚད་མའོ། །གཞལ་བྱ་ལ་གཞི་འབྲས་ལམ་གསུམ་ལས། དང་པོ་ལ། མདོར་བསྟན་ནི། ལུགས་འདིའི་ཤེས་བྱ་གྲངས་ཉེར་ལྔ་ནི་བསྡུ་ན་གཙོ་བོ་དང་། བདག་ཤེས་རིག་གི་སྐྱེས་བུ་གཉིས་སུ་འདུས་ཏེ། རང་བཞིན་དང་རང་བཞིན་མིན་པ་གཉིས་སུ་འདུས་པས་སོ། །རྒྱས་བཤད་ལ། སོ་སོར་བཤད། བསྡུས་ཏེ་བསྟན་པའོ། །དང་པོ་ལ། བདག་དང་། གཙོ་བོ་བཤད་པའོ། །དང་པོ་ནི། གཙོ་བདག་གཉིས་ཀྱི་ནང་ནས་བདག་ནི་ཤེས་བྱ་ཉེར་ལྔའི་ནང་ནས་ཐ་མ་ཡིན་ཏེ། འདི་ལྟར་གཙོ་བོ་དང་ཆེན་པོ་དང་ང་རྒྱལ་དང་། སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་དེ་ཙམ་ལྔ་དང་། ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་བ་ལྔ་དང་། རྣ་བ་དང་པགས་པ་སོགས་ནང་བློའི་དབང་པོ་ལྔ་དང་། ངག་དང་ལག་པ་དང་རྐང་པ་དང་འཕོངས་དང་འདོམས་ཏེ་ཕྱི་ལས་ཀྱི་དབང་པོ་ལྔ་དང་གཉིས་ཀའི་དབང་པོ་ཡིད་དེ་དབང་པོ་བཅུ་གཅིག་དང་། ཐ་མ་བདག་ཤེས་རིག་གི་སྐྱེས་བུའོ་ཞེས་སོ། །བདག་འདིའི་ངོ་བོ་ནི། བྱེད་པོ་དང་ཟ་པོ་གཉིས་ལས་ཟ་པོ་ཡིན་ལ་འཇིག་མི་སྲིད་པས་རྟག་ཅིང་ས་སོགས་ཀྱི་ཡོན་ཏན་མིན་ལ་བྱེད་པ་པོ་ཡང་མིན་པ་དང་། བེམ་ཤེས་གཉིས་ལས་ཤེས་རིག་ཡིན་པ་དང་། གནས་རྒྱང་རིང་དུ་འཚོལ་མི་དགོས་ཀྱི་གཙོ་བོའི་གློར་གནས་ཤིང་རྟོགས་དཀའ་བས་དྲང་སྲོང་སེར་སྐྱས་ཀྱང་མི་མཐོང་བའི་ཁྱད་པར་གྱི་ཆོས་དེ་རྣམས་དང་ལྡན་པའོ། །བདག་གི་ཁྱད་ཆོས་འདི་དག་ནི་མུ་སྟེགས་ཕལ་ཆེར་འདོད་དེ། དབུ་མ་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མིན་མུ་སྟེགས་རྣམས་ཀྱིས་བཏགས། །ཞེས་སོ། །གཙོ་བོ་ལ། སྤྱིའི་ངོ་བོ་ནི། བདག་ལས་གཞན་ཉེར་བཞི་པོ་ཀུན་ལ་སྤྱི་མིང་གཙོ་བོ་ཞེས་བྱ་ཞིང་ཡོན་ཏན་དང་བེམ་པོ་དང་ཡུལ་ཡུལ་ཅན་གཉིས་ལས་ཡུལ་ཡིན་ནོ། །བསྡུ་ན་རང་བཞིན་རྒྱུའི་གཙོ་བོ་དང་རྣམ་འགྱུར་འབྲས་བུའི་གཙོ་བོ་གཉིས་སུ་འདུས་ལ། དེ་གཉིས་ཀྱི་ཐོག་མ་ནི་ཉེར་ལྔའི་དང་པོ་ཡིན་ཞིང་དུག་གསུམ་མམ་བདེ་སྡུག་བཏང་སྙོམས་སམ་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་རང་བཞིན་གསུམ་མམ་ཡོན་ཏན་གསུམ་ཆ་མཉམ་པ་བྱེད་པ་པོ་ཡིན་ལ་རྟག་པ་དང་གཅིག་པུ་དང་ཀུན་ལ་ཁྱབ་ཅིང་འོན་ཀྱང་རྒྱུ་བརྒྱད་ཀྱིས་མི་གསལ་ཏེ། ཁྱབ་ཚུལ་ནི་ཏིལ་ལ་ཏིལ་མར་བཞིན་དང་། རྒྱུ་བརྒྱད་ནི། ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། །ཆ་ཕྲའི་ཕྱིར་དང་བསྒྲིབས་ཕྱིར་དང་། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཞེས་བཤད་དོ། །རྣམ་འགྱུར་འབྲས་བུ་བསྡུས་པའི་གཙོ་བོ་ནི་ཉེར་གསུམ་སྟེ། རྒྱུའི་གཙོ་བོ་དེའི་དངོས་འབྲས་མང་ལ་བློའམ་ཆེན་པོ་སྟེ་བློ་ཞེས་ཀྱང་ཟེར། ཆེན་པོ་ཞེས་ཀྱང་ཟེར་སྐབས་ལ་ལར་ནང་གི་བྱེད་པ་ཞེས་ཀྱང་ཟེར་རོ། །དེ་ནི་མེ་ལོང་ངོས་གཉིས་པ་ལྟ་བུ་ཤེལ་ལྟར་གསལ་ཞིང་དྭངས་པ་ཡུལ་རྣམ་འགྱུར་གྱི་ཚོགས་དང་ཤེས་པ་བདག་གི་གཟུགས་བརྙན་གཉིས་ཀ་ཕྱི་ནང་ནས་འཆར་བས་གཟུགས་བརྙན་གཉིས་འདྲེས་པ་ནི་གཞལ་བྱ་མངོན་གྱུར་གྱི་མཚན་གཞི་དང་། གཟུགས་བརྙན་གཏོད་པ་པོའི་ཡུལ་ཤེས་གཉིས་ནི་ལྐོག་གྱུར་གྱི་མཚན་གཞི་སྟེ་དེ་གཉིས་ཉིད་དུ་ངེས་པ་སྟེ། མང་ལ་བློ་ཞེས་འདོགས་ཀྱང་སེམས་མེད་པའི་བེམས་པོར་འདོད་དེ། སེམས་པ་ནི་རྒྱུན་ལ་འཇིག་མི་སྲིད་པའི་བདག་གཅིག་པུ་ཡིན་གྱི་སྐྱེ་འཇིག་སྲིད་པ་རྣམས་སེམས་མེད་དུ་འདོད་དོ། །ཆེན་པོའམ་བློ་དེ་ལ་སོགས་ཏེ། ཡུལ་གདུང་སིམ་བར་མར་མྱོང་བའི་སྡུག་བདེ་བཏང་སྙོམས་གསུམ་པོ་དེ་རྡུལ་ལས་གྱུར་པ་དང་། རྣམ་འགྱུར་ལས་གྱུར་པ་དང་འབྱུང་བ་ལས་གྱུར་པའི་ང་རྒྱལ་གསུམ་ཡིན་པའི་ཕྱིར་ཏེ། རིམ་བཞིན་རྨོངས་པ་དང་འདོད་ཆགས་དང་གཡོ་བ་ཤས་ཆེ་བའི་རང་བཞིན་ཡིན་པའི་ཕྱིར། ང་རྒྱལ་དེ་གསུམ་གྱིས་དངོས་དང་བརྒྱུད་པའི་འབྲས་བུ་སྐྱེད་ཚུལ་ནི། དང་པོ་རྡུལ་ལས་གྱུར་པའི་ང་རྒྱལ་གྱིས་སྒྲ་སོགས་ཞེས་ཏེ་སླའོ། །དེ་སྐད་དུ་ཡང་དབང་ཕྱུག་ནག་པོའི་རྒྱུད་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ །བཅུ་དྲུག་པ་ནི་དེ་དག་རྣམས་ལས་ཀྱང་། །ལྔ་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་བཤད་དོ། །དེ་ལྟར་ཡུལ་ཤེས་གཉིས་ཀྱི་གཟུགས་བརྙན་བློ་ལ་ཤར་བ་ནི་ཤེས་པས་ཡུལ་ཟ་ཞིང་སྤྱོད་པའི་དོན་ཏེ། བློ་ལ་ཤར་བའི་དོན་ནི་སྐྱེས་བུས་ཤེས་པར་བྱེད་དོ། །ཞེས་སོ། །དེ་ལྟར་ཤེས་བྱ་ཐམས་ཅད་ཡུལ་ཤེས་གཉིས་སུ་བསྡུས་པའི་ཡུལ་ལས་གཞན་པ་ནི་ཤེས་པ་ཡིན་པ་ལ་བསམས་ནས། མིག་སོགས་ཡུལ་གྱིས་བསྡུས་པ་རྣམས་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པ་བཞིན་ནོ། །ཞེས་པས་བདག་སྒྲུབ་པར་བྱེད་དེ། བདག་ལ་ཆོས་ཅན་གྱི་དོན་དང་རྟགས་ཀྱི་དོན་གཉིས་ཀ་མ་ཚང་བས་སོ། །གཉིས་པ་ནི། རྒྱུ་དང་རང་བཞིན་མིང་གི་རྣམ་གྲངས་དང་འབྲས་བུ་དང་རྣམ་འགྱུར་མིང་གི་རྣམ་གྲངས་སུ་བྱས་པའི་མུ་བཞི་ལས་ཐོག་མ་ནི་གཙོ་བོ་དང་། བདུན་ནི་བློ་དང་ང་རྒྱལ་དང་དེ་ཙམ་ལྔའོ། །བཅུ་དྲུག་ནི་ལྷག་མ་རྣམས་སོ། །དེ་སྐད་དུ་ཡང་། རྩ་བ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་དང་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཉིད། །སྐྱེས་བུ་བྱ་མིན་བྱེད་པའང་མིན། །ཞེས་སོ། །བདེན་གཉིས་སུ་བསྡུ་བ་ནི། ཐོག་སོགས་ཏེ། དྲང་སྲོང་སེར་སྐྱས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །སྣང་བའི་ལམ་དུ་འགྱུར་མ་ཡིན། །སྣང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་བཤད་དེ། ཀུན་རྫོབ་རང་སྟོང་སྐྲ་བཤད་སྣང་བ་ལྟ་བུ་དང་། དོན་དམ་གཞན་སྟོང་འོད་གསལ་བདེན་གྲུབ་ཅེས་ཟེར་བ་དང་རྗེས་སུ་མཐུན་ཏེ་དེ་ཡང་སེམས་ཙམ་རྣམ་རྫུན་པའི་གཞུང་ལུགས་དང་ཤིན་ཏུ་ཉེའོ། །རྣམ་འགྱུར་འདི་དག་ལ་སིམ་གདུང་བར་མར་སྣང་བའི་རྟགས་ཀྱིས་དེ་སྐྱེད་པའི་གཙོ་བོ་རང་བཞིན་ནམ་ཡོན་ཏན་གསུམ་ལྡན་དབོག་པར་འདོད་དེ། ཇི་སྐད་དུ། རངས་དང་མགུ་དང་ཀུན་དགའ་དང་། །བདེ་ཞིང་ཞི་བའི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀུན། །དེ་དག་རྡུལ་གྱི་གཏན་ཚིགས་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེལ་བ་དང་། །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །ཅེས་སོ། །འབྲས་བུ་ཐར་པ་ནི། བདག་ཤེས་རིག་གིས་སོགས་ཏེ། གཙོ་བོ་སྐྱེངས་ཏེ་རྣམ་འགྱུར་རྣམས་རང་གི་རང་བཞིན་ངང་དུ་བསྡུས་ནས་བདག་གཅིག་པུ་ཟླ་མེད་དུ་གྱུར་པ་ཐར་པ་ཐོབ་པར་འདོད་དོ། །ཐར་ལམ་ནི། དེ་ཉིད་ཉེར་ལྔ་ལེགས་པར་ཤེས་པ་དེ་ལ་སོགས་ཏེ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོ་ཅོད་པན་སོགས། །ཆ་ལུགས་གང་གིས་གནས་གྱུར་ཀྱང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་དགག་པ་ནི། ཐར་པ་ཐོབ་པའི་ཚེ་སྐྱེད་བྱེད་གཙོ་བོ་མ་ལོག་བཞིན་དུ་སྐྱེད་འབྲས་རྣམ་འགྱུར་རྣམས་འགག་པ་མི་འཐད་དེ། རྒྱུ་སོགས་འགལ་བའི་ཕྱིར། གཙོ་བོ་ནི་གཅིག་ཏུ་བདེན་པ་མིན་པར་ཐལ། རྡུལ་མུན་སྙིང་སྟོབས་གསུམ་ཡིན་པའི་ཕྱིར། བློ་བདེ་ཆོས་ཅན། བེམ་པོ་མ་ཡིན་པར་ཐལ། མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར། བདག་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཤེས་རིག་ཡིན་པའི་ཕྱིར། ཁྱོད་ལ་བཅིངས་བཞིན་པ་ལས་གྲོལ་བའི་ཐར་པ་མི་སྲིད་པར་ཐལ། རྟག་པའི་ཕྱིར་དེ་ལྟར་ན་གྲངས་ཅན་གྱི་གྲུབ་མཐའ་ཕལ་ཆེར་ནི་དོན་ལ་མེད་བཞིན་དུ་བློས་བཏགས་པས་རྗེས་འཇུག་སླུ་བར་བྱེད་པ་ཡིན་ལ། རྣམ་འགྱུར་སྣ་ཚོགས་སུ་འདོད་པའི་ཀུན་རྫོབ་ཐམས་ཅད་རྫུན་པ་སླུ་ཆོས་སུ་འདོད་པ་ལ་སོགས་པ་འགའ་ཞིག་ནི་འཐད་པར་ཡང་རུང་ཞིང་། དངོས་པོའི་གནས་ལུགས་ལ་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་པའི་བླུན་དད་ཙམ་སྒོམ་པ་ལས་ནི་གནས་ལུགས་མཐོང་བ་ལ་ཉེ་རུ་སོང་བས་མཐའ་གཅིག་ཏུ་སྡང་སྨྲ་མི་བྱའོ། །

གཉིས་པ་དབང་ཕྱུག་པ་དགག་པ་ལ་ཡང་གཉིས་ལས། འདོད་པ་རྗོད་པ་ལ། རྣམ་གྲངས། སྟོན་པ། དབྱེ་བ། གྲུབ་མཐའ་དངོས་སོ། དང་པོ་ནི། མིང་གི་རྣམ་གྲངས་དབང་ཕྱུག་པ་ཞེས་སོགས་དྲུག་སྟེ། དང་པོ་གསུམ་ལྷ་ཆེན་གྱི་མིང་གི་མངོན་རྗོད་ཡིན་ལ་དེ་ལྷར་འཛིན་པས་དེ་དང་དེའི་མིང་ངོ་། །ཡེ་ནས་སྲིད་པ་ཞེས་པ་ནི། སྣོད་བཅུད་གདོད་མ་ནས་འདིས་བྱས་ཞེས་སྨྲ་བས་སོ། །ཐ་མ་གཉིས་ནི། མིག་བཙུམས་ནས་རྣལ་འབྱོར་སྒོམ་པ་དང་། འུག་པའི་སྒྲོ་གོས་སུ་གྱོན་པས་སོ། །སྟོན་པ་ནི། ལྷ་ཆེན་གྱིས་ཨུ་མའི་སྲུང་མ་ལ་དྲང་སྲོང་མཛེས་པ་བརྟུལ་ཞུགས་གྲུབ་པ་ཞིག་བཞག་པ་ན། དེ་ལ་ཨུ་མ་ཆགས་ནས་མདུན་དུ་འདུག་སྟེ་ཆགས་ཚུལ་དུ་མ་བསྟན་པས། དེས་མིག་རང་གི་རྐང་པ་ལ་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་དབང་ཕྱུག་མཉེས་ནས་གཞུང་ལུགས་རྩོམ་པ་པོར་དབང་བསྐུར་བ་དང་། གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་བརྟུལ་ཞུགས་སྤྱད་པས་དབང་ཕྱུག་གྲུབ་སྟེ་གཞུང་མང་དུ་བརྩམས་པས། དེ་གཉིས་ལ་མིང་དེ་ལྟར་དུ་གྲགས་པས་སོ། །བསྟན་བཅོས་ནི། དབང་ཕྱུག་ཉིད་ཀྱིས་བཤད་པའི་ཞི་བའི་རྒྱུད་དང་དབང་ཕྱུག་ནག་པོའི་རྒྱུད་དང་། གཟེགས་ཟན་གྱིས་བྱས་པའི་བསྟན་བཅོས་མང་པོ་རྣམས་ལ་འཆད་ཉན་དུ་བྱེད་དོ། །དབྱེ་བ་ནི་བཞི་སྟེ། རིགས་སོགས་སོ། །གྲུབ་མཐའ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ལ། ལྷ་དང་། ཚད་མ་དང་། གཞལ་བྱའོ། །དང་པོ་ནི། ལྷ་ཆེན་དབང་ཕྱུག་ནི་ཤེས་བྱ་ཀུན་མཁྱེན་པ། གནས་གངས་ཏེ་སེའི་རིའི་སྟེང་ན་འབྱོར་པས་བརྒྱན་པའི་སྟན་ལ་འདུག་ཅིང་། ཨུ་མ་དང་ཁྱུ་མཆོག་ལ་སོགས་པའི་འཁོར་གྱི་ཚོགས་སྟོང་གིས་བསྐོར་བ་མཚོ་མ་དྲོས་པ་ནས་འོངས་པའི་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་གནས་ཞེས། ལྷ་ལས་ཕུལ་བྱུང་གི་འགྲེལ་པར་སློབ་དཔོན་ཤེས་རབ་གོ་ཆས་བཤད་དོ། །ལྷ་ཆེན་དེའི་ཡོན་ཏན་ནི་དབང་ཕྱུག་བརྒྱད་ལྡན་ཏེ། དབུ་མ་སྤྱན་རས་གཟིགས་བརྟུལ་ཞུགས་ལས། ལག་པ་དག་དང་རྐང་པ་དག །མིག་དང་བཞིན་དང་ལུས་རྣམས་ཀྱིས། །མང་པོ་བྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །ནམ་མཁའ་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་བར་བརྗོད་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང་། །གནས་པ་དང་ནི་རྒྱུ་བ་དག །གང་དང་གང་འདོད་དེ་བྱེད་པས། །དེས་ན་བདག་པོར་གྱུར་པ་ཡིན། །བདག་ལ་རག་ལུས་རང་དབང་ཅན། །འགའ་ཡང་འཇིག་པ་ཡོད་མ་ཡིན། །ཐམས་ཅད་དབང་དུ་གྱུར་པས་ན། །དེས་ན་དབང་དུ་གྱུར་པ་ཡིན། །ཡུལ་དང་བཟའ་བ་བཅའ་བ་དང་། །གཞན་ཡང་ཡིད་ཀྱིས་གང་བསམས་པ། །ཡིད་ཀྱི་རྗེས་འགྲོ་མི་སྡོད་པས། །དེས་ན་གར་ཡང་ཕྱིན་ཞེས་བྱ། །འཇིག་རྟེན་གསུམ་ན་མཆོག་གྱུར་ཅིང་། །གནས་པ་དག་དང་རྒྱུ་བ་དང་། །འབྱུང་པོ་ཀུན་གྱིས་བརྗེད་པས་ན། །དེས་ན་མཆོད་པར་བྱ་བ་ཡིན། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་གྱུར་པས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་གྱུར་པ། །ཐམས་ཅད་འདོད་པས་ཐོབ་འགྱུར་པ། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་བཤད་པ་བཞིན་ནོ། །དེས་སྣོད་སོགས་ནི། སྣོད་བཅུད་འདི་ཆོས་ཅན། དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་ཏེ། སྡོད་ཅིང་འཇུག་པའི་ཕྱིར་དང་། སོགས་པ་དབྱིབས་དང་ལྡན་པའི་ཕྱིར་དང་། དོན་བྱེད་ནུས་པའི་ཕྱིར་ཞེས་དང་། སེར་སྣ་ཅན་ལ་ལོངས་སྤྱོད་དང་གཏོང་ཕོད་ཅན་དབུལ་པོ་དང་དགེ་བ་ཅན་སྡུག་བསྔལ་དང་སྡིག་པ་ཅན་བདེ་བ་དང་ལྡན་པ་རྒྱུ་མཐུན་གྱི་འབྲས་བུ་འཆོལ་པས་གྲུབ་སྟེ། ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་བོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཞེས་སོགས་བཤད་དོ། །གཞུང་གཞན་ནས་ནི་དབང་ཕྱུག་དེ་ཉིད་གཟུགས་ཅན་མིན་པ་དང་རྣམ་པ་གསུམ་གྱི་སྲིད་པ་ཁྱབ་པའི་གནས་ན་གནས་པ་དང་མདུད་པ་སོགས་ཚན་པ་གསུམ་ནི་ཁྱིམ་བཅུ་གཉིས་དང་། ཡུལ་གཟུགས་ལ་འཇུག་པའི་ལམ་མིག་ཅེས་སོགས་ཡིད་ཀྱི་བར་དྲུག་དང་། ས་སོགས་འབྱུང་བའི་དེ་ཉིད་ལྔ་དང་། གཞན་ཡང་སྔགས་དང་། འདོད་པ་དང་། བདག་དང་། ཞི་བའི་དེ་ཉིད་དེ་བཞི་དང་ཐིག་ལེ་ཞི་བ་ཆོས་སུ་སྨྲ་བར་གསུངས་ལ། དབང་ཕྱུག་སྒྲ་བསྒྲགས་ཀྱི་རྒྱུད་ལས། དབང་ཕྱུག་ནུས་མ་མཉམ་སྦྱོར་བས། །རྨད་དུ་བྱུང་བའི་བདེ་བ་སྐྱེ། །ནུས་ཅན་ཚུལ་གྱིས་བསྒོམས་པ་ཡིས། །ཡང་དག་ཏུ་ན་དངོས་པོ་མེད། །ནུས་ཅན་མ་ཡིན་སྟོང་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་རྣམ་འཇོམས་པའོ། །ཞེས་དང་། དབང་ཕྱུག་འཁྲིག་པ་གྲུབ་པ་ལས། །དབུ་མའི་ཡེ་ཤེས་སྐྱེ་བར་འདོད། །བུམ་པ་ཅན་གྱི་རླུང་གིས་ནི། །བསྐལ་བའི་བར་དུ་འཆི་མེད་སྒྲུབ། །ཅེས་པ་ལྟར་འཁྲིག་པ་ཆོས་སུ་སྨྲ་ཞིང་། རླུང་གི་རྣལ་འབྱོར་མང་པོ་ཡང་བཤད་དོ། །ཡང་གཞུང་གཞན་ནས། ལྷ་ཆེན་འདི་རི་རབ་ཀྱི་བྱང་ཤར་ཐོད་པ་དགུ་བརྩེགས་ཀྱི་ཕོ་བྲང་ན། ཁྱབ་འཇུག་དང་དགའ་བྱེད་དབང་ཕྱུག་ལ་སོགས་པ་ཕོ་དང་། དབུ་མ་དང་དྲུག་ལྡན་མ་ལ་སོགས་པ་མིའི་འཁོར་ཉི་ཤུ་རྩ་རེ་རེ་དང་། གཞན་ཡང་གནོད་སྦྱིན་དང་རིམས་ཀྱི་བདག་མོ་ལ་སོགས་པ་དུ་མས་བསྐོར་ནས་གནས་པ་དང་། ཁྱབ་འཇུག་གིས་སེར་སྐྱར་སྤྲུལ་ནས་རྒྱལ་པོ་དྲུག་ཅན་གྱི་བུ་དྲུག་ཁྲི་བསད་ནས་དམྱལ་བར་ཤོར། དེ་དག་གི་ཚ་བོ་བྷ་གཱི་ར་ཐ་ཞེས་བྱ་བས་ཚངས་པ་བསྒྲུབས་ནས། ལྷའི་ཆུ་བོ་གངྒཱ་མི་ཡུལ་དུ་ཕབ་པ། ལྷ་ཆེན་འདིའི་རལ་པ་བཀྲམ་པས་ལོ་སྟོང་གི་བར་དུ་བགོར། དེས་དབང་ཕྱུག་ཉིད་ལ་གསོལ་བ་བཏབ་སྟེ་རལ་པ་བཙིར་བའི་ཐིགས་པ་གཅིག་ཏེ་སེའི་སྟེང་དུ་བབས་པ་མཚོར་གྱུར་པ་ལས་གངྒཱ་སོགས་ཆུ་ཀླུང་བདུན་བྱུང་། གངྒཱ་ལྷ་ཆེན་གྱི་བསྟི་གནས་ཤིག་ཏུ་བབས་པ་ན་ལྷ་ཆེན་ཁྲོས་ཏེ་འཐུངས། ཡང་གསོལ་བ་བཏབ་པས་སླར་སྐྱུགས་པས་འོག་ཏུ་སོང་བས་དུག་ཅན་གྱི་བུ་རྣམས་ཀྱི་སྡིག་པ་བཀྲུས་ནས་ཚེ་འཕོས་ནས་མཐོ་རིས་སུ་སྐྱེས་པ་སོགས་ཀྱི་རྣམ་ཐར་ཡོད་པས། ལྷ་འདི་ནི་ལུས་དང་རྫུ་འཕྲུལ་ཤིན་ཏུ་ཆེའོ་ཞེས་སྨྲའོ། །འདིས་འཇིག་རྟེན་སྤྲུལ་ཚུལ་ནི། འཇིག་རྟེན་འདི་ཞིག་ནས་ནམ་མཁའ་སྟོངས་པར་གྱུར་པའི་ཚེ། འདིས་སྣོད་བཅུད་བྱེད་འདོད་ཀྱི་བློ་སྐྱེས་པ་ན། བར་སྣང་གི་རྡུལ་ཕྲན་རྟག་པ་སྣང་མི་རུང་དུ་གནས་པ་རྣམས་ཕན་ཚུན་ཕྲད་དེ་སེ་གོལ་གཏོགས་པའི་བར་ལ་འབྱུང་བཞིའི་དཀྱིལ་འཁོར་གྲུབ་ཅིང་། མེའི་དཀྱིལ་འཁོར་གྱི་དབུས་སུ་གསེར་གྱི་སྒོ་ང་ཞིག་བྱུང་བ་བརྟོལ་བའི་ནང་ནས་ཚངས་པ་གདོང་བཞི་པ་པདྨའི་མངལ་ན་གནས་པ་ཞིག་བྱུང་བ་དེས་འཇིག་རྟེན་ཐམས་ཅད་བྱས་པས་ན་དབང་ཕྱུག་གིས་བྱས་ཟེར་རོ། །ཚད་མ་ནི་བཞི་ལས་མངོན་སུམ་ནི། རིག་པ་ཅན་པ་རྣམ་མེད་ཀྱི་སྒོ་ནས་ཁྱད་པར་ཡོན་ཏན་འཛིན་པའི་རྟོག་པར་འདོད་ལ། དེ་ཚད་མ་དང་དེས་དྲངས་པའི་ཁྱད་པར་ཅན་རྫས་འཛིན་པའི་བློ་ནི་འབྲས་བུར་འདོད་དོ། །བྱེ་བྲག་པ་ནི། མངོན་སུམ་ཤེས་པ་མ་ཡིན་གྱི་དབང་དོན་ཕྲད་པའི་འབྲེལ་པ་ཙམ་དུ་ཟད་ལ། དེ་ཚད་མ་དང་དེ་ལས་དོན་ངེས་པ་འབྲས་བུར་འདོད་དོ། །རྗེས་དཔག་གི་རང་དོན་ལ་ཡང་། རིག་པ་ཅན་པ། སྤྲིན་འདུས་པ་ལས་ཆར་འབབ་པ་དང་། མདར་ཆུ་བྲུབ་པ་ལས་ཕུར་ཆར་བབ་པར་དང་། དུ་བ་ལས་མེ་ཡོད་པར་དབོག་པ་གསུམ་སྔ་མ་ཅན་དང་ལྷག་མ་ཅན་དང་སྤྱིར་མཐོང་བའི་རྗེས་དཔག་ཅེས་ཟེར་ལ། བྱེ་བྲག་པ་ནི། རིག་བྱེད་རྒྱས་པ་འདོན་པ་ལས་རྒྱང་རིང་པོ་ཤེས་པར་དང་། ཟླ་བ་ཤར་བ་ལས་རྒྱ་མཚོ་འཕེལ་བར་དང་། སྟོན་ཀའི་ཆུ་དྭངས་པ་ལས་སྐར་མ་རི་བྱི་མོ་འཆར་བར་དབོག་པ་ལྟ་བུ་རྣམས་རྟགས་ཡང་དག་དང་། ཁྱབ་འབྲེལ་མེད་པ་དང་། ཆོས་རྟགས་ཐ་མི་དད་པ་དང་། ཁྱབ་འབྲེལ་ཐེ་ཚོམ་ཟ་བ་གསུམ་ལྟར་སྣང་སྟེ། མ་གྲུབ་པ་དང་མེད་པ་དང་ཐེ་ཚོམ་ཅན་ཞེས་སྨྲའོ། །གཞན་དོན་རྗེས་དཔག་ནི། སྒྲུབ་ངག་ཡན་ལག་ལྔ་ལྡན་ནོ། །ཉེར་འཇལ་ནི། བ་ལང་ཅི་འདྲ་ཞེས་འདྲི་ན་བ་མེན་འདྲའོ་ཞེས་པས་བ་ལང་རྟོགས་པ་ལྟ་བུའོ། །སྒྲ་བྱུང་ཚད་མ་ནི། དབང་ཕྱུག་ནི་ཐམས་ཅད་མཁྱེན་ཏེ། ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར། དཔེར་ན་རྫ་མཁན་གྱིས་རྫ་ལ་དགོས་པ་ཐམས་ཅད་ཤེས་པ་བཞིན་ནོ་ཞེས་བསྒྲུབས་ནས། དབང་ཕྱུག་གི་ལུང་ཐམས་ཅད་དེར་འདོད་དོ། །གཞལ་བྱ་ནི། ཚད་མ་དེ་བཞིས། རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་བྱེ་བྲག་དང་། འདུ་སོགས་སོ། །དེ་ལྟར་ཤེས་བྱ་ཚིག་གི་དོན་དྲུག་སྟེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་དྲུག་ཡིན་ནོ། །ཞེས་སོ། །དྲུག་ག་བདེན་གྲུབ་ཏུ་འདོད་དེ། ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པར། རྫས་ལ་སོགས་པའི་དོན་དྲུག་ནི། །དམ་པའི་དོན་དུ་ཡོད་པའི་ཕྱིར། །ཞེས་སོ། དེ་ལྟར་དྲུག་ལས་རྫས་ནི་དགུ་སྟེ། འབྱུང་བ་བཞི་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་རྣམས་སོ། །དེ་དག་རྟག་མི་རྟག་ཏུ་བསྡུ་ན། འབྱུང་སོགས་ཚད་དུ་གྲགས་པ་འཇིག་རྟེན་སྟོངས་པའི་ཚེ་སྣང་མི་རུང་དུ་གནས་པ་དེ་དང་སོགས་རྫས་ཡིན་ལ་འབྱུང་བཞིའི་རྡུལ་གྱིས་བརྩམས་པའི་རགས་པ་ནི་མི་རྟག་པའི་རྫས་སོ། །དྲུག་པོ་ཀུན་ཀྱང་རྫས་ཡོད་བདེན་གྲུབ་ཏུ་བཤད་ཟིན་ཏོ། །ནམ་མཁའ་ནི་སྒྲའི་ཡོན་ཏན་རྟག་རྫས་ཐམས་ཅད་དུ་ཁྱབ་པའོ། །དུས་ནི། འབྱུང་བ་རྣམས་ཀྱང་དུས་ཀྱིས་འབྱིན། །སྐྱེ་རྒུ་རྣམས་སྡུད་དུས་ཀྱིས་བྱེད། །དུས་ཀྱིས་གཉིད་ལོག་སད་བྱེད་ཕྱིར། །དུས་ནི་ཤིན་ཏུ་འདའ་བར་དཀའ། །ཞེས་སོགས་དུས་ཅན་གྱི་དངོས་པོ་རྣམས་ལས་རྫས་ཐ་དད་པ་བྱ་བ་ཀུན་གྱི་བྱེད་པ་པོའོ། །ཕྱོགས་ཀྱང་ཤར་སོགས་ཏེ་དེ་བཞིན་ནོ། །བདག་ནི་ལུས་དང་དབང་པོ་དང་བློ་སོགས་ལས་རྫས་ཐ་དད་དང་ཐམས་ཅད་ལ་ཁྱབ་ཀྱང་གསོན་ལུས་ཁོ་ན་ལ་གནས་པའོ། །ཡིད་ནི་བློ་རྟོག་བཅས་རྟག་དངོས་སོ། །དེས་ན་བདག་སོགས་སོ། །ཡོན་ཏན་ནི་ཉི་ཤུ་ལྔ་སྟེ། དེ་ཡང་བདག་གི་ཡིད་ཀྱི་ཡོན་ཏན་བཅུ་གསུམ་སྟེ། དབང་ཤེས་ལྔའི་བློ་ལྔ་དང་བདེ་སྡུག་དང་ཆགས་སྡང་དང་ཆོས་ཆོས་མིན་དང་འདུས་བྱས་པ་དང་འབད་པའི་ཤུགས་རྣམས་སོ། །དུས་ཕྱོགས་ཀྱི་ཡོན་ཏན་བདུན་ཏེ། གྲངས་དང་བོངས་ཚོད་སོ་སོ་བ་དང་ཕྲད་པ་དང་བྱེ་བ་དང་གཞན་དང་གཞན་མ་ཡིན་པ་རྣམས་སོ། །འབྱུང་བཞི་དང་ནམ་མཁའི་ཡོན་ཏན་ལྔ་སྟེ་དྲི་རོ་གཟུགས་རེག་སྒྲ་རྣམས་སོ། །ལས་ནི་འདེགས་སོགས་ལྔ། སྤྱི་ནི་ངོ་བོ་ཆ་མེད་རྟག་རྫས་ཡོད་པ་ཉིད་དང་བ་གླང་ཉིད་ལྟ་བུ་ཁྱབ་དང་ཉི་ཚེ་བ་གཉིས་ཀའང་ཁ་སོགས་སོ། གསལ་བ་ཡོད་སར་འགྲོ་བ་དཔེ་ཐར་རའི་ལུགས་དང་། གསལ་བ་ཡོད་མེད་ཀུན་ཏུ་རྗེས་སུ་འགྲོ་བ་དཔེ་ལུག་ཀའི་ལུགས་ཐ་དད་འདོད་དོ། །བྱེ་བྲག་ནི་དཀར་པོ་དང་ནག་པོ་སོགས་སོ། །འདུ་བ་ནི། སྤྱི་དང་གསལ་བ་རྫས་དང་ཡོན་ཏན་རྟེན་དང་བརྟེན་པ། ཁྱད་པར་དང་ཁྱད་པར་ཅན་རྣམས་སྦྲེལ་བྱེད་ཀྱི་འབྲེལ་པ་འབྲེལ་པོ་ལས་དོན་གཞན་ཏེ། དེ་ཡང་འབྱོར་པའི། ལྡན་པའི། འཕྲོད་འདུའི། འདུ་བའི་ལྡན་པའི། ལྡན་པའི་འཕྲོད་འདུའི་འབྲེལ་བ་སྟེ། འཁྲུལ་མེད་ཀྱི་འབྲེལ་པ་ལྔ་ཞེས་འདོད་དོ། །དེ་ཡང་དང་པོ་གསུམ་མིག་དང་ཕྱི་མ་གཉིས་རྣ་བ་ལ་སྦྱོར་ཏེ། མིག་གཞིར་བྱས་ནས་བུམ་པ་དང་། དེའི་ཡོན་ཏན་དང་ཡོན་ཏན་གྱི་སྤྱི་རྣམས་དང་། རྣ་བ་གཞིར་བྱས་ནས། སྒྲ་དང་། དེའི་སྤྱི་དང་སྦྲེལ་ལོ། །ལམ་ནི། འཇིག་ལྟ་ཡུལ་ལ་མ་འཁྲུལ་བར་མཐོང་ནས་དེའི་འཛིན་སྟངས་ལ་གསལ་སྣང་འདོན་པའི་བདག་སྒོམ་པ་དང་དབང་ཕྱུག་གི་རྒྱུད་ནས་བཤད་པའི་དབང་བསྐུར་བྱས་པས་གྲོལ་བར་འདོད་པས་དེ་དག་ཐར་ལམ་ཡིན་པར་འདོད་དོ། །འབྲས་བུ་ནི། བཤད་མ་ཐག་པའི་ཚིག་གི་དོན་དྲུག་སོགས་དང་། བཅུ་དྲུག་ནི། རྐང་མིག་གིས་བཤད་པའི་ཚད་མ་དང་གཞལ་བྱ་དང་ཐེ་ཚོམ་དང་དགོས་པ་དང་དཔེ་དང་གྲུབ་མཐའ་དང་ཡན་ལག་དང་རྟོག་གེ་དང་གཏན་ལ་དབབ་པ་དང་རྩོད་པ་དང་རྗོད་པ་དང་སུན་དཔྱིས་ཕྱིན་དུ་རྒོལ་བ་དང་རྟགས་ལྟར་སྣང་དང་། ཚིག་དོར་དང་། ལྟག་ཆོད་དང་། ཚར་བཅད་ཀྱི་གནས་རྣམས་ཏེ། ཞིབ་མོ་རྣམ་འཐག་གི་ཕྱོགས་སྔར་བཀོད་དོ། །ཐ་མ་གཉིས་ཀྱི་དང་པོ་ཚད་མ་མདོ་དང་རིག་སྒོར་འབྱུང་བ་དང་ཕྱི་མ་རྩོད་རིག་ཏུ་འབྱུང་བ་རིག་གཏེར་དུ་བཀོད་དོ། །ཐར་པ་ཐ་དད་དུ་འདོད་པ་དེ་བཞིན་དུ་མངོན་སུམ་ཡང་བེམས་པོར་དང་། རྟོག་པར་འདོད་དེ་བཤད་ཟིན། འཇིག་རྟེན་དབང་ཕྱུག་གིས་བྱེད་ཚུལ་ཡང་བྱེ་བྲག་པ་སྔར་བཤད་པ་བཞིན་བསྡུ་ན་བརྒྱུད་ནས་སྐྱེད་པ་དང་རིག་པ་ཅན་པ་དབང་ཕྱུག་ཉིད་ཀྱིས་སྐྱེད་པར་འདོད་དོ། །དེ་དག་དགག་པ་ནི། དབང་ཕྱུག་ཆོས་ཅན། རང་འབྲས་རྟག་ཏུ་སྐྱེད་པའམ་ཡང་ན་ནམ་ཡང་སྐྱེད་པར་མི་འགྱུར་ཏེ། རང་འབྲས་སྐྱེད་པ་རྐྱེན་ལ་མི་བལྟོས་པའི་ཕྱིར་ཏེ། རྟག་པས་སོ། །སྐྱོན་མེད་དེ། འདི་ནི་བསྐྱེད་པར་བྱ་ལ་འདི་ནི་མི་བྱའོ་ཞེས་འདོད་པ་ལ་བལྟོས་པས་སོ་ཞེ་ན། རང་འབྲས་རང་དབང་དུ་སྐྱེད་པའི་ནུས་པ་མེད་པར་འགྱུར་ཏེ། འདོད་པ་ལ་བལྟོས་པས་སོ། །མི་རྟག་པ་ཉིད་དུ་འགྱུར་ཏེ། འདོད་པས་བསྒྱུར་ནུས་པའི་ཕྱིར་རོ། །གཞན་ཡང་རིག་པའི་གནོད་པ་མང་སྟེ། ཆ་མེད་ཀྱི་རྟག་རྫས་ཡིན་པ་དང་ཀུན་ལ་ཁྱབ་པ་ཡིན་པ་འགལ་བ་དང་། སོགས་པ་བདག་བེམས་པོ་ཡིན་ན་ཤིང་དང་འདྲ་བར་འགྱུར་བ་དང་། བདེ་སྡུག་བེམས་པོ་ཡིན་ན་གོམས་པས་གསལ་དུ་འགྲོ་བ་མི་འཐད་པར་ཐལ་བ་དང་། དུས་ཕྱོགས་དུས་ཅན་སོགས་ལས་རྫས་ཐ་དད་དུ་སྣང་རུང་མ་དམིགས་པ་དང་། དབང་ཕྱུག་འདོད་ཆགས་ཀྱིས་གདུངས་པས་སྐྱོན་ཅན་དུ་རང་གཞུང་ལས་མང་དུ་བཤད་པ། ཁྱད་པར་འཕགས་བསྟོད་དང་། ལྷ་ལས་ཕུལ་བྱུང་ན་གསལ་བ་སོགས་རྒྱས་པར་སྤྲོ་བར་བྱའོ། །གསུམ་པ་ཁྱབ་འཇུག་པ་དགག་པ་ལ། དང་པོ་འདོད་པ་བརྗོད་པ་ལ། སྤྱིར་བརྗོད་དང་། སོ་སོར་བརྗོད་པའོ། །དང་པོ་ལ། རྣམ་གྲངས། སྟོན་པ། དབྱེ་བ། གྲུབ་མཐའོ། །དང་པོ་ནི། ས་གསུམ་ལ་ཁྱབ་པར་འཇུག་པས་ཁྱབ་འཇུག་དང་། ནོར་ལྷ་སྲེད་མེད་ཀྱི་བུ་ཡིན་པས་ནཱ་ར་ཡ་ཎ་ཞེས་པ་སྲེད་མེད་ཀྱི་བུ་སྟེ། དེས་ལྷ་མིན་གྱི་གྲོང་བཅོམ་པས་གྲོང་འཇོམས་ཏེ་དེ་ལྟར་འཛིན་པས་ཁྱབ་འཇུག་པ་ཞེས་སོགས་སོ། །སྟོན་པ་ནི། གཅེར་པུ་པའི་སྟོན་པ་རྒྱལ་བ་ལས་བོགས་ཐོན་པས་རྒྱལ་དཔོགས་དང་སྟོན་པ་གཞོན་ནུ་མ་ལེན་སོགས་ཀྱི་རྗེས་སུ་འབྲང་ངོ་། །བསྟན་བཅོས་ནི། རྟོགས་པ་ལ་ཕན་པའི་ཡལ་ག་ལོ་འདབ་དང་ལྡན་པ་ལ་སོགས་པ་རིག་བྱེད་ཀྱི་གསང་ཚིག་རྣམས་འཆད་ཅིང་ཉན་ནོ། །དབྱེ་བ་ཚངས་སོགས་ལྔ་ལས་དཔྱོད་པ་བ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མི་འདོད་པས་དེ་ལས་གཞན་སོགས་སོ། །གྲུབ་མཐའ་ནི། ཀུན་ཀྱང་ཁྱབ་འཇུག་ལྷར་འཛིན་ཅིང་། དེའི་ཁྱད་ཆོས་ནི། ལྷ་ཆེན་ཁྱབ་འཇུག་ཅེས་བྱ་བ་ལྷའི་དྲང་སྲོང་ཆེན་པོ་ནོར་ལྷ་སྲེད་མེད་ཅེས་བྱ་བ་དང་ལྷ་མོ་གཏུམ་མོའི་བུ་ཡིན་ཅིང་། རྒྱ་མཚོའི་ནང་ན་སྒོ་ལྡན་ཞེས་བྱ་བའི་གྲོང་ན་རང་གི་ཆུང་མ་དཔལ་མོ་ལ་སོགས་པ་བུད་མེད་ཁྲི་དྲུག་སྟོང་ལ་སོགས་པ་མང་པོས་བསྐོར་ཏེ་གནས་པ། ཉེ་དབང་དང་གོས་སེར་ཅན་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མ་དང་ལྡན་པ་མངོན་པའི་ང་རྒྱལ་དང་ལྡན་པས་དངོས་སོགས་ཡིན་པར་ཁས་ལེན་ཏེ། དེས། ཉི་མའི་ནང་ན་ང་ཁྱབ་འཇུག །སྐར་ནང་འོད་ལྡན་ཟླ་བ་སྟེ། །རླུང་ནང་ང་ནི་འོད་ཟེར་ཅན། །སྣང་བའི་ནང་ན་ཉི་མ་ཡིན། །རིག་བྱེད་ནང་ན་སྙན་ཚིག་དང་། །ལྷ་ནང་ང་ནི་བརྒྱ་བྱིན་ཡིན། །ཞེས་པ་ནས། རི་ཡི་ནང་ན་རི་རབ་དང་། །ང་ནི་ཡི་གེའི་ནང་ན་ཨ། །ཞེས་སྨྲས་པའི་ཕྱིར་རོ། །དེ་བྲམ་ཟེ་སོགས་ཏེ། ང་ནི་བྲམ་ཟེའི་ལུས་གནས་ནས། །ཟ་བར་བྱེད་ཅིང་སྦྱིན་པར་བྱེད། །ང་ནི་སྦྱིན་བྱེད་ཟ་བ་པོ། །ང་ནི་ཟས་དང་སྐྱེ་དགུའི་བདག །ཅེས་ཀྱང་སྨྲས་པས་སོ། །དབྱེ་བ་ལྷ་ཚོགས་ཏེ། ཆོས་སྐུ་དང་གཟུངས་སྐུའི་རྣམ་པའོ། །དང་པོ་སོགས་ཏེ། གང་གི་ཁྱབ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་པས་བདེ་ཐོབ་འགྱུར། །ཞེས་དང་། སྐལ་ལྡན་ནོར་ལྷ་འདི་ནི་ཐམས་ཅད་མཁྱེན་ཅིང་གཟིགས། །འགྲོ་བ་ཐམས་ཅད་ལྷར་འདྲེན་ཐར་པ་སྦྱིན་པར་བྱེད། །ནོར་ལྷ་སྟོབས་བཟང་འཆི་མེད་ལ་སོགས་ངོ་བོར་གནས། །སྐྱེ་དགུ་ཐར་པར་བཀོད་ནས་འཁོར་པ་སྟོངས་པར་བྱེད། །ཅེས་བཤད་དེ། འདིས་ཀྱང་འཁོར་བ་ཟད་མཐའ་ཅན་དུ་འདོད་དོ། །གཉིས་པ་མ་ཞི་བས་ཁྱབ་སོགས་ཏེ། ཉ་སོགས་བཅུ་རུ་སྤྲུལ་པ་ཡིས་རིམ་པ་བཞིན་དུ། སྔོན་དུས་ཀྱི་དབང་གིས་རིག་བྱེད་བཞི་རྒྱ་མཚོའི་ནང་དུ་ནུབ་པ་སྟོན་པ་དང་། རུས་སྦལ་གྱི་གཟུགས་ཀྱིས་འཇིག་རྟེན་བཏེག་ནས་རྒྱུན་དུ་གནས་པ་དང་། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མན་ཆད་མནན་པ་དང་། མིའི་སེང་གེའི་གཟུགས་ཀྱིས་ལྷ་མིན་གྱི་དབང་པོ་འགྲོ་བ་སྐྱོང་གསེར་ཅན་བསད་པ་དང་མིའུ་ཐུང་དུ་སྤྲུལ་ནས་ལྷ་མིན་སྟོབས་ལྡན་གོམ་པ་གསུམ་གྱིས་བླང་ཞེས་བསླུས་པ་དང་། ཛ་མཱ་ད་ཨགྣིའི་བུ་དགའ་བྱེད་དུ་སྤྲུལ་ནས་རྒྱལ་བུ་སྲིད་སྒྲུབ་ལ་སོགས་པ་བསད་ནས་རྒྱལ་རིགས་མེད་པར་བྱས་པ་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎར་སྤྲུལ་ནས་རང་གི་ཆུང་མ་སྲིན་པོ་ལང་ཀ་མགྲིན་བཅུས་ཕྲོགས་པས། སྤྲེའུ་ཧ་ནུ་མནྡྷ་ལ་གྲོགས་བཅོལ་ཏེ་སྲིན་པོ་བཏུལ་བ་དང་། ནག་པས་རྩོད་པའི་དུས་སུ་སེམས་ཅན་གྱི་དོན་བྱས་པ་དང་། སངས་རྒྱས་ཤཱཀ་ཐུབ་ཏུ་སྤྲུལ་ནས་སྔོན་རྒྱལ་རིག་བསད་པའི་སྡིག་པ་སྦྱངས་པ་དང་། རིགས་ལྡན་བྲམ་ཟེའི་བུ་ཀར་ཀི་རྩེ་ཞེས་བྱ་བ་མ་འོངས་པ་ན་འབྱུང་བས་སེམས་ཅན་མང་པོ་བཏུལ་བའི་མཐར་དུས་ལོག་པ་རྟོགས་པར་འགྱུར་བའོ། །དེ་ཡང་དང་པོ་གསུམ་ལ་སྒྲོ་གདགས་གཞི་འཐད་ལྡན་མེད་ཀྱང་གཏམ་རྒྱུད་རྙིང་པ་རྫུན་མ་ལ་བརྟེན་པ་དང་། གཞན་རྣམས་ངོ་མཚར་ཆེ་ཆེ་རྣམས་ཁྱབ་འཇུག་གིས་སྤྲུལ་བར་སྒྲོ་འདོགས་པའོ། །རྒྱུ་མཚན་དེ་ལྟར་ནས་བྱས་ཤིང་རྟག་སོགས་བསྟན་ཏེ། ཇི་སྐད་དུ། ལུས་ནི་རྙིང་པོ་སྤངས་ནས་སུ། །ལུས་གཞན་གསར་པ་ལེན་བྱེད་པའི། །བདག་ནི་མཚོན་གྱིས་མི་ཆོད་ཅིང་། །མེས་ཀྱང་མི་འཚིག་ཆུས་མི་འདྲུལ། །ཞེས་དང་། སེམས་རྟག་དངོས་ལ་བདག་དམ་པ་ནོར་ལྷའི་བུ་ཞེས་སྒྲོ་བཏགས་པའི་ཕྱིར་དང་། འཐབ་དཀའ་རླག་པར་བྱེད་པའི་དུས་སུ། གང་གིས་མི་ནི་བསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དང་། །དེ་དག་གཉིས་ཀ་མི་དམིགས་ཏེ། །བསད་དང་གསོད་པོ་ཡོད་མ་ཡིན། །ཞེས་སོགས་ཆད་ལྟ་སྨྲས་པའི་ཕྱིར་རོ། །སོ་སོར་བརྗོད་པ་ལ་ལྔ་ལས་ཚངས་པ་བ་ནི། ལྷ་ཆེན་ཚངས་པ་དེ་སྐྱེ་གནས་གསུམ་པར་སྨྲ་སྟེ། སྔར་བཤད་པ་ལྟར་དབང་ཕྱུག་གིས་བློས་སྤྲུལ་པའི་སྒོ་ང་དང་། ཡང་ན་ཁྱབ་འཇུག་གི་ལྟ་བའི་པདྨ་དང་། ཡང་ན་དེས་དང་པོར་ཆུའི་དཀྱིལ་འཁོར་སྤྲུལ་ཞིང་དེར་ས་བོན་བཅུག་པ་གསེར་གྱི་སྒོ་ངར་གྱུར་པ་ལས་སྐྱེད་པར་འདོད་པས་སོ། །དེ་མིང་བདུན་དང་ལྡན་པ་ཡིན་ཏེ། བསྐལ་པ་བདུན་ལ་རིམ་པ་བཞིན་དུ། རང་བྱུང་། ཚངས་པ། སྐྱེ་དགུའི་བདག་པོ། པདྨའི་སྐྱེ་གནས་ཅན། གདོང་བཞི་པ། མེས་པོ། པདྨའི་སྙིང་པོ་ཅན་རྣམས་སོ། །དེས་འཇིག་རྟེན་གྱི་མ་བརྒྱད་བསྐྱེད་དེ། ཉི་མའི། སྦྱིན་བྱེད་མའི། མའི། ཀླུའི། མཁའ་ལྡིང་གི་མ་སོགས་སོ། །དེ་བརྒྱད་ལས་རིམ་པ་བཞིན་དུ་ལྷ་དང་ལྷ་མིན་མི་ལ་སོགས་པ་རང་རང་ངོ་། །དེའི་ལུས་ཀྱི་ཆ་ཤས་སྙིང་དང་ཁ། དཔུང་པ། བརླ། རྐང་མཐིལ་བཞི་ལས་མཆོད་སྦྱིན་སོགས་རིག་བྱེད་བཞི་དང་། བྲམ་ཟེ། རྒྱལ་རིགས། རྗེ་རིགས། དམངས་རིགས། མི་རིགས་བཞི་བྱུང་བ་དེ་འདྲའི་ལྷ་ཆེན་དེ། སྤུ་དཀར་པོ་ཤ་སྟག་ཡོད་པའི་རྟ་གཙང་མའི་མཆོད་སོགས་སོ། །ཡང་ལུགས་གཞན་ལས། ཚངས་པའི་ཁ་ལས་སྐྱེ་དགུའི་བདག་པོ་གསལ་བ་ཞེས་བྱ་བ་སྐྱེས། དེས་མཆོད་སྦྱིན་ཞིག་བྱེད་པ་ན་ཚངས་པ་སྤྱན་འདྲེན་པ་ལ་རང་གི་བུ་མོ་བཏང་བས་ཚངས་པ་ཆགས་ཏེ་ཁུ་བ་བྱུང་བ་བླུགས་གཟར་གྱིས་བླངས་ཏེ་མེར་བླུགས་ནས་དྲང་སྲོང་ངན་སྤོང་དང་ཨཾ་གི་ར་སྐྱེས་སོ། །ལྷག་མ་དུར་བའི་ནང་དུ་ལུས་པ་ལས་དྲང་སྲོང་ཨ་ཏི་བྱུང་ཞིང་། དེས་སྙན་ངག་གི་རི་དང་སྲིད་སྲུང་གི་རི་ལ་རིག་བྱེད་རེ་རེ་བྱས་པ་ནི་སྙན་ཚིག་དང་སྲིད་སྲུང་། མཆོད་སྦྱིན་དང་ངེས་བརྗོད་གཉིས་དྲང་སྲོང་གཞན་གཉིས་ཀྱིས་བྱས་ཏེ་ཚངས་པའི་བུས་བྱས་པ་ལ་ཚངས་པས་བྱས་ཞེས་ཀྱང་འབྱུང་། ཡང་དེ་དག་གིས་ཁ་ཏོན་དུ་བཏོན་པ་ཙམ་ཡིན་གྱིས་མི་དྲན་པ་སོགས་ཀྱི་གཏན་ཚིགས་ལས་རིག་བྱེད་སྐྱེས་བུས་མ་བྱས་པར་འདོད་པ་ཡང་ཡོད་དེ། གང་ལྟར་ཡང་རིག་བྱེད་རྣམས་ནི་སྒྲ་དོན་སོ་སོར་ངེས་པས་སྒྲ་ངེས་སྦྱོར་དང་བཅས། བརྗོད་བྱ་ལ་ཚད་མ་སྐྱེད་པས་ཤེས་གསལ་དང་བཅས། ཨཱ་ལི་ཀཱ་ལིས་བརྒྱན་པས་ཡི་གེ་རྣམ་དབྱེ་དང་བཅས། གཞན་ཡང་། རིག་བྱེད་ལས་ནི་གང་མི་འབྱུང་། །རིག་བྱེད་ལས་ནི་གང་མ་སྨྲས། །ཐམས་ཅད་མེད་པར་ཤེས་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་སོགས་བསྔགས་པ་བརྗོད་པར་བྱའོ། །གཉིས་པ་དཔྱོད་པ་པའམ་རྒྱལ་དཔོགས་པ་རྣམས་ནི། གྲངས་ཅན་ལྟར་བློ་བདག་འགལ་བར་མི་འདོད་ཀྱི་བློ་བདག་གཅིག་དང་། དབང་ཕྱུག་པ་ལྟར་བེམ་པོར་མི་འདོད་ཀྱི་ཤེས་རིག་སོགས་འདོད་ཅིང་། ཆགས་སོགས་ཉེས་སོགས་ནས་བདེན་པའི་ངག་མེད་པར་འདོད་ལ། འཇུག་ངོགས་བཞིའི་ཡུལ་གྱི་ཁྲུས་ཀྱིས་སྡིག་པ་འདག་ཅིང་སྲིད་སྡེ་དང་གཡུལ་དང་སྲོག་རྣམས་འབད་པས་བསྲུངས་ན་མི་དེ་འདག་པར་འདོད་དོ། །འཇལ་བྱེད་ཚད་མ་ནི་མངོན་སོགས་སོ། །དྲུག་ནི་མངོན་སུམ་སྐད་ཅིག་གཉིས་པ་ཕན་ཆད་རྟོག་པ་དང་འབྲས་བུར་འདོད་པས་དང་པོར་དོན་ལ་ལྟ་བའི་རྟོག་མེད་ནི་མངོན་སུམ་མོ། །དུ་བ་ལས་མེ་དཔོག་པ་ལྟ་བུ་འབྲེལ་པ་མངོན་སུམ་དུ་ཤེས་པ་དང་ལྷས་བྱིན་འགྲོ་བར་མཐོང་བས་ཉི་མ་ཡང་འགྲོ་བར་ངེས་པ་ལྟ་བུ་འབྲེལ་པ་སྤྱིར་མཐོང་བ་གཉིས་ནི་རྗེས་དཔག་དང་། བ་མེན་གྱིས་བ་ལང་དྲན་པ་ལྟ་བུ་དང་། རིག་བྱེད་ཀྱི་ཚིག་ལས་ལྐོག་གྱུར་ཤེས་པ་ལྟ་བུ་དང་། ལྷས་བྱིན་མ་ཤི་བཞིན་དུ་ཁང་ནང་ན་མེད་པར་མཐོང་བས་ཕྱི་ན་ཡོད་པར་གོ་བ་ལྟ་བུ་དང་། ཆོས་འགའ་ཞིག་གཞི་འགའ་ཞིག་ལ་མ་མཐོང་བས་དེར་མེད་པར་རྟོགས་པ་རྣམས་ནི་ཉེར་འཇལ་སོགས་སོ། དོན་གོ་དྲུག་ནི། ཚད་མ་དྲུག་པོ་དེ་རྣམས་ཀྱིས་དྲངས་པ་དྲུག་སྟེ། མེ་ཚ་བར་དང་། ཉི་མ་སོང་བར་དང་། བ་གླང་བ་མེན་འདྲ་བར་དང་། སྒྲས་དོན་རྟོགས་པར་དང་། སྒྲ་དོན་འབྲེལ་པར་དང་། བུམ་པ་མེད་པར་རྟོགས་པ་རྣམས་ལས་རིམ་པ་བཞིན། སྲེག་པར་དང་། འགྲོ་བར་དང་། ཞོ་རྒལ་རུང་བར། སྒྲ་དོན་འབྲེལ་པར་དང་། དེ་རྟག་པ་ཡིན་པར་དང་། ས་ཕྱོགས་དག་པ་བར་གོ་བ་རྣམས་སོ། །དངོས་མེད་བཞི་ནི། སྔོན་མེད་པ་དང་། ཞི་གནས་མེད་པ་དང་། ཕན་ཚུན་མེད་པ་དང་། ཤིན་ཏུ་མེད་པ་སྟེ། འོ་མ་ལ་ཞོ་དང་ཞོ་ལ་འོ་མ་དང་། རྟ་ལ་བ་གླང་དང་རི་བོང་ལ་རྭ་མེད་པར་རྟོགས་པ་རྣམས་སོ། །དཔྱོད་པ་པ་དེའི་སོགས་ནི། མེའི་རྟགས་ཀྱིས་དུ་བ་འགྲུབ་པས་དུ་བ་མེའི་འབྲས་བུར་རིག་པ་དང་། ཆགས་བྲལ་མ་དམིགས་པས་མེད་པར་ངེས་པ་དང་། སྟོང་ཡོད་སར་བརྒྱ་ཡོད་པར་ངེས་པ་སྲིད་པ་དང་། རྒྱུ་མཚན་ཡང་དག་མ་མཐོང་བར་གཏམ་རྒྱུད་རྙིང་པ་ལས་ཤིང་སྡོང་ལ་མི་མ་ཡིན་གནས་སོ་ཞེས་གྲགས་པ་དང་། སྲིང་མོའི་ཡིད་ལ་མིང་པོ་སླེབ་པ་སྙམ་བྱེད་པ་ན་དེ་ལྟར་སླེབ་པ་སྙམ་སེམས་སོགས་སོ། །དེ་དག་གི་འདོད་པ་ཐུན་མོང་དུ་ཡུལ་ཤེས་བྱ་ཐམས་ཅད་རྣམ་མེད་མངོན་གྱུར་ཡིན་ལ། བློ་ནི་རང་རིག་མེད་པ་དང་ལྐོག་གྱུར་རྟགས་ཀྱིས་འཇལ་བར་འདོད་ཅིང་། འཇལ་བྱེད་ནི་སྐྱེས་བུ་དང་ཚད་མ་ནི་དབང་པོ་དང་དོན་རྟོགས་ནི་འབྲས་བུའོ་ཞེས་དང་། བློ་ཚད་མར་འདོད་པ་དག་ཀྱང་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་ཚད་འབྲས་སུ་འདོད་དོ། །གསུམ་པ་བརྡ་སྤྲོད་པ་ནི། རྣམ་འགྱུར་སྣ་ཚོགས་འདི་འབྱུང་བའི་གཞིར་གྱུར་པ་སྒྲ་ཡི་ཚངས་པ་ཞེས་བྱ་བ་རིགས་པས་དཔྱད་བཟོད་ཞིག་ཡོད་དོ་ཞེས་སྨྲ་བར་བྱེད་ལ། དེ་ཡང་ཕྱོགས་དང་དུས་ཀྱི་ཆ་མེད་པ་དངོས་པོ་ཀུན་གྱི་རང་བཞིན་སྐྱེ་འཇིག་དང་བྲལ་བས་རྟག་པའི་དངོས་པོ་ཡི་གེ་ཨོཾ་ཞེས་བྱ་བའོ། །རྣམ་འགྱུར་སྣ་ཚོགས་འདི་སྒྲའི་ཚངས་པ་དེའི་རྣམ་འགྱུར་ཡིན་པས་ཤེས་བྱ་ཐམས་ཅད་སྒྲར་སྣང་བས་ཁྱབ་པའི་ཕྱིར་སྒྲ་ཐམས་ཅད་དངོས་དབང་གིས་འཇུག་པར་འདོད་དོ། །དེ་སྐད་དུ་ཞི་འཚོས། སྐྱེ་འཇིག་མེད་པར་ཡང་དག་གནས། །སྒྲ་ཡི་རང་བཞིན་ཚངས་པ་མཆོག །གང་དེ་ཡོངས་སུ་གྱུར་པ་ནི། །དངོས་པོའི་འགྲོ་འདིར་རབ་ཤེས་བྱ། །ཞེས་དང་། ཇི་ལྟར་ནམ་མཁའ་དག་པ་ལ། །རབ་རིབ་ཀྱིས་བསླད་སྐྱེ་བོ་ཡིས། །རབ་རིབ་སྣ་ཚོགས་དག་དང་ནི། །ལྡན་པ་ཉིད་དུ་མངོན་པར་རློམ། །ད་ལྟར་འཆི་མེད་འགྱུར་མེད་པའི། །ཚངས་པ་འདི་ནི་མ་རིག་པས། །རྙོག་པ་ཉིད་དུ་འགྱུར་བ་སྟེ། །ཐ་དད་ངོ་བོར་རྣམ་པར་འགྱུར། །ཞེས་སོ། །ད་སྒྲུབ་པའི་ཐབས་ནི་ཕྱི་ནང་གི་སྦྱིན་སྲེག་གཉིས་ཀྱིས་སྒྲུབ་སྟེ། ཕྱི་ནི། རེ་རེ་ལ་ཡང་གྲོང་གི་མི། །བྱོལ་སོང་དྲུག་ཅུ་དྲུག་ཅུ་སྦྱིན། །ཞེས་སོགས་དང་། བྲམ་ཟེ་ལ་ནི་བྲམ་ཟེ་བསད། །རྒྱལ་རགས་ལ་ནི་རྒྱལ་རིགས་ཏེ། །མ་རུངས་པ་ལ་རྗེ་རིགས་དང་། །དཀའ་ཐུབ་པ་ལ་དམངས་རིགས་སོ། །ཞེས་སོ། །ནང་ནི། གོ་ཏམ་མེ་ནི་བུད་མེད་དེ། །དེ་ཡི་ཉེར་གནས་ཐབ་ཁུང་ཡིན། །དེར་སྐྱེད་བུ་ནི་དུ་བ་སྟེ། །དེ་ཡི་ནང་ཞུགས་སོལ་བ་ཡིན། །དེ་ལྟ་བུ་ཡི་མེ་འདི་ལ། །སྐྱེས་བུ་ལྷ་ཡི་ས་བོན་སྲེག །སྦྱིན་སྲེག་དེ་ལས་སྐྱེས་བུ་བྱུང་། །དེ་སྐྱེས་འཚོ་བར་གྱུར་པ་ཡིན། །ཞེས་སོ། །དེ་ལྟར་ནང་གི་སྦྱིན་སྲེག་ལ་བརྟེན་པའི་བདེ་སྟོང་ནི་ཐར་པར་འདོད་དོ། །གང་གིས་བག་ཆགས་བཅས་སེམས་ཀྱིས། །མྱ་ངན་འདས་པ་ཐོབ་བྱེད་པའི། །དགའ་བའི་ལྟ་བ་གཅིག་པུ་ལས། །ལྟ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང་། བདེ་བ་གང་དེ་ཚངས་ཉིད་དེ། །བདེ་བ་དེ་ནི་ཐར་པ་ཡིན། །ཞེས་སོ། །བརྡ་སྤྲོད་པ་ཕལ་ཆེར་ནི་གནམ་ས་འབར་བར་སྣང་བ་ལྟ་བུ་མངོན་སུམ་རྣམས་འཁྲུལ་ཞིང་། རྗེས་དཔག་ཚད་མར་ལ་ལས་བྱས་པ་ཡང་། དེ་ལས་རིག་པ་བཟང་བ་གཞན་གྱིས་བརྟགས་ན་ཚད་མིན་དུ་འགྲོ་བས་ཚད་མ་ནི་སོགས། དེའི་སྟོན་པ་བྲི་སོགས་ཏེ། རིག་བྱེད་མི་སླུ་བ་ཡང་མངོན་རྗེས་མི་སླུ་བ་ལས་སྒྲུབ་དགོས་པས་སོ། །ཞེས་སོ། །བཞི་པ་རིག་བྱེད་སོགས་ཏེ། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་པ་ལས་འདས་གྱུར་པ་དེ་རིག་ན། །འཆི་བ་ལས་འདས་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། །ཅེས་དང་། དངོས་པོ་མ་ལུས་འཇིག་ན་ཡང་། །ཤེས་པ་ནུས་ལྡན་འཇིག་པ་མེད། །བ་སྐྱ་རྣམས་ཀྱི་བ་བཞིན་དུ། །དེ་ནི་སྐྱེ་ལྡན་རྒྱུ་རུ་གྲག །ཅེས་དང་། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །མཁས་པ་དེ་ཡི་ཆར་ཐིམ་པས། །ཡང་སྲིད་ལེན་པར་མི་འགྱུར་རོ། །ཞེས་སོགས་དང་། སྟེང་ཕྱོགས་དེའི་མགོ་དང་འོག་ཕྱོགས་དེའི་རྐང་པ་སོགས་སུ་བཤད་ཅིང་། འཇིག་རྟེན་འཇིག་པའི་ཚེ་དེས་ཟ་བར་འདོད་པ་དུས་འཁོར་དུ་བཀག་གོ །ལྔ་པ་རིག་བྱེད་གསང་བའི་མཐའ་སྨྲ་བ་པ་ནི་སོགས་ཏེ། ས་དང་མེ་ཆུ་ལ་སོགས་པ། །དེ་ཤེས་རྟག་པའི་འཇུག་པ་འདི། །དེ་བདག་ཅན་ཉིད་བདག་ཉིད་ཅེས། །གཞན་དག་ཀྱང་ནི་རྗོད་པར་བྱེད། །གཟུང་འཛིན་མཚན་ཉིད་དང་ལྡན་པ། །འདི་ནི་ཅུང་ཟད་ཡོད་མིན་ཏེ། །དེ་ཕྱིར་འདི་དག་ཐམས་ཅད་ནི། །རྣམ་ཤེས་འགྱུར་བར་ཡང་དག་སྣང་། །ཞེས་སོགས་བཤད་ལ། ཕལ་ཆེར་སྔ་མ་དང་ཐུན་མོང་ངོ་། །དེ་དགག་པ་ནི། ཚངས་སོགས་ཏེ། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང་། །ཞེས་དང་། སྐྱེ་དགུའི་བདག་པོ་རང་ཉིད་ཀྱི། །བུ་མོ་དང་ནི་འཁྲིག་ཅེས་ཐོས། །ཞེས་དང་། ཁྱབ་འཇུག་མིའུ་ཐུང་གཟུགས་སྤྲུལ་ནས། །གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས། །ཞེས་དང་། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཞེས་དང་། ཁྱབ་འཇུག་གིས་ནི་གཉེན་འདུན་དག །ལེ་ལན་གྱིས་ནི་གཏུགས་པར་གྱུར། །ཅེས་དང་། ཁྱབ་འཇུག་དཔུང་དྲག་དབྱུག་ཐོ་མཚོན་ཆ་ཐོགས་པར་བརྩོན། །ཞེས་སོགས་རྩ་འགྲེལ་དང་། ཨ་མར་ཀོ་ཥའི་འགྲེལ་པར་གཏམ་རྒྱུད་མང་དུ་འབྱུང་བས་སོ། །འདོད་པ་ཕལ་ཆེར་ནི་རྟག་པའི་དངོས་པོ་དང་གཅིག་པུ་ཆ་མེད་ཀྱི་གཞི་མཐུན་བཀག་པས་ཁེགས་ཏེ། སྐྱོན་གྱི་གཙོ་བོ་རྟོག་པ་ལ་ཇི་ལྟར་སྣང་བའི་རྟག་དངོས་ཁས་བླངས་པ་ལས་གྱུར་པས་སོ། །ཉེས་ཟད་སྐྱེས་བུ་ནི། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཞེས་སོགས་དང་། མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །ཞེས་སོགས་འགོག་པའི་རིག་པས་བརྟགས་དགོས་སོ། །བཞི་པ་གཅེར་བུ་པ་དགག་པ་ལ། འདོད་པ་བརྗོད་པ་ལ། རྣམ་གྲངས། སྟོན་པ། གྲུབ་མཐའོ། །དང་པོ་ནི། གོས་མེད་པས་དང་། ངོ་ཚ་མེད་པས་དང་། དཀའ་ཐུབ་ཀྱི་ལས་ཟད་པར་བྱེད་པས་དང་། ལུས་ཐལ་མདོག་ཏུ་ཡོད་པས་དང་། དྲང་སྲོང་རྒྱལ་བ་དམ་པའི་རྗེས་སུ་འབྲང་བས་དང་། གོས་གཞན་མེད་པས་ཕྱོགས་དང་ནམ་མཁའི་གོས་ཅན་ཡིན་པས་དང་། ཕྱོགས་ཀུན་ཏུ་འགྲོ་བས་དེ་དང་དེའོ། །སྟོན་པ་ནི། དྲང་སྲོང་རྒྱལ་བ་དམ་པ་ལྷར་འཛིན་ཅིང་ཁྱུ་མཆོག་དང་ལྡོང་རིགས་སོགས་ཉི་ཤུ་རྩ་ལྔའི་རྗེས་སུ་འབྲང་བར་བྱེད་དོ། །གྲུབ་མཐའ་ལ་མདོར་བསྟན་ནི། །གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་སྲོག་ནི་ལུས་ཀྱི་ཚད་བཞིན་དུ་ཆེ་ཆུང་དུ་འདོད། རྫས་སམ་རང་བཞིན་དང་རྣམ་གྲངས་སམ་རྣམ་འགྱུར་རིམ་པ་བཞིན་དུ་རྟག་པ་དང་གཞན་མི་རྟག་པ་དེ་གཉིས་ཀྱང་གཅིག་ཏུ་སྨྲའོ། །འཇལ་བྱེད་མངོན་སུམ་སོགས་གསུམ་གྱིས་གཞལ་བྱ། དུས་གསུམ་དང་རྫས་དྲུག་དང་། ཚིག་གི་དོན་དགུ་དང་སྲོག་སོགས་ནི་གཞི་ལམ་འབྲས་གསུམ་གྱི་གཞིའོ། །སྡོམ་པ་དང་བརྟུལ་ཞུགས་དང་ཡེ་ཤེས་རྣམས་ལྔ་ལྔ་དང་། སྤྱོད་པ་བཅུ་གསུམ་དང་ལས་ཟད་པར་བྱེད་པའི་དཀའ་ཐུབ་ཀྱི་ཐབས་སྣ་ཚོགས་ནི་ལམ་མོ། །ཁ་པ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟར་སྲིད་སོགས་ནི་འབྲས་བུའོ། །འགྲོ་བ་ལྔ་དང་ཡོད་པའི་ལུས་ལྔ་ནི་གཞི་དང་འབྲས་བུ་གཉིས་ཀ་ཉིད་ཡིན་པར་འདོད་དོ། །རྒྱས་བཤད་ལ། གཞི་ནི། མངོན་སུམ་གཉིས་ཏེ་སྤྱི་འཇལ་བ་ནི་རྟོག་མེད་དང་། བྱེ་བྲག་འཇལ་བ་ནི་རྟོག་པའོ། །ལྷས་བྱིན་བུ་ལས་སྔོ་བསངས་སུ་དཔོག་པ་ལྟ་བུ་ལ་ཚུལ་གསུམ་ཡོད་ཀྱང་ཡིད་བརྟན་དུ་མི་རུང་བས་ཚུལ་གསུམ་ནི་འཁྲུལ་བའི་ཕྱིར་ན་གཞན་དུ་མི་འཐད་པ་ཞེས་པའི་ཚུལ་གཅིག་ཉིད་ལ་སོགས་ཏེ། དངོས་པོ་དངོས་མེད་གཉིས་ཀ་ནི་ཡོད་པ་ཡིན་ཏེ། དམིགས་པའི་ཕྱིར་ཞེས་པ་ལ། ཤེས་བྱ་ཐམས་ཅད་ཆོས་ཅན་དུ་ཡོད་པས་མཐུན་དཔེ་མེད་པའི་ཕྱིར་རྗེས་སུ་འགྲོ་ལྡོག་མེད་ལ། ཕྱོགས་ཆོས་ཀྱང་གཞན་དུ་མི་འཐད་པ་ཉིད་དུ་འདུས་པས་སོ། །ཞེས་སོ། །སྟོན་པ་ཚད་ལྡན་གྱི་ངག་ལྟ་བུ་ཡིད་སོགས་སོ། །རྫས་ནི་དྲུག་སྟེ། སྲོག་དང་བདག་དང་ནམ་མཁའ་དང་ཕྱོགས་དང་སྡིག་པ་དང་བསོད་ནམས་རྣམས་སོ། །ཚིག་གི་དོན་ནི་དགུ་སྟེ། སྲོག་དང་སྲོག་མིན་གཉིས། བཅིངས་པ་དང་ཐར་པ་གཉིས་འགྲོ་འོང་གཉིས། སྤངས་པ་དང་ཟག་པ་དང་སྡོམ་པ་རྣམས་སོ། །སྲོག་ལྡན་དྲུག་ནི། ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང་ལྗོན་པ་དང་འབྲས་བུའི་སྲོག་ལྡན་རྣམས་སོ། །གཞུང་གཞན་དུ་སོགས་ཏེ། དང་པོ་ལྔ། སྲིན་བུ། གྲོག་མ། བུང་བ། མི་སོགས་རྣམས་ཏེ། ལྔ་པོ་ལུས་དབང་གཅིག་པུ་དང་། སྲིན་བུ་སོགས་བཞི། སྔ་མ་སྔ་མའི་སྟེང་དུ་ལྕེ། རྣ་བ། སྣ། མིག་སྟེ་མདོར་ན་དབང་པོ་གཅིག་ལྡན་ནས་ལྔ་ལྡན་གྱི་བར་རྣམས་སོ། །སྲོག་དང་བདག་ནི་ཐ་དད་དུ་བགྲངས་པ་ཙམ་མ་གཏོགས་གཅིག་ཏུ་འདོད་དོ། །ཟག་པ་ནི་དགེ་སྡིག་གི་ལས་ཏེ། གཞུང་གཞན་དུ་བསོད་ནམས་དང་དེ་མིན་ཞེས་ཀྱང་འབྱུང་ངོ་། །བཅིངས་པ་ནི། ལོ་མ་ཅན་དང་གཙང་སྦྲ་ཅན་དང་དབྱིག་གུ་གསུམ་ལ་སོགས་པ་ལྟ་ངན་སུམ་བརྒྱ་རེ་གསུམ་རྣམས་སོ། །གཞུང་གཞན་དུ་འགྲོ་འོང་གི་ཚབ་ཏུ་ལས་དང་ངེས་པར་རྒ་བ་ཞེས་འབྱུང་སྟེ། ཕྱིས་མྱོང་འགྱུར་དང་། མིང་དང་རུས་དང་ཚེ་རྣམས་ནི་ལས་དང་། དེ་ཟད་པའི་ཐབས་སུ་དཀའ་ཐུབ་བྱས་པས་ལུས་ཟད་པ་ནི་ངེས་པར་རྒ་བའོ། །ཐར་པ་ནི་བཤད་ཟིན་ཏོ། །ལམ་ལ་སྡོམ་པ་ལྔ་ནི། སྤྱོད་ལམ་གྱི་དང་སྐད་ཀྱི་དང་ཚོལ་བའི་དང་མི་འདོར་བའི་དང་། ཉེར་གནས་ཀྱི་སྡོམ་པའོ། །བརྟུལ་ཞུགས་ལྔ་ནི། མི་འཚེ་བ་དང་བདེན་པར་སྨྲ་བ་དང་ཚངས་པར་སྤྱོད་པ་དང་བྱིན་པ་ལེན་པ་དང་། ཡོངས་སུ་བཟུང་བ་ཐམས་ཅད་གཏོང་བའི་བརྟུལ་ཞུགས་རྣམས་སོ། །ཡེ་ཤེས་ལྔ་ནི། བློ་གྲོས་ཀྱི་དང་། ཐོས་པའི་དང་། མཚམས་ཀྱི་དང་། སྤྱོད་པའི་དང་། མོའི་ཡེ་ཤེས་སོ། །བོན་གྱི་ཕྱྭ་གཤེན་ནི་འདི་ལས་འབྱུང་ངོ་། །སྤྱོད་པ་བཅུ་གསུམ་ནི་སྡོམ་པ་ལྔ་དང་། བརྟུལ་ཞུགས་ལྔ་དང་སྒོ་གསུམ་གྱི་གསང་བ་གསུམ་རྣམས་སོ། །འགྲོ་བ་ལྔ་ནི། དམྱལ་བ་དང་དུད་འགྲོ་དང་ལྷ་དང་མི་དང་ཐར་པའི་འགྲོ་བའོ། །ཡོད་པའི་ལུས་ལྔ་ནི། ཁམ་ཟས་ཀྱི། འོད་ཀྱི་ཡིད་ཀྱི་རྫུས་སྐྱེས་ཀྱི་མཐའི་ལུས་ཏེ་ལྔའོ། །རིམ་བཞིན་མི་དང་དུད་འགྲོ། གཟུགས་གཟུགས་མེད། བར་དོ། ཐར་པ་སྟེ་འགྲོ་བ་ལྔ་པ་ཡང་དེའོ། །འདི་དག་དུས་འཁོར་ནས་གསུངས་པ་སྟེ། གཞུང་གཞན་ན་མི་གསལ་ལོ། །ཀུན་མཁྱེན་སོགས་ནི། སེར་སྐྱ་དང་གཟེགས་ཟན་སོགས་ཀྱང་ཆགས་བྲལ་དང་ཀུན་མཁྱེན་མིན་ཏེ། ཀུན་འཛིན་ཡོངས་འཛིན་གཉིས་དང་ལྡན་ཞིང་སྐར་མའི་བསྟན་བཅོས་མ་བརྩམས་པའི་ཕྱིར། ལྡོག་ཁྱབ་ནི་རང་གི་སྟོན་པ་ཁྱུ་མཆོག་དང་ལྡོང་རིས་སོགས་ལ་ཚང་བར་འདོད་པས་ཀུན་མཁྱེན་གཏན་མེད་དུ་འདོད་པ་ནི་མ་ཡིན་ནོ། །གཞན་ཡང་དགེ་སྦྱོང་གོའུ་ཏ་མ་ནི་ཀུན་མཁྱེན་མ་ཡིན་ཏེ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལུང་མ་བསྟན་པའི་ཕྱིར་དང་། འཁོར་བའི་མཐའ་མི་ཤེས་པའི་ཕྱིར་དང་། ལྷུང་བཟེད་བཀྲུས་པ་བཞིན་དུ་ལོག་པའི་ཕྱིར་དང་། ལྷས་བྱིན་གནས་ནས་ཕྱུང་བ་དང་སྒྱུ་མ་མཁན་བཟང་པོའི་བསྙེན་བཀུར་བཞག་པས་ཞེ་སྡང་དང་འཁོན་འཛིན་ཡོད་ཅིང་། ལྔ་སྡེའི་བསྙེན་བཀུར་འགོག་པ་མ་ཤེས་པས་རྨོངས་པ་དང་། སེང་ལྡེང་གི་ཚལ་པ་ཟུག་པ་སོགས་ཀྱིས་ལས་མ་ཟད་པའི་ཕྱིར་རོ། །ཞེས་སོ། །ཤིང་ནི་སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བ་དང་དུས་སུ་སེ་བས་རྒ་བ་ཡོད་ལ། དབང་པོ་དང་ལྡན་པའི་ཕྱིར་ཞེས་སྤྱིར་བཀོད་ནས། བྱེ་བྲག་ཏུ། འཁྲི་ཤིང་དང་། ཆུ་ཤིང་དང་། མ་དུ་ལུང་ག་དང་། སྐྱུ་རུ་ར་དང་། འོ་མ་ཅན་གྱི་ཤིང་རྣམས་ལ་རིམ་པ་བཞིན་མིག་རྣ་བ་སྣ་ལྕེ་ལུས་དབང་རྣམས་ཡོད་དེ། ཤིང་གཞན་གྱི་གསེབ་ཏུ་འཇུག་ཤེས་པ་དང་། འབྲུག་སྒྲ་གྲག་པ་ན་འབྲས་བུ་འབྱུང་བ་དང་། ཁྱི་རོ་རུལ་པའི་དྲི་ལ་བརྟེན་ནས་འབྲས་བུ་འབྱུང་བ་དང་། འོ་མས་བཅུས་པ་ན་རོ་མངར་བ་དང་། རེག་པ་ན་ལོ་མ་འཁུམས་པའི་ཕྱིར་རོ། །ཤིང་མྱ་ངན་མེད་ལ་ཡིད་དབང་ཡོད་དེ། བུད་མེད་ལང་ཚོ་བབ་པ་རྐང་གདུབ་དང་ལྡན་པས་བསྣུན་ན་ངོ་ཚ་བ་བཞིན་དུ་འབྲས་བུ་རྒྱས་པར་འགྱུར་བའི་ཕྱིར་ཞེས་མང་དུ་སྨྲའོ། །དེ་དགག་པ་ནི། སྲོག་གམ་བདག་དེ་མི་རྟག་པར་འགྱུར་ཏེ། ལུས་སོགས་ཀྱི་ཕྱིར་ནའོ། །རྫས་སོགས་བརྟག་པ་བྱས་ན་མི་འཐད་དེ། གཅིག་ན་འོ་མ་འཐུང་འདོད་པས་རྔ་མོ་འཐུང་བར་ཐལ་བ་སོགས་ཀྱི་ཕྱིར། གཏན་སོགས་ཏེ། ཚུལ་གསུམ་མ་ཚང་བའི་ཚུལ་གཅིག་པ་གཏན་ཚིགས་སུ་མི་འཐད་པའི་ཕྱིར། ལས་ཙམ་ཟད་པའི་ཐབས་ལ་འབད་པ་དོན་མེད་དེ། རྩ་བ་ཉོན་མོངས་མ་ཟད་པའི་ཕྱིར། ཐར་པ་གཟུགས་སུ་འགལ་ཏེ། སྤང་བྱ་གཉེན་པོས་ཟད་པའི་འགོག་པར་མི་རུང་བས་སོ། །དགག་པ་རྒྱས་པ་ནི། དབུ་ཚད་ཀྱི་གཞུང་ལུགས་རྣམས་ལས་ཤེས་པར་བྱ་ལ། མདོར་བསྡུས་ནི་དེ་ཙམ་གྱིས་མཚོན་ནོ། །གསུམ་པ་ནི། དུས་ཀྱི་འཁོར་ལོའི་ཕྱོགས་སྔར་རྒྱ་ཆེར་འབྱུང་བ། རྒྱ་གར་ནུབ་ཕྱོགས་མ་ཁའི་ཡུལ་དུ་བྱུང་བ་ལྷ་རཱ་མ་ཎའི་རྗེས་འབྲང་སོག་པོའམ་ཀླ་ཀློ་སྟག་གཟིག་པ་ཞེས་གྲགས་པ་ནང་པ་དང་ཕྱི་པ་གཉིས་ཀ་མ་ཡིན་པར་ལྟ་སྤྱོད་བར་མ་དོ་སྣ་ཚོགས་བྱེད་པ་ནི་གཞུང་ལུགས་གཞན་གྱི་ཕྱོགས་སྔར་མི་གསལ་ཞིང་། དུས་འཁོར་དུ་བཀོད་པ་ནི། སྤྱི་དོན་ཆེན་མོ་བསྟན་པའི་རྒྱ་མཚོར་བྲིས་ཟིན་པས་འདིར་མི་སྤྲོ་ལ། བོད་ན་ཡང་རྡོལ་བོན་གཤེན་རབ་མི་བོ་ཞེས་གྲགས་པའི་རྗེས་འབྲང་བོན་ཐེག་པ་རིམ་པ་དགུ་སྟེ། རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཐེག་པ་བླ་ན་མེད་པའི་བོན་ནོ། །དང་པོ་བཞི་ནི། ཕྱྭ་གཤེན། སྣང་གཤེན། འདུར་གཤེན། འཕྲུལ་གཤེན་ཏེ། མོ་མ་དང་། ལྷ་བོན་པོ་དང་། གཤིན་ཆོག་པ་དང་། མཐུ་གཏད་བྱེད་པའི་བོན་ནོ། །འབྲས་བུ་བཞི་ནི། དགེ་བསྙེན་དང་། གཙང་མ་གཙུག་ཕུད་དང་། དྲང་སྲོང་དང་། ཨ་དཀར་བ་རྣམས་ཏེ་ལྟ་སྤྱོད་གཙོ་བོར་བྱེད་པའོ། །དགུ་པ་ནི་རྫོགས་རིམ་པ་རྫོགས་ཆེན་པ་དང་མཐུན་པ་སྟེ། དང་པོ་བཞི་བོད་ཀྱི་ལྷ་འདྲེས་བསྟན། བར་པ་བཞི་འདུལ་མཛོད་ཕར་ཕྱིན་རྣམས་འདྲ་མིན་དུ་བསྒྱུར། ཐ་མ་ནི་རྒྱ་ནག་ཧྭ་ཤང་གི་ལུགས་ཀྱི་ལྷག་མ་ལུས་པ་སྟེ། འདིའི་ལྷད་འདྲེས་པ་ནི་ལྟ་བ་མཐོ་མཐོ་མོར་བྱས་ནས་སྤྱོད་པ་ཁྱད་དུ་གསོད་པ་གཞན་ཡང་མང་ངོ་། །གསང་སྔགས་རྙིང་མ་ནི། བསྟན་པ་སྔ་དར་ལ། བླ་མེད་ཀྱི་རྒྱ་དཔེ་ལ་མ་བརྟེན་པའི་འགྱུར་མི་བྱེད་པར་བཀས་བཅད་པས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་སོགས་པས། གསང་འདུས་སོགས་ཐུགས་ལ་བཞུགས་པ་རྣམས་དོན་ལོངས་སུ་མཛད་ནས་ལེའུའི་གོ་རིམ་སོགས་རྣམ་གཞག་གཞན་དང་གཞན་དུ་མཛད་དེ་སྙན་ནས་སྙན་དུ་བརྒྱུད་པ་རྣམས། ཕྱིས་ཡི་གེ་ཅུང་ཟད་འཕྱུགས་པའི་སྟེང་དུ་གང་ཟག་གཟུ་ལུམ་དང་རང་བཟོ་ཆེ་བ་འགའ་ཞིག་གིས་རྒྱུད་སྡེ་ཤིན་ཏུ་མང་པོར་སྤེལ་ཞིང་བསླད་པ་ཙམ་མ་གཏོགས། བསྟན་པ་སྔ་དར་གྱི་སྔགས་བླ་མེད་དོན་འགྱུར་དུ་བཞུགས་པ། མཁས་ཤིང་གྲུབ་པའི་བྱང་ཆུབ་སེམས་དཔའ་དུ་མས་ཐུགས་ཉམས་སུ་བཞེས་པའོ། །གང་ཟག་གིས་བསླད་པ་ནི། བོད་ཀྱི་རྟོག་གེ་དང་དབུ་མ་སོགས་ལའང་ཤིན་ཏུ་མང་སྟེ། རྒྱ་གར་གྱི་གཞུང་ལས་འབྱུང་བ་དང་ཤིན་ཏུ་མི་མཐུན་པའི་མདོ་སེམས་དབུ་མའི་གྲུབ་མཐའ་དུ་མ་ཡོད་དོ། དེ་ལྟར་དེ་དག་ལ་སོགས་པ་ནང་པ་དང་ཕྱི་བ་གཉིས་ཀ་མ་ཡིན་པའི་གྲུབ་མཐའ་མང་ཡང་། འདིར་བསྡུ་བར་བྱ་བའི་གྲུབ་མཐའ་མ་ཡིན་ཏེ། གདོང་སོགས་ཀྱི་ཕྱིར་ཏེ། ཤེས་རབ་ཅན་དུ་རློམ་པ་དག་གིས་གསར་སོགས་ཀྱི་ཕྱིར་རོ། །

བཞི་པ་ནི། དེ་ལྟར་ན་གང་ཟག་གི་བདག་མེད་གྲུབ་སྟེ། མུ་སྟེགས་ཀྱིས་བཏགས་པའི་བདག་ནི་འདོགས་གཞི་ཕུང་པོ་ལས་རྫས་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར་དང་། ཕུང་པོ་དང་གཅིག་ན་རྟག་གཅིག་དང་མི་རྟག་དུ་མ་མཚན་ཉིད་འགལ་བས་སོ། །དབང་ཕྱུག་ལ་སོགས་པའི་རྟག་དངོས་མི་སྲིད་དེ། རིམས་སོགས་ཀྱི་ཕྱིར། མུ་སྟེགས་དངོས་དང་རྗེས་མཐུན་ཞེ་སྡང་རང་དགར་བཏང་ནས་མཐུ་གཏད་སོགས་ལ་མཆོག་ཏུ་འཛིན་པ་དག་ནི་ཆོས་ཅན། ཁྱོད་ལ་རྒྱལ་བས་བསྔགས་པའི་ཆོས་མི་སྲིད་དེ། རང་གཞན་ལ་འཕྲལ་ཕུགས་སུ་འཚེ་བར་བྱེད་པས་སོ། །ཁྱད་པར་འཕགས་བསྟོད་ལས། ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱིས། །གང་ཞིག་བདེན་དང་མི་སླུ་དང་། །ཚངས་པར་སྤྱོད་དང་དུལ་བ་དང་། །བརྩེ་ལྡན་དམ་ཆོས་ལེགས་པར་དགོངས། །ཞེས་སོགས་གཞུང་ལུགས་རྣམ་པར་དག་མ་དག་ནི། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་གནས་ལུགས་ཀྱི་དོན་ལ་ཞུགས་པའི་རིག་ཤེས་ཁྱད་པར་ཅན་གཙོ་བོར་སྟོན་མི་སྟོན་གྱིས་དབྱེ་བར་བྱའོ། །གང་ཟག་གི་བདག་དགག་པ་སྟེ་ལེའུ་གཉིས་པའོ།།  །།

གཉིས་པ་ཆོས་ཀྱི་བདག་དགག་པ་ལ། རགས་པ་དགག་པ་དང་། ཕྲ་བ་དགག་པའོ། །དང་པོ་ལ། དོན་སྨྲའི་འདོད་པ་བཟུང་བའི་དང་། རྣམ་རིག་པའི་འདོད་པ་འཛིན་པའི་ཆོས་བདག་དགག་པའོ། །དང་པོ་ལ། རང་སྡེའི་རིགས་བསྡུ་བ་དང་། ཐེག་དམན་གྱི་འདོད་པ་འགོག་པ་དངོས་སོ། །དང་པོ་ནི། ཁ་ཅིག རང་སྡེ་གནས་མ་བུ་བ་དང་། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པ་སྟེ་ལྔའོ་ཞེས་དང་། ཁ་ཅིག བྱེ་སྨྲ་སོགས་བཞིའི་སྟེང་དུ་གསང་སྔགས་སྨྲ་བ་དང་ལྔའོ་ཞེས་ཟེར་བ་ནི་མི་རིགས་ཏེ། སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བ་ལྔ་པ་མེད་པར་གསུངས་པའི་ཕྱིར། དུས་འཁོར་ཀྱཻ་རྡོར་སོགས་སུ་གྲུབ་མཐའ་བཞི་ཉིད་དུ་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་དུ་ཡང་དེ་བཞིན་དང་། ཐེག་པ་ཡང་གསུམ་དུ་གསུངས་པའི་མཇུག་ཏུ། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ཉིད་དུ་གནས་སྐབས་བལྟོས་ཏེ་ངེས་པ་མཛད་པའི་ཕྱིར་རོ། །དེས་ན་རང་སྡེའི་གྲུབ་མཐའ་སྨྲ་བ་ནི་བྱེ་སོགས་བཞི་ཉིད་དུ་དབྱེ་བ་ངེས་ལ། བསྡུ་ན་ཕྱི་རོལ་དོན་དུ་སྨྲ་བ་དང་སེམས་ཙམ་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་སྟེ་གསུམ་དུའང་འདུ་སྟེ། བྱེ་མདོ་གཉིས་ཀ་དོན་སྨྲར་འདུས་པས་སོ། །འོ་ན་དབུ་མ་རང་རྒྱུད་པ་ཕལ་ཆེར་ཐ་སྙད་སེམས་ཙམ་པ་ཡིན་ལ། ཐལ་འགྱུར་བ་ཕྱི་དོན་ཁས་ལེན་པས་དོན་སེམས་གཉིས་སུའང་འདུས་པར་འགྱུར་རོ་ཞེ་ན། ཐལ་འགྱུར་བའི་ཕྱི་དོན་ཚད་གྲུབ་ནི་འགོག་པར་འགྱུར་ལ། འཁྲུལ་ངོར་མ་བརྟགས་མ་དཔྱད་པའི་འཇིག་རྟེན་སྒོ་བསྟུན་གྱི་དོན་སེམས་ཡོད་མཚུངས་དང་། ཀུན་རྫོབ་ཡང་ལོག་གམ་སླུ་མི་སླུ་སོགས་ནི་འཇིག་རྟེན་གཞན་ངོའི་རྣམ་གཞག་ཡིན་གྱི། དབུ་མ་རང་ལུགས་ཀྱི་གྲུབ་མཐའ་མ་ཡིན་ནོ། །འོ་ན་དེ་དག་ཐེག་པ་གསུམ་དང་ཇི་ལྟར་སྦྱོར་ཞེ་ན། ཁ་ཅིག དོན་སྨྲ་གཉིས་ཉན་ཐོས་དང་། སེམས་ཙམ་པ་རང་སངས་རྒྱས་དང་། དབུ་མ་པ་བྱང་སེམས་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བར་འདོད་པ་ནི། སྔ་ཕྱི་ཆ་མཐུན་དང་། བར་པ་ལ་རྣམ་བདེན་པའི་ལྟ་བ་དང་རང་རྒྱལ་གྱི་བདག་འཛིན་སྤོང་ཚུལ་ལ་ཆོས་མཐུན་ཅུང་ཟད་ཡོད་ཀྱང་། རྣམ་རྫུན་པ་འཛིན་པ་བདེན་མེད་ཞལ་གྱིས་བཞེས་པ་དང་མི་མཐུན་ནོ། །རྒྱ་གར་གྱི་ཨ་བ་དྷཱུ་ཏཱི་པ་དང་གནས་བརྟན་བྱང་བཟང་ལ་སོགས་པ་མདོ་སྡེ་པ་ཐེག་ཆེན་པ་ཡིན་པར་འདོད་པ་ལྟར། བོད་ཕྱི་མ་འགའ་རེ་ཡང་འདོད་པའི་སྒོ་ནས་གཉིས་པ་མདོ་སྡེ་པ་ཐེག་ཆེན་པར་སྡུད་པའི་གཞུང་ལུགས་རྣམས་ནི་འཁྲུལ་ཏེ། བཞི་པོའི་དང་པོ་གཉིས་ཐེག་དམན་པ་ཉིད་དུ་ངེས་པ་དང་ཐ་མ་གཉིས་ཐེག་ཆེན་པ་ཉིད་དུ་ངེས་པའི་ཕྱིར། དེ་ལྟར་ན་ཐེག་དམན་པ་དང་ཐེག་ཆེན་པ་གཉིས་སུའང་འདུས་སོ། །འོ་ན་མདོ་སྡེ་པ་ཐེག་དམན་པ་ཡིན་པ་ལ་ཤེས་བྱེད་ཅི་ཡོད་ཅེ་ན། འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་མཁས་མཆོག་ལེགས་ལྡན་བྱེད་ཀྱིས། དེ་གཉིས་སོ་སོར་མ་ཕྱེ་བར་ཐེག་དམན་པ་ཞེས་གཅིག་ཏུ་བསྡུས་ཤིང་། ཐེག་དམན་མཐའ་དག་སྡེ་པ་བཅོ་བརྒྱད་དུ་བསྡུས་ལ། མཛོད་འགྲེལ་དུ། རྩ་བ་བཀག་ནས་འགྲེལ་པར་རང་ལུགས་བཞག་པ་རྣམས་མདོ་སྡེ་པའི་འདོད་པ་དང་། དེ་སློབ་དཔོན་ཉིད་ཀྱང་བཞེད་པར་བཞེད་པ་རྣམས་བོད་ཀྱི་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་ལ། དེ་ཡང་ཕལ་ཆེར་ལ་གཞན་དག་ནི་ཞེས་པ་ལས་མི་འབྱུང་ཡང་། སྐབས་འགའ་རེར་དཔེ་སྟོན་སྡེ་པ་ན་རེ། ཞེས་དང་། ནུབ་ཕྱོགས་པ་ན་རེ་ཞེས་བཀོད་ནས་མདོ་སྡེ་པའི་གྲུབ་མཐའ་བཞག་པའི་ཕྱིར་དང་། སྡེ་པ་བཅོ་བརྒྱད་པོའི་ནང་དུ་མ་འདུས་པའི་མདོ་སྡེ་པའི་མཚན་གཞི་མི་རྙེད་པའི་ཕྱིར་དང་། མདོ་སྡེ་པའི་བསྟན་འཛིན་གྱི་གཙོ་བོ་ནི་མཁས་མཆོག་དབྱིག་གཉེན་གྱི་སྐུ་ཚེའི་སྟོད་ཡིན་ལ། དེས་ཐེག་ཆེན་པ་སྐུར་པ་བཏབ་ནས་ཕྱིས་འགྱོད་པ་སྐྱེས་ཏེ་ལྗགས་སྤུ་གྲིས་གཅོད་པར་བརྩམས་པའི་ཕྱིར་རོ། །ཕྱོགས་སྔ་མ་དག་གི་སྒྲུབ་བྱེད། མདོ་སྡེ་པས། བསམ་པ་སྙིང་རྗེ་དང་སྦྱོར་བ་གཞན་དོན་དུ་ཕྱིན་དྲུག་ལ་བསླབས་ནས་འཚང་རྒྱ་བར་འདོད་པའི་ཕྱིར་ཞེས་ཟེར་བ་ནི། ཤིན་ཏུ་མ་ངེས་ཏེ། བྱེ་སྨྲས་ཀྱང་སྟོན་པ་སངས་རྒྱས་ཀྱིས་དང་པོར་སེམས་བསྐྱེད་ཚུལ་དང་བར་དུ་ཕྱིན་དྲུག་ལ་བསླབས་ཚུལ་གྱི་སྐྱེས་རབས་དུ་མ་དང་མཐར་མཛད་པ་བཅུ་གཉིས་ཀྱིས་འཚང་རྒྱ་ཚུལ་རྒྱས་པར་འདུལ་བའི་ལུང་ལས་འབྱུང་བ་རྣམས་སྒྲ་ཇི་བཞིན་དུ་ཁས་ལེན་པའི་ཕྱིར་རོ། །དེ་བཞིན་དུ་ཐེག་ཆེན་དབུ་སེམས་གཉིས་ཀས་ཐེག་དམན་གྱི་ལམ་དང་གང་ཟག་གི་རྣམ་གཞག་དུ་མ་རང་ལུགས་ལ་ཁས་ལེན་པས་དེ་དག་ཐེག་དམན་པའི་གྲུབ་མཐའ་སྨྲ་བར་ཐལ་བ་ལ་ལན་མེད་དོ། །དེས་ན་སྤྱིར་གང་ཟག་ཐེག་དམན་པ་དང་། གྲུབ་མཐའ་ཐེག་དམན་པ་གཉིས་ལས། དང་པོ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་བརྗོད་བྱ། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་པ་ལྟ་བུ་རྣམས་སྤྱིར་བློ་ལ་ཤོང་ཡང་། ཐེག་ཆེན་གྱི་བསམ་སྦྱོར་ཁྱད་པར་ཅན་རང་རྒྱུད་ལ་སྐྱེད་མི་ནུས་པར་དམན་པའི་མྱང་འདས་ཙམ་དོན་དུ་གཉེར་བ་ཡིན་ལ། ཕྱི་མ་ནི་བྱང་ཆུབ་གསུམ་གའི་ལམ་དང་འབྲས་བུ་ཐུན་མོང་བ་ཁས་ལེན་ཀྱང་། ཆོས་ཀྱི་བདག་མེད་ལ་སོགས་པ་ཐེག་ཆེན་གྱི་གསུང་རབ་ལས་འབྱུང་བའི་བརྗོད་བྱ་ཁྱད་པར་ཅན་མང་པོ་བློར་མ་ཤོང་བས། དེ་རྣམས་སྟོན་བྱེད་ཀྱི་གསུང་རབ་བཀར་ཁས་ལེན་མི་ནུས་པ་ལ་བྱེད་པ་ཡིན་ནོ། །གཉིས་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། དང་པོ་ལ། འདོད་པ་མཐུན་པ་དང་། མི་མཐུན་པའོ། །དང་པོ་ལ། ཐེག་ཆེན་བཀའ་མ་ཡིན་པར་འདོད་ཚུལ་དང་། གཞི་ལམ་འབྲས་བུ་ཐུན་མོང་དུ་འདོད་ཚུལ་ལོ། །དང་པོ་ནི། དོན་སོགས་ནི། ཐེག་ཆེན་གྱི་གསུང་རབ་འཁོར་ལོ་བར་པ་ཆོས་ཀྱི་བདག་མེད་རྒྱས་པར་སྟོན་པ་རྣམས་དང་། ཐ་མ་རང་བཞིན་གསུམ་དང་རྣམ་ཤེས་ཚོགས་བརྒྱད་དང་སྒྲིབ་པ་གཉིས་ལ་སོགས་པ་དང་། རྡུལ་ཕྲན་དང་སྟོང་གསུམ་སྐད་ཅིག་དང་བསྐལ་པ་མི་འགལ་བར་བཤད་པ་ལྟ་བུ་རྣམས་ནི་རྒྱལ་བས་གསུངས་པའི་བཀའ་མ་ཡིན་ནོ་ཞེས་སྤོང་བར་བྱེད་དོ། འདུས་བྱས་མི་རྟག ཟག་བཅས་སྡུག་བསྔལ། ཆོས་ཀུན་བདག་མེད། མྱང་འདས་ཞི་བར་གསུངས་པའི་ཕྱག་རྒྱ་བཞི་དང་འགལ་བའི་ཕྱིར་ཏེ། རིམ་པ་བཞིན་ལོངས་སྐུ་འཇིག་མི་སྲིད་པར་རྟག་ཏུ་བཞུགས་པའི་ཕྱིར་དང་། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཞེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོགས། བྱང་སེམས་བདེ་བར་འགྲོ་བའི་ཕྱིར་དང་། བདག་མེད་མཆོག་གི་བདག་ཐོབ་ནས། །བདག་ཉིད་ཆེན་པོའི་བདག་ཐོབ་འགྱུར། །ཞེས་སོགས་བདག་མཆོག་གྲུབ་པར་འདོད་པའི་ཕྱིར། ཉན་རང་ལྷག་མེད་དུ་ཞུགས་ཚར་བ་པདྨའི་སྦུབས་སུ་སྐྱེ་བ་བླངས་ནས་སླར་ཡང་ལམ་བསྒོམས་ཏེ་འཚང་རྒྱ་དགོས་པས་སོ། །གཞན་ཡང་། རྟོག་གེ་འབར་བར་བཀོད་པ། ཐུན་མོང་གི་འདུལ་བ་ལ་མི་སྣང་། མདོ་སྡེ་ལ་མི་འཇུག ཆོས་ཉིད་དང་འགལ་བའི་སྒོ་ནས་སྡེ་སྣོད་གསུམ་དུ་མ་འདུས་པའི་ཕྱིར་དང་། མུ་སྟེགས་ལ་གྲགས་པའི་ཟས་གཅོད་པ་དང་འཇུག་ངོགས་ཀྱི་ཁྲུས་དང་། སྔགས་བཟླས་པས་སྡིག་པ་འདག་པ་སོགས་ཕྱི་རོལ་པའི་ལམ་བསྟན་པའི་ཕྱིར་དང་། རྒྱང་འཕེན་འདོད་པའི་ལས་འབྲས་མེད་པ་སོགས་ཀྱི་ཆད་ལྟ་བསྟན་པའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་ལས་མེད་པར་བཤད་ལ་དེར་མ་འདུས་པའི་ཕྱིར་དང་། མངོན་སུམ་དང་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་མང་དུ་བཤད་པའི་ཕྱིར་དང་། བདེན་བཞི་མི་རྟག་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་གོ་མི་ཆོད་པར་བཤད་ལ། དེ་ལྟ་ན་དེ་ཁོ་ན་ཉིད་མེད་པར་འགྱུར་བའམ། ཡང་ན་ལྷས་བསྟན་པའི་དེ་ཁོ་ན་ཉིད་དུ་གྲགས་པ། གྲོག་མ་བསད་ནས་གསེར་སྐུད་ལ་རྒྱུས་པ་སོགས་དེ་ཁོ་ན་ཉིད་དུལ་བའི་ཕྱིར་ཞེས་སོགས་སྐྱོན་མཐའ་ཡས་པའི་ཕྱིར། ཞེས་ཟེར་ལ། ཤེས་སྒྲིབ་དང་ཆོས་ཀྱི་བདག་མེད་ཁས་མི་ལེན་པས་སྒྲིབ་སོགས། རྣམ་ཤེས་ཚོགས་བརྒྱད་མི་འདོད་པས་ཀུན་སོགས། སངས་རྒྱས་ལ་ལས་དང་སྡུག་བསྔལ་གྱི་ལྷག་མ་ཡོད་པའི་སྒོ་ནས་སྐྱོན་ཀུན་ཟད་དུ་མི་འདོད་པས་གནས་གྱུར་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཁས་མི་ལེན་པས་དེ་ནས་འབྱུང་བའི་རབ་དགའ་ལ་སོགས་པའི་ས་བཅུ་དང་། འོག་མིན་གྱི་ལོངས་སྐུ་མི་འདོད་པས་སྐུ་གསུམ་དང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་བཞི་ལ་སོགས་པ་མི་འདོད་ཅིང་། ཁས་མི་ལེན་པའོ། །གཉིས་པ་ལ། འདོད་པ་པོའི་གང་ཟག་གི་དབྱེ་བ་དང་། དེས་ཐུན་མོང་དུ་འདོད་ཚུལ་ལོ། །དང་པོ་ནི། སྤྱིར་ཉན་ཐོས་རྩ་བའི་སྡེ་པ་གཅིག་དང་གཉིས་དང་གསུམ་དུའང་བཤད་མོད་ཀྱི་གྲགས་ཆེ་བ་ནི་རྩ་བའི་སྡེ་པ་བཞི་སྟེ། ཐམས་ཅད་ཡོད་པར་སྨྲ་བ་དང་། དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པ་དང་། མང་པོས་བཀུར་བ་རྣམས་སོ། །དེ་དག་ལས་གྱེས་པའི་ཉན་ཐོས་སྡེ་པ་ནི་བཅོ་བརྒྱད་དུ་འདོད་དེ། འདི་ལྟར། སློབ་དཔོན་དུལ་བ་ལྷས། སྡེ་པ་ཐ་དད་བཀླག་པའི་འཁོར་ལོར་སྡོམ་དུ་བསྡུས་པ་ནི། འོད་སྲུངས་ས་སྟོན་ཆོས་སྲུངས་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་བདུན། །ཤར་དང་ནུབ་དང་གངས་རིར་གནས། །འདུས་བྱས་རྟག་པར་སྨྲ་བ་དང་། །འཇིག་རྟེན་འདས་སྨྲ་ཕལ་ཆེན་ལྔ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་གསུམ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམས་གསུམ་ཡིན། །ཞེས་པ་རྣམས་སོ། །དེ་ལ་རྩ་བའི་སྡེ་པ་གཅིག་ཏུ་བཤད་པ་ནི། སློབ་དཔོན་ཤཱཀྱ་འོད་ཀྱིས་ཐམས་ཅད་ཡོད་སྨྲ་ལ་གཞི་ཐམས་ཅད་ཡོད་སྨྲ་ཞེས་བརྗོད་པའི་རྒྱུ་མཚན་དུ། སྐད་རིགས་བཞི་ལས་ལེགས་སྦྱར་གྱི་སྐད་དུ་གསུང་རབ་འདོན་པའི་ཕྱིར་དང་། སྔོན་འདི་གཅིག་པུ་ལས་མེད་པ་ལས་ཕྱིས་གཞན་རྣམས་གྱེས་པར་བཤད་པའོ། །གཉིས་སུ་བཤད་པ་ལ། རྟོག་གེ་འབར་བར་བཤད་ཚུལ་གཉིས་ཏེ། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ། གྲོང་ཁྱེར་མེ་ཏོག་གིས་རྒྱས་པར། དགེ་འདུན་འཁྲུག་ལོང་ལ་བརྟེན་ནས་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་སུ་གྱེས་ལ། དེའི་དང་པོ་ལ་བརྒྱད་དེ། ཕལ་ཆེན་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་ཐོས་པ་དང་། རྟག་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་པ་དང་། ནུབ་ཀྱི་རི་པའོ། །ཕྱི་མ་ལ་བཅུ་སྟེ། གངས་རི་པ་དང་། ཐམས་ཅད་ཡོད་སྨྲ་དང་། གནས་མའི་བུ་པ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟང་འབེབས་དང་། བླ་མ་པའོ། །ཡང་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སོ་བདུན་ན། གྲོང་ཁྱེར་པ་ཊ་ལི་པུ་ཏྲར་རྒྱལ་པོ་དགའ་བོ་དང་བང་ཆེན་གྱི་དུས་སུ་བདུད་སྡིག་ཅན་བཟང་པོ་ཞེས་བྱ་བས་དགེ་སློང་གི་ཆ་བྱད་དུ་སྤྲུལ་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་པས་དགེ་འདུན་བྱེ་སྟེ། རྩ་བའི་སྡེ་པ་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་སུ་གྱེས་ནས། ལོ་དྲུག་ཅུ་རྩ་གསུམ་དུ་མ་བཟླུམས་པར་ལོ་བརྒྱ་ཕྲག་གཉིས་པ་འདས་ནས་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་པ་ན་རིམ་གྱིས་གྱེས་ཏེ། ཕལ་ཆེན་པ་ལ་མ་གཅིག་དང་བུ་གཉིས་ཏེ། ཐ་སྙད་གཅིག་པ་དང་བ་ལང་གནས་པའོ། །བ་ལང་གནས་པ་ལ་མ་གཅིག་དང་བུ་གསུམ་སྟེ། མང་ཐོས་རྟག་སྨྲ། མཆོད་རྟེན་པའོ། །དེ་ལྟར་ན་ཕལ་ཆེན་སྡེ་པ་དྲུག་གོ །གནས་བརྟན་པ་ལ་མ་གཅིག་དང་བུ་གསུམ་སྟེ། གངས་རི་པ་དང་ཐམས་ཅད་ཡོད་སྨྲ་དང་། གནས་མ་བུ་པའོ། །ཐམས་ཅད་ཡོད་སྨྲ་ལ་ཡང་མ་གཅིག་དང་བུ་གཉིས་ཏེ། རྣམ་པར་ཕྱེ་སྟེ་སྨྲ་བ་དང་། བླ་མ་པའོ། །དེའི་དང་པོ་ལ་ཡང་མ་གཅིག་དང་བུ་བཞི་སྟེ། མང་སྟོན་པ་དང་། ཆོས་སྦས་པ་དང་། གོས་དམར་བ་དང་། འོད་སྲུངས་པའོ། །དེ་ལྟར་ཐམས་ཅད་ཡོད་པར་སྨྲ་བ་ལ་ཡང་སྡེ་པ་བདུན་ནོ། །གནས་བརྟན་གནས་མ་བུ་པ་ལ། དང་པོར་རི་ཆེན་པོ་པ་དང་མང་བཀུར་པ་གཉིས་སུ་གྱེས། དང་པོ་ལ་ཆོས་མཆོག་པ་དང་། ལམ་བཟང་པ་གཉིས་སུ་གྱེས། མང་བཀུར་པ་ལ་མ་དང་བུ་གྲོང་ཁྱེར་དྲུག་པ་གཉིས་སུ་གྱེས་པས་གནས་མ་བུ་པ་བཞིའོ། །དེ་ལྟར་ན་གནས་བརྟན་པ་བཅུ་གཉིས་ཏེ་སྡེ་པ་བཅོ་བརྒྱད་དུ་གྱེས་སོ། །རྩ་བའི་སྡེ་པ་གསུམ་དུ་འདོད་ཚུལ་ནི། གཉིས་པོ་དེའི་སྟེང་དུ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་གསུམ་མོ། །འདིའི་ལུགས་ཀྱི་ཕལ་ཆེན་པ་བརྒྱད་དེ། ཕལ་ཆེན་པ་དང་ཤར་རི་པ་དང་ནུབ་རི་པ་དང་རྒྱལ་པོའི་རི་པ་དང་། གངས་རི་པ་དང་མཆོད་རྟེན་པ་དང་དོན་གྲུབ་པ་དང་བ་ལང་གནས་པའོ། །གནས་བརྟན་པ་དྲུག་སྟེ། ཐམས་ཅད་ཡོད་སྨྲ་དང་། མདོ་སྡེ་པ་དང་། སྔར་གྱི་གནས་མ་བུ་པ་བཞིའོ། །རྣམ་པར་ཕྱེ་སྟེ་སྨྲ་བ་བཞི་སྟེ། ས་སྟོན་པ་དང་། འོད་སྲུངས་པ་དང་། ཆོས་སྦས་པ་དང་གོས་དམར་བའོ། །འོ་ན་སྡེ་པ་དེ་དག་གི་མིང་འདིར་བཤད་པ་དང་གཞན་དུ་ཡང་འབྱུང་བ་རྣམས་སོ་སོར་བགྲངས་ན་བཅོ་བརྒྱད་ལས་མང་བར་འབྱུང་བ་རྣམས་ཅི་ཞེ་ན། རྣམ་གྲངས་པ་ཡིན་ཏེ། འདི་ལྟར། འོད་སྲུངས་པ་ལ་ཆར་བཟང་འབེབས། ས་སྟོན་པ་ལ་དཔེ་སྟོན། ཆོས་སྲུངས་པ་ལ་ཆོས་སྦས། མང་ཐོས་པ་ལ་མང་སྟོན། གོས་དམར་བ་ལ་བླ་མ་པའམ་འཕོ་བར་སྨྲ་བ། རྣམ་པར་ཕྱེ་སྟེ་སྨྲ་བ་ལ་རྒྱུར་སྨྲ་བ་དང་མོ་རུན་ཏ་པའོ། །བྱེ་བྲག་གཞན་རྣམས་ལ་རྣམ་གྲངས་མ་མཐོང་ལ། མང་བཀུར་བའི་སྤྱི་མིང་གི་རྣམ་གྲངས་ལ་ཨ་བནྟ་ཀ་པ་དང་ཀུ་རུ་ཀུལླེའི་རི་པ་ཞེས་བཤད་དོ། །རྩ་བའི་སྡེ་པ་བཞིའི་སྒྲ་བཤད་ནི། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་པར་འདོད་དེ་དག །ཅེས་སོགས་དུས་གསུམ་ད་ལྟར་བ་བཞིན་དུ་རྫས་ཡོད་དུ་སྨྲ་བས་དང་། གྱེས་པའི་ཚེ་དགེ་འདུན་ཕལ་ཆེ་བ་ཕྱོགས་གཅིག་ཏུ་གནས་པས་དང་། གནས་བརྟན་འཕགས་པའི་རིགས་ཡིན་པས་དང་། སློབ་དཔོན་སྐྱེ་བོ་མང་པོས་བཀུར་བསྟི་བྱས་པའི་ལུགས་འཛིན་པས་སོ། །གྲུབ་མཐའ་ནི་ཤས་ཆེ་བའི་དབང་དུ་བྱས་ན། རིམ་པ་བཞིན་དུས་གསུམ་རྫས་སུ་ཡོད། འདུས་བྱས་ཐམས་ཅད་སྐད་ཅིག་མ་དང་གང་ཟག་གི་བདག་མེད་དེ། ཆོས་འཁོར་ལམ་དང་མཐོང་ལམ་སྐད་ཅིག་བཅོ་ལྔ་དང་ཆོས་ཕུང་མིང་ཡིན། བསྐལ་པ་གྲངས་མེད་གསུམ་གྱིས་འཚང་རྒྱ། དབང་ཤེས་ལམ་དུ་མི་རུང་། ལྷ་ལ་འདའ་ལམ་སྐྱེ། བར་སྲིད་ཡོད། འདུས་མ་བྱས་གསུམ་དུ་འདོད་པ་རྣམས་དང་། བདག་ཕུང་ཐ་དད། བདེན་པ་ཅིག་ཅར་མཐོང་། དབང་ཤེས་ལམ་དུ་རུང་། ཆོས་འཁོར་ཚིག་ཡིན། ཆོས་མཆོག་ལས་ཀྱང་ཉམས་སྲིད། འཕགས་ལམ་ཉམས་མི་སྲིད། དབང་པོས་ཡུལ་མི་འཛིན། བར་སྲིད་མེད་པ་རྣམས་དང་། སངས་རྒྱས་ལེགས་སྦྱར་མི་གསུང་། བསྐལ་པ་གྲངས་མེད་བཅུ་ཡིན། སུམ་ཅུ་མན་ལས་གང་རུང་གིས་འཚང་རྒྱ། འགོག་སྙོམས་ལ་སེམས་ཡོད། ལོག་ཤེས་དང་མི་ཤེས་པ་མེད་པ་རྣམས་དང་། བརྗོད་དུ་མེད་པའི་བདག་ཡོད། ཤེས་བྱ་ཐམས་ཅད་བརྗོད་དུ་ཡོད་པ་དང་མེད་པ་གཉིས་སུ་སྡུད། འདུས་བྱས་རྒྱུན་བརྟན་པ་རྣམས་འཇིག་བྱེད་དོན་གཞན་གྱིས་འཇིག དབང་ཤེས་ལམ་དུ་མི་རུང་། མཐོང་ལམ་སྐད་ཅིག་བཅུ་གཉིས་ཡིན་པ་སོགས་སོ། །དེ་དག་གི་ནང་ཚན་ལ་ཡང་། དུས་གསུམ་རྫས་ཡོད་དུ་འདོད་ཚུལ་བཞི་ལ་སོགས་པ་ལྟ་བུ་མི་འདྲ་བ་དུ་མ་ཡོད་དེ། རྟོག་གེ་འབར་བར་ང་སྡེ་པ་ཐ་དད་བཀླག་པའི་འཁོར་ལོ་ལ་སོགས་པར་བལྟ་བར་བྱ་ཞིང་། དེ་དག་ལས་ས་སྟོན་པ་དང་འཇིག་རྟེན་ལས་འདས་པར་སྨྲ་བ་གཉིས་རང་གི་འདོད་པ་སོགས་ནི་མདོ་སྡེ་པ་དང་མཐུན་ནོ། །གཞན་ཡང་ཐམས་ཅད་ཡོད་སྨྲ་ནི་གསུང་རབ་ལེགས་པར་སྦྱར་བ་སུམ་ཅུ་རྩ་གསུམ་པའི་ལྷའི་སྐད་དུ་འདོན། མཁན་པོ་རྒྱལ་རིགས་ལས་རབ་ཏུ་བྱུང་ཞིང་བསླབ་པ་ལ་གུས་པའི་མཆོག་སྒྲ་གཅན་འཛིན་ལས་བརྒྱུད། སྣམ་སྦྱར་སྣམ་ཕྲན་དགུ་ཡན་ཉེར་ལྔ་མན་ལ། རྟགས་འཁོར་ལོ་དང་པདྨ། མིང་དཔལ་དང་། བཟང་པོ་དང་། སྙིང་པོའི་མཐའ་ཅན་ཏེ། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་། ཡེ་ཤེས་སྙིང་པོ་དང་། ཤཱཀྱ་ཤྲཱི་ལ་སོགས་པའོ། །ཕལ་ཆེན་པ་ནི། སྐད་པྲ་ཀྲི་ཏ་རང་བཞིན་གྱི་སྐད་དེ། འོད་གསལ་གྱི་ལྷ་དང་མཐུན་པ། འོད་ལྡན་ནས་འབྲིང་དུ་འདོན་པ་ཞེས་བཤད་དེ་ཟུར་ཆག་ཅེས་ཀྱང་གྲགས་སོ། །མཁན་པོ་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་འོད་སྲུངས་ཆེན་པོ། སྣམ་ཕྲན་བདུན་ཡན་ཆད་ཉེར་གསུམ་མན་ཆད། རྟགས་དཔལ་བེའུ། མིང་ཡེ་ཤེས་དང་སྦས་པའི་མཐའ་ཅན་ཏེ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཨ་བྷ་ཡཱ་ཀ་ར་གུབྟ་སོགས་སོ། །གནས་བརྟན་པ་ནི། སྐད་པི་ཤ་ཙི་ཤ་ཟའི་སྐད། མཁན་པོ་སྨྱིག་མ་མཁན་ལས་རབ་ཏུ་བྱུང་བ། མཐའ་འཁོབ་འདུལ་བའི་མཆོག་ཀ་ཏྱཱ་ཡ་ན། སྣམ་ཕྲན་ལྔ་ནས་ཉེར་གཅིག་གི་བར་ལ་རྟགས་དུང་ཡོད་པ། མིང་འབྱུང་གནས་དང་། གོ་ཆ་སྟེ། རིན་ཆེན་འབྱུང་གནས་དང་། དད་བྱེད་གོ་ཆ་སོགས་སོ། །མང་བཀུར་བ་ནི། ཨ་བ། ཤི་ཏ་ཡི་དྭགས་ཀྱི་སྐད། མཁན་པོ་འདྲེག་མཁན་ལས་རབ་ཏུ་བྱུང་བ་འདུལ་པ་འཛིན་པའི་མཆོག་ཉེ་བ་འཁོར། སྣམ་སྦྱར་གནས་བརྟན་པ་དང་མཐུན། མིང་འབངས་དང་སྡེའི་མཐའ་ཅན་ཏེ། དཀོན་མཆོག་འཕངས་དང་། གྲོལ་བའི་སྡེ་དང་། མཆོག་གི་སྡེ་དང་། དུལ་བའི་སྡེ་ལ་སོགས་པའོ། །ཕྱི་མ་གཉིས་ཀྱི་སྐད་ལ། འོད་ལྡན་དུ་རིམ་བཞིན་ཟུར་ཆག་དང་ཐ་མལ་པ་ཞེས་བཤད་དོ། །མིང་ལ་མཁན་པོའི་མིང་གི་མཐའ་ཅན་ཡང་འབྱུང་སྟེ། བོད་ཀྱི་སད་མི་བདུན་ལ། མཁན་ཆེན་བྱང་ཆུབ་སེམས་དཔའི་མཚན་གྱི་མཐའ་རཀྵི་ཏ་ཞེས་སྦྱར་བ་ལྟ་བུའོ། །མིང་བརྗེ་བ་ཡང་ད་ལྟར་གྱི་ཆོ་ག་ལ་ཡིན་གྱི། སྔོན་ཆོག་དང་ཚུར་ཤོག་སོགས་ལ་མེད་དོ། །གཞན་ཡང་སྡེ་པ་སོ་སོ་ལ་བྱིན་ལེན་བྱེད་ཚུལ་དང་ནུབ་ལྷག་གཅོད་ཚུལ་སོགས་བཅས་རྐྱང་གི་འཇོག་མཚམས་མི་མཐུན་པ་ནི་ཡོད་པར་ངེས་ལ། བོད་དག ཕལ་ཆེན་སྡེ་པ་ཆང་འཐུང་བ་ལ་མི་ཚངས་སྤྱོད་ཀྱི་ཚབ་མའི་རྩ་ལྟུང་དུ་བྱེད་དོ་ཞེས་རླུང་ལྟར་དུ་གྲགས་པ་ནི། འདུལ་བ་ལ་མི་མཁས་པའི་གཏམ་འཆོལ་ཡིན་ཏེ། འདོད་པས་བར་དུ་མི་གཅོད་པར་འདོད་པ་ནི་སྡིག་ལྟ་ཆེན་པོ་ཡིན་པས་འདུལ་བར་གཏོགས་པའི་ལྟ་བ་མི་མཐུན་པ་ཡིན་ལ། དེ་ལྟ་ན་སྡེ་པ་ཐ་དད་ཀྱིས་ལས་ཀྱི་ཁ་སྐོང་མི་རུང་བར་འགྱུར་ན། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ། སྡེ་པ་བཞི་ཀའི་དགེ་སློང་བསྙེན་རྫོགས་ཀྱི་ཁ་སྐོང་ལ་འདུ་བར་བཤད་པ་སོགས་དང་འགལ་ལོ། །སྡེ་པ་བཞི་པོ་དེ་དག་ལས་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ནི་མཆོག་ཏུ་གྱུར་ཏེ། ཀུན་གྱི་གཞི་ཡིན་པའི་ཕྱིར་རོ། །འདི་ལ་རིག་པ་ནི། འཇིག་རྟེན་ན་ཡ་རབས་དག་སྒྲའི་མཚན་ཉིད་ལ་བརྩོན་པར་བྱས་ནས་ལེགས་སྦྱར་གྱི་ཐ་སྙད་དུ་བརྗོད་ལ། དེ་ལས་འཇིག་རྟེན་གྱི་ཆོས་ལུགས་བཟང་པོ་རྣམས་འབྱུང་བས་གཞི་དང་འདྲ་བ་བཞིན་དུ། སྡེ་པ་འདིས་ཀྱང་ལེགས་སྦྱར་གྱི་སྐད་དུ་འདོན་པས་ཡ་རབས་དང་མཚུངས་པའི་ཕྱིར་རོ། །ལུང་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་དགྲ་བཅོམ་པ་ལྔ་བརྒྱས་རྒྱལ་པོའི་ཁབ་ཏུ་སྡེ་སྣོད་གསུམ་བསྡུས་ཤིང་། ལོ་བརྒྱ་དང་བཅུ་ན། ཡངས་པ་ཅན་དུ་འཕགས་པ་ཐམས་ཅད་འདོད་ལ་སོགས་པ་ནས་སྒུར་པོ་དང་ཞི་ལྡན་ལ་ཐུག་པ་དགྲ་བཅོམ་པ་བདུན་བརྒྱས། ཧུ་ལུ་ཧུ་ལུ་ལ་སོགས་པའི་རུང་བ་མིན་པའི་གཞི་བཅུ་བསལ་ནས་བསྡུ་བ་གཉིས་པ་མཛད་ཅིང་། དེ་རྗེས་ཆོས་རྒྱལ་མྱ་ངན་མེད་འདས་ནས། ཐ་མལ་པ་དང་ཟུར་ཆག་དང་འབྲིང་དུ་འདོན་པའི་སྐད་ལ་མངོན་པར་ཞེན་པའི་དབང་གིས་ལུང་ཚིག་མི་འདྲ་བ་དང་། དེ་ལ་བརྟེན་ནས་འདོན་ཡང་ཅུང་ཟད་མི་འདྲ་བར་སོང་སྟེ། གྱེས་པ་བཅོ་བརྒྱད་དུ་གྱུར་གྱི་བར་དུ་སྡེ་པ་འདི་གཅིག་པུ་ཡིན་པར་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། ཞེས་མཁས་མཆོག་ཤཱཀྱ་འོད་ཀྱིས་བཤད་དོ། །དེ་ལྟར་ཐ་དད་དུ་གྱེས་པའི་རྩོད་པ་ཅུང་ཟད་ཀྱིས་བསྟན་པ་སྣ་ཚོགས་སུ་གྱུར་པ་ནི། སྟོན་པས་སྔོན་བྲམ་ཟེའི་འཁོར་ཕྱེ་བའི་ལས་ཀྱི་ལྷག་མ་ཡིན་པ་དང་། ཐམས་ཅད་ཀྱང་སངས་རྒྱས་བསྟན་པའི་ནང་དུ་འདུ་བར་ནི། སྔོན་སངས་རྒྱས་འོད་སྲུངས་ཀྱི་སྦྱིན་བདག་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཅུའི་ཐ་མ། མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་ལ་བརྩད་པས་རེ་རེས་ཀྱང་རས་ཡུག་རེ་རེ་ཐོབ་ཅིང་། ཐུན་མོང་གི་རས་ཡུག་གཅིག་པུ་ཡང་ཐུན་མོང་དུ་ལུས་པར་མཐོང་བ། ཤཱཀྱ་ཐུབ་ཀྱི་བསྟན་པ་བཅོ་བརྒྱད་དུ་གྱེས་ཀྱང་རྣམ་གྲོལ་ཐུན་མོང་དུ་ཐོབ་པའི་ལྟས་སུ་ལུང་བསྟན་པའི་ཕྱིར་རོ། །སྡེ་པ་མང་པོ་དེ་དག་ཀྱང་བསྡུ་ན་བདག་སྨྲ་དང་བདག་མེད་སྨྲ་བ་གཉིས་སུ་འདུ་སྟེ། གཞུང་གཞན་དུ་མང་པོས་བཀུར་བའི་ནང་ཚན་དུ་གྲགས་ཤིང་རྟོག་གེ་འབར་བར་གནས་སོགས་ནས་ཀུན་དང་མདོ་སྡེ་པ་ཡང་བདག་མེད་འདོད་པའི་ཕྱིར་མདོ་སྡེ་པའི་མཚན་གཞི་ནི། སྡེ་པའི་ནང་ནས་དཔེ་སྟོན་སྡེ་པ་དང་གང་ཟག་གི་ནང་ནས་ཕྱི་རོལ་དོན་གྲུབ་མཛད་པ་པོ་སློབ་དཔོན་དགེ་འདུན་སྲུངས་དང་། མཛོད་ཀྱི་ཚོར་བ་བདེ་བ་བསྒྲུབ་པའི་ཕྱོགས་སྔར་བྱུང་བ་བཙུན་པ་སོགས་སོ། །གནས་མ་བུ་སོགས་ལྔས་བརྗོད་མེད་ཀྱི་བདག་འདོད་པའི་ཁུངས་ནི། རྟོག་གེ་འབར་བར། དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་བརྒྱད་དང་། ཕྱིས་བསྟན་པའི་གནས་བརྟན་པ་དང་། ཐམས་ཅད་ཡོད་སྨྲ་དང་། མང་སྟོན་པ་དང་། ཆོས་མཆོག་པ་དང་། འོད་སྲུངས་པ་རྣམས་ནི། ཆོས་ཐམས་ཅད་བདག་མེད་པར་སྨྲ་བ་ཡིན་ལ། ལྷག་མ་གནས་མ་བུ་པ་ལ་སོགས་པ་སྡེ་པ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་ལས་དེ་ཉིད་གཞན་དུ་བརྗོད་དུ་མེད་པ། རྣམ་ཤེས་དྲུག་གིས་ཤེས་པར་བྱ་བ། འཁོར་བར་གྱུར་པ་ཡོངས་སུ་གསལ་བར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །ཞེས་སོ། །ལྔ་ནི། གནས་མ་བུ་པ་དང་། བཟང་པོའི་ལམ་པ་དང་། ཀུ་རུ་ཀུལླེ་བ་དང་། ཆོས་སྦས་པ་དང་། བླ་མ་པའམ་འཕོ་བར་སྨྲ་བའོ། །གང་ཟག་དེ་ཕུང་པོ་དང་གཅིག་ཐ་དད་རྟག་མི་རྟག་སོགས་སུ་བརྗོད་དུ་མེད་ཀྱང་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་དེ། འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །ཅེས་སོགས་གསུངས་ཤིང་། གལ་ཏེ་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ཞེས་སོགས་ཀྱིས་རིག་ངོར་བརྗོད་མེད་ཡིན་ན་བདེན་གྲུབ་མ་ཡིན་པར་ཐལ་བ་བུམ་སོགས་ཀྱིས་དཔེས་བསྒྲུབས་པས། རང་སྡེའི་གྲུབ་མཐའ་སྨྲ་བ་དམའ་ཤོས་ཀྱི་མཐར་ཐུག་བདག་སྨྲ་འདིས་ཀྱང་བུམ་སོགས་ཀྱི་ཚོགས་པ་བདེན་གྲུབ་མ་ཡིན་པར་ཁས་བླངས་བཞིན་དུ། སྤྱིར་དངོས་སྨྲ་ཡིན་ན་དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་དང་། ཁྱད་པར་མདོ་སྡེ་པས། དངོས་པོ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་སྨྲའོ་ཞེས་བོད་ན་མང་པོ་མགྲིན་གཅིག་ཏུ་སྨྲ་བ་ནི། གཞུང་ལུགས་རྒྱ་ཆེན་པོ་ལ་མ་སྦྱངས་པར་མ་ཟད། བུམ་པ་དང་བུམ་གཟུགས་གཉིས་བློ་མ་འཁྲུལ་བའི་ངོར་གྲུབ་ཚུལ་ལ་རྟོག་གེ་སྒོ་བསྟུན་གྱི་བློ་ཁ་ཡང་མ་ཕྱོགས་བཞིན་དུ་ལུང་རིག་གི་དབང་ཕྱུག་ཏུ་ཁས་ལེན་པར་ཟད་དོ། །དེས་ན་བདག་སྨྲ་འདིས་གང་ཟག་རྫས་ཡོད་བདེན་གྲུབ་དང་། བུམ་པ་བཏགས་ཡོད་བརྫུན་པར་ཁས་བླངས་པའི་ནང་འགལ་མ་རིག་པ་ནི་གྲུབ་མཐའི་སྐྱོན་ཡིན་ནོ། །གཉིས་པ་ལ། དོགས་པ་ཆུང་བ་སྤྱིར་བཤད། ཆེ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་བྱེ་མདོའི་གྲུབ་མཐའ་སྨྲ་བ་ཀུན་ཀྱང་འོག་གི་མཐུན་ཞེས་པ་རེ་རེ་ཞིང་སྦྱར་ཏེ། ཕུང་པོའི་དབྱེ་བ་ལྔ་དང་སོགས་པ་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་བཅོ་བརྒྱད་དང་། བཅུ་གཉིས་དང་། དེར་ནི་སྒོ་ང་ལས་སྐྱེས་སོགས་སོ། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །ཞེས་སྒོ་ང་དང་མངལ་དང་དྲོད་གཤེར་དང་རྫུས་སྐྱེས་ཏེ་སྐྱེ་གནས་བཞི་དང་། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །ཞེས་ངན་སོང་གསུམ་དང་ལྷ་མི་གཉིས་ཏེ་འགྲོ་བ་ལྔ། ཁམ་དང་རེག་པ་དང་སེམས་པ་དང་རྣམ་པར་ཤེས་པའི་ཟས་ཏེ་ཟས་བཞི་དང་། ཕྱོགས་ཀྱི་ཆ་ཡོད་ན་གཟུགས་ཅན་གྱི་ཆུང་མཐར་མི་འགྱུར་བས་རྡུལ་ཕྲན་ཆུང་མཐའ་ལ་ཕྱོགས་ཆ་མེད་ཅིང་། རྫུན་ཞེས་པའི་ཚིག་ཤུགས་ཀྱིས་འདི་བདེན་གྲུབ་དང་། དེ་མ་བརྩམས་པའི་རགས་པ་དབྱིབས་ལྡན་ཐམས་ཅད་ཕྱོགས་ཀྱི་ཆ་དང་བཅས་ཤིང་། བློས་ཆ་གཞན་བསལ་དུ་རུང་བས་རྫུན་པ་ཀུན་རྫོབ་པ་ཡིན་པ་དང་། སྤྱིར་སེམས་དང་སེམས་བྱུང་གི་མཚན་ཉིད་ཡུལ་གྱི་ངོ་བོ་དང་ཁྱད་པར་ཙམ་འཛིན་པ་དང་། གཟུགས་ཅན་གྱི་འབྱུང་གྱུར་འབྱུང་བ་ལས་དང་། ཤེས་རིག་གི་རྫས་མཚུངས་ལྡན་ལྔས་མཚུངས་སུ་དང་། ལྡན་མིན་གྱི་དངོས་པོ་གནས་སྐབས་ཅན་གྱི་གཟུགས་སེམས་ལས་སྐྱེ་བ་སྟེ་འདུས་བྱས་ཀྱི་སྐྱེ་ཚུལ་དང་། ཡུལ་བླང་དོར་བདེན་པ་བཞིའི་མཚན་གཞི་དང་མཚན་ཉིད་ཀྱི་གཙོ་བོ་དང་། ཡུལ་ཅན་ལ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་སྟེ་ལམ་ལྔ་དང་། གང་ཟག་ཉན་ཐོས་སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ཀྱི་གྲངས་དང་སྤངས་རྟོགས་ཕལ་ཆེར་དང་། རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་དང་། བྱང་སེམས་ཀྱི་དང་པོར་ཐུགས་བསྐྱེད་ཚུལ་དང་། བར་དུ་ཚོགས་བསགས་ཚུལ་ཐ་མར་འཚང་རྒྱ་ཚུལ། དེ་ཡང་སྲིད་པ་ཐ་མ་པ་རྒྱལ་བུ་དོན་གྲུབ་ཀྱི་དུས་སུ་ཡང་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་རྫོགས་ཀྱང་སོ་སྐྱེ་ཚོགས་ལམ་པ་འཆིང་བ་ཀུན་ལྡན་ཡིན་པ་དང་། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཞེས་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཚུལ་དང་། འོག་མིན་དུ་སངས་རྒྱས་པ་སོགས་མི་འདོད་པར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་དཔུང་བྱེ་བ་ཕྲག་སོ་བདུན་བཏུལ་ནས། ཐོ་རངས་སྦྱོར་ལམ་སྟན་གཅིག་པ་ནས་ཟད་མི་སྐྱེ་ཤེས་པའི་བར་གྱི་སྤངས་རྟོགས་ཐམས་ཅད་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ཁོ་ནས་ཐོབ་ཅིང་། དེའི་སྔོན་དུ་རིང་འཕུར་སྐྱེས་དང་ལྷག་སྤྱོད་ལས་འཇིག་རྟེན་པའི་བསམ་གཏན་གྱི་མན་ངག་བླངས་ནས་ཅི་ཡང་མེད་མན་ལས་འདོད་ཆགས་དང་བྲལ་ཟིན་པའི་ཆགས་བྲལ་སྔོན་སོང་གི་སངས་རྒྱས་ཡིན་པ་དང་། དེ་བཞིན་དུ་དགེ་འདུན་ཉི་ཤུའི་སྤངས་རྟོགས་ཀྱི་འཇོག་ཚུལ་དང་སྤངས་རྟོགས་ལས་ཉམས་ཚུལ་ཕྲན་ཚེགས་འགའ་ཞིག་མ་གཏོགས་ཐོབ་ཚུལ་ཕལ་ཆེར་དང་། བསམ་གཏན་བཞི་དང་གཟུགས་མེད་བཞི་དང་ཚད་མེད་བཞི་ལ་སོགས་པའི་ཡོན་ཏན་ཕལ་ཆེར་དང་། སངས་རྒྱས་ཀྱི་ས་ན་སྔོན་གྱི་ལས་ཀྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་དང་ཟག་བཅས་ལས་ཀྱི་ལྷག་མ་མང་པོ་ལ་སོགས་པའི་སྡུག་བསྔལ་གྱི་བདེན་པ་ཡོད་པ་དང་། ཉན་ཐོས་དང་རང་རྒྱལ་དང་རྫོགས་པའི་སངས་རྒྱས་ཀྱི་སྟེ་ལྷག་མེད་ཀྱི་མྱང་འདས་གསུམ་ག གཟུགས་ཞིག་ཚོར་བ་བསིལ་བར་གྱུར། །འདུས་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །དེ་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་བུད་ཤིང་ཟད་པའི་མེ་བཞིན་དུ་རིག་པ་རྒྱུན་ཆད་པ་དང་། གཞིའི་ཤེས་བྱའི་གཙོ་བོ་ཟག་བཅས་སོགས་ཐུན་པར་འདོད་དོ། །འདི་དག་གི་རྒྱུ་མཚན་ནི། མཛོད་ཀྱི་རྩ་བས་ཇི་ལྟར་བཤད་པ་བཞིན་དུ་འགྲེལ་པས་ཀྱང་བསྒྲུབས་ནས་དགག་པ་མ་མཛད་པར་བྱེ་མདོ་ཐུན་མོང་དུ་ཞལ་གྱིས་བཞེས་པས་སོ། །དེ་དག་སོ་སོའི་མཚན་ཉིད་དང་ལུང་གི་ཤེས་བྱེད་ལ་སོགས་པ་མཛོད་ཀྱི་ཊཱི་ཀར་བཤད་ཟིན་ཅིང་། འདིར་བྲིས་ན་ཡི་གེ་མང་བར་འགྱུར་བས་དེར་བསླབ་པར་བྱའོ། །གཉིས་པ་ལ། ཟག་བཅས་ཟག་མེད་དང་། བདེན་གཉིས་འཇོག་ཚུལ་ལོ། །དང་པོ་ལ། ཁ་ཅིག སྡེ་པ་འདི་གཉིས་ཟག་བཅས་ཟག་མེད་ཀྱི་འཇོག་ཚུལ་མི་མཐུན་ཏེ། མཛོད་ནས་བཤད་པ་ནི་བྱེ་སྨྲ་དང་། མངོན་པ་ཀུན་བཏུས་ལས། ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་མ་འབྲེལ་ལ་དེར་བཤད་པ་ནི་མདོ་སྡེ་པའི་ལུགས་ཡིན་པའི་ཕྱིར། དེ་ཡང་མངོན་པ་ཀུན་བཏུས་ཕྱི་དོན་ཁས་ལེན་གྱི་སེམས་ཙམ་པའི་གཞུང་ཡིན་ལ། དོན་སྨྲ་གཉིས་ཀྱི་ནང་ནས་ཀྱང་མདོ་སྡེ་པ་དང་སྒོ་བསྟུན་པ་ཡིན་པའི་ཕྱིར་ཏེ། འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་སོགས་མདོ་སྡེ་པའི་ལུགས་བཤད་པའི་ཕྱིར་རོ་ཞེས་གསུང་མོད་ཀྱི། མི་འཐད་དེ། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ཡང་། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་ཐེག་ཆེན་གྱི་བརྗོད་བྱ་མཐའ་དག་གཙོ་བོར་བཤད་པའི་ཕྱིར་དང་། ཕྱི་དོན་ཚད་གྲུབ་ཁས་ལེན་པའི་སེམས་ཙམ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང་། མདོ་སྡེ་པ་མི་འདོད་པའི་རིག་བྱེད་མིན་པའི་གཟུགས་བཤད་པས་བྱེ་སྨྲའི་གཞུང་དུ་ཡང་ཐལ་བའི་ཕྱིར་དང་། སྤྱིར་གཞུང་དེའི་བརྗོད་བྱ་འགའ་ཞིག་སྡེ་པ་དེ་དང་མཐུན་པ་བྱུང་བས། གཞུང་དེ་ན་བཤད་ཚད་སྡེ་པ་དེའི་ལུགས་སུ་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེས་ན་མངོན་པ་ཀུན་ལས་བཏུས་ནི། བྱམས་ཆོས་བར་པ་གསུམ་པོ་ཇི་བཞིན་དུ། ལེགས་པར་དཔྱད་ན་གཉིས་སྟོང་གི་གཞན་དབང་ལས་གཞན་པའི་བདེན་གྲུབ་ཀྱི་ཆོས་མི་བཞེད་ཀྱང་། མ་བརྟགས་མ་དཔྱད་པའི་འཁྲུལ་ངོར་མདོའི་དངོས་བསྟན་གྱི་རྣམ་གཞག་ཕལ་ཆེར་ཞལ་གྱིས་བཞེས་པ་སེམས་ཙམ་པའི་མཆོག་གྱུར་རྣམ་རྫུན་པའི་གཞུང་དུ་དེའི་ཊཱི་ཀ་ལ་སོགས་པ་མང་པོར་བཞེད་ཟིན་ཏོ། །དེས་ན་ཆགས་བཅས་ཀྱི་བློ་གང་གིས་ཆོས་དེའི་རང་བཞིན་ཤེས་ནས་དེ་ལ་དམིགས་ནས་ཟག་པ་ཉོན་མོངས་རྣམས་དམིགས་པ་དང་མཚུངས་ལྡན་གང་ལུང་གི་སྒོ་ནས་རྒྱས་ཤིང་། གནས་དང་ཐོབ་པར་འགྱུར་བའི་ཆོས་ནི་ཟག་བཅས་ཀྱི་དང་། ཅིག་ཤོས་རྒྱས་པར་མི་འགྱུར་བའི་ཆོས་ནི་ཟག་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ན། མཚན་གཞི་ནི་ལམ་སོགས་སོ། །འདུས་མ་བྱས་ཀྱི་མཚན་གཞི་ལ། མཛོད་དུ། ནམ་མཁའ་དང་བཏགས་འགོག་བཏགས་མིན་གྱི་འགོག་པ་སྟེ་གསུམ་བྱེ་སྨྲའི་ལུགས་དང་། མདོ་སྡེ་པ་དེའི་སྟེང་དུ་དེ་བཞིན་ཉིད་དང་བཞིའོ་ཞེས་བོད་ན་གྲགས་པའང་མི་འཐད་དེ། མངོན་པ་ཀུན་བཏུས་ལ་བརྟེན་ན་ནི་བརྒྱད་ཀྱང་བཤད་ལ། ཁུངས་སུ་མི་རུང་ཞིང་། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང་། ཛེ་ཏཱ་རིའི་གཞུང་རྣམ་འབྱེད་དང་། དུས་འཁོར་དང་། ཞལ་ལུང་སོགས་སུ། མདོ་སྡེ་པའི་སྐབས་སུ། ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་བཞིན་ཏེ། །ཞེས་འདུས་མ་བྱས་ཀྱི་ངོ་བོ་མི་མཐུན་པ་མ་གཏོགས་མཚན་གཞི་ཟུར་པ་མ་བཤད་པའི་ཕྱིར་དང་། བདག་མེད་ཡན་གར་བ་ཤེས་བྱ་ཟུར་པར་འདོད་ན། དེ་རྟོགས་པའི་མངོན་སུམ་གྱིས་དེ་ཡུལ་དུ་བྱེད་དགོས་པ་ལས། བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་བདག་གིས་སྟོང་པའི་ཕུང་པོ་དག་པ་བ་ཡུལ་དུ་བྱེད་པར་བཤད་པའི་ཕྱིར་དང་། མེད་དགག་དངོས་སུ་སྣང་བའི་མངོན་སུམ་འདོད་ན། རང་བཞིན་མ་དམིགས་པའི་རྟགས་ཀྱི་ཕྱོགས་ཆོས་ལ་དངོས་རྟོགས་ཀྱི་མངོན་སུམ་ཁས་ལེན་དགོས་པ་ལས། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཤུགས་རྟོགས་ནན་གྱིས་བསྒྲུབས་པའི་ཕྱིར་རོ། །གཉིས་པ་ལ། རང་ལུགས་གཞག་པ་དང་། གཞན་ལུགས་དགག་པའོ། །དང་པོ་ནི། མཛོད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པ་དང་། རྣམ་འགྲེལ་དུ། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པ་འདི་གཉིས་དོན་གཅིག་སྟེ། ཆོས་གང་ལ་གཞིག་བྱེད་ཀྱིས་གཞིག་པ་དང་། སེལ་བྱེད་ཀྱི་བློས་ཆ་གཞན་བསལ་བས་རང་འཛིན་གྱི་བློ་དོན་མཐུན་མི་འདོར་བ་དང་འདོར་བ་གཉིས་སམ། ཡང་ན་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་པོ་རིམ་བཞིན་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་མཚན་ཉིད་རྣམ་གྲངས་པ་ཡིན་པའི་ཕྱིར་དང་། མཚན་གཞི་ཡང་། མཛོད་བཞིན་དུ། རྣམ་འགྲེལ་གྱི་ལྷ་དབང་བློའི། ཆུ་དང་འོ་མ་ལ་སོགས་པ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་ཡིན་ནམ། གཟུགས་དང་བདེ་བ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་ཡིན། ཞེས་གཙོ་བོ་འགོག་པའི་སྐབས་སུ་གསལ་བར་བཤད་པའི་ཕྱིར་རོ། །དེས་ན་བུམ་པ་དང་ཆུ་དང་གང་ཟག་ལ་སོགས་པ་ཀུན་རྫོབ་རྫུན་པ་བློས་བཏགས་ཀྱི་ཆོས་ཡིན་ལ། དེ་དག་གི་སྟེང་གི་གཟུགས་དྲི་སོགས་གཞན་རིག་མངོན་སུམ་ལ་སྣང་བ་དང་། བདེ་སྡུག་སོགས་རང་རིག་ལ་མྱོང་བྱར་སྣང་བ་རྣམས་དོན་དམ་བདེན་གྲུབ་ཡུལ་རང་ངོས་ནས་གྲུབ་པ་ཡིན་ཞེས་པ་འདི་ནི། མཛོད་འགྲེལ་གྱི་སྐབས་སུ་མང་པོ་དང་། གཞན་ཡང་དབུ་ཚད་ཀྱི་དངོས་སྨྲའི་འདོད་པ་སྟོན་པའི་སྐབས་མང་པོར་བཤད་ཀྱང་། བོད་ཀྱི་རྟོག་གེ་དང་དབུ་མར་རློམ་པ་དག་གིས་མ་གཟིགས་སོ། །ཆུ་དང་བུམ་སོགས་དེ་དག་ཀུན་རྫོབ་པ་ཡིན་པའི་རྒྱུ་མཚན་ནི། དེ་རྣམས་ཀྱིས་སོགས་ཏེ། དོན་དམ་པར་ཡུལ་རང་ངོས་ནས་དོན་བྱེད་ནུས་པ་དེ་ནི་སོགས་ལ་འདོད་དགོས་ན། བུམ་སོགས་དེ་དག་སོགས་ཀྱི་ཕྱིར། དེ་ལྟར་དངོས་པོ་བཞིར་བྱས་ལ་དོན་དམ་པའི་དང་ཀུན་རྫོབ་པའི་དངོས་པོ་གཉིས་ཡོད་པར་ནི། རྣམ་འགྲེལ་མཛད་པས། དོན་དམ་པར་ནི་རྣམ་དཔྱད་ན། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་བྱེད། །ཅེས་གསུངས་ཤིང་། འཇུག་པ་ལས། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་དངོས་སྨྲ་བ་འགོག་པའི་ཚེ། བུམ་པ་རྫུན་པའི་དངོས་པོར་དངོས་སྨྲ་རང་ལ་གྲུབ་པ་དཔེར་བཀོད་པ་གང་ཞིག ཁྱེད་ལྟར་ན་རིག་སྨྲའི་གཙོ་བོ་མདོ་སྡེ་པས་དཔེ་མ་གྲུབ་ཀྱི་ལེན་ཐེབས་པར་འགྱུར་བས། ཟླ་གྲགས་མི་མཁས་པ་ཆེན་པོར་འགྱུར་རོ། །གཉིས་པ་ནི། རྒྱུ་མཚན་དེས་ན་སོགས་ཏེ། མདོ་སྡེ་པ་དེ་བྱེ་སྨྲ་ལས་ཀྱང་གྲུབ་མཐའ་དམན་པར་བྱས་པའི་ཕྱིར་ཏེ། དེ་ལས་ཀྱང་ཆོས་ཀྱི་བདག་རྒྱ་ཆེ་བ་ཞིག་འདོད་པར་ཁས་བླངས་པའི་ཕྱིར་ཏེ། བྱེ་སྨྲས་ཀ་བ་བུམ་པ་ཆུ་དང་འོ་མ་ལྗོན་ཤིང་ཁང་ཁྱིམ་སོགས་ཚོགས་པ་དང་རགས་པའི་ཆོས་དུ་མ་ཞིག་རིག་པས་དཔྱད་མི་བཟོད་པའི་རྫུན་པར་ཁས་བླངས་ལ། མདོ་སྡེ་པས། དེ་དག་རིག་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་ཁས་བླངས་པའི་ཕྱིར་རོ། །དོན་དམ་བདེན་པར་ཁས་བླངས་པས་རིག་པས་དཔྱད་བཟོད་དུ་ཁས་བླངས་པར་མི་འགྱུར་རོ་ཞེ་ན། དབུ་མ་པ་ལ་དེ་ལྟར་ཡིན་ཀྱང་། མདོ་སྡེ་པ་ལ་སྔ་མ་དེ་ལྟར་འགྱུར་ཏེ། དོན་དམ་སོགས་ཀྱི་ཕྱིར་རོ། །འོ་ན་དངོས་པོ་དང་ཀུན་རྫོབ་བདེན་པའི་གཞི་མཐུན་ནི་དེ་ལྟར་བྱས་པས་གྲུབ་པ་བདེན་ཡང་། སྤྱི་མཚན་དང་དངོས་པོའི་གཞི་མཐུན་ནི་མ་གྲུབ་སྟེ། སྤྱི་མཚན་དངོས་མེད་དུ་རིག་པ་བརྒྱད་ལ་སོགས་པས་བསྒྲུབས་པའི་ཕྱིར་དང་། དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་རང་གི་མཚན་ཉིད་འདོད། །ཅེས་དངོས་པོ་ཙམ་ལ་རང་མཚན་གྱིས་ཁྱབ་པར་གསུངས་པས་སོ་ཞེ་ན། མ་ཡིན་ཏེ། དེ་དག་ངར་སྤྱིའི་མཚན་ཉིད་བཤད། །ཅེས་བདེན་གཉིས་ཀྱི་མཚན་གཞི་དེ་ཉིད་རང་སྤྱིའི་མཚན་གཞིར་ཡང་གསལ་བར་གསུངས་ལ། སྤྱི་མཚན་བུམ་པ་ལྟ་བུས་ཀྱང་། མིག་དང་གཟུགས་སོགས་ཀྱིས་རང་འཛིན་མ་འཁྲུལ་བ་སྐྱེད་པ་བཞིན་དུ། དོན་དམ་པར་དོན་བྱེད་མི་ནུས་ཀྱང་ཀུན་རྫོབ་ཙམ་དུ་རང་འཛིན་སྐྱེད་པའི་དོན་བྱེད་ནུས་པར་གསུངས་ཏེ། གལ་ཏེ་ཀུན་ལ་དེ་ཡོད་ན། །སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །བློ་ལ་མ་མཐོང་ཕྱིར་མིན་ཏེ། །མིག་དང་གཟུགས་སོགས་བློ་བཞིན་ནོ། །འདིས་ན་བརྡ་དང་རྩོལ་བ་སོགས། །ནང་གི་ཡན་ལག་རྗེས་འཇུག་ཕྱིར། །བུམ་པ་འདེགས་དང་སྤྱི་དང་ནི། །གྲགས་སོགས་བློ་ནི་བཤད་པ་ཡིན། །ཞེས་སོ། །དེ་དག་ནི་སྤྱི་མཚན་གྱིས་དོན་བྱེད་གཏན་མི་ནུས་པ་དང་། རྟོག་པ་ལ་ཡུལ་དེ་དག་གི་དོན་སྤྱི་ཙམ་ལས་རང་མཚན་མི་སྣང་བར་བསྟན་པ་ཡིན་ནོ་ཞེ་ན། འོ་ན་མིག་དང་གཟུགས་སོགས་དཔེར་འགོད་པ་མི་རིགས་པར་འགྱུར་ཏེ། རི་བོང་རྭ་སོགས་བློ་བཞིན་ནོ། །ཞེས་འགོད་རིགས་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་དང་། འདེགས་འཇོག་སོགས་ཀྱི་ལས་དང་། གྲངས་དང་དུས་ལ་སོགས་པ་དཔེར་བཀོད་པ་ལའང་རྣམ་བཅད་མེད་དེ། བུམ་གཟུགས་འཛིན་པའི་རྟོག་པ་ལའང་དོན་སྤྱི་ཙམ་ལས་མི་སྣང་བའི་ཕྱིར། གཞན་ཡང་མདོ་སྡེ་པ་དེ་ལྡན་སོགས་ནས་འགལ་ཞིང་མི་འཐད་དེ། ལྡན་མིན་འདུ་བྱེད་རང་མཚན་དང་བདེན་གྲུབ་ཏུ་འདོད་པས་སོ། །དེས་ན་སྤྱི་མཚན་དངོས་མེད་དུ་བསྒྲུབས་ཤིང་སྤྱི་དངོས་པོ་བ་བཀག་པ་ནི། དངོས་པོ་དག་པ་བ་ཞེས་ལན་མང་པོར་གསུངས་པས་རང་མཚན་གྱི་དངོས་པོ་ལ་དགོངས་ལ། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་པ་ནི། དོན་དམ་ཞེས་སྦྱར་དགོས་པར་གོང་འོག་བསྒྲིགས་པས་གསལ་ཏེ། སྤྱིར་ཡང་གཞུང་གང་ཡིན་གྱི་གོང་འོག་མཐའ་དག་བསྒྲིབས་ནས་བཤད་དགོས་ཀྱི་རང་རང་གི་ཐད་སོའི་དངོས་བསྟན་སོར་བཞག་ན་ནང་འགལ་མང་དུ་འབྱུང་ངོ་། །འོ་ན། གལ་ཏེ་ཐམས་ཅད་ནུས་མེད་ན། །ཞེས་དོན་དམ་པར་དོན་བྱེད་ནུས་པའི་དངོས་པོ་ཤེས་བྱ་ལ་མི་སྲིད་དོ་ཞེས་དབུ་མ་པས་སྨྲས་པའི་ལན་དུ། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་། ཞེས་ས་མྱུག་སོགས་དོན་དམ་དུ་གྲུབ་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་མཐའ་གཅོད་པའི་ཕྱིར་དུ་དེ་ལྟར་ལན་བཏབ་པ་ན། དབུ་མ་པས། དེ་འདྲ་ཀུན་རྫོབ་ཐ་སྙད་པའི་རྣམ་གཞག་ཡིན་ནོ་ཞེས་སྨྲས་པ་ན། ཅི་སྟེ་དེ་ལྟར་འགྱུར་ཞེས། ཁོ་བོ་ཅག་ཀྱང་མངོན་སུམ་ལ་དངོས་སུ་སྣང་བའི་སྒོ་ནས་མི་འགྲུབ་པའི་བྱ་བྱེད་དང་རྒྱུ་འབྲས་ལ་སོགས་པ་རྒྱུན་ལ་ལྟོས་ནས་བཞག་པའི་ཤེས་བྱ་ཐམས་ཅད་ཀུན་རྫོབ་ཐ་སྙད་པར་འདོད་པས་འདོད་མཐུན་ནོ་ཞེས་དང་། དེ་དག་འཇལ་བའི་ཚད་མ་དཔྱད་ཞུགས་ཐོབ་གསུམ་ཚང་བ་ཐམས་ཅད་ཐ་སྙད་པའི་ཚད་མ་ཁོ་ན་ཡིན་གྱི། དོན་དམ་པའི་ཚད་མ་ནི་རྡུལ་ཕྲན་དང་སྐད་ཅིག་མའི་ཡུལ་ཅན་དང་བློ་ཡང་སྐད་ཅིག་མའི་འཕྲེང་བ་ཁོ་ན་ཡིན་ཏེ། དངོས་པོ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་གནས་ན་ནི་རྟག་དངོས་ཉིད་དུ་འགྱུར་རོ། །ཞེས་རྒྱན་མཁན་པོས་ལན་མང་དུ་གསུངས་ལ། ཡུལ་སྟེངས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐད་ཅིག་མ་ནི། སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་བྱ་བྱེད་དང་སྨྲ་བརྗོད་ཐམས་ཅད་ལས་གྲོལ་བས། དོན་དམ་བདེན་པ་ཐ་སྙད་པའི་ཤེས་བརྗོད་ལས་འདས་པ་ནི་གྲུབ་མཐའ་སྨྲ་བའི་ནང་ཚན་བཞི་ག་མཐུན་ནོ། །དེ་ལྟར་ན་དོན་སྨྲའི་གཙོ་བོ་གཉིས་ཀ་ཡང་། ཡུལ་སྟེངས་ནས་དོན་ལ་གྲུབ་པ་ནི་སྐད་ཅིག་མ་དང་རྡུལ་ཕྲན་ཆ་མེད་ཁོ་ནར་ཟད་མོད་ཀྱི། རྟོག་ངོར་ཚོགས་པ་དང་རྒྱུན་ཏུ་སྣང་བའི་དངོས་པོ་གཅིག་ཏུ་རློམ་པ་ལ་རྒྱུ་འབྲས་དང་བྱ་བྱེད་དང་བླང་དོར་དང་དགག་སྒྲུབ་ཐམས་ཅད་བྱེད་ཅིང་། དེ་དག་ཀྱང་ཀུན་རྫོབ་རྫུན་པའི་དངོས་པོར་ཁས་ལེན་པས། རྟག་དངོས་སྨྲ་བ་རྣམས་ལས་ཁྱད་ཞུགས་པ་གནས་ལུགས་གང་ཟག་གི་བདག་མེད་མཐོང་བས་ཉན་རང་གི་བྱང་ཆུབ་ཐོབ་པར་གཞུང་ལུགས་ཕལ་མོ་ཆེ་ལས་མགྲིན་གཅིག་ཏུ་གསུངས་ཤིང་། གསུང་རབ་ཡོངས་རྫོགས་ལ་བལྟོས་ཏེ་ཐ་སྙད་པའི་གནས་ལུགས་ཁྱད་པར་ཅན་སྨྲ་བ་པོ། བདག་མེད་ལ་དམིགས་པའི་རྣལ་འབྱོར་གྱིས་འཁྲུལ་མེད་དུ་ཉམས་སུ་ལེན་པ་པོ་ཡིན་པས་གུས་པར་བྱའི། བོད་ཀྱི་འདོད་པ་ལྟར་ན་ནི་རྟག་དངོས་སྨྲ་བ་དང་ཁྱད་མེད་དུ་འགྱུར་ཞིང་། ཁྱད་པར་མདོ་སྡེ་པའི་ལུགས་ལ་དངོས་པོ་ཙམ་མཐོང་བས་གནས་ལུགས་སམ་དེ་བཞིན་ཉིད་མཐོང་བར་འགྱུར་ཏེ། གནས་ལུགས་ཀྱི་དོན་དང་དོན་དམ་བདེན་པ་མཚན་ཉིད་གཅིག་ཏུ་མི་འདོད་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་པའི་ཕྱིར་རོ། །གཉིས་པ་མི་མཐུན་པ་བཤད་པ་ལ། གཙོ་ཆེ་བ་སྤྱིར་བཤད། སོ་སོ་བ་བྱེ་བྲག་ཏུ་བཤད། དེའི་ཁུངས་དགོད། གཞན་འཁྲུལ་པར་བསྟན་པའོ། །དང་པོ་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སོགས་ལས་འགྱུར་ཐ་དད་དུ་འབྱུང་ཡང་དོན་གཅིག་པ་ནི། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་དང་། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མེད། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་བཞིན་ཏེ། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་པས་བྱེ་མདོ་གཉིས་ཀྱི་འདོད་ཚུལ་མི་མཐུན་པའི་གཙོ་བོ་བཤད་དེ། ཕྱི་མས་ཀྱང་འདུས་མ་བྱས་གསུམ་པོ་རྟག་པར་འདོད་ཀྱང་མི་རྟག་པ་བཀག་ཙམ་གྱི་མེད་དགག་ཡོངས་གཅོད་དུ་རི་རྭ་དང་འདྲ་བར་ངོ་བོ་མ་གྲུབ་པའི་ཤེས་བྱ་ཙམ་དུ་འདོད་ལ། སྔ་མས་ངོ་བོ་མ་གྲུབ་པའི་ཤེས་བྱ་འཇོག་མ་ཤེས་ནས་ཡོངས་གཅོད་དུ་གྲུབ་པའི་རྫས་སམ་དངོས་པོར་ཁས་ལེན་གྱི། འདུས་མ་བྱས་དངོས་པོར་འདོད་ཅེས་པའང་དོན་བྱེད་ནུས་པའི་འདུས་བྱས་ཀྱི་དངོས་པོར་ནམ་ཡང་མི་འདོད་དེ། འདུས་མ་བྱས་ལ་དེ་དག་མེད། །ཅེས་དེ་ལ་རྒྱུ་དང་འབྲས་བུ་གཉིས་ཀ་མེད་པར་འདོད་པའི་ཕྱིར། འོན་ཀྱང་དེ་ཆོས་གཞན་གྱི་བྱེད་རྒྱུ་དང་བྲལ་འབྲས་སུ་ཁས་ལེན་པ་ནི། དེ་གཉིས་ལ་རྒྱུ་འབྲས་ཀྱིས་མ་ཁྱབ་པའམ། ཁྱབ་པར་འདོད་ན་གྲུབ་མཐའ་ཉིད་ཀྱི་ནང་འགལ་ཡིན་ནོ། །བྱེ་སྨྲའི་ནང་ཚན་ཁ་ཅིག་འདུ་བྱེད་རྒྱུན་བརྟན་པ་རྣམས་སྐད་ཅིག་གིས་མི་འཇིག་པ་དང་། བྱེད་པ་པོའི་གང་ཟག་རྫས་ཡོད་བརྗོད་མེད་འདོད་ཀྱང་། ཁ་ཆེ་བ་རྣམས་སྐད་ཅིག་ཁོ་ནར་འཇིག་པ་དང་བདག་གིས་སྟོང་པར་འདོད་པ་ནི་མདོ་སྡེ་པ་དང་ཐུན་མོང་བའོ། །དབང་ཤེས་རང་ཡུལ་རྣམ་མེད་རྗེན་ཆེར་དུ་འཛིན་པ་དང་། རྣམ་པས་བར་དུ་ཆོད་པར་འཛིན་པ་གཉིས་ཡུལ་འཛིན་ཚུལ་ཆེས་མི་མཐུན་པའོ། །འཛིན་མཁས་དབང་པོ་དང་ཤེས་པ་གཉིས་ཀས་བྱེད་པ་དང་དབང་པོས་མི་བྱེད་པ་ཡང་ངོ་། །གཟུང་བྱ་རགས་པ་ལིང་པོ་གཅིག་ཏུ་སྣང་བ་ནི་གཡག་རྔ་དང་ནེའུ་གསིང་གཞན་དུ་དབང་ཤེས་ཀྱིས་འབྱེད་མ་ནུས་པས་རྟོག་པས་གཅིག་ཏུ་བཟུང་བ་ཡིན་གྱི། བསགས་རྡུལ་ཟླ་བཅས་སོ་སོ་བ་སྣང་བར་འདོད་པ་ནི་ཐུན་མོང་བའོ། །འདུ་བྱེད་བེམ་པོ་ཞེས་པ། གཟུགས་སེམས་ལས་དོན་གཞན་རྫས་ཡོད་དང་། དེ་མེད་པར་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཀྱི་དངོས་པོ་དང་། འདས་མ་འོངས་ཀྱང་ངོ་བོ་ད་ལྟར་བ་ལྟར་ཡོད་པ་དང་། དོན་དང་དེ་ནི་ཟད་ཕྱིར་རོ། །ཞེས་ད་ལྟ་མེད་པ་དང་། ཐོགས་མེད་རིག་བྱེད་མིན་པའི་གཟུགས་ཡོད་མེད་རྣམས་སྔ་ཕྱི་གོ་རིམ་བཞིན་ཏེ། ཚིག་འདི་དག་དུས་འཁོར་རྩ་རྒྱུད་ཡིན་ནོ། །གཉིས་པ་ནི། དོན་སྨྲ་གཉིས་བདེན་གཉིས་མི་མཐུན་པར་འདོད་པ་བཀག་ནས་མཐུན་པ་དེའི་ཕྱིར་དོན་སྨྲ་གཉིས་ཀྱིས་གྲུབ་མཐའ་མི་མཐུན་པའི་ཁྱད་པར་མཛོད་རྩ་འགྲེལ་སོགས་སུ་གསལ་བར་འབྱུང་བ་ན་འདི་དག་སྟེ། མངོན་སོགས་ཏེ། སྔ་མས་འདི་རྣམས་བཅོམ་ལྡན་འདས་ཀྱིས་མདོ་ལས་དངོས་སུ་གསུངས་པ་ཆེད་དུ་བརྗོད་པའི་ཚོམས་བཞིན་དུ་དགྲ་བཅོམ་སོ་སོས་བསྡུས་པ་ཙམ་ཡིན་པས་བཀའ་ཡིན་ཞེས་ཟེར་ལ། ཕྱི་མས་དེ་ལྟར་མ་ཡིན་གྱི། །ཡེ་ཤེས་ལ་འཇུག་ཀ་ཏྱཱའི་བུས། །རབ་ཏུ་བྱེད་པ་དབྱིག་ཤེས་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་གལ་བུས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་བོས་བྱས། །ཞེས་པ་དགྲ་བཅོམ་དེ་དག་སོ་སོས་རང་དབང་དུ་བརྩམས་པའི་བསྟན་བཅོས་ཡིན་ནོ་ཞེས་འདོད་པས་སོ། །ལུང་སོགས་ཆོས་ཀྱི་ཕུང་པོ་ནི་འདུ་བྱེད་ཕུང་པོ་དང་གཟུགས་ཀྱི་ཕུང་པོར་འདོད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་དག་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ཀྱང་། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས། ཚིག་དག་སྒྲ་རང་མཚན་རྣ་བའི་ཡུལ་དང་། མིང་སྤྱི་ལྡན་མིན་འདུ་བྱེད་ཡིད་རྟོག་བཅས་ཀྱི་ཡུལ་ཡིན་པས་སྔ་ཕྱི་ལྡོག་སྟེ་སྦྱོར་རོ། །ཆོས་ཕུང་གི་གྲངས་ནི། འདིར་བརྒྱད་ཁྲི་ཞེས་བཤད་ཀྱང་། མདོ་སྔགས་གཞན་དུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཞེས་པ་ཤ་སྟག་འབྱུང་ཞིང་། ཚད་ཀྱང་། ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ལ་དྲུག་སྟོང་ཡོད་པའི་ཤླཽ་ཀའི་གྲངས་དེ་ཙམ་རིགས་པར་འདོད་པ་དང་། ཕུང་ཁམས་སོགས་ཀྱི་གཏམ་གྱི་སྡེ་ཚན་རྫོགས་པ་རེ་རེ་དང་། འདོད་ཆགས་སོགས་ལ་སྤྱོད་པ་བརྒྱད་ཁྲི་སོགས་ཏེ། སྤྱོད་པ་དེ་འདྲ་རེ་རེའི་གཉེན་པོ་རྫོགས་པར་སྟོན་པ་སྟེ། ཕྱི་མ་འདི་དབྱིག་གཉེན་རང་ལུགས་སུ་གྲགས་པ་རྣམས་ནི་ཐེག་པ་ཐུན་མོང་བ་སྟེ། ཐེག་ཆེན་ཐུན་མོང་མིན་པ་ལྟར་ན་གླང་པོ་ཆེ་རབ་བརྟན་གྱིས་ཐེག་ཚད་ཀྱི་སྣག་ཚས་ཆོས་ཕུང་གཅིག་ལས་འདྲི་བར་མི་ནུས་སོ་ཞེས་བཤད་དོ། །རྩོམ་བྱེད་རྡུལ་ཕྲན་སོགས་ཏེ། འདི་ནི་བོད་ན་གསལ་བར་གྲགས་མོད་ཀྱི། ཁུངས་ནི། ཕྱི་རོལ་དོན་གྲུབ་ལས། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་དག་ནི་འབྱུང་བ་ཡིན། །ཞེས་དང་། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་སྐོར་ཙམ་དུ། །གནས་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་དང་། གནས་བརྟན་བཙུན་པས། རྡུལ་ཕྲ་རབ་རྣམས་མ་འབྱར་བ་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་པ་ཙམ་དུ་ཟད་ལ། རིག་པ་ནི། སྔ་མས་རེག་ན་ཆ་གཅིག་གིས་རེག་གམ་བདག་ཉིད་ཀུན་གྱིས་རེག དང་པོ་ལྟར་ན་རེག་མ་རེག་གི་ཆ་ཐ་དད་བྱུང་བས་ཆ་བཅས་སུ་འགྱུར་བ་དང་། ཕྱི་མ་ལྟར་ན། རྡུལ་ཕྲན་མང་པོ་བསྡོམས་ཀྱང་གཅིག་ལས་མ་བྱུང་བས་རགས་པ་མི་རྩོམ་པར་འགྱུར་བའི་ཕྱིར་མ་རེག་པའི་བར་བཅས་སུ་འདོད་ལ། ཕྱི་མས་དེ་ལྟར་ན་དེ་གཉིས་ཀྱི་བར་དུ་རྡུལ་ཕྲན་གཉིས་པ་ཤོང་ངམ་མི་ཤོང་། མི་ཤོང་ན་རེག་པར་འགྱུར་ཞིང་ཤོང་ན་དེའི་བར་དུ་ཡང་དེ་བཞིན་དུ་འགྱུར་བས་ཐུག་པ་མེད་པའི་ཕྱིར་རེག་ཀྱང་མ་འབྱར་བས་ཆ་བཅས་ཀྱི་སྐྱོན་མེད་དོ་ཞེས་ཟེར་མོད་ཀྱི། རང་རང་གི་བློ་ཚོད་དང་བསྟུན་པའི་རིག་པའི་གནོད་པ་མ་མཐོང་བ་ཉིད་རང་རང་གི་གྲུབ་མཐའི་མཐར་ཐུག་ཡིན་པས། བློ་གོང་མའི་རིག་པས་གནོད་པར་ནི་འོས་པ་ཡིན་ཏེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལུང་དང་རིག་པས་སྒྲུབ་པ་དང་འགོག་ཅིང་མི་སྒྲུབ་པ་སྟེ། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །མདོ་ལས། བསྟན་ཡོད་ཐོགས་བཅས་དང་། བསྟན་མེད་ཐོགས་བཅས་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་གསུངས་པས། དང་པོ་གཟུགས་ཀྱི་སྐྱེ་མཆེད། བར་པ་སྒྲ་སོགས་བཞི་དང་དབང་པོ་གཟུགས་ཅན་ཡིན་པས། གསུམ་པའི་མཚན་གཞི་གཞན་མེད་པས་དང་། གཟུགས་གང་ལ་དམིགས་ན་ཆགས་སོགས་མི་སྐྱེ་བ་ཟག་པ་མེད་པའི་གཟུགས་གསུངས་པ་ཡང་དེ་བཞིན་དང་། རྫས་ལས་བྱུང་བ་དང་མ་བྱུང་བའི་བསོད་ནམས་བདུན་བདུན་མངོན་པར་འཕེལ་བར་གསུངས་ཏེ། དགེ་འདུན་ལ་ཀུན་དགའ་ར་བ་སོགས་ཕུལ་ནས་དེར་དགེ་འདུན་གྱིས་ལོངས་སྤྱོད་མཛད་པའི་ཚེ། སྦྱིན་པ་པོ་དེ་གཉིད་ལོག་པའི་རྒྱུད་ལ་ཡང་བསོད་ནམས་འཕེལ་བ་ལྟ་བུ་དང་། གཞན་བྱེད་དུ་བཅུག་ནས་རང་གིས་མ་བྱས་པའི་སྲོག་གཅོད་ལྟ་བུའི་ལས་ལམ་རྟོགས་པར་གསུངས་པ་དང་། ཆོས་ནི་ཕྱིའི་སྐྱེ་མཆེད་དེ་བསྟན་དུ་མེད་ལ་ཐོགས་པ་མེད་པའོ་ཞེས་གསུངས་ཀྱི། གཟུགས་ཅན་མིན་པའོ་ཞེས་མ་གསུངས་པ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་ཡང་དག་པའི་ངག་སོགས་གསུམ་མཉམ་པར་བཞག་པའི་རྒྱུད་ལ་ཡང་ཡོད་པའི་ཕྱིར་དང་། དགེ་སློང་ཡིད་ཡངས་པ་དང་གཉིད་ལོག་པའི་ཚེ་ཡང་སྡོམ་ལྡན་ཡིན་པའི་ཕྱིར་དང་། སྡོམ་པ་ནི་འཆལ་ཚུལ་གྱི་རྒྱུན་འགོག་པའི་ཆུ་ལོན་ལྟ་བུར་གསུངས་པའི་ཕྱིར་རོ། །ཞེས་པ་བརྒྱད་བྱེ་སྨྲས་བཀོད་ལ། མདོ་སྡེ་པས། དང་པོ་གཉིས་དང་ལྔ་པའི་དོན་ནི། ས་ཕྱོགས་ཀེང་རུས་སུ་གསལ་བར་སྣང་བ་ལྟ་བུ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་གཟུགས་སྣང་ལ་དགོངས་ལ། གསུམ་པ་དང་བཞི་པ་ནི། དགེ་སྡིག་གི་སེམས་པས་བཞག་པའི་སེམས་རྒྱུད་འགྱུར་པའི་རྒྱུན་གྱི་ཁྱད་པར་དང་། གཞན་རྣམས་མི་མཐུན་ཕྱོགས་མི་བྱེད་པའི་དྲན་ཤེས་ཁྱད་པར་ཅན་གྱི་མཐུས་བྱས་པའི་ལུས་སེམས་ཀྱི་ཁྱད་པར་ཡིན་པས་སྒྲུབ་བྱེད་དེ་རྣམས་ཀྱིས་མི་འགྲུབ་ལ། རྒྱུད་འགྱུར་བའི་ཁྱད་པར་དང་། སེམས་པ་དང་དྲན་པས་བཞག་པའི་ལུས་སེམས་ཀྱི་ཁྱད་པར་མངོན་སུམ་གྱིས་མི་འགྲུབ་པས་རྟོགས་དཀའ་ན། རིག་བྱེད་མིན་པའི་གཟུགས་ནི་དེ་བས་ཀྱང་དཀའོ་ཞེས་སྐྱོན་སྤོང་དང་བཅས་ཏེ་འགོག་པར་བྱེད་དོ། །བོད་དག་ཀྱང་མདོ་སྡེ་པ་རིག་པ་བཟང་ངོ་སྙམ་དུ་མཐོ་ཁ་འགྲིམས་ནས་དེའི་རྗེས་སུ་འབྲང་ཞིང་སྡོམ་པ་དང་གཟུགས་ཅན་གྱི་གཞི་མཐུན་གཏན་མི་འདོད་ལ། དབུ་སེམས་ཀྱང་འདི་ལྟར་བཞེད་དོ་ཞེས་མགྲིན་གཅིག་ཏུ་སྨྲ་ཞིང་། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོགས་ཤེས་བྱེད་དུ་འདྲེན་ནོ། །འདི་ནི་མི་འཐད་དེ། མངོན་པ་ཀུན་ལས་བཏུས་དང་། ས་སྡེ་དང་། ཕུང་པོ་ལྔའི་རབ་བྱེད་དང་། དབུ་མ་ཕུང་པོ་ལྔ་པ་སོགས་ལས། རིག་བྱེད་མིན་པའི་གཟུགས་གསལ་བར་གསུངས་པའི་ཕྱིར་དང་། ཁྱད་པར་ཡང་དག་པར་བླངས་པ་ལས་བྱུང་བ་སོ་ཐར་གྱི་སྡོམ་པ་ནི་གཟུགས་ཕུང་གི་ནང་དུ་བསྡུས་པའི་ཕྱིར་དང་། རིག་པ་ཡང་། སོ་ཐར་གཟུགས་ཅན་མ་ཡིན་ན། ལེན་པའི་ཚེ་ལུས་ངག་གི་རིག་བྱེད་ལ་བལྟོས་པ་དང་། སྲུང་བའི་ཚེ་ཡིད་ཀྱི་མི་དགེ་བ་གསུམ་པོ་ངོ་སྐལ་གྱི་སྤང་བྱར་མི་འཇོག་པར་གཟུགས་ཅན་བདུན་ཉིད་ལ་འཇོག་པ་དང་། གཏོང་བའི་ཚེ་ཡང་འཆལ་ཚུལ་གཟུགས་ཅན་ངེས་པར་དགོས་ཤིང་ཁྱད་པར་ལུས་བརྗེས་པས་གཏོང་བ་རྣམས་མི་འཐད་དེ། བྱང་སེམས་དང་གསང་སྔགས་བཞིན་ནོ་ཞེས་པ་ལ་མཁས་མཆོག་དབྱིག་གཉེན་གྱིས་ཀྱང་ལན་མི་འདེབས་ཤིང་། དེ་ཉིད་ཀྱང་གཟུགས་ཅན་དུ་བཞེད་པར་གསལ་ཏེ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་འཆལ་ཚུལ་དང་དེ་སྤོང་བྱེད་རིག་བྱེད་དང་དེ་མ་ཡིན་གཉིས་སོ་ཞེས་གསལ་བར་བྲིས་ནས། དགག་པ་དངོས་དང་སྔར་བཤད་དྲན་ལམ་དུ་འཕེན་པ་ཙམ་ཡང་མ་མཛད་པས་སོ། །དེས་ན་མདོ་སྡེ་པ་ལའང་རིག་མིན་འགོག་པས་མ་ཁྱབ་སྟེ། མདོ་སྡེ་པ་མཁས་ཤེས་ཀྱིས་མི་འགོག་པའི་ཕྱིར། ཞེས་བརྗོད་པར་བྱའོ། །འོན་ཀྱང་སྒྲུབ་བྱེད་རྒྱས་པ་རྣམས་ནི་མི་མཛད་པས་བྱེ་སྨྲ་དང་ཁྱད་ཆེའོ། །དེས་ན། གཟུགས་ཀྱི་མཚན་ཉིད། མིག་ཤེས་ཀྱིས་བལྟ་བྱ་ཞེས་བྲིས་ནས། གཟུགས་ཅན་ལ་རྟེན་ཡོད་ཀྱིས་ཁྱབ་པར་འདོད་པ་དག་གིས་འདིའི་བརྒལ་བརྟག་བྱེད་པ་ནི་བསྟན་པ་ཉམས་པའི་སྐྱོན་ཡིན་ནོ། །ཡང་དབང་པོ་ཡུལ་འཛིན་བཞིན་པ་ནི་རྟེན་མཚུངས་དང་། ད་ལྟ་མི་འཛིན་པ་ནི་དེ་མཚུངས་ཏེ། དང་པོ་རྟེན་མཚུངས་ཀྱི་དབང་པོ་གཟུགས་ཅན་ཚད་མར་འདོད་པ་དང་། ཚད་མ་ལ་ཤེས་རིག་གིས་ཁྱབ་པར་འདོད་པ་དང་། གཟུང་འཛིན་དང་། རྒྱུ་འབྲས་ཕལ་ཆེར་ཀུན་དུས་མཉམ་དུ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་བཞིན། །ཞེས་སོགས་དང་། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་འདོད་པ་དང་། རྒྱུ་ཡི་དངོས་པོ་མ་གཏོགས་པའི། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་དང་། ཕན་འདོགས་གང་ཡིན་སྐྱེད་པ་ཡིན། །ཞེས་རྒྱུ་འབྲས་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱིས་ཁྱབ་ལ། དུས་མཉམ་ལ་མ་གྲུབ་ན་བསྐྱེད་བྱ་མེད་པ་བཞིན་དུ་སྐྱེད་བྱེད་ཀྱང་མེད་ལ། གྲུབ་ན་སྐྱེད་བྱེད་གྲུབ་པ་བཞིན་དུ་བསྐྱེད་བྱ་ཡང་གྲུབ་པས་མི་ནུས་པ་དང་མི་དགོས་པར་འགྱུར་ཞེས་བཀག་ནས་སྐྱེད་བྱེད་འགག་པ་དང་བསྐྱེད་བྱ་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་འདོད་ཅིང་། དུས་ཐ་དད་པ་ཇི་ལྟར་འཛིན། །ཞེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་གཟུང་འཛིན་རྒྱུ་འབྲས་དུས་མཉམ་དུ་མི་འདོད་པར་སྔ་ཕྱིར་འདོད་པས། དོན་འདིས་རིག་སྨྲའི་མཆོག་ཏུ་གྲགས་སོ། །དེ་བཞིན་དུ་ད་ལྟ་དོན་དུ་སྣང་བ་འདི་རྣམ་པས་བར་དུ་ཆོད་ན་དོན་དངོས་སུ་མ་རྟོགས་པར་འགྱུར་བས་ཕྱི་དོན་དངོས་ཡིན་ཞེས་དང་། དེ་འགགས་ཀྱང་དེས་བཞག་པའི་ཤེས་པའི་རྣམ་པ་ཡིན་མོད་ཀྱི། དེ་དང་འདྲ་བ་མྱོང་བས་དེ་མྱོང་བར་གདགས་ཏེ། བུས་པའི་གཟུགས་དངོས་སུ་མི་འཛིན་ཀྱང་དེ་དང་འདྲ་བ་བཟུང་བས། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་དང་། དབུ་མ་རྒྱན་དུ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དང་འདྲ་བ་མྱོང་བས་ན། །དོན་མྱོང་ཞེས་ནི་གདགས་སུ་རུང་། །ཞེས་བཤད་དོ། །འདི་ལ་བོད་སྔ་རབས་པ་དག ཕྱི་དོན་ལྐོག་ན་མོ་ཞེས་ཟེར་ལ། ཕྱི་རབས་པ་དག དེ་ལྟ་ན་བསྐལ་དོན་དང་འདྲ་བར་འགྱུར་བས། ཕྱི་དོན་དངོས་སུ་སྣང་ཞེས་ཟེར་མོད་ཀྱི། བྱེ་སྨྲ་དང་ཁྱད་པར་གང་གིས་འབྱེད་པ་སོམས་ཤིག དེས་ན་བསྟན་པ་རིམ་གྱིས་ཇེ་མཐོར་འགྱུར་བས། སེམས་ཙམ་རྣམ་བདེན་པ་དང་འདི་གཉིས་སྣང་བ་ཤེས་པ་ཡིན་པར་མཚུངས་ཀྱང་། གཏོད་བྱེད་ཕྱི་དོན་ཡོད་མེད་ཀྱིས་འབྱེད་པ་ཡིན་ནོ། །ལྐོག་ན་མོ་དང་དེ་བསྐལ་དོན་དུ་མཐོང་བ་གཉིས་ཀས་མགོ་སྟེ། རང་འཛིན་ལ་རྣམ་པ་གཏད་མ་ཐག་ཏུ་འགགས་ནས་གཏན་མེད་དུ་སོང་བའི་ཕྱིར་རོ། །འོན་ཀྱང་རྣམ་པ་གཏད་པ་ཉིད་ཀྱིས་དངོས་ཡུལ་དུ་སོང་པ་ཡིན་ནོ། །གཞན་ཡང་། སྤྱིར་རིང་ཐུང་སོགས་དང་། ཁྱད་པར་ལུས་ཀྱི་ཐལ་མོ་སྦྱར་བ་ལྟ་བུའི་དབྱིབས་ནི་ཁོག་གི་བཀོད་པ་ལས་དོན་གཞན་པའི་རྫས་ཡོད་དུ་དང་། དེ་ལྟ་ན། གཉིས་བཟུང་འགྱུར་ཏེ་རྡུལ་ལ་མེད། །ཅེས་བཀག་ནས་ཁོག་གི་བཀོད་པ་ལ་བཏགས་པའི་བཏགས་ཡོད་དུ་འདོད་པ་དང་། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །ཞེས་དུས་གསུམ་ཀ་ད་ལྟར་བ་བཞིན་དུ་རྫས་ཡོད་དང་། དེ་བཞིན་དུ། ཡོད་ན་ཅི་ཕྱིར་མ་སྐྱེས་ཕྱིར། །ཞེས་དང་། རང་བཞིན་ཡང་ནི་རྟག་ཏུ་ཡོད། །དངོས་པོ་རྟག་པར་ཡང་མི་འདོད། །རང་བཞིན་ལས་ཀྱང་དངོས་མི་གཞན། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་སོགས་ཀྱིས་དེ་བཀག་ནས། འདས་མ་འོངས་ཀྱི་དུས་བློ་བཏགས་ཀྱི་དངོས་པོ་དང་། དེ་གཉིས་ཀྱི་དུས་ཅན་སོ་སོ་རྣམས་ད་ལྟ་འགགས་ཤིང་མ་སྐྱེས་ན་མེད་པར་འདོད་པས་སོ། །བྱེ་སྨྲའི་སྒྲུབ་བྱེད་ནི། དང་པོ་གཉིས་ལུང་སྟེ། དགེ་སློང་དག་འདས་མ་འོངས་ཀྱི་གཟུགས་ཡོད་དེ། མེད་ན་དེ་གཉིས་ལ་དམིགས་པའི་ཉོན་མོངས་སྤོང་བར་མི་འགྱུར་བ་ལས་སྤོང་བའི་ཕྱིར། ཞེས་དང་། རྣམ་པར་ཤེས་པ་ནི་གཉིས་ལས་སྐྱེ་སྟེ། མིག་དང་གཟུགས་ནས་ཡིད་དང་ཆོས་ལས་སོ། །ཞེས་པའི་ཆོས་ལ་འདས་མ་འོངས་ཀྱང་ཡོད་པའོ། །ཕྱི་མ་གཉིས་རིག་པ་སྟེ། རྣམ་ཤེས་ཡིན་ན་ཡུལ་ཡོད་པས་ཁྱབ་པའི་ཕྱིར་དང་། འདས་པའི་ལས་ལས་ད་ལྟར་འབྲས་བུ་འབྱུང་བས་སོ། །ཞེས་པའོ། །སྤྱིར་ཤེས་བྱ་གཞི་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། གནས་སྐབས་ལྡན་མིན་འདུ་བྱེད་ཀྱི་གཞི། བྲལ་རྫས་འདུས་མ་བྱས་ཀྱི་གཞིའོ། །བྱེ་བྲག་ཏུ། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་དག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །ཞེས་པའི་ལྡན་མིན་འདུ་བྱེད་རྣམས་གང་གི་གནས་སྐབས་ལ་བཞག་པའི་གནས་སྐབས་ཅན་ལས་དོན་གཞན་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པ་དང་། གཟུགས་སེམས་གཉིས་དང་སེམས་བྱུང་ཚོར་འདུ་གཉིས་སམ་སེམས་པ་དང་གསུམ་རྣམས་རྫས་ཡོད་ཡིན་གྱི། གཞན་མཐའ་དག་ཆ་ལ་བཏགས་པའི་གཏགས་ཡོད་ཀྱི་དངོས་པོ་དང་དངོས་མེད་དུ་འདོད་པའོ། །སྔར་བཤད་པ་ལྟར་འདུས་མ་བྱས་སོགས་ཏེ། འགོག་བདེན་དབང་པོ་ལྔའི་ཐོབ་བྱར་དང་། ཆོས་ཐམས་ཅད་ཀྱི་མཆོག་ཏུ་དང་། འཕགས་པའི་བདེན་པར་དང་། བདེན་པ་གསུམ་པར་དང་། བྲལ་བའི་རྫས་སུ་གསུངས་པས་དངོས་པོར་ཡོད་ཅེས་དང་། གཟུགས་དང་ཚོར་བ་བཞིན་དུ་ངོ་བོ་དང་། མིག་སོགས་བཞིན་དུ་ནུས་པ་ཚད་མས་མ་དམིགས་པའི་ཕྱིར་དང་། རྒྱུ་དང་འབྲས་བུ་མེད་པའི་ཕྱིར་དང་། མདོ་ལས་ཀྱང་། བྲལ་བ་དང་ཟད་པ་དང་། ནུབ་པ་དང་། འབྱུང་བ་མེད་པའི་སྒྲས་གསུངས་ལ། བསྟན་བཅོས་རབ་ཏུ་བྱེད་པ་ལས་ཀྱང་། དངོས་པོ་མེད་པའི་ཆོས་རྣམས་གང་ཞེ་ན། འདུས་མ་བྱས་ཀྱི་ཆོས་དག་གོ །ཞེས་བཤད་པ་རྣམས་ཀྱིས་སོ་སོར་སྒྲུབ་ལ། བྱེ་སྨྲས། བསྟན་བཅོས་ཀྱི་འགལ་སྤོང་ནི། དངོས་པོ་ལྔ་སྟེ། ཡོངས་གཅོད་དུ་གྲུབ་པ་རང་བཞིན་གྱི་དང་། དམིགས་རྐྱེན་ཙམ་བྱེད་པ་དམིགས་པའི་དང་། ཐོབ་པ་ལྟ་བུ་ལྡན་པའི་དང་། འདུས་བྱས་མཐའ་དག་རྒྱུའི་དང་། ཁང་ཞིང་ལྟ་བུ་ཡོངས་བཟུང་གི་དངོས་པོ་རྣམས་ལས། བསྟན་བཅོས་ཀྱི་དེ་ནི་བཞི་པ་མ་ཡིན་པ་ལ་དགོངས་ཞེས་ཟེར་རོ། །དེ་བཞིན་དུ་གང་ཟག་གི་བདག་བཀག་ཙམ་གྱི་མེད་དགག་ཡེ་དེ་བཞིན་ཉིད་དུ་འཇོག་མི་ཤེས་པ་གཉིས་དང་། སོར་མོའི་རྩེ་མོར་རང་ལ་རང་མི་རེག་ཅིང་། རལ་གྲིའི་སོ་རང་གིས་རང་མི་གཅོད་པ་བཞིན་དུ། ཤེས་པ་ལ་རང་མྱོང་རང་རིག་མི་འདོད་པ་དང་། ཅི་སྟེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་དང་། རང་ཉིད་གསལ་བ་མྱོང་བ་སྟེ། །འདྲ་བར་སྣང་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །ཞེས་མར་མེས་རང་མི་གསལ་ན་གཞན་ཡང་གསལ་བར་བྱེད་མི་ནུས་པ་བཞིན་དུ། ཤེས་པ་མཐའ་དག་ལ་ཁ་ནང་དུ་བལྟས་པའི་མྱོང་བ་རང་རིག་འདོད་པ་གཉིས་སོ། །རྒྱུ་འབྲས་མཚན་མཚོན་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཀྱི་བྱ་བྱེད་དང་གང་ཟག་གི་རྒྱུད་ལ་སྤངས་རྟོགས་ཐོབ་པ་ལྟ་བུའི་ལྡན་པ་དང་། མེ་དུ་དེ་བྱུང་དང་བྱས་མི་རྟག་བདག་གཅིག་པ་ལྟ་བུའི་འབྲེལ་པ་རྣམས། བྱེད་པ་པོ་དང་། ཐོབ་པ་པོ་དང་། འབྲེལ་པ་ཅན་རྣམས་ལས་རྫས་སམ་དོན་གཞན་རྫས་ཡོད་དང་དེའི་ཆ་ལ་བཏགས་པའི་དོན་གཅིག་བཏགས་ཡོད་དུ་འདོད་པ་དང་། ལུས་ཀྱི་ཤེས་པ་བསམ་གཏན་གྱི་ཡན་ལག་ཏུ་མི་རུང་བ་དང་། རུང་བར་འདོད་དེ། རྫས་སུ་བཅུ་གཅིག་དང་པོ་ནི། །ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །ཞེས་བསམ་གཏན་དང་པོའི་ཡན་ལག་དགའ་བདེ་གཉིས་ལས་དགའ་བ་ནི། ཡིད་ཤེས་འཁོར་གྱི་བདེ་བ་ཡིན་ལ། བདེ་བ་དབང་ཤེས་འཁོར་གྱི་བདེ་བ་ལ་བྱས་ན། དབང་ཤེས་ངོ་བོ་ཉིད་ཀྱི་རྣམ་གཡེང་ཡིན་པས་བསམ་གཏན་གྱི་འཁོར་དུ་འབྱུང་མི་སྲིད་པས། ཤིན་ཏུ་སྦྱངས་པ་ལ་བྱེད་དོ་ཞེས་དང་། དཔེ་སྟོན་སྡེ་པ་ན་རེ། དབང་ཤེས་ཁ་ཕྱིར་བལྟས་ཕལ་པ་རྣམས་དེ་ལྟར་ཡིན་ཀྱང་། འདིར་རླུང་ལས་སུ་རུང་བ་ལ་བརྟེན་པའི་ནང་རེག་ཁྱད་པར་ཅན་ཡུལ་དུ་བྱེད་པའི་ལུས་ཤེས་འཁོར་གྱི་ཚོར་བ་བདེ་བ་ནི་བསམ་གཏན་གྱི་ཡན་ལག་ཏུ་ལེགས་པར་རུང་ངོ་ཞེས་བཤད་པ་དང་། འཕགས་སོགས་ཏེ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལས་ཉམས་པ་ནི་མདོ་སྡེ་པ་ཡང་འདོད་ཅིང་། རྒྱུན་ཞུགས་ལས་ཉམས་པ་ནི་བྱེ་སྨྲ་ཡང་མི་འདོད་མོད་ཀྱི། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་གཙོ་བོར་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་ཡོད་པར། དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པ་ཡོད་དོ་ཞེས་སོགས་ལ་བརྟེན་ནས་སྒྲུབ་པ་དང་། དེ་མཐོང་ཆོས་ལ་བདེར་གནས་ཀྱི་སྙོམས་འཇུག་ཁྱད་པར་ཅན་ལས་ཉམས་པ་ལ་དགོངས་ཀྱི། དགེ་སློང་དག འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་ལེགས་པར་སྤངས་པ་ཡིན་ནོ་ཞེས་གསུངས་པས་འཕགས་ལམ་གྱིས་ཐོབ་པའི་སྤངས་རྟོགས་མཐའ་དག་ཉམས་པ་མི་སྲིད་དོ་ཞེས་སོ། །དེས་ན་དགྲ་བཅོམ་ལ་ཉམས་པའི་ཆོས་ཅན་སོགས་ཀྱི་དབྱེ་བ་བཤད་པ་ཡང་ཡོན་ཏན་ཁྱད་པར་ཅན་གྱི་དབང་དུ་བྱས་ལ། མངོན་པ་ཡེ་ཤེས་ལ་འཇུག་པ་ལས། ཉོན་མོངས་ཀྱི་རྐྱེན་གསུམ་མ་ཚང་ན་ཉོན་མོངས་མི་སྐྱེ་ཞིང་། དགྲ་བཅོམ་གྱིས་ཕྲ་རྒྱས་མ་སྤངས་ན་དགྲ་བཅོམ་དུ་མི་རུང་། སྤངས་ན་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པའི་རིག་པས་བསྒྲུབས་ནས། སོལ་བའི་ཕུང་པོའི་མདོ་ལས། མི་དགེ་བའི་སེམས་མངོན་དུ་འགྱུར་བར་བཤད་པ་དགྲ་བཅོམ་ལ་སྦྱར་བ་ལྟར་སྣང་ཡང་སློབ་པའི་དབང་དུ་བྱས་པར་བསྒྲུབས་སོ། །ལུས་སོགས་ནི་ལུས་ལ་སེམས་ཀྱི་ས་བོན་ཡོད་པར། མདོ་སྡེ་པའི་དབང་དུ་བྱས་ནས་རྣམ་འགྲེལ་སོགས་སུ་བཤད་ལ། བྱེ་སྨྲའི་གཞུང་གང་དུའང་དེ་མི་འབྱུང་ངོ་། །རགས་སོགས་ནི། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུའོ། །དབང་པོ་གཞན་ལྡན་རྫས་བཅུ་འོ། །ཞེས་བུམ་པ་ལྟ་བུའི་ཚོགས་པའམ་རགས་པ་ཡན་ལག་ཅན་གཅིག་ལ། འབྱུང་བ་བཞི་དང་འབྱུང་འགྱུར་གཟུགས་དྲི་རོ་རེག་བཞི་སྟེ་རྡུལ་རྫས་བརྒྱད་འདུས་སུ་ངེས་པར་སྐྱེ་སྟེ། གང་རུང་གཅིག་མ་ཚང་ན་རང་རང་གི་བྱ་བ་བྱེད་མི་ནུས་པའི་ཕྱིར་དང་། ཡོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཏེ། གཟུགས་སོགས་རང་འཛིན་གྱིས་རྟོགས། འབྱུང་བ་བཞི་འཛིན་སྡུད་སྨིན་སྐྱོད་ཀྱི་བྱ་བ་བཞིས་འགྲུབ་པས་སོ། །ལུས་དབང་དང་ལྡན་ན་དེ་དང་དགུ། མིག་དབང་སོགས་དང་ལྡན་པ་ལ་ལུས་དབང་ཡང་ངེས་པར་ཡོད་པས་བཅུ་དང་བཅུ་གཅིག་སོགས་ངེས་པར་ལྡན་ཞིང་། དེ་ཡང་རིགས་མི་མཐུན་རྣམས་གོ་ས་གཅིག་ཏུ་དང་། རིགས་མཐུན་རྣམས་ཐ་དད་དུ་གནས་ཏེ། གཞན་དུ་ན་རགས་པ་རྩོམ་མི་ནུས་པས་སོ་ཞེས་དང་། བྱ་བ་ཙམ་གྱིས་མངོན་གྱུར་མི་འགྲུབ་པས་གང་ལ་གང་དམིགས་པ་དེ་ཡོད་ཀྱིས་མ་དམིགས་པ་དེ་མེད་ཅེས་སོ། །སེམས་བྱུང་སོགས་ནི། གཏི་མུག་མེད་པ་དང་ལྟ་བ་དང་ཤེས་བཞིན་མ་ཡིན་པ་རྣམས་ཤེས་རབ་ལ་བཏགས་ཤིང་། བརྗེད་ངས་དང་རྣམ་གཡེང་དྲན་པ་དང་ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་སེམས་བྱུང་གི་དབྱེ་བར་མི་བགྲང་ངོ་། །དེས་ན་མཛོད་ཀྱི་རྩ་བར་བགྲངས་པའི་སེམས་ཀྱི་དང་དགེ་བའི་ས་མང་བཅུ་བཅུ། ཉོན་མོངས་ཆེན་པོའི་དང་མི་དགེ་བའི་ས་པ་དྲུག་དང་གཉིས། ཉོན་མོངས་ཆུང་ངུའི་ས་པ་བཅུ་སྟེ་སོ་བརྒྱད། དབྱིག་ཤེས་ཀྱིས། སྡོམ་དུ་མཛད་པ། རྟོག་དཔྱོད་འགྱོད་གཉིས་ཁྲོ་ཆགས་དང་། །ང་རྒྱལ་ཐེ་ཚོམ་མ་ངེས་བརྒྱད། །ཅེས་ཞེ་དྲུག་པོ་ཐམས་ཅད་སེམས་ལས་ཀྱང་རྫས་གཞན། ནང་ཕན་ཚུན་ཡང་རྫས་གཞན་གྱི་རྫས་ཡོད་དུ་དང་། བཙུན་པ་དཔེ་ཅན། ཚོར་འདུས་སེམས་པ་གསུམ། རྟོགས་པའི་ལྷ་དེ་གསུམ་གྱི་སྟེང་དུ་རེག་པ་ཡིད་བྱེད་གཉིས་ཏེ་ལྔ་ཁོ་ན་དེ་ལྟར་གྲུབ་ཀྱི། གཞན་ཐམས་ཅད་སེམས་ཀྱི་ཆ་ལ་བཏགས་པའི་བཏགས་ཡོད་རྫས་གཅིག་ཉིད་དང་། བཙུན་པ་དཔལ་ལེན་ནི། མདོ་ལས། གང་ཅི་ཚོར་ཡང་རུང་དེ་ཐམས་ཅད་འདིར་སྡུག་བསྔལ་ལོ་ཞེས་གསུངས་པས། བདེ་བའི་ཚོར་བ་གཞི་མ་གྲུབ་པར་འདོད་པའོ། །རྟེན་འབྲེལ་སོགས་ནི། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །སོགས་དང་། འདི་ནི་གནས་སྐབས་པར་འདོད་དོ། །ཞེས་སྔོན་ཉོན་མོངས་སྐྱེས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ག་ཚོགས་པ་མ་རིག་པ་དང་། དེ་བཞིན་དུ་ལས་གསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ག་འདུ་བྱེད་ཡིན་པ་སོགས་དང་། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཞེས་ལས་འཕེན་པར་བྱེད་པའི་སེམས་བྱུང་ཉོན་མོངས་ཅན་གྱི་མ་རིག་པ་ཉིད་དེའི་མཚན་གཞིར་བྱེད་པ་སོགས་སོ། །བོད་ཁ་ཅིག་འདི་ལ་ལུང་གི་མདོ་སྡེ་པ་དང་། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལས་ཆགས། །ཞེས་འཇིག་ལྟ་ཉིད་མ་རིག་པར་བཞེད་པ་ནི་རིག་པའི་མདོ་སྡེ་པ་ཡིན་ནོ་ཞེས་ཟེར་ཅིང་དེ་བཞིན་དུ། སྟོང་ཉིད་བདུན་ཅུ་པར། །རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །ཞེས་བདེན་འཛིན་ཉིད་མ་རིག་པར་བཞེད་དོ་ཞེས་ཟེར་བ་ནི། མི་འཐད་དེ་ཤིང་རྟའི་མཆོག་དེ་དག་གིས། ལྟ་བ་དང་ལྟ་མིན་གྱི་སེམས་བྱུང་གཅིག་ཏུ་འཛིན་པ་མ་སྲིད་པའི་ཕྱིར་རོ། །དེས་ན་ལྟ་བ་དེ་དག་ཡུལ་གྱི་གནས་ལུགས་ལ་རྨོངས་པའི་ཆ་ནས་མི་བླུན་པོ་ལ་རྨོངས་པ་ཞེས་སྒྲོགས་པ་བཞིན་དུ། མ་རིག་པ་དང་མི་ཤེས་པ་དང་རྨོངས་པ་ཞེས་པའི་སྒྲ་བཤད་དུ་རུང་བ་ལ་དགོངས་ཤིང་། དེ་དག་འཁོར་བའི་རྩ་བར་བཞེད་པ་ནི། ཉོན་མོངས་ཅན་གྱི་སེམས་བྱུང་མ་རིག་པ་དང་གཉེན་པོ་གཅིག་ཅིང་། སྐྱེ་འགག་གཅིག་པ་ལ་དགོངས་སོ། །དེ་ཙམ་གྱིས་འཁོར་བའི་རྩ་བ་མང་པོར་མི་འགྱུར་ཏེ། འཇིག་ལྟའི་གྲོགས་ཀྱི་ཚོར་འདུ་ལ་སོགས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟ་བུའི་བྱེ་མདོ་གཉིས་ཀྱི་ཁྱད་པར་འདི་དག་རྗེ་བཙུན་སྤྱན་སོགས་རྣམས་ཀྱིས་དུས་འཁོར་འགྲེལ་ཆེན་དང་རྟོག་གེ་འབར་བ་དང་། མཛོད་འགྲེལ་དུ་རྒྱས་པར་ཇི་ལྟར་སོགས་བསྟན་པས་ན་ཡིད་ཆེས་པའི་གནས་སུ་གཟུང་བར་བྱ་བ་ཡིན་ནོ། །བཞི་པ་ནི། རྒྱ་བོད་སོགས་ཏེ། བྱེ་བྲག་སྨྲ་བ་ལ་བདག་སྨྲས་ཁྱབ་པ་དང་། རང་སྡེ་ཕྱི་དོན་སྨྲ་བ་གཉིས་ཀྱི་གཞི་ལམ་འབྲས་བུ་དང་། གྲུབ་མཐའི་གསང་མཐའ་དག་སྟོན་པ་ཆོས་མངོན་པའི་མཛོད་ལ་བྱེ་བྲག་སྨྲ་བའི་རྟོག་ཐུམ་ཡིན་པས་བསླབ་པར་མི་བྱའོ། །ཞེས་དང་། སློབ་དཔོན་ཐོགས་མེད་ཀྱི་གཏན་ལ་དབབ་པ་བསྡུ་བ་དང་། ཀུན་ལས་བཏུས་གཉིས་ཀྱི་རིམ་པ་ལྟར་དེ་གཉིས་ཀྱི་གྲུབ་མཐའ་སྟོན་ནོ་ཞེས་པ་དང་། མདོ་སྡེ་པ་ཐེག་ཆེན་པར་སྡུད་པ་དང་དེ་ལ་ལུང་དང་རིག་པ་སྨྲ་བའི་དབྱེ་བ་འབྱེད་པ་སོགས་ནི་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། བྱེ་སྨྲའི་ནང་ཚན་གྱི་འདོད་པ་བརྗོད་མེད་ཀྱི་བདག་ནི་དང་པོར་མདོ་སྡེ་རྒྱན་དུ། གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་དགོས་སོ། །གཅིག་དང་གཞན་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ། །མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང་། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་དམིགས་ཕྱིར་རོ། །ཞེས་དང་། དུས་འཁོར་རྩ་འགྲེལ་དུ་ཡང་བཀག་ལ། འཇུག་པར་ཡང་། གལ་ཏེ་བདག་གང་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་རུང་། །ཞེས་སོགས་ཀྱིས་བཀག་ཅིང་། ཁྱད་པར་མཛོད་འགྲེལ་གྱི་གནས་དགུ་པར་ཡུལ་དྲུག་དང་ཡིད་བཞིན་དུ་མངོན་སུམ་དང་། དབང་པོ་གཟུགས་ཅན་ལྔ་བཞིན་དུ་རྗེས་དཔག་གིས་ཀྱང་མི་འགྲུབ་པའི་ཕྱིར་དང་། བུད་ཤིང་དང་མེའི་དཔེས་བརྗོད་མི་རུང་དུ་ཡང་མི་འགྲུབ་སྟེ། རིག་པས་བརྟགས་ན་དེ་གཉིས་བསྲེག་བྱ་སྲེག་བྱེད་ཡིན་པའི་སྒོ་ནས་རྫས་གཞན་དུ་གྲུབ་པས་དཔེ་མ་གྲུབ་པའི་ཕྱིར་རོ། །ཞེས་སོགས་ལུང་དང་རིག་པ་དུ་མས་བཏགས་ཡོད་དུ་བསྒྲུབས་ཏེ། དེའི་འགྲེལ་བཤད་དུ་ཚིགས་བཅད་ཀྱི་ཚུལ་གྱིས་བརྗོད་བདེ་ཞིང་གོ་སླ་བར་ཁོ་བོས་བཤད་ཟིན་ཏོ། །ཐེག་ཆེན་སོགས་ཏེ། མདོ་སྡེ་རྒྱན་དུ། སྔར་ལུང་མ་བསྟན་ལྷན་ཅིག་འབྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་སོགས་ཤིན་ཏུ་རྒྱས་པ་དང་། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་རིན་ཆེན་འཕྲེང་བ་དང་། ལེགས་ལྡན་གྱིས་རྟག་གེ་འབར་བ་དང་། ཞི་བ་ལྷས་སྤྱོད་འཇུག་ཏུ་ལེགས་པར་བསྒྲུབས་ཏེ། མདོར་ན་གཞུང་ལུགས་འོག་མའི་ནང་དུ་རྒྱས་པར་མ་བྱུང་བས་སྤྱིར་མེད་པར་མི་འགྲུབ་ཅིང་། བསྡུས་པའི་ཚུལ་གྱིས་མ་བྱུང་བ་ཡང་མ་གྲུབ། ཁྱད་པར་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་བ་ཡང་། སྡེ་སྣོད་ཀྱི་བརྗོད་བྱ་སྤྱི་ཙམ་གྱི་ཆ་ནས་ཐེག་དམན་གྱི་སྡེ་སྣོད་གསུམ་ལ་འཇུག་པ་སོགས་ཀྱང་གྲུབ་ཅིང་། ཁྱད་པར་གྱི་ཆ་ནས་ཐེག་ཆེན་རང་གི་ཉིད་ལ་འཇུག་པ་སོགས་དང་། སྤྱིར་ཟབ་རྒྱས་བློར་མ་ཤོང་བ་རྟོག་གེ་ཉིད་ཀྱི་ཤེས་རབ་དང་མོས་པ་དང་བསོད་ནམས་ཞན་པའི་དབང་གིས་ཡིན་པར་གསུངས་སོ། །བྱེ་སྨྲའི་སོགས་ནི། གཙོ་བོར་ཐོབ་པ་ལ་སོགས་པའི་བྱ་བྱེད་ལྡན་འབྲེལ་དོན་གཞན་ཡིན་ན། བྱེད་པོ་དང་འབྲེལ་མེད་དུ་འགྱུར་ཞིང་། འབྲེལ་པ་གཉིས་པ་ཡོད་ན་དེ་ཡང་དོན་གཞན་པས་དེ་ལ་ཡང་འབྲེལ་པ་གཞན་དགོས་པས་ཐུག་མེད་དུ་འགྱུར་བ་སོགས་སོ། །མདོ་སྡེ་པ་དེ་ཡི་སོགས་ཏེ། འབྲེལ་པོ་སོགས་ཀྱི་གནས་སྐབས་ཅན་རྫས་ཡོད་དང་། ཁྱད་པར་རྡུལ་ཕྲན་ཆ་མེད་ནི། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཞེས་སོགས་ཀྱིས་རྒྱ་ཆེར་འགོག་པར་འགྱུར་བས་འདིར་རྒྱས་པར་མི་བརྗོད་དོ། །གྲུབ་མཐའ་ཀུན་ཤེས་ལས་གཟུང་བ་ཕྱི་དོན་བདེན་པར་གྲུབ་པའི་ཆོས་བདག་རིག་པས་དགག་པའི་ལེའུ་གསུམ་པ་རྒྱ་ཆེར་བཤད་པའོ།།  །།

གཉིས་པ་ལ། ཐེག་ཆེན་སྤྱིའི་རྣམ་བཞག་བཤད། ཁྱད་པར་སེམས་ཙམ་གྱི་འདོད་པ་དགོད། དེ་གཞན་དང་སྤྲེལ་ནས་དགག་པའོ། །དང་པོ་ལ། ཐེག་ཆེན་གྱི་རིགས་བསྡུ། ཤིང་རྟ་གཉིས་ཀྱི་བཞེད་ཚུལ་བཤད་པའོ། །དང་པོ་ལ། གཞུང་ལུགས་དང་། གྲུབ་མཐའ་བསྡུ་བའོ། །དང་པོ་ནི། སྤྱིར་ཐེག་པ་ཞེས་པ་ཁལ་དང་ལྡན་པའི་གླང་ཆེན་སོགས་ལ་གྲགས་པ་ལྟར་ཁུར་ཁྱེར་བའི་དོན་ཡིན་ལ། དེ་ཡང་ཆེ་བ་དང་ཆུང་བས་མཆོག་དམན་དུ་བཞག་གོ །དེ་ཡང་འདིས་འགྲོ་བ་ལམ་དང་འདིར་འགྲོ་བ་འབྲས་བུའི་ཐེག་པ་སྟེ། རང་རང་གི་བསམ་སྦྱོར་ཁྱད་པར་ཅན་དང་། འབྲས་བུ་བྱང་ཆུབ་བམ་མྱང་འདས་སོ། །ཆེན་པོར་འཇོག་པ་ནི། མདོ་སྡེ་རྒྱན་དུ། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པས་ན། །ཐེག་ཆེན་ཞེས་ནི་བརྗོད་པ་ཡིན། །ཞེས་ཐེག་ཆེན་གྱི་སྡེ་སྣོད་རྒྱ་ཆེན་པོ་ལ་དམིགས་པ་དང་། རང་གཞན་གཉིས་ཀའི་དོན་སྒྲུབ་པ་དང་། བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་དང་། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དང་། ལུས་ངག་གི་མི་དགེ་བ་བདུན་གནང་བ་ལྟ་བུའི་ཐབས་མཁས་དང་། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་འགྲུབ་པ་དང་། ལྷུན་གྲུབ་རྒྱུན་ལྡན་གྱི་འཕྲིན་ལས་རྣམས་རེ་རེ་ཞིང་ཆེན་པོ་སྦྱར་བས་ཆེན་པོ་བདུན་ནོ། །དབུས་མཐའ་ལས་ནི། བླ་མེད་ཉིད་ནི་སྒྲུབ་པ་དང་། །དམིགས་པ་དང་ནི་ཡང་དག་འགྲུབ། །བསྟན་པ་ཡིན་པར་འདོད་པ་འོ། །ཞེས་གྲུབ་པ་དང་དམིགས་པ་དང་ཡང་དག་པར་འགྲུབ་པ་རྣམས་ལ་བླ་མེད་སྦྱར་བ་གསུམ་སྟེ། དང་པོ་ལ་རྒྱ་ཆེ་བ་ལ་སོགས་པའི་དམ་པ་བཅུ་གཉིས་ཕར་ཕྱིན་བཅུ་ལྡན་དང་། ཐོས་བསམ་སྒོམ་པའི་ཡིད་བྱེད་གསུམ་ཆོས་སྤྱོད་བཅུ་ལྡན་དང་། རྣམ་གཡེང་དྲུག་སྤངས་མི་གཡེང་བ་དང་། ཕྱིན་ཅི་ལོག་བཅུ་སྤངས་པའི་ཕྱིན་ཅི་མ་ལོག་གཉིས་རིམ་བཞིན་ཞི་ལྷག་གི་རྗེས་སུ་མཐུན་པ་དང་། རྟག་ཆད་ལ་སོགས་པའི་མཐའ་སྤངས་པ་དང་། ས་བཅུའི་ཁྱད་པར་ཅན་དང་ཁྱད་མེད་དེ་ཡོན་ཏན་སོ་སོ་དང་ཐུན་མོང་བ་སྟེ། དམ་པ། ཡིད་བྱེད། རྗེས་མཐུན་ཆོས། མཐའ་སྤངས། ཁྱད་པར་ཅན་དང་། ཁྱད་མེད་དེ་སྒྲུབ་པ་དྲུག་དང་། གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་བཞག་པ་དང་། བདག་མེད་གཉིས་ཀྱི་དབྱིངས་ལ་དམིགས་པ་སོགས་དམིགས་པ་བཅུ་གཉིས་དང་། རིགས་དང་ཆོས་ལ་མོས་པ་སོགས་བཅུ་པོ་ལ། མ་ཚང་མེད་དང་མི་སྤོང་དང་། །སོགས་ཀྱིས་མིང་བཏགས་པའི་ཡང་དག་འགྲུབ་པ་བཅུ་ལྡན་ཏེ། ཐེག་དམན་ལ་གཏན་མེད་པའི་ཁྱད་ཆོས་སོ། །དེ་བཞིན་དུ་ཐེག་བསྡུས་སུ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་སོགས། །ཐེག་ཆེན་གྱི་ཁྱད་ཆོས་བཅུ་གསུངས་པ་དང་། མདོ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ཡང་། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་སོགས་དང་། རྒྱུད་སྡེ་ལས་ཀྱང་མང་དུ་གསུངས་ཏེ་ཡི་གེ་མངས་པར་འགྱུར་བས་བཞག་གོ །དེ་ལྟ་བུའི་ཐེག་པ་ཆེན་པོ་ནི། རྗོད་བྱེད་གཞུང་ལུགས་གཙོ་བོར་བྱས་ན། མདོ་སྡེའི་ཕྱོགས་དང་སྔགས་ཀྱི་ཕྱོགས་གཉིས་ཀྱིས་བསྡུས་ཏེ། མདོ་སྡེའི་འཁོར་ལོ་བར་མཐའ་གཉིས་ཀ་དང་། སྔགས་རྒྱུད་སྡེ་བཞི་ག་ཉན་ཐོས་སྡེ་གཉིས་ཀྱི་རིགས་ཅན་བཀར་མི་འདོད་པས། མདོ་སྔགས་གཉིས་ཀ་ལ་ཐེག་ཆེན་བཀའ་སྒྲུབ་རྒྱ་ཆེར་མཛད་པའི་ཕྱིར་རོ། །མདོ་སྔགས་ཀྱི་ཁྱད་པར་སོགས་ནི་གཞན་དུ་བཤད་ཟིན་ཏོ། །གཉིས་པ་ལ། དམ་བཅའ་བཞག སྒྲུབ་བྱེད་དགོད། རྩོད་པ་སྤང་བའོ། །དང་པོ་ནི། མདོ་སྔགས་གཉིས་ཀའང་གྲུབ་མཐའ་སྨྲ་བ་པོ་དབུ་སེམས་སོགས་ཏེ། མཁས་པ་ཆེན་པོ་ཤཱནྟི་པ་དང་། དྲི་མེད་སྦས་པ་དང་། ཤེར་འབྱུང་སྦས་པ་ལ་སོགས་པ་འཕགས་ཡུལ་གྱི་རྡོ་རྗེ་སློབ་དཔོན་ཚད་ལྡན་དུ་མ་སེམས་ཙམ་པ་ཡིན་པའི་ཕྱིར་དང་། ཀླུ་སྒྲུབ་ཡབ་སྲས་དང་། ཡེ་ཤེས་ཞབས་དང་། དེའི་རྗེས་འབྲང་ཕལ་ཆེར་དབུ་མ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་། གྲུབ་མཐའ་སྨྲ་བ་པོ་དབུ་སེམས་གཉིས་ཀ་ཐེག་ཆེན་པ་ཡིན་ཏེ། ཐུབ་བསྟན་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་སུ་ངེས་པའི་ཕྱིར། རྒྱུ་མཚན་ཅིའི་ཕྱིར་ན། རྣམ་རིག་ཙམ་གྱི་ཚུལ་དང་ངོ་བོ་ཉིད་མེད་ཀྱི་ཚུལ་གཉིས་སུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན་དྲུག་གི་གཙོ་བོ་ཐོགས་མེད་ཀྱིས་རྒྱལ་ཚབ་བྱམས་པ་ལ་བརྟེན་ནས་དགོངས་པ་ངེས་འགྲེལ་གྱི་མདོ་དང་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་འཇམ་དབྱངས་ལ་བརྟེན་ནས་བློ་གྲོས་མི་ཟད་པའི་མདོ་བཞིན་དུ་རང་བཞིན་གསུམ་གཏན་ལ་ཕབ་པའི་སྒོ་ནས་བཀའ་ཐ་མ་ངེས་དོན་དང་། བདེན་པ་གཉིས་གཏན་ལ་ཕབ་པའི་སྒོ་ནས་བཀའ་བར་པ་ངེས་དོན་དུ་ལེགས་པར་བཀྲལ་སོགས་ཀྱི་ཕྱིར་རོ། །གསུམ་པ་ནི། འོ་ན་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་འགྲེལ་པ་ཀླུ་སྒྲུབ་ཀྱི་རིག་ཚོགས། སྦས་དོན་མངོན་རྟོགས་སྟོན་པ་བྱམས་པའི་མངོན་རྟོགས་རྒྱན། གཙོ་བོའི་དོན་སོ་གཉིས་སུ་བསྡུ་བ་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྡུ་བ་དཔའ་བོའི་འབུམ་ཊཱིཀ་སྟེ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཤེར་སོགས་ནི་མ་ཡིན་ཏེ། བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་དེ་ཁོ་ན་ཉིད་མཆོག་ཏུ་གྱུར་པའི་སྲོལ་སྔར་མ་ཕྱེ་བ་གསལ་བར་ཕྱེ་བ་ལ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་གང་ཞིག སྒོ་གསུམ་རྣམ་གྲངས་བཅུ་གཅིག་སོགས་ལྟ་ཞོག ཡུམ་དོན་དངོས་བརྒྱད་དུ་ཕྱེ་བས་ཀྱང་དོན་དེ་མི་འགྲུབ་པའི་ཕྱིར། གཉིས་པ་ལ། མཐུན་པ་དང་། མི་མཐུན་པའོ། །དང་པོ་ནི། སྡེ་གཉིས་ཐེག་དམན་པ་དང་དབུ་སེམས་ཐེག་ཆེན་པ་ཡིན་པ་དེའི་ཕྱིར་སོགས་ཏེ། གཞིའི་གཙོ་བོ་བདག་གཉིས་ཀྱིས་སྟོང་པའི་འགྱུར་མེད་ཡོངས་གྲུབ་བམ་བདེ་གཤེགས་སྙིང་པོ་དང་། ལམ་གྱི་གཙོ་བོ་བསམ་པ་སེམས་སྐྱེད་དང་སྦྱོར་བ་ཕྱིན་དྲུག་དང་ས་བཅུའི་སྤངས་རྟོགས་དང་། འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་ལ་སོགས་པ། ཀླུ་སྒྲུབ་ཀྱི་མདོ་བཏུས་དང་རིན་ཆེན་འཕྲེང་བ་དང་བསྟོད་ཚོགས་གཏམ་ཚོགས་ནས་འབྱུང་བ་དང་། ཐོགས་མེད་ཀྱི་གཞུང་ལས་འབྱུང་བ་རྣམས་ལ་མི་མཐུན་པ་ཆེར་མེད་པའི་ཕྱིར་རོ། །གཉིས་པ་ནི། ཕལ་ཆེར་ཞེས་པ་ཅི་ཞེ་ན། མི་མཐུན་པའང་ཡོད་དེ། འདི་ལ། ཕལ་བ་དང་། གཙོ་བོ་གཉིས་ལས། དང་པོ་ནི། གཞན་དབང་དང་། ཡོངས་གྲུབ་བདེན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྔ་མ་ཐོགས་མེད་ཀྱིས་བྱང་སའི་དེ་ཁོ་ན་ཉིད་ཀྱི་ལེའུར་རྒྱ་ཆེར་བསྒྲུབས་པ་དྲང་ངེས་རྣམ་འབྱེད་ན་གསལ་ལོ། །ཕྱི་མ་ཀླུ་སྒྲུབ་ཞབས་ཀྱིས་དེ་ཡང་སྤྱིར། རང་བཞིན་དག་ནི་བཅོས་མིན་དང་། །རྐྱེན་ལ་བལྟོས་པ་མེད་པ་ཡིན། །ཞེས་སོགས་དང་། ཁྱད་པར། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་གོ །ཞེས་སོགས་རིག་པའི་ཚུལ་དུ་མས་བཀག་གོ །དེ་བཞིན་དུ་ཀླུ་སྒྲུབ་འདི་འཛིན་རྣམ་ཁྱད་པར་གསུམ་ལྡན་གྱི་རང་རིག་ནི་དོན་དམ་དུ་ལྟ་ཞོག་ཐ་སྙད་ཙམ་དུའང་མི་བཞེད་དེ། རྩོད་ཟློག་ཏུ་རྒྱས་པར་བཀག་པ་བཞིན་དུ། རྗེས་འབྲང་གི་གཙོ་བོ་ཟླ་གྲགས་དང་ཞི་བ་ལྷས་ཀྱང་བཀག་པས་སོ། །རང་རིག་དེ་བཞིན་དུ་མཚན་སོགས་ནི། མཐོང་སྟེ། དེ་ལས། ཇི་ལྟར་ཁབ་ལེན་གྱིས་དྲངས་པའི། །ལྕགས་ནི་མྱུར་དུ་ཡོངས་སུ་གཡོ། །དེ་ལ་སེམས་ནི་ཡོད་མིན་ཡང་། །སེམས་དང་བཅས་པ་ལྟ་བུར་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །རྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །ཞེས་གསུངས་པའི་ཕྱིར་རོ། །དེ་སེམས་ཙམ་གྱི་འདོད་པ་བཀོད་པ་ཡིན་ནོ་ཞེ་ན་ཡང་། མ་ཡིན་ཏེ། འདིར་ཀུན་གཞི་རྫུན་པར་བཤད་པའི་ཕྱིར་དང་། གཉིས་སྟོང་གི་ཤེས་པ་བདེན་གྲུབ་རྒྱ་ཆེར་བཀག་གི འདི་དང་མཚན་ཉིད་གསུམ་ལ་དགག་པ་མ་མཛད་པའི་ཕྱིར་རོ། །དཔལ་ལྡན་ཟླ་བས། སྟོང་ཉིད་ལ་ཀུན་གཞིའི་སྒྲ་སྦྱོར་བར་མཛད་ཅེས་པ་ཙམ་གསུངས་ཀྱང་། གཞན་དབང་བདེན་གྲུབ་དང་རང་རིག་ནན་གྱིས་བཀག་པ་ལྟ་བུའི་དགག་པ་རྩ་འགྲེལ་གང་དུའང་མ་མཛད་དོ། །འོན་ཀྱང་ངོ་བོ་ལ་ལུང་མ་བསྟན་དང་ཚོགས་དྲུག་ལས་རྫས་གཞན་རྫས་ཡོད་ནི་ཐ་སྙད་དུའང་མི་བཞེད་པར་གསལ་ལོ། །ཚུལ་སོགས་ཡོད་དེ། ཀླུ་སྒྲུབ་ཀྱི་རྗེས་འབྲང་ལེགས་ལྡན་དང་ཡེ་ཤེས་སྙིང་པོ་མི་བཞེད་ལ། ཞི་འཚོ་དང་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་བཞེད་པའི་ཕྱིར་དང་། ཐོགས་མེད་ཀྱི་རྗེས་འབྲང་ཕྱོགས་གླང་ཡབ་སྲས་རང་རིག་བཞེད་ཀྱང་ཀུན་གཞི་མི་བཞེད་པར་གྲགས་ལ། ཤཱནྟི་པ་སོགས་གཉིས་ཀ་བཞེད་པའི་ཕྱིར་རོ། །གཉིས་པ་ནི། ཐེག་ཆེན་སོགས་ནི། གཞི་སོགས་རྣམས་སྟོན་པའི་མདོ་ཚིག་དྲང་དོན་ཉིད་དུ་བཞེད་པས་ན་བཀའ་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དྲང་དོན་དགོངས་པ་ཅན་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ངེས་དོན་མཚན་ཉིད་པར་བཞེད་པ་ནི་ཐོགས་མེད་ལུགས་དང་། མདོ་ཚིག་དེ་རྣམས་ངེས་སོགས་ན། བཀའ་འཁོར་ལོ་བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་བཞེད་པ་ནི་ཀླུ་སྒྲུབ་ལུགས་ཏེ་དེ་གཉིས་ཀྱི་ཁྱད་པར་གཙོ་བོ་དེ་ཡིན་ནོ། །དེ་ཡང་གཞི་ལ་ངོ་བོ་མེད་སོགས་གསུངས་པའི་དགོངས་གཞི་ནི། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དུ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །སྔ་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །མ་སྐྱེས་མ་འགགས་བཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ཅེས་མདོ་སྡེ་རྒྱན་དུ་གསུངས་ཏེ། ཤེར་ཕྱིན་གྱི་མདོ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལ་དགོངས་གཞི་རྣམ་པ་བཞི་སྟེ། དུས་གསུམ་ལས་མ་འོངས་པ་མ་སྐྱེས་པས་རང་མེད། འདས་པ་འགགས་པས་རང་གི་བདག་ཉིད་དུ་གནས་པ་མེད། ད་ལྟར་བ་སྐད་ཅིག་མ་ཉིད་ཡིན་པས་རང་གི་ངོ་བོ་ལ་དུས་གཉིས་པར་མི་གནས་པའི་ཕྱིར་དང་། ཆོས་ཐམས་ཅད་བྱིས་པས་གཙང་བདེ་རྟག་བདག་ཏུ་ཇི་ལྟར་འཛིན་པ་བཞིན་དུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་ལ། དེ་དང་མ་སྐྱེས་མ་འགགས་སོགས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་ཡིན་པས། ངོ་བོ་ཉིད་མེད་པས་ན་མ་སྐྱེས། མ་སྐྱེས་པས་ན་མ་འགགས་སོགས་སོ། །ལམ་སྐྱེ་མེད་ཀྱི་ཆོས་ལ་བཟོད་པར་གསུངས་པ་ལ་ཡང་དགོངས་གཞི་བརྒྱད་དེ། འཁོར་བ་ལ་ཐོག་མའི་དང་། སྔར་སྐྱེས་ལ་དེ་ཉིད་བསྐྱར་མའི་དང་། སྐྱེ་འགྱུར་ལ་སྔར་སྐྱེས་དང་མི་འདྲ་བའི་རྣམ་པ་གཞན་ཉིད་ཀྱི་དང་། ཀུན་བརྟགས་བདེན་པར་མེད་པས་རང་གི་མཚན་ཉིད་ཀྱི་དང་། གཞན་དབང་རྐྱེན་ལ་ལྟོས་པས་རང་ཉིད་ཀྱི་དང་། ཡོངས་གྲུབ་འདུས་མ་བྱས་པས་གཞན་འགྱུར་གྱི་དང་། སྤངས་པ་མི་ཟློག་པས་དེ་ལ་སླར་ཀུན་ནས་ཉོན་མོངས་ཀྱི་དང་། སངས་རྒྱས་སྤངས་རྟོགས་མཐར་ཐུག་པས་དེ་ལ་སླར་ཁྱད་པར་དུ་འགྲོ་བའི་སྐྱེ་བ་རྣམས་མེད་པར་སྐྱེ་མེད་ཀྱི་ཆོས་ལ་བཟོད་པའོ། །འབྲས་བུ་མཐར་ཐུག་ཐེག་པ་གཅིག་ཏུ་གསུངས་པ་ལ་ཡང་དགོངས་གཞི་བདུན་ཏེ། ཤེས་བྱའི་ཆོས་བདག་མེད་དུ་མཚུངས་པ་དང་། སྒྲུབ་བྱེད་ཀྱི་ལམ་བདག་མེད་ཀྱི་རྣམ་ལྡན་དུ་མཚུངས་པ་དང་། བསྒྲུབས་པའི་རྣམ་གྲོལ་བྲལ་འབྲས་སུ་མཚུངས་པའི་ཕྱིར་དང་། རིགས་ངེས་མ་ངེས་ཐ་དད་ཀྱི་སྒོ་ནས་མ་ངེས་པའི་ཉན་ཐོས་སློབ་པ་རྣམས་ཐེག་ཆེན་དུ་འཇུག་པ་དང་། སངས་རྒྱས་ཀྱིས་སེམས་ཅན་ལ་བདེར་གཤེགས་སྙིང་པོ་གཟིགས་པས་བདག་ཉིད་ཀྱི་དགོངས་པ་རྙེད་ལ། ཉན་ཐོས་སྔོན་ཐེག་ཆེན་ལ་བསླབས་པ་ལ་བདག་ཉིད་སངས་རྒྱས་སོ་སྙམ་པའི་བསམ་པ་སྟེ་གང་ཟག་གཉིས་ལ་བསམ་པ་གཅིག་ཐོབ་པའི་ཕྱིར་དང་། དེ་བཞིན་གཤེགས་པས་སྤྲུལ་ནས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ཚུལ་སྟོན་པ་དང་། ཐེག་ཆེན་དེ་ཐེག་པའི་མཐར་ཐུག་ཡིན་པའི་ཕྱིར་རོ། །འདི་ལ་ནི་དགོས་པ་ཡང་ཡོད་དེ། ཉན་ཐོས་རིགས་མ་ངེས་པ་ཐེག་ཆེན་དུ་དྲང་བ་དང་། བྱང་སེམས་རིགས་མ་ངེས་པ་ཐེག་ཆེན་ཉིད་དུ་གཟུང་པའི་ཕྱིར་རོ། །དེ་དག་གི་གཞུང་ནི། ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང་། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ནས་ཉོན་མོངས་པ་དང་ཁྱད་པར་ལས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད། །ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་དག་ཀུན་ཏུ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཅེས་སོ། །གཉིས་པ་ལ། སྐུ་མཆེད་གཉིས་ཀྱི་ཆོས་བདག་འགོག་ཚུལ་རྗེས་འབྲང་རྣམས་བདེན་རྫུན་གྱི་ཁྱད་པར། མཚན་ཉིད་གསུམ་དང་བདེན་གཉིས་འཇོག་ཚུལ་ལོ། །དང་པོ་ལ། མདོར་བསྟན། སོ་སོར་བཤད། མདོ་དང་སྦྱར། ཞར་བྱུང་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གཙུག་རྒྱན་མན་གཙོ་བོ་ནི་སྐུ་མཆེད་གཉིས་ཡིན་ཏེ། རྒྱ་གར་དུ་ཆོས་མངོན་པ་ལ་གནོད་པ་ལན་གསུམ་བྱུང་བས་ནུབ་པ་ན་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱིས་བུ་བསྐྱེད་ནས་བསྟན་པ་འཛིན་དུ་འཇུག་པར་འདོད་དེ། རྒྱལ་རིགས་གཅིག་དང་འདུས་པས་གཅེན་ཐོགས་མེད་དང་། བྲམ་ཟེ་གཅིག་དང་འདུས་པས་གཅུང་དབྱིག་གཉེན་འཁྲུངས་ཏེ། ལྗགས་ལ་གི་ཧཾ་གི་ཡི་གེ་ཨ་འདྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་མང་དུ་བྱས་ཏེ་བསྐྱངས་ནས། གཅེན་གྱིས་ལོ་བཅུ་གཉིས་སུ་རྒྱལ་ཚབ་དམ་པ་བསྒྲུབས་པས་གྲུབ་སྟེ་དགའ་ལྡན་དུ་བྱོན་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཆོས་མངོན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཐེག་ཆེན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་མང་དུ་གསན་ནས། དེའི་དོན་རྒྱ་ཆེར་སྟོན་པས་སྡེ་ལྔ་དང་། བསྡུས་ཏེ་སྟོན་པ་ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས་དང་། ཐེག་ཆེན་ཐུན་མོང་མིན་པའི་སྡོམ་ཐེག་བསྡུས་ལ་སོགས་པ་མཛད་དེ། འཛམ་བུའི་གླིང་དུ་བྱམས་པའི་ཆོས་ལྔ་དང་བཅས་པ་དར་ཞིང་རྒྱས་པར་མཛད་དོ། །གཅུང་གིས་ཆོས་མངོན་པ་དར་བར་ལུང་བསྟན་པའི་ཡུལ་ལྗོངས་ཁ་ཆེར་བྱོན་ནས། ཁ་ཆེ་འདུས་པ་བཟང་པོ་ལ་ཐེག་ཆུང་གི་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ལ་སོགས་པ་ལེགས་པར་བསླབས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་གཙོ་བོར་སྟོན་ཅིང་རིག་པ་དང་འགལ་བ་རྣམས་བར་ཡང་ཅུང་ཟད་བཀག་ཅིང་། འགྲེལ་པས་རྒྱས་པར་བཀག་ནས་མདོ་སྡེ་པའི་ལུགས་འཇོག་པའི་བསྟན་བཅོས་མཛོད་རྩ་འགྲེལ་མཛད་དེ། ཐེག་ཆེན་ལ་ཐུགས་སྡང་བར་གནས་པ། གཅེན་གྱིས་འདུལ་ཐབས་མཛད་པས། ཕྱིས་ཐེག་ཆེན་ལ་ཤིན་ཏུ་མོས་ཤིང་མཁས་པར་གྱུར་ཏེ། པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་རང་དགའ་དང་། གཞན་འགྲེལ་གྱི་བསྟན་བཅོས་རྒྱ་ཆེར་བརྩམས་ཤིང་། འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་བ་བརྒྱད་སྟོང་པ་ལ་ཞལ་འདོན་རྒྱུན་དུ་མཛད་པ་སོགས་ཀྱི་རྣམ་ཐར་རྒྱས་པ་གཞན་དུ་གསལ་ལོ། །སྐུ་མཆེད་གཉིས་ཀྱི་གཞུང་དེ་དག་ཏུ་ཐེག་ཆེན་གཞི་ལམ་འབྲས་བུའི་རྣམ་བཞག་ཡང་རྒྱས་པར་འབྱུང་མོད་ཀྱིས། བསྟན་བཅོས་ཀྱི་དགོས་པའི་གཙོ་བོ་ནི་སློབ་མའི་སེམས་རྒྱུད་འཆོས་པ་ཡིན་ཞིང་། སེམས་རྒྱུད་ཀྱི་ཉེས་པའི་གཙོ་བོ་ཡང་བདག་ཏུ་འཛིན་པ་ཡིན་པས། བདག་འཛིན་གྱི་གཉེན་པོ་སྟོན་པ་ནི་སངས་རྒྱས་པའི་གཞུང་གི་ཁྱད་ཆོས་ཡིན་ནོ། །དེ་ཡང་འཛིན་སྟངས་ཀྱི་ཞེན་ཡུལ་བཀག་ནས་འགོག་པ་ལས། གང་ཟག་གི་བདག་ནི་ཉན་ཐོས་དེ་གཉིས་ཀྱིས་ལེགས་པར་བཀག་ཟིན་ནས་རྩལ་དུ་མི་འདོན་ཞར་བྱུང་གི་ཚུལ་དུ་སྟོན་ལ། ཆོས་ཀྱི་བདག་ནི་རྟོག་པ་དང་རྟོག་མེད་ལ་སྣང་བ་གཉིས་མཆེད་གཉིས་ཀྱིས་རྩལ་དུ་བཏོན་ནས་འགོག་སྟེ། འདི་ལྟར་རྟོག་པ་ལ་བུམ་པ་དང་བུམ་པའི་མིང་གཅིག་ཏུ་སྣང་བ་ནི་ངོ་བོ་ཉིད་དུ་བཏགས་པའི་ཀུན་བརྟགས་དང་། བུམ་པའི་མི་རྟག་པ་དང་དེའི་མིང་བདེན་པའི་གཅིག་ཏུ་སྣང་བ་ནི་ཁྱད་པར་དུ་བཏགས་པའི་ཀུན་བརྟགས་དང་། རྟོག་མེད་ལ་སྔོན་པོ་དང་དེར་འཛིན་གྱི་གཟུང་ཆ་འཛིན་ཆ་གཉིས་རྒྱངས་ཆད་རྫས་གཞན་བདེན་པར་སྣང་བའི་ཀུན་བརྟགས་ཏེ། རིམ་པ་བཞིན་རྟོག་སོགས་བརྩོན་པའི་ཕྱིར་རོ། །གཉིས་པ་ལ། གཅེན་གྱིས་རྟོག་པ་ལ་དང་། གཅུང་གིས་རྟོག་མེད་ལ་སྣང་བའི་ཆོས་བདག་འགོག་ཚུལ་ལོ། །དང་པོ་ལ། དངོས་དང་། དེས་གྲུབ་པའི་དོན་ནོ། །དང་པོ་ནི། ཆོས་ཀྱི་བདག་མེད་བདེ་བླག་ཏུ་གྲུབ་པར་འགྱུར་ཏེ། རྟོག་པ་ལ་སོགས་འདི་སྣང་བ་བཞིན་དུ་བདེན་པར་མ་གྲུབ་པའི་ཕྱིར་རོ། །འདི་ལྟར། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་པའི་དོན། ལྟོ་ལྡིར་བ་ལྟ་བུའི་དོན་དེ་བུམ་པ་ཞེས་པ་ལྟ་བུའི་མིང་དེའི་བདག་ཉིད་དུ་གཅིག་པ་འགལ་ཏེ། གཅིག་ན་བརྡ་མེད་པའི་བྱིས་པས་མིང་མི་ཤེས་པའི་སྔ་རོལ་ཏུ་ལྟོ་ལྡིར་བ་མཐོང་བའི་ཚེ་བུམ་པའོ་སྙམ་པའི་མིང་ཅན་གྱི་བློ་སྐྱེ་དགོས་པ་ལས་དེ་འདྲ་སྐྱེ་བ་མེད་པའི་ཕྱིར། ཡང་མིང་དོན་གཅིག་པ་འགལ་བ་ཡིན་ཏེ། གཅིག་ན་བརྒྱ་བྱིན་ལྟ་བུའི་དོན་གཅིག་པུ་དེ་བདག་ཉིད་མང་པོར་འགྱུར་དགོས་པའི་ཕྱིར་ཏེ། དོན་བརྒྱ་བྱིན་གཅིག་ཉིད་ལ་མིག་སྟོང་པ་དང་སྐབས་གསུམ་དབང་པོ་སོགས་མང་པོའི་མིང་དང་ལྡན་པས་སོ། །ཡང་མིང་དོན་གཅིག་པ་འགལ་བ་ཡིན་ཏེ། གཅིག་ན་དོན་ཡུལ་དང་ཡུལ་ཅན་གཉིས་གཅིག་ཏུ་འདྲེས་པར་འགྱུར་བའི་ཕྱིར་ཏེ། །མིང་མངོན་སུམ་ཞེས་པ་གཅིག་པུ་འདི་དོན་རྟོག་བྲལ་གྱི་བློ་གཅིག་ཉིད་ལ་འཇུག་པར་མ་ངེས་པའི་སྒོ་ནས་དབུ་མ་པ་དག་བུམ་པ་སོགས་ཀྱི་ཡུལ་ལ་མངོན་སུམ་དུ་གྲགས་པའི་ཕྱིར་རོ། །གཞན་ཡང་ཡུལ་དང་དུས་ཀྱི་དབང་གིས་མིང་གཅིག་ཉིད་དོན་དུ་མ་ལ་འཇུག་པ་མང་ངོ་། །གཞན་ཡང་། མིང་དང་དོན་དག་ཐ་དད་མིན་ན། མེ་སྒྲ་བརྗོད་པ་དག་གིས་ཁ་ནི་ཅིས་མི་སྲེག །ཅེས་སོགས་མདོ་རྒྱུད་གཞན་དུ་རྒྱས་པར་འབྱུང་སྟེ། རྟོག་པ་ལ་སྔ་ཕྱི་གཅིག་དང་མང་པོ་གཅིག་དང་གཅིག་དུ་མར་སྣང་བ་སོགས་སྣང་བ་ལྟར་གྲུབ་པར་བཟུང་བས་རང་གཞན་གྱི་ལྟ་བ་ངན་པ་རྣམས་བྱུང་ལ། མ་གྲུབ་ཀྱང་ལོག་ས་ཐ་དད་ལས་ལོག་པ་དང་དུ་མས་འབྲས་བུ་གཅིག་དང་གཅིག་གིས་འབྲས་བུ་དུ་མ་བྱེད་པའི་གཞན་སེལ་ལ་མཁས་པས་ཡང་དག་པའི་ལྟ་བ་སྐྱེ་བར་འགྱུར་ཏེ་རིག་པའི་གཞུང་ལས་རྟོགས་སོ། །གཉིས་པ་ནི། རྟོག་མེད་ལ་གཟུང་འཛིན་རྫས་གཞན་དུ་སྣང་བའང་རྟོག་པ་ལ་སྣང་བའི་ངོ་བོ་ཉིད་དང་ཁྱད་པར་དུ་བརྟགས་པའི་ཀུན་བརྟགས་ཀྱི་བདག་འདིའི་རྩ་བ་ཅན་ཡིན་ཞིང་། མདོ་སྡེ་སོ་སོ་ལས་གསུངས་པའི་ལམ་གྱི་སྤང་བྱའི་རྟོག་པ་མངོན་རྟོགས་རྒྱན་ལས་འབྱུང་བ་གཟུང་རྟོག་གཉིས་དང་འཛིན་རྟོག་གཉིས་ཏེ་བཞི་དང་། དེ་ལས་ཕྱེ་བའི་དགུ་བཞི་སོ་དྲུག་པ་ཕྲག་གསུམ་སྟེ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་དུ་གྲགས་པ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། མེད་པའི་ཆོས་དང་གང་ཟག་རྫས་ཡོད་དུ་འཛིན་པ་གཉིས། སྐྱེ་འཇིག་གི་འགྱུར་བ་དང་། ཆོས་དང་ཆོས་ཉིད་ཐ་དད་དོན་དམ་དུ་འཛིན་པ་གཉིས། ཆོས་དང་གང་ཟག་ཀུན་བརྟགས་ཙམ་ཡང་མེད་པར་འཛིན་པའི་སྐུར་འདེབས་ཏེ། མེད་ལ་འཛིན་པ་རྣམ་པ་ལྔ། །ཞེས་པའི་རྣམ་རྟོག་ལྔ། དབུས་མཐའ་ལས། ཡི་གེ་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས། །མ་དག་དག་དང་གློ་བུར་དང་། །མི་དངངས་པ་དང་ཁེངས་པ་མེད། །ཅེས་པ་ཡི་གེ་དང་དོན་དང་ཡིད་ལ་བྱེད་པ་དང་། མི་འཕྲོ་བ་དང་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དང་། མ་དག་དག་པ་དང་། གློ་བུར་བ་དང་། མི་དངངས་པ་དང་མ་ཁེངས་པ་རྣམས་ལ་ཕྱིན་ཅི་ལོག་གི་རྟོག་པ་སྟེ་རྣམ་རྟོག་བཅུ་དང་། ཁྱད་པར་མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་ཡོད་དང་མེད་པ་དང་། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་དང་དུ་མ་དང་། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་པ་བྱང་སེམས་ཀྱི་རྣམ་རྟོག་བཅུ་རྣམས་འདིར་བཤད་པའི་ངོ་བོ་ཉིད་དང་ཁྱད་པར་དུ་བརྟགས་པའི་ཀུན་བརྟགས་བདེན་པར་འཛིན་པའི་རྣམ་རྟོག་ཉིད་ལ་བརྟེན་པའི་ཕྱིར། འདི་སོགས་གསུངས་སོ། །དེ་ཡང་མདོ་ལས། འཚོལ་པ་བཞི་དང་ཡོངས་ཤེས་བཞི་དང་དེའི་ཕན་ཡོན་རྣམས་རྒྱས་པར་གསུངས་པའི་དོན། མདོ་སྡེ་རྒྱན་ལས། མིང་དང་དངོས་དག་ཕན་ཚུན་དུ། །གློ་བུར་བ་ནི་ཉིད་དུ་བཙལ། །འདོགས་པ་རྣམ་པ་གཉིས་པོ་འདིར། །དེ་ཙམ་ཉིད་དུ་འཚོལ་བ་འོ། །ཐམས་ཅད་དམིགས་སུ་མེད་པའི་ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ས་རྣམས་ཀུན་ལ་བརྟན་པ་ཡི། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །ཞེས་མིང་དང་དོན་དང་ངོ་བོ་དང་ཁྱད་པར་འཚོལ་བ་བཞི་ལས། མིང་དོན་འབྲེལ་མེད་བརྡའི་དབང་གིས་ཕན་ཚུན་གློ་བུར་དུ་འབྱུང་བ་དང་། དེས་ན་ངོ་ཁྱད་གཉིས་ཀྱང་མིང་རྐྱང་ཙམ་དུ་བཙལ་ཞིང་བསྒོམས་པས། ཆོས་བདག་ཐམས་ཅད་དམིགས་སུ་མེད་པའི་དེ་བཞི་ཡོངས་སུ་ཤེས་པའི་ཡོངས་ཤེས་ཀྱི་ཡེ་ཤེས་བཞི་ནི་ས་ཐམས་ཅད་ལ་སྤངས་རྟོགས་དོན་ཐམས་ཅད་སྒྲུབ་པར་བྱེད་ཅེས་སོགས་རྒྱ་ཆེར་བརྟེན་པའི་གཅེན་གྱི་སློབ་མའི་རྒྱུད་འཆོས་ཚུལ་ལོ། །གཉིས་པ་ལ། དངོས་དང་། ཐུན་མོང་གི་རིག་པ་གཞན་ཡང་བཤད་པའོ། །དང་པོ་ནི། ཉི་ཤུ་པ་ལས། དྲུག་གིས་ཅི་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པའི་དོན། ཕྱི་དོན་དཔྱད་ན་མི་འགྲུབ་སྟེ། དབུས་རྡུལ་གཅིག་ལ་ཕྱོགས་བཞི་སྟེང་འོག་དང་དྲུག་གི་རྡུལ་ཕྲན་ཅིག་ཅར་དུ་སྦྱར་བའི་ཚེ་དབུས་རྡུལ་དེ་ཤར་སོགས་སོ་སོའི་ཕྱོགས་ལ་ལྟ་ན། དབུས་རྡུལ་ཆ་བཅས་སུ་འགྱུར་ཞིང་། སོ་སོར་མི་ལྟའི་ཤར་སོགས་ན་རགས་པ་རྩོམ་པར་མི་འགྱུར་བ་དེས་ནའོ། །འོ་ན། མདོ་ལས། མིག་དང་གཟུགས། རྣ་བ་དང་སྒྲ་སོགས་སྐྱེ་མཆེད་གཉིས་ཚན་དང་། ཁྱད་པར་གཟུགས་སོགས་ལྔ་གསུངས་པ་མི་འཐད་དོ་ཞེ་ན། རང་གི་ས་བོན་གང་ལས་སུ། །རྣམ་རིག་རྣམ་པ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །གཟུགས་སོགས་སྐྱེད་བྱེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ཞེས་རྨི་ལམ་བཞིན་དུ་བག་ཆགས་ལས་གཉིས་སྣང་འབྱུང་བ་ལ་དགོངས་ཤིང་། གང་ཟག་ཡོད་པར་གསུངས་པ་ལྟར་དོན་སྨྲ་ཁྱེད་ལྟ་བུ་དྲང་བའི་དོན་དུ་གསུངས་ཞེས་སོ། །སེམས་སྣང་རྐྱང་པ་ཡིན་ན་ཡུལ་དུས་ངེས་པ་མི་འཐད་དོ་ཞེ་ནའང་། སེམས་ཅན་དམྱལ་བའི་སྲུང་མ་བཞིན་དུ་རང་རང་གི་ལས་ཀྱི་དབང་གིས་འཐད་དོ། །དམྱལ་སྲུང་བྱེ་སྨྲ་ཡི་དྭགས་ཀྱི་འགྲོ་བར་དང་། མདོ་སྡེ་པ་འབྱུང་བཞི་ཉིད་དེར་སྣང་ཞེས་ཟེར་བ་ལ། དུད་འགྲོ་མཐོ་རིས་སུ་འབྱུང་བ་ནི་མི་དང་རྫོགས་བྱེད་ཀྱི་ལས་འདྲ་བས་ཡིན་ན། དམྱལ་བ་དང་ཡི་དྭགས་འཕེན་རྫོགས་ཀྱི་ལས་གཉིས་ཀ་མི་འདྲ་བས་མི་འཐད་པ་དང་། ལས་ཀྱི་ནུས་པས་འབྱུང་བཞི་སེམས་ཅན་དུ་སྣང་ན་སེམས་ཉིད་ཅིའི་ཕྱིར་མི་སྣང་ཞེས་དང་། སེམས་ཉིད་ཡིན་ཀྱང་སྲོག་གཅོད་པ་ལ་སོགས་པའི་བྱ་བ་བྱེད་པའང་མི་འགལ་ཏེ། དྲང་སྲོང་ཁྲོས་པས་སོ་ཅན་གྱི་གྲོང་སྟོངས་པ་དང་། འདྲེའི་ཡིད་དབང་གིས་མིའི་དྲན་པ་ཉམས་པར་བྱེད་པ་བཞིན། ཞེས་སོགས་གསུངས་ཏེ་རྒྱས་པར་དེར་བལྟའོ། །དེ་ལྟར་ཕྱི་དོན་འགོག་ཚུལ་རྩོད་སོགས་བཤད་དོ། །གཉིས་པ་ནི། རིག་པའི་རྣམ་གྲངས་གཞན་ཡང་ཐེག་བསྡུས་ལས། དོན་ནི་དོན་དུ་གྲུབ་གྱུར་ན། །ཡེ་ཤེས་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བདེན་པར་ཡོད་ན་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོར་ཡོད་དགོས་པ་ལས། དེའི་ངོར་མེད་པའི་ཕྱིར་དང་། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ཆུ་ཀླུང་དུ་སྣང་བའི་དངོས་པོ་གཅིག་ཉིད། ལས་བཟང་ངན་གྱི་དབང་གིས། ལྷ་ལ་བདུད་རྩི་དང་མི་ལ་ཆུ་དང་ཡི་དྭགས་ལ་རྣག་ཁྲག་དང་། ཚ་དམྱལ་ལ་ཁྲོ་ཆུ་ཁོལ་མར་མཐོང་བ་སོགས་འགྲོ་བ་རིགས་དྲུག་གི་སྣང་བ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་རྣམས་ཀྱང་སོ་སོར་འགྱུར་བའི་ཕྱིར་དང་། རྣམ་འགྲེལ་ལས། དུ་མའི་བདག་སྐྱོན་ཕྱིར། །ཞེས་སྐྱེས་བུ་ལྷས་བྱིན་གྱི་ལུས་གཅིག་ཉིད་དགྲ་དང་གཉེན་གྱི་མིག་སྔར་ཡིད་འོང་དང་ཡིད་མི་འོང་གི་སྣང་བ་འགྱུར་བའི་ཕྱིར་དང་། རྨི་ལམ་སད་པའི་གནས་སྐབས་དག །དོན་བྱེད་པ་ལ་ཁྱད་མེད་དེ། །རྨི་ལམ་ན་ནི་རྨིས་པ་བཞིན། །དོན་བྱེད་མཚུངས་པས་རང་བཞིན་མེད། །ཅེས་སེམས་འགྲེལ་ལས་གསུངས་པ་ལྟར་སང་སོགས་དང་། རྣམ་འགྲེལ་ལས། དོན་དང་འདྲ་བར་དམིགས་པ་སྟེ། །གསལ་བར་སྣང་བ་མྱོང་བ་ཡིན། །ཞེས་དང་། ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་བར་འགྱུར། །ཞེས་སོགས་དང་། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། རིག་གཏེར་ལས། གསལ་དང་ལྷན་ཅིག་དམིགས་པས་འགྲུབ། །ཅེས་སོགས་ལྟར་གསལ་བར་མྱོང་བའི་ཕྱིར་དང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་པའི་རྟགས་ཀྱིས་འགྲུབ་སྟེ། ད་ལྟ་འཁྲུལ་ངོར་བསྙོན་དུ་མེད་པའི་གཟུང་ཆ་འདི་ཆོས་ཅན། རང་འཛིན་ཤེས་པ་ལས་རྫས་གཞན་པའི་ཕྱི་རོལ་དོན་དུ་མེད་དེ། རང་འཛིན་ཤེས་པ་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཏེ། གཅིག་དམིགས་བྱེད་ཀྱི་ཚད་མས་ཅིག་ཤོས་ཀྱང་ཕན་ཚུན་ངེས་པར་དམིགས་པའི་ཕྱིར། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །གཞན་ཡང་། དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། །ཞེས་དང་། དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཞེས་སོགས་ལྟར། དོན་ལས་སྐྱེས་པ་སོགས་མི་སྲིད་དེ། དོན་སོགས་ནའོ། །རྒྱུ་མཚན་རྒྱས་པ་དེ་རྣམས་ཀྱི་ཕྱི་ན་དོན་སོགས་ཡིན་ཅིང་སྣང་བ་ལྟར་གྲུབ་པ་ཆོས་བདག་ཡིན་པ་དེའི་ཕྱིར་སོགས་བཞེད་དོ། །གསུམ་པ་ནི། རིག་པ་དེ་ལྟ་བུས་གྲུབ་པའི་རྣམ་རིག་གི་ཚུལ་འདི་ནི། བསྟན་བཅོས་མཁན་པོ་དག་གིས་རང་དགའི་བློས་སྦྱར་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་ལང་ཀར་གཤེགས་པ་དང་དགོངས་པ་ངེས་པར་འགྲེལ་བ་དང་། མདོ་སྡེ་ས་བཅུ་པ་ལ་སོགས་པ་ཟབ་མོ་སྟོང་པ་ཉིད་དང་། ཡངས་པ་སྤྱོད་ཕྱོགས་རྒྱ་ཆེན་པོ་སྟོན་པའི་ཐེག་ཆེན་གྱི་མདོ་སྡེ་མང་པོ་ལས་གསལ་བར་གསུངས་པའི་ཕྱིར། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་ཅན་དུ་སྣང་། །ཞེས་དང་། གཙོ་བོ་རྡུལ་དང་རྣམ་རིག་དང་། །གང་ཟག་རྒྱུན་དང་ཕུང་པོ་དང་། །དབང་ཕྱུག་རྐྱེན་དང་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངེས་བརྟགས་ཏེ། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོར་མཐོང་ལོག་པ་ཡིན། །རིག་པས་རྣམ་པར་བརྟགས་ན་ནི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་དགོངས་པ་ངེས་འགྲེལ་ལས། མཚན་ཉིད་གསུམ་གྱི་རྣམ་གཞག་ཤིན་ཏུ་གསལ་བ་དང་། བཀའ་བར་པ་ལས་ངོ་བོ་ཉིད་མེད་པར་གསུངས་པ་ཐམས་ཅད། ཀུན་བརྟགས་མཚན་ཉིད་དང་། གཞན་དབང་སྐྱེ་བ་དང་། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པའི་དྲང་དོན་དང་། དེ་དག་བདེན་རྫུན་ཕྱེ་ནས་སྟོན་པའི་བཀའ་ཐ་མ་ངེས་དོན་དུ་རྒྱས་པར་གསུངས་པའི་ཕྱིར་དང་། ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ས་དྲུག་པ་མངོན་དུ་གྱུར་པའི་རྟོགས་པ་ལ་གནས་པས་སྲིད་གསུམ་རྣམ་ཤེས་ཙམ་དུ་དེ་ཁོ་ན་ཉིད་མཐོང་བར་གསུངས་པ་དང་། འོད་སྲུངས་ཀྱིས་ཞུས་པ་ལས། གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །སེམས་ཀྱི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །ཅེས་སོགས་དང་། རྒྱན་སྟུག་པོ་བཀོད་པ་ལས། ཟླ་བ་སྐར་མའི་ཚོགས་དང་ནི། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་སོགས་དང་། དེ་བཞིན་དུ། ལང་གཤེགས་དང་དགོངས་པ་ངེས་འགྲེལ་ལས་ཀྱང་། ཀུན་གཞི་རྣམ་ཤེས་རྒྱ་ཆེར་གསུངས་ཏེ། མདོར་ན། སེམས་ཙམ་གྱི་གཞི་སྟོན་པ་ལང་གཤེགས་དང་རྒྱན་སྟུག་པོ་བཀོད་པ། ལམ་སྟོན་པ་ངེས་འགྲེལ་དང་ས་བཅུ་པ། འབྲས་བུ་སྟོན་པ་སངས་རྒྱས་ཀྱི་སའི་མདོ་སྟེ། སེམས་ཙམ་མདོ་ལྔར་གྲགས་པ་དང་། གཞན་ཡང་། སྙིང་པོ་མདོ་བཅུ་ལ་སོགས་པ་འཁོར་ལོ་ཐ་མར་གཏོགས་པ་ཕལ་ཆེར་ལས་སེམས་ཙམ་གྱི་ཚུལ་གསུངས་ཤིང་། བྱམས་མགོན་གྱིས་ཀྱང་། རྒྱན་དང་འབྱེད་གཉིས་སུ་རྒྱས་པར་གསུངས་པས། གཞུང་ལུགས་འདི་ནི་གནས་སྐབས་སུ་མོས་པར་བྱ་ཞིང་མཁས་པར་བྱ་བའི་གནས་ཡིན་ནོ། །བཞི་པ་ནི། གང་དག སེམས་ཙམ་པ་ནི་དངོས་པོར་སྨྲ་བ་ཡིན་པས། དེ་ནི་རང་སྡེའི་མུ་སྟེགས་པར་གསུངས་པས་ཤིན་ཏུ་སྡང་བར་བྱ་བ་ཡིན་ཞིང་། དོན་དམ་པར་ནི་གཟུགས་བཞིན་དུ་སེམས་ཀྱང་མ་གྲུབ་ལ། ཐ་སྙད་དུ་ནི་སེམས་བཞིན་དུ་ཕྱི་རོལ་གྱི་དོན་ཡང་གྲུབ་པས། རྩོམ་བྱེད་རྡུལ་ཕྲན་ཡོད་ཅིང་། དེ་ཡང་ཆ་མེད་དུ་མས་སྤངས་པ་ན་བདེན་གྲུབ་ཏུ་འགྱུར་བས། གཞི་གྲུབ་ལ་ཆ་བཅས་ཀྱིས་ཁྱབ་པའི་ཕྱིར་ན། རྡུལ་ཕྲན་ཆ་བཅས་སུ་ཚད་མས་གྲུབ་པ་ནི་དཔལ་ལྡན་ཟླ་གྲགས་བཞེད་དོ་ཞེས་དིང་སང་ཟེར་བ་ནི་མི་འཐད་དེ། འདོད་པ་དེ་ལ་ནི། ཕྱོགས་ཀྱི་ཆ་དང་བཅས་བཞིན་དུ་རྡུལ་ཕྲན་ཡིན་ན་རི་སོགས་འབབ་པའི་ཕྱིར་རོ། །གཉིས་པ་ལ། བསྟན། བཤད། འཕྲོས་དོན་ནོ། །དང་པོ་ནི། སྤྱིར་རྣམ་པར་རིག་པའི་ཚུལ་ནི་མདོ་དང་སྔགས་ལས་རྒྱ་ཆེར་གསུངས་ཤིང་། བྱམས་པ་དང་ཐོགས་མེད་མཆེད་གཉིས་ཀྱིས་རྒྱས་པར་བཀྲལ་བ་ཡང་ལུགས་འདི་སྨྲ་བ་ལ་རྣམ་བདེན་རྫུན་གྱི་དབྱེ་བ་མ་མཛད་པར་དངོས་བསྟན་རྣམ་རྫུན་ཉིད་དུ་གསལ་བར་གསུངས་མོད་ཀྱི། དུས་ཕྱིས་དེ་དག་གི་རྗེས་སུ་འབྲང་བའི་འདོད་ཚུལ་ནི་རྣམ་བདེན་དང་རྣམ་རྫུན་གཉིས་ཡིན་ཏེ། གཟུགས་ཅན་དུ་སྣང་བ་མཐའ་དག་སྣང་མཁན་གྱི་སེམས་ཉིད་བག་ཆགས་འཁྲུལ་པའི་དབང་གིས་རྒྱངས་ཆད་ཀྱི་དོན་དུ་སྣང་བ་ཙམ་ཡིན་གྱི། ཡིན་ལུགས་བཟུང་ཆའི་སེམས་སུ་བདེན་པས་ན། འགོག་བདེན་ཡང་སྤང་བྱ་དང་བྲལ་བའི་སེམས་ལ་འཇོག་པ་སོགས། མདོ་ལས་ཕུང་སོགས་བདེན་པ་སྟེ་སེམས་ཉིད་དུ་འདོད་པ་དང་། ཡང་སྣང་བ་ཐམས་ཅད་ཟླ་གཉིས་དང་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་སོགས་བཞིན་དུ་མེད་བཞིན་དུ་སྣང་བའི་མེད་པ་གསལ་སྣང་ཡིན་པའི་ཕྱིར་ན། གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཤེལ་སོགས་ཉིད་གཅིག་པུ་དངོས་པོ་གཞིར་བྱས་ལ་བདེན་པར་འདོད་པ་གཉིས་ཡིན་པའི་ཕྱིར་རོ། །དེ་ཡང་། སློབ་དཔོན་ཕྱོགས་གླང་ཡབ་སྲས་ནི་གཉིས་ཀ་བཞེད་དེ། དམིགས་རྟག་ཏུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་ཤེས་པའི་གཟུང་ཆ་ཉིད་འཛིན་མཁན་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་པ་དང་། ཡང་ན། ནུས་པའང་ཡིན། ཞེས། ཕྱི་དོན་དང་ཤེས་པ་གཉིས་ཀའི་དམིགས་རྐྱེན་མེད་ཀྱང་། རྣམ་ཤེས་སྔ་མའི་སྟེང་གི་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་ཉིད་དམིགས་རྐྱེན་ཡིན་ཞེས་གསུངས་ལ། རྣམ་འགྲེལ་ལས། རྟོག་མེད་ཀྱི་དབང་དུ་མཛད་ནས། ཤེས་གང་ཇི་ལྟར་སྣང་བ་དེ། །དེ་ལྟ་ཉིད་དུ་མྱོང་བ་ཡིན། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། །ཞེས་དང་། འཛིན་པ་ཡི་ནི་ཉེར་ལེན་དང་། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། །ཅེས་དང་། གང་ཕྱིར་ཤེས་ཆ་དོན་དུ་ནི། །གཞག་ཕྱིར་ཤེས་པ་ཡུལ་བཅས་པ། །ཞེས་སོགས་མང་པོ་དང་། རྟོག་པའི་གཟུང་རྣམ་ཤེས་པ་ཡིན་པའི་དབང་དུ་མཛད་ནས། དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། །གལ་ཏེ་སྤྱི་ཤེས་ངོ་བོ་ཡི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་སོགས་དང་། རུང་ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་སོགས་རྣམ་བདེན་གྱི་ཕྱོགས་དང་། དེ་དག་འགོག་པ་ན། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་བུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་པ་ནས། འཇིག་རྟེན་ཐུགས་ནི་འབའ་ཤིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་པའི་བར་རྒྱས་པ་དང་། འབྲས་རྟོག་གསུམ་པ་འགོ་བརྩམས་པ་ནས། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་པའི་བར་དུ། སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཞེས་སོགས་དང་། སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་སོགས་མེད་པ་གསལ་སྣང་དུ་གསུངས་པ་དང་མཐུན་པར། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་འཆད་པའི་སྐབས་སུ། གཟུང་དང་འཛིན་པའི་ཚུལ་གྱིས་ནི། །རྣམ་ཤེས་གཉིས་སུ་སྣང་འགྱུར་ཏེ། །རྣམ་ཤེས་ལས་ནི་ལོགས་ཤིག་ན། །ཕྱི་རོལ་དོན་ནི་ཅུང་ཟད་མེད། །ཅེས་པས་རྣམ་བདེན་དང་། དེས་ན་ཕྱི་རོལ་སྣང་བ་འདི། །དངོས་པོའི་ངོ་བོར་ནམ་ཡང་མེད། །རྣམ་ཤེས་སོ་སོར་རྣམ་རིག་པ། །གཟུགས་ཀྱི་རྣམ་པས་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །རྨོངས་པས་གཟུགས་ལ་སོགས་པ་མཐོང་། །ཞེས་པས་རྣམ་རྫུན་གསལ་བར་གསུངས་སོ། །དེ་བཞིན་དུ། མཁས་པ་ཤཱཀྱ་བློས། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ལ་བརྒལ་བ་འདི་མཚུངས་པ་མ་ཡིན་ཏེ། འདི་ལྟར་དེ་ཡི་སྔོན་པོ་དང་སེར་པོ་ལ་སོགས་པ་ཕྱི་དང་ནང་ན་ཡོད་པ་མ་ཡིན་ལ། དེའི་ཕྱིར་རི་བོང་གི་རྭ་དང་འདྲ་བ་ཡིན་ནོ། །ཞེས་པས་རྣམ་རྫུན་དང་། ཡང་། རྣལ་འབྱོར་དཔྱོད་པ་གཞན་དག་ནི། སྔོན་པོ་དང་སེར་པོ་ལ་སོགས་པ་ཐམས་ཅད་མེད་པ་མིན་ཏེ། དགའ་བ་ལ་སོགས་པ་བཞིན་དུ་གསལ་བར་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ཞིང་། ཤེས་པ་འཛིན་པར་འདོད་པ་གཅིག་གི་ཆ་གཉིས་པར་གྱུར་པ་ཡིན་ནོ། །ཞེས་པས་རྣམ་བདེན་བཤད་ལ། དབུ་མ་རྒྱན་དུ། ཇི་ལྟར་ཐོག་མ་མེད་རྒྱུད་ཀྱི། །བག་ཆགས་སྨིན་པས་སྤྲུལ་པ་ཡི། །རྣམ་པ་དག་ནི་སྣང་བ་ཡང་། །ནོར་བས་སྒྱུ་མའི་རང་བཞིན་འདྲ། །ཞེས་པས་རྣམ་རྫུན་དང་། རྒྱུ་དང་འབྲས་བུར་སྣང་བ་ཀུན། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །ཞེས་པས་རྣམ་བདེན་གསལ་བར་བསྟན་པའི་ཕྱིར། དིང་སང་རྣམ་བདེན་པས་སྔོན་པོ་ཤེས་པར་འདོད་ཅེས་པའི་གྲུབ་མཐའ་ལ་ཐན་ལྟས་བྱས་ནས། རྣམ་བདེན་རྫུན་གྱི་གྲུབ་མཐའ་བོད་རང་རང་གི་བློས་སྦྱར་བའི་རང་བཟོས་འཇོག་པ་ནི། བསྟན་པ་འདིའི་སྟོན་པ་དང་བསྟན་འཛིན་ཚད་མར་གྱུར་པ་ནི་མྱ་ངན་ལས་འདས། དེ་དག་གི་གཞུང་ལུགས་རྣམས་ནི་གླེགས་བམ་བསྡམས་བསྡམས་པ་ཉིད་དུ་བཞུགས། ཚིག་གི་ཆད་ལྷག་བསྒུག་པ་ལ་རེ་བའི་ཆོས་སྐད་ལ་མཆོག་ཏུ་འཛིན་པས་ནོངས་སོ། །དེ་ལྟར་རྣམ་བདེན་སྨྲ་བ་དང་། མདོ་སྡེ་པ་གཉིས་ཀ སྣང་བ་འདི་ཤེས་པའི་གཟུང་བྱར་འདོད་པ་ལ་ཁྱད་པར་མེད་པར་ནི། མདོ་སྡེ་པའི་གཞུང་ལུགས་ཚད་མར་གྱུར་པ་ཕྱི་རོལ་དོན་གྲུབ་ལས། སེམས་ཙམ་པའི་ལྷན་ཅིག་དམིགས་ངེས་འགོག་པའི་སྐབས་སུ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །ད་ལྟར་སྣང་བ་མྱོང་ཆ་ཉིད། །དེ་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་བསྒྲུབ་པ་ཉིད་དུ་འགྱུར། །ཞེས་དང་། སྣང་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་བསྒྲུབ་པ་ཉིད་དུ་འགྱུར། །ཤེས་པ་རྣམ་བཅས་སྨྲ་བ་དང་། །འདི་ལ་རྩོད་པ་ཡོད་མ་ཡིན། །ཞེས་གསལ་བར་བཤད་དོ། །དེས་ན་བོད་ཀྱི་རྟོག་གེ་པ་རྣམས་ཀྱིས་མདོ་སྡེ་པའི་ཡུལ་འཛིན་ཚུལ་ཡང་། བསྟན་པ་འདི་ལ་མི་གཏོགས་པའི་མདོ་སྡེ་པའི་ལུགས་ཡིན་པར་གསལ་ལོ། །གཞན་ཡང་། གཞུང་དེར་སེམས་ཙམ་པའི་དམིགས་རྐྱེན་འདོད་ཚུལ་གསུམ་བཀག་སྟེ། ཕྱི་རོལ་དམིགས་པར་མི་རུང་ཕྱིར། །ཡུལ་ནི་གཟུང་བའི་ཆར་འདོད་ན། །ཞེས་རང་དུས་ཀྱི་གཟུང་ཆ་དང་། འདྲ་བའི་ཤེས་པ་སྔ་མ་ལ། །དམིགས་པར་འདོད་པ་གང་ཡིན་པ། །ཞེས་ཤེས་པ་སྔ་མའི་གཟུང་ཆ་དང་། ཁ་ཅིག་ཤེས་པ་མཚུངས་སྐྱེད་པའི། །ནུས་པ་དམིགས་པ་ཡིན་པར་འདོད། །ཅེས་སྔ་མའི་སྟེང་གི་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་ལ་དམིགས་རྐྱེན་དུ་འདོད་པའོ། །དེ་ལྟར་རྣམ་བདེན་པ་ལྟར་ན། འཁྲུལ་པའི་བློ་མི་སྲིད་དེ། ཟླ་བ་གཉིས་སྣང་ཡང་ཤེས་པའི་གཟུང་ཆ་ལ་མ་འཁྲུལ་བར་འདོད་པས་སོ། །དེས་ན་འདིས་ཤེས་པའི་གཟུང་འཛིན་རྫས་གཞན་ཁས་བླངས་སོ། །འདི་ལ་རྣམ་རྫུན་པས། ཕྱི་རོལ་གྱི་དོན་ཞེས་བྱ་བའི་ར་ཟེད་དེ་བ་ནི་མེད་ཀྱི། ཕྱོགས་ཀྱི་ཆ་དང་བཅས་པའི་སྣང་བ་འདི་བདེན་པར་ཁས་བླངས་པས། གཟུང་འཛིན་གཉིས་སྟོང་མ་རྟོགས་སོ་ཞེས་བཀག་ནས། རང་ལུགས་གཞན་རིག་གི་ཤེས་པ་ཐམས་ཅད་འཁྲུལ་པར་འདོད་དོ། །འོ་ན། གཉིས་ཀ་ལྟར་ཡང་སྣང་ཡུན་རིང་ཐུང་ལ་སོགས་མི་འཐད་དོ་ཞེ་ན། གཉིས་སོགས་ཏེ། སྐྲ་ཤད་དང་རྨི་ལམ་དང་ཟླ་གཉིས་སོགས་འཕྲལ་དང་སྔོ་འཛིན་སོགས་གཏན་སོགས་སོ། །རྣམ་བདེན་ཡང་ཕྱི་རོལ་དོན་དུ་སྣང་བའི་ཆ་ནས་འཁྲུལ་ཞེས་པའོ། །གཉིས་པ་ལ་གཉིས་ལས། རྣམ་བདེན་ལ་འདོད་པ་བརྗོད་པ་ནི། སེམས་ཙམ་རྣམ་བདེན་པ་ལའང་བོད་སྔ་མ་དག སྒོ་ང་ཕྱེད་ཚལ་བ་དང་། གཟུང་འཛིན་གྲངས་མཉམ་པ་དང་། སྣ་ཚོགས་གཉིས་མེད་པ་ཞེས་གསུམ་དུ་འབྱེད་པ་ལ། བོད་ཕྱི་མ་དག་གིས་དགག་པ་སྣ་ཚོགས་བྱས་པ་ནི་མི་རིགས་ཏེ། དེ་གསུམ་དུ་ཡོད་པར་རྒྱ་གར་མཁས་པའི་གཞུང་ལ་གྲགས་ཤིང་དོན་ལ་གྲུབ་པའི་ཕྱིར་ཏེ། འདི་ལྟར། གང་ཕྱིར་ཤེས་ཆ་དོན་དུ་ནི། །གཞག་ཕྱིར་སོགས་ལ་བརྟེན་ནས། བྲམ་ཟེ་ཆེན་པོ་ཤཾ་ཀར་ནན་དས། གང་སྣང་དེ་འདིར་རང་ཡིན་ཏེ། །གཞན་གང་དེ་ནི་མི་སྣང་ཉིད། །ཅེས་དང་། སློབ་དཔོན་ཙནྟྲ་ཧ་རིས། རྣམ་པ་སྒོང་བཤབས་ལྟ་བུར་ནི། །སྨྲ་བའི་སེམས་ཙམ་རྣམ་བདེན་པ། །བྱེ་བྲག་སྨྲ་དང་ཆོས་མཐུན་ཏེ། །གཟུང་པ་ཡི་ནི་རྣམ་པ་དང་། །འཛིན་པའི་རྣམ་པ་ཐ་དད་ལ། །ཅེས་མཐོང་འདོད། ཅེས་དང་། འདིས་ཤེས་པའི་གཟུང་འཛིན་རྫས་གཞན་ཡང་འདོད་དེ། ནང་དུ་སྣང་བའང་གཞན་ཡིན་ལ། །ཕྱི་རུ་སྣང་བའང་དེ་གཞན་ཉིད། །གསལ་བར་བྱ་དང་གསལ་བྱེད་ཉིད། །མར་མེ་བཞིན་དུ་དེ་ཉིད་མིན། །ཞེས་བཤད་པས་གཟུང་ཆ་སོགས་དང་། དབུ་མ་རྒྱན་དུ། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །ཞེས་བཀོད་ནས་དགག་པ་རྒྱས་པར་མཛད་ཅིང་། ཤཱཀྱ་བློའི་འགྲེལ་བར། དཀར་དམར་ལ་སོགས་པ་རྣམ་པའི་གྲངས་ཇི་སྙེད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་ཅེས་རྣམ་སོགས་དང་། དབུ་མ་རྒྱན་དུ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ཞེས་སོགས་དང་། རྣམ་འགྲེལ་དུ། རེ་ཞིག་གཅིག་བུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །ཞེས་སོགས་རྣམ་བདེན་པ་རྒྱ་ཆེར་བཀག་པས། རྣམ་སོགས་སྨྲ་བའོ། །དེ་དགག་པ་ལ། ཐུན་མོང་ནི། གསུམ་སོགས་ཏེ། བདེན་པར་གྲུབ་ན་གཅིག་ཏུ་བདེན་པར་གྲུབ་པ་ལས་མ་འདས་པས་སྔ་མ་གཉིས་གཟུང་ཆ་འཛིན་ཆ་ཕྱི་མ་གཉིས་དང་རེ་རེའང་དུ་མར་བདེན་པར་འདོད་པ་ཁེགས་ཤིང་། གསུམ་གའང་རགས་པ་ཕྱོགས་ཀྱི་ཆ་དང་བཅས་པར་སྣང་བ་འདི་བདེན་པར་གྲུབ་ན། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཞེས་སོགས་རྡུལ་ཕྲན་འགོག་པ་དང་མཚུངས་པས་ཁེགས་སོ། །སོ་སོར་དགག་པ་ནི། འདོད་པ་དང་པོ་ལ་གཟུང་འཛིན་རྫས་གཞན་དུ་ཐལ་བ་དང་། གཉིས་པ་ལ་གང་ཟག་གཅིག་གི་རྒྱུད་ལ་རིགས་མི་མཐུན་གྱི་ཤེས་པ་གཟུགས་འཛིན་དང་སྒྲ་འཛིན་ལྟ་བུ་དྲུག་ཅིག་ཅར་འབྱུང་བར་རྣམ་འགྲེལ་སོགས་ལས་བཤད་ཀྱང་། རིགས་མཐུན་གྱི་རྣམ་ཤེས་ནི་དུས་གཅིག་གི་ཚེ་གཅིག་ཉིད་དུ་ངེས་ཏེ། མདོ་ལས། སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་ནི་གནས་དང་སྐབས་མེད་ཅེས་དང་། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་དང་། བསྟན་བཅོས་ལས། དེ་དག་རྣམས་ལ་རིགས་མཐུན་པའི། །རྣམ་པར་ཤེས་ལ་ངེས་པར་འགྱུར། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་གསུངས་པ་དང་འགལ་བ་དང་། ལུགས་གསུམ་པ་ལ་ནི། འཛིན་བྱེད་ཤེས་པ་གཅིག་དང་། གཟུང་བྱ་རྣམ་པ་དུ་མ་རྫས་གཅིག་ཏུ་བདེན་པ་འགལ་བའི་རིག་པས་བཀག་སྟེ། དབུ་མ་རྒྱན་ལས། གལ་ཏེ་རྣམ་པ་ཡང་དག་ཤེས། །དུ་མར་འགྱུར་རོ་ཡང་ན་ནི། །དེ་དག་གཅིག་འགྱུར་འགལ་ལྡན་པས། །གདོན་མི་ཟ་བར་སོ་སོར་འགྱུར། །ཡང་དག་པའི་རྣམ་པ་དང་ཐ་དད་པ་མ་ཡིན་པས། རྣམ་པའི་རང་གི་ངོ་བོ་བཞིན་དུ་རྣམ་པར་ཤེས་པ་དུ་མར་འགྱུར་བའམ། ཡང་ན་རྣམ་ཤེས་གཅིག་བུ་དང་ཐ་མི་དད་པས། རྣམ་པ་རྣམས་ཀྱང་རྣམ་པར་ཤེས་པའི་རང་གི་ངོ་བོ་བཞིན་དུ་གཅིག་པུ་ཉིད་དུ་ཐལ་བཟློག་བར་དཀའོ་ཞེས་སོགས་དང་། ཡང་སྔོ་སེར་སོགས་ཀྱི་རྣམ་པ་རྣམས་ཤེས་པ་གཅིག་ཏུ་བདེན་ན། གཅིག་གཡོ་ན་ཐམས་ཅད་གཡོ་བ་དང་། གཅིག་བསྒྲིབས་ན་ཐམས་ཅད་བསྒྲིབས་པ་ལ་སོགས་པ་ཡན་ལག་ཅན་ཆ་མེད་གཅིག་འགོག་པའི་རིག་པ་དང་། འདི་མདོ་སྡེ་པའི་རྣམ་པ་ལ་ཡང་མཚུངས་པ་དང་། གཅིག་ཉིད་དུ་མར་བདེན་པ་ནི་གཅེར་བུ་པའི་ལུགས་ཡིན་པ་དང་། གཅིག་ཏུ་བདེན་ན་བློ་མ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་མི་འཐད་པ་དང་། སྐྱོན་དེ་དག་གིས་འཇིགས་ནས་གཟུང་འཛིན་གྲངས་མཉམ་འདོད་ན། སྤྱིར་གཟུང་ཆ་བདེན་གྲུབ་རྡུལ་ཕྲན་འགོག་པའི་རིག་པས་ཁེགས་པ་དང་། སྒོ་ང་ཕྱེད་ཚལ་བ་ལྟར་གཞན་དུས་མཉམ་དུ་འདོད་ན། འཛིན་པ་རྒྱུ་མེད་དུས་འགྱུར་ཞིང་། དེ་ལྟ་ན། རེས་འགའ་བར་མི་འཐད་པར་ཐལ་བ་སོགས་དང་། རྣམ་པ་གཏན་མེད་ཀྱི་ཕྱོགས་ལ་ཡང་དགག་པ་མང་དུ་མཛད་ནས། ཐ་སྙད་དུ་རྣམ་བདེན་བཞེད་པ་ལྟ་བུའི་རྣམ་གཞག་གི་སྒོ་ནས་གཟུང་ཆར་སྣང་བཞིན་པ་འདི་རྣམ་པར་བྱས་པའི་བརྒལ་བརྟག་ཁོ་ན་འཛིན་པས། དིང་སང་། སྔོན་པོར་སྣང་བ་འདི་སྔོན་པོ་དངོས་ཡིན་གྱི་སྔོན་པོའི་རྣམ་པ་མིན་ལ། སྔོ་འཛིན་ཤེས་པའི་གཟུང་རྣམ་ནི་སྔོ་འཛིན་ཤེས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ལ་ནི་ཁུངས་ཅུང་ཟད་ཀྱང་མེད་ཅིང་། འཛིན་རྣམ་ཡན་གར་བ་ཆོས་གསུམ་ལྡན་ནི། འཛིན་བྱེད་ཀྱི་མཚན་ཉིད་མ་ཚང་ཡང་རིག་ཙམ་ལ་འཛིན་རྣམ་དུ་མིང་བཏགས་པ་རྣམ་རྫུན་པའི་འདོད་པ་ཡིན་པས། རྣམ་བདེན་རྫུན་བསྲེས་པའི་གྲུབ་མཐའ་རང་བཟོ་འབའ་ཞིག་ཏུ་སྣང་ངོ་། །རྣམ་རྫུན་པ་ལ། དགག་པ་དངོས་དང་། དབྱེ་བ་བརྗོད་པའོ། །དང་པོ་ནི། སེམས་ཙམ་རྣམ་སོགས་དེ་ཆོས་ཅན། ཤེས་པ་དང་རིག་པའི་མཚན་ཉིད་མེད་པར་འགྱུར་ཏེ། ཡུལ་དོན་ལ་མེད་པའི་ཕྱིར་ནའོ། །རྒྱན་ལས། འདི་ལྟར་གང་ལ་རྣམ་པ་མེད། །དེ་ལ་དེ་ཤེས་ཡོད་མ་ཡིན། །བདེ་བ་མིན་ལ་བདེ་སོགས་དང་། །དཀར་བའི་རྣམ་ལ་མི་དཀར་བཞིན། །ཞེས་དང་། སེམས་འགྲེལ་ལས། རིག་པོས་རིག་བྱ་རིག་བྱེད་ན། །རིག་བྱ་མེད་པས་རིག་བྱེད་མེད། །ཅེས་སོགས་དང་། འཇུག་པ་ལས། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་མྱོང་བར་རིགས་མ་ཡིན། །ཞེས་སོགས་གསུངས་པ་བཞིན་ནོ། །གཟུང་བ་མེད་ན་དེ་འཛིན་མེད། །ཅེས་རང་གིས་ལན་མང་དུ་སྨྲས་པ་དང་ཡང་འགལ་ལ། གཉིས་སྟོང་གི་ཤེས་པ་ཤེལ་གོང་དག་པ་འདྲ་བ་ལ་ནི་དམིགས་བྱེད་མེད་དེ། རྒྱན་ལས། རྣམ་པ་མེད་པ་དེ་ཉིད་ཀྱིས། །ཤེས་དེ་ཡང་ནི་མེད་པར་འགྱུར། །ཤེལ་གོང་དག་པ་འདྲ་བ་ཡིས། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་སོ། །དེ་འདྲའི་མྱོང་བ་བདེན་པར་གྲུབ་པ་དེ་ཉིད་རྫུན་པར་སྣང་བ་འདི་དང་བདག་གཅིག་དེ་བྱུང་གི་འབྲེལ་པ་ཡོད་དམ་མེད། མེད་ན། དེ་ལ་རྫུན་སྣང་འབྱུང་མི་རིགས་ཏེ། དེ་དང་འབྲེལ་པ་གཉིས་མེད་པའི་ཕྱིར། ཁྱབ་སྟེ། མེད་ཀྱང་འབྱུང་ན་རྒྱལ་བ་སངས་རྒྱས་ལའང་འབྱུང་བར་ངེས་དགོས་ལ་དེ་ལྟ་ན། རྣམ་རྫུན་གྱི་བཟང་ཤོས་དྲི་མེད་མི་འཐད་ཅིང་། འབྲེལ་སོགས་འགྱུར་ཏེ། བདེན་གྲུབ་ཀྱི་དངོས་པོ་དང་བདག་གཅིག་དེ་བྱུང་གང་རུང་དུ་གྲུབ་པས་སོ། །གཉིས་པ་ནི། རྣམ་སོགས་ཏེ། སངས་རྒྱས་སོགས་ཀྱིས་སོ། །འདི་ལ་དཔལ་ཆོས་ཀྱི་གྲགས་པས་ནི། བདེན་བཞིའི་གནས་ལུགས་ལྟ་བུ་ཡུལ་དངོས་སྟོབས་ཀྱིས་གྲུབ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི། གཞན་དོན་དུ་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་གོམས་རྐྱེན་དང་མ་བྲལ་བར་ཡུན་རིང་དུ་གོམས་པས། གསལ་སྣང་རབ་ཀྱི་མཐར་ཕྱིན་པ་འབྱུང་བར་ཚད་མས་གྲུབ་པའི་སྒོ་ནས། སྟོན་པ་དང་བསྟན་པ་ལ་ཤིན་ཏུ་ཡིད་ཆེས་པར་གྲུབ་མོད་ཀྱི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་མཁྱེན་ཚུལ་ནི་བསམ་གྱིས་མི་ཁྱབ་སྟེ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱིས། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། རྒྱུད་གཞན་གྲུབ་པར་ཡང་བཅོམ་ལྡན་འདས་ཀྱིས་དོན་ཐམས་ཅད་ཐུགས་སུ་ཆུད་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཞེས་སོགས་གསུངས་ལ། དེའི་འགྲེལ་བྱེད་སློབ་དཔོན་དུལ་བ་ལྷས་ནི། མཉམ་པར་གཞག་པ་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གཞན་གྱི་སེམས་མཁྱེན་ལ་ཡེ་ཤེས་གཞན་གྱིས་ནི་མ་ཡིན་ནོ། །ཡེ་ཤེས་དེ་ནི་གཟུང་འཛིན་དང་བཅས་ཀྱང་། དེ་ཉིད་ཀྱིས་ལོག་པ་ཉིད་དུ་གཟིགས་པའི་ཕྱིར། ཞེས་སོགས་ནི་དྲི་བཅས་པ་དང་། བྱམས་པས། དེ་ནི་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཡུལ་མེད་དམིགས་མེད་ཅིང་། །མཚན་མ་ཐམས་ཅད་མི་དམིགས་པས། །རབ་ཕྱེ་བ་ནི་ཡིན་ཕྱིར་རོ། །ཞེས་དང་། ཐོགས་མེད་ཀྱིས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་དང་། ཞི་བ་འཚོས། ཚད་མའི་དེ་ཉིད་བསྡུས་པར། དམིགས་པ་ཅན་གྱི་གཞུང་ལུགས་ལ། །གཞན་གྱི་འདོད་ཆགས་སོགས་རིག་ན། །སྒྲིབ་པ་ཡོད་པ་འཐོབ་འགྱུར་ཏེ། །རྒྱལ་བ་ཐམས་ཅད་མཁྱེན་པ་ནི། །དེས་ན་གཟིགས་པ་མེད་པར་བསྟན། །ཞེས་དང་། རྒྱན་མཁན་པོས། ད་ལྟའི་སྐྱེ་བོ་ལ་བལྟོས་ནས། །གནོད་བྱེད་ཤེས་པ་མེད་པ་ལ། །མ་འཁྲུལ་བར་བཤད་དོན་དམ་དུ། །དམིགས་པ་ཐམས་ཅད་འཁྲུལ་པ་ཡིན། །ཞེས་བཤད་པ་རྣམས་ནི་དྲི་མེད་པ་སྟེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་སྤྱོད་འཇུག་ལས་དང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོགས་འཇུག་པར་བཤད་པ་དང་ཤེས་བྱ་མཁྱེན་ཚུལ་མཐུན་ཞིང་། སྔ་མ་དང་རྣམ་བདེན་པ་དང་དབུ་མ་རང་རྒྱུད་པ་རྣམས་ནི་མ་དག་པའི་ཤེས་བྱ་ཡང་སྣང་ནས་མཁྱེན་པར་འདོད་དེ། རྒྱས་པར་འོག་ནས་བཤད་པར་བྱའོ། །འཕྲོས་དོན་ནི། རྣམ་རྫུན་པ་གཉིས་པོ་འདི་དག དབུ་མ་ཐལ་འགྱུར་བས་དཔྱད་ན་རྟོག་གེས་བཞག་པ་ཐམས་ཅད་མི་འཐད་ལ། མ་བརྟགས་མ་དཔྱད་ན་འཇིག་རྟེན་རང་དགའ་བ་འབོད་པ་ཐམས་ཅད་ཀྱང་འཁྲུལ་ངོར་ཁས་ལེན་པས། ལྟ་བ་མཆོག་ཏུ་གྱུར་པ་བཞིན་དུ། མ་བརྟགས་མ་དཔྱད་པའི་རྟོག་སོགས་ཡོད་པར་བཞེད་དེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་འབྲས་རྟོགས་གསུམ་པར་ཕྱི་དོན་གཞལ་བྱར་བྱས་པའི་རྣམ་གཞག་མཛད་པའི་ཕྱིར། ཕྱི་དོན་རིག་ངོར་མི་བཞེད་དེ། ཕྱི་དོན་རིག་ངོར་དོན་ལ་ཡོད་ན། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་པ་འབྲས་རྟོགས་དང་པོ་དང་ཚད་མ་འདྲ་བར་བཞེད་རིགས་པ་ལས། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་གཟུང་རྣམ་ཚད་མར་མཛད་པའི་ཕྱིར་རོ། །འདིས་ཀྱང་སྔོ་འཛིན་ཚད་མའི་གཟུང་རྣམ་སྔོ་འཛིན་ཚད་མ་ཉིད་ཡིན་པར་འདོད་པ་ལ་གནོད་དེ། དེ་ལྟ་ན་འབྲས་རྟོགས་དང་པོ་དང་ཁྱེད་མེད་དུ་འགྱུར་བས་ཟློས་སྐྱོན་ཡོད་པའི་ཕྱིར་རོ། །ཡང་རིག་ངོར་དོན་ལ་གྲུབ་པའི་དབང་དུ་བྱས་ན་ཕྱི་དོན་རིག་པ་ལྟ་ཅི་སྨོས། གཉིས་སྣང་ཅན་གྱི་གཞན་རིག་གི་སེམས་དང་སེམས་བྱུང་ཙམ་ཡང་མེད་དེ། དེ་ལ་གཅིག་ཉིད་མེད་པས་ཀྱང་། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ཡང་དེ་ཡི་དེ་ཉིད་ཡིན། །ཞེས་སོགས་དང་། འཇུག་པ་ལས། ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ཞིང་། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་སོགས་མདོ་དང་བསྟན་བཅོས་ལས་མང་དུ་འབྱུང་ངོ་། །དེ་དག་གིས་ནི། གཉིས་སྟོང་གི་ཤེས་པ་དེ་ཡང་དེ་ཁོ་ན་ཉིད་དམ་གནས་ལུགས་ཀྱི་དོན་ནམ་དོན་དམ་པའི་བདེན་པར་བསྟན་ཏེ། གཞན་དུ་ན་ཡང་སྒྲ་ལ་ནུས་པ་མེད་པའི་ཕྱིར་རོ། །དེས་ན་གཉིས་སྟོང་གི་འགྱུར་མེད་ཡོངས་གྲུབ་འདུས་མ་བྱས་སུ་མ་ཟད། གཞན་དབང་གི་གཙོ་བོ་མདོ་སྔགས་དུ་མ་ལས་གཞིའི་ཡེ་ཤེས་དང་བདེ་གཤེགས་སྙིང་པོར་གསུངས་པ་དེ་ཡང་ཞེས་དེའི་དགོངས་པར་གདོན་མི་ཟའོ། །དེ་བས་ན་ལུགས་འདི་ལ་བྱ་སོགས་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་རིག་པ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། །ཞེས་དང་། གཟུང་དང་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུར་གནས་པ་ནི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་དོན་ལ་མེད་ཀྱང་། འཁྲུལ་ཤེས་ལ་ཇི་ལྟར་སྣང་བ་བཞིན་དུ་བྱ་བྱེད་འཇོག་གོ་ཞེས་ལན་མང་དུ་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ན་འབྲས་སོགས་ཏེ། འབྲས་རྟོགས་དང་པོར་མདོ་སྡེ་པས། རང་གཞན་གྱི་སྡེ་པས་ཚད་མ་དང་འབྲས་བུ་རྫས་གཞན་དུ་འདོད་པ་རྣམས་ལེགས་པར་བཀག་ནས། དེ་གཉིས་དོན་གཅིག་གཞིར་བྱས་ལ་གཞལ་བྱའི་གཙོ་བོ་ཕྱི་དོན་དུ་བསམས་ནས་དེ་གཞལ་བྱར་བྱས་པའི་བྱ་བྱེད་ལས་གསུམ་དང་། གཉིས་པར་དེ་བཀག་ནས་རྣམ་བདེན་པས་ཤེས་པའི་གཟུང་ཆ་གཞལ་བྱར་བྱས་པའི་ཤེས་པ་ཉིད་ཀྱི་བྱ་བྱེད་ལས་གསུམ་ཚད་གྲུབ་ཏུ་བཞག་པ་ན། དོན་ལ་ཕྱི་མ་ཡང་མ་གྲུབ་ཅིང་རྟོག་ངོར་སྔ་མ་ཡང་གྲུབ་པས་གཉིས་ཀ་མི་འཐད་པར་གཟིགས་ནས། སྤྱིར་གཞན་རིག་དང་བྱ་བྱེད་ཚད་མས་མ་གྲུབ་བཞིན་དུ་ནན་གྱིས་འཇོག་པ་ལ་བཞད་གད་བྱ་བར་དགོངས་ཏེ། རིག་བྱ་དང་རིག་ཚུལ་ཤིན་ཏུ་མི་འཐད་པ། ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུ་ཞེས་པའི་རྣམ་གཞག་མཛད་ལ། དེ་ཡང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བློས་ཡུལ་འཛིན་ཚུལ་འདི་ལ། མཐའ་གཞན་འགོག་པའི་རིག་པས་དཔྱད་ན་འདི་ལས་མ་འདས་ཤིང་། འདི་ནི་འབྲས་བུ་དང་ཚད་མའི་རྣམ་གཞག་འཐད་ལྡན་དུ་སུས་ཀྱང་མི་འགྲུབ་པས་ན། བདེན། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་ཚུལ་གྱིས་ཚད་མ་དང་འབྲས་བུའི་རྣམ་གཞག་ཚད་གྲུབ་འགོག་པའི་ཆེད་ཁོ་ནར་མཛད་པ་ཡིན་གྱིས། རྒྱ་བོད་ཀྱི་འདོད་ཚུལ་གཞན་དག་ནི་སྙིང་པོ་མེད་ལ། རྒྱན་མཛད་པས། འབྲས་རྟོགས་གསུམ་པོ་ལ་རིམ་བཞིན། ཕྱི་རོལ་དོན་དུ་སྨྲ་བའི་དང་། །རྣམ་པར་རིག་པ་སྨྲ་བའི་དང་། །དབུ་མ་པའི་ཚད་འབྲས་ཀྱི་རྣམ་གཞག་ཅེས་གསུངས་པའི་དབུ་མ་པ་ནི། རྣམ་རྫུན་པ་ལ་བཞེད་པར་སྟོད་སྨད་གཞན་དུ་ཡང་འབྱུང་བས་མཁས་པ་གུང་མཐུན་པ་ཡིན་ནོ། །དེས་ན་རྒྱན་མཁན་པོ་རྣམ་འགྲེལ་གྱི་དགོངས་པ། གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་སེམས་ཙམ་པའི་ཟླས་དྲངས་པའི་དབུ་མ་པ་ལ་སྐྱེལ་ཞེས་བོད་ན་གྲགས་པ་ཡང་སྒྲ་གྲག་སྟོང་ངོ་། །དེ་ལྟར་ན་རྩ་བ་ཚད་མ་མདོའི་འབྲས་རྟོགས་གསུམ་པོ་ལ་ཡང་དེ་བཞིན་དུ་སྦྱར་བས་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་མཐར་ཐུག་གི་སྐྱེལ་ས་ནི། རྣམ་རིག་སྨྲ་བའི་གཙོ་བོ་རྣམ་རྫུན་པར་བཞེད་པ་ཉིད་ཡིན་པས། བོད་ཀྱི་མཁས་པ་རིག་པའི་རལ་གྲིས། ཕྱོགས་ཀྱི་གླང་པོ་རྣམ་བདེན་པའི་མཚན་གཞིར་བཟུང་བ་སོགས་ནི་མཐར་ཐུག་ལ་བལྟོས་ཏེ་མ་དགོངས་ལ། གནས་སྐབས་ནི་ལ་ལར་མདོ་སྡེ་པ་ཡང་བཞེད་པས་རྣམ་བདེན་པ་དང་བསྟུན་པའང་ཡོད་དོ། །ཡང་སེམས་སོགས་གྲགས་ཏེ། ཐོགས་མེད་སྐུ་མཆེད་ཀུན་གཞི་བཞེད་པ་དང་། ཕྱོགས་གླང་ཆོས་གྲགས་མི་བཞེད་པས་སོ། །ཞེས་ངག་བྱང་བར་གསུངས་མོད་ཀྱི་ཀུན་སོགས་དཀའ་སྟེ། སྐུ་སོགས་ཕྱོགས་གླང་སོགས་ལ་ལས་དངོས་བསྟན་གསལ་སོགས་ལུང་རིག་སེམས་ཙམ་པ་ཚད་ལྡན་སུས་ཀྱང་མ་བརྗོད་པའི་ཕྱིར་དང་། ཤིན་སོགས་མེད་ན་མི་འཐད་ཅིང་མི་རུང་བ་དུ་མ་ཡོད་པའི་ཕྱིར་ཏེ། འཁོར་འདས་མི་རུང་སྟེ། འཁོར་བ་ནི་ལས་ཉོན་དང་། མྱང་འདས་ནི་ལམ་བསྒོམས་པ་ལས་གཞག་དགོས་ལ། ཚོགས་དྲུག་དགེ་སྡིག་ཏུ་སྐྱེས་པའི་ཚེ་ཅིག་ཤོས་འགགས་ཤིང་། འགགས་པ་དེས་མངོན་གྱུར་བ་ལ་བག་ཆགས་སམ་ས་བོན་བཞག་ན་དགེ་སྡིག་རེ་རེ་བར་མི་འགྱུར་བའི་ཕྱིར་དང་། ཚོགས་དྲུག་ནི་སེམས་མེད་ཀྱི་གནས་སྐབས་སུ་རྒྱུན་འཆད་པས། ཀུན་བྱང་གིས་བཞག་པའི་བག་ཆགས་ཀྱང་རྒྱུན་ཆད་པས་ཕྱིས་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་། གཞན་ཡང་དེ་མེད་ན། དུས་ལེན་འཛིན་དང་། ལུས་ཀྱི་ཚོར་བ་དང་། སྙོམས་འཇུག་དང་ཉིང་མཚམས་སྦྱོར་བ་དང་སྲིད་རྩེའི་འཕགས་པ་དང་། སེམས་མེད་ལས་ལྡང་བ་དང་། ཉོན་མོངས་རྒྱུན་ཆགས་སུ་མི་རུང་བ་སོགས་དང་། ཁྱད་པར་སྔགས་ལམ་གྱི་བསྒྲུབ་གཞི་མི་རུང་བའི་ཕྱིར་དང་། ལང་གཤེགས་དགོངས་འགྲེལ་སོགས་ཀྱི་མདོ་སྡེ་རྣམས་དྲང་དོན་དུ་ཁས་ལེན་ན་སེམས་ཙམ་པ་ཚད་ལྡན་མི་འཐད་པའི་ཕྱིར་དང་། རྣམ་འགྲེལ་དུ། ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་པའི་འགྲེལ་བཤད་དུ། ཀུན་གཞི་ཁས་བླངས་པའི་ཕྱིར་དང་། སེམས་ཙམ་དང་ཐ་སྙད་སྒོ་བསྟུན་གྱི་རྣལ་འབྱོར་དཔྱོད་པའི་དབུ་མ་པ། ཞི་འཚོ་ཡབ་སྲས་དང་། འཕགས་སེང་རྗེས་འབྲང་དང་བཅས་པས་ཀྱང་། མདོ་སྔགས་ཀུན་ཏུ་རྣམ་ཤེས་ཚོགས་བརྒྱད་ཀྱི་རྣམ་དག་དང་གནས་གྱུར་སོགས་རྒྱས་པར་མཛད་པའི་ཕྱིར་རོ། །མདོ་དང་སྡེ་བདུན་དུ་རྒྱ་ཆེར་མི་གསལ་བ་ནི། དེ་ལ་བརྟེན་པའི་བཤད་པ་དང་འབྲེལ་ཆུང་བས་ཡིན་ནོ། །སྐུ་མཆེད་གཉིས་ཀྱིས་གསལ་བར་བཤད་ཚུལ་ནི། ཐེག་བསྡུས་སུ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་སྡོམ་ཚིག་མཛད་ནས། དོན་དང་པོ་དྲུག་པོ་ཀུན་གཞི་ཁོ་ནའི་དབང་དུ་བྱས་པའི་དམ་བཅའ་དང་སྒྲུབ་བྱེད་དུ་མ་མཛད་ཅིང་། སུམ་ཅུ་པ་ལས། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་བ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པ་འོ། །ཞེས་ཤེས་བྱ་ཐམས་ཅད་སེམས་ཀྱི་ཆོས་སུ་དང་། སེམས་ཀྱང་རྣམ་སྨིན་གྱི་རྣམ་ཤེས་ཀུན་གཞི་དང་། ངར་སེམས་ཀྱི་རྣམ་ཤེས་ཉོན་ཡིད་དང་། ཡུལ་ཤེས་ཀྱི་རྣམ་ཤེས་འཇུག་ཤེས་དྲུག་ཏུ་མདོར་བསྟན་ནས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་དང་མི་རིག་དང་། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་པས་ཀུན་གཞི་དང་། དེ་ལ་གནས་ཏེ་རབ་བྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་སོགས་ཀྱིས་ཉོན་ཡིད་དང་འཇུག་ཤེས་ཀྱང་རྒྱས་པར་བསྟན་པས་དེ་དག་ཏུ་བལྟ་བར་བྱའོ། །རྣམ་ཤེས་བརྒྱད་པོ་ཕན་ཚུན་རྒྱུ་འབྲས་ཏེ། བདུན་པོས་ཀུན་གཞི་ལ་དགེ་སྡིག་ལུང་མ་བསྟན་གྱི་བག་ཆགས་འཇོག་ཅིང་། ཀུན་གཞིས་གཞན་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པའི་ཕྱིར། དེ་སྐད་དུ། བྱམས་པས་མཛད་པའི་མཚན་ཉིད་གསུམ་གཏན་ལ་དབབ་པ་ལས། རྒྱུ་དང་འབྲས་བུའི་ངོ་བོ་ཡིས། །སེམས་དེ་རྣམ་པ་གཉིས་སུ་འདོད། །ཀུན་གཞི་དང་ནི་འཇུག་ཤེས་སོ། །ཞེས་སོ། །དེ་བཞིན་དུ་རྩ་བའི་དང་འཇུག་པའི་ཤེས་པ་ཞེས་ཀྱང་བྱ་སྟེ། དེ་ལས། དང་པོ་རྩ་བའི་རྣམ་ཤེས་ཏེ། །གཞན་རྣམས་འཇུག་པའི་རྣམ་ཤེས་སོ། །ཞེས་སོ། །དེ་ཡང་རྣམ་བདེན་པས་གཞི་དུས་ན་རྣམ་ཤེས་བརྒྱད་ཀ་དོན་དམ་དུ་གྲུབ་པར་དང་། རྣམ་རྫུན་པས་ཀུན་གཞི་དོན་དམ་དུ་གྲུབ་ཀྱི་གཞན་ཀུན་རྫུན་སྣང་དུ་འདོད་དོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྣམ་རིག་པའི་ལུགས་ཀྱིས་སྣང་གྲགས་ཀྱི་ཆོས་ཀུན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་ཀུན་བརྟགས་གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་དུ་བསྡུས་ནས་འཆད་དེ། བཤད་མ་ཐག་པའི་གཞུང་དེར། བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ན་སྟེ། །མཚན་ཉིད་གསུམ་ནི་བརྟན་རྣམས་ཀྱི། །ཟབ་མོའི་ཤེས་བྱར་བཞེད་པ་ཡིན། །ཞེས་སོགས་དང་། དབུས་མཐར། བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་སོགས་ཀུན་ནས་ཉོན་མོངས་ཀྱི་མཚན་ཉིད་སྤྱི་དང་། རྩ་བའི་དང་། དེ་ཁོ་ནའི་དང་། རྒྱུ་འབྲས་ཀྱི་དང་། རགས་པའི་དང་། ཕྲ་བའི་དང་། གྲགས་པའི་དང་། རྣམ་པར་དག་པའི་དང་། བསྡུ་བའི་དང་། དབྱེ་བའི་དང་། མཁས་པའི་དེ་ཁོ་ན་ཉིད་དེ། དེ་ཉིད་བཅུ་དང་། ཡང་སྒོས་མཁས་པ་ལ་ཡང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། གནས་དང་། གནས་མིན་དང་། དབང་པོ་དང་། དུས་གསུམ་དང་། བདེན་བཞི་དང་། ཐེག་གསུམ་དང་། འདུས་བྱས་འདུས་མ་བྱས་ལ་མཁས་པ་སྟེ། དེ་ཐམས་ཅད་མཚན་ཉིད་གསུམ་དང་སྦྱར་ནས་རྒྱས་པར་གསུངས་ཤིང་། ཁྱད་པར་རགས་པ་དང་ཕྲ་བ་ནི་ཀུན་རྫོབ་དང་དོན་དམ་དུ་གསུངས་ཏེ། བརྟགས་པ་དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་པ་རགས་པ་ཡིན། །དམ་པའི་དོན་ནི་གཅིག་པུའོ། །དོན་དང་འཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་ཀུན་བརྟགས་མཐའ་དག་དང་། གཞན་དབང་གི་མ་དག་གཞན་དབང་དུ་བསྡུ་བར་བྱ་བ་གཉིས་སྣང་ཅན་གྱི་ཤེས་པ་དང་། ཡོངས་གྲུབ་བརྗོད་པའི་སྒྲ་རྟོག་རྣམས་འཁྲུལ་ངོ་ཙམ་དུ་གྲུབ་པས་ཀུན་རྫོབ་དང་། དེ་བཞིན་ཉིད་དང་། མྱང་འདས་དང་། ལམ་བདེན་རྣམས་དོན་དང་འཐོབ་པ་དང་སྒྲུབ་པ་རྣམས་རེ་རེ་ལ་དོན་དམ་པ་སྦྱར་བ་རིག་ངོར་གྲུབ་པས་དོན་དམ་བདེན་པ་སྟེ། དང་པོ་གཉིས་འགྱུར་མེད་དང་། ཕྱི་མ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ། འདི་ལ་གཞི་དུས་ཀྱི་མྱོང་བ་གཉིས་མེད་ཀྱི་རང་རིག་ཀྱང་བསྡུའོ། །དེ་བཞིན་དུ། མདོ་སྡེ་རྒྱན་གྱི་ཆོས་ཚོལ་དུ་ཡང་། གསུང་རབ་མཐའ་དག་མཚན་ཉིད་གསུམ་ལ་བརྟེན་ནས་ཚོལ་ཚུལ་རྒྱས་པར་གསུངས་ལ། མཚན་ཉིད་གསུམ་གཏན་ལ་དབབ་པ་ལས་ནི། ཡོད་དང་མེད་གཉིས་གཅིག་ཕྱིར་དང་། །ཀུན་ནས་ཉོན་མོངས་རྣམ་བྱང་དང་། །མཚན་ཉིད་དབྱེ་བ་མེད་པའི་ཕྱིར། །རང་བཞིན་རྣམ་ནི་ཟབ་པར་བཞེད། །ཅེས་རེ་རེ་ཡང་ཡོད་མེད་དབྱེར་མེད་པ་དང་། ཀུན་བྱང་དབྱེར་མེད་པ་དང་། མཚན་ཉིད་དབྱེར་མེད་པས་ཟབ་པར་མདོར་བསྟན་ནས། དེ་རྣམས་རྒྱས་པར་བཤད་པ་དང་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན། ཐ་སྙད་ཀྱི་དང་། དེ་ལ་འཇུག་པའི་དབང་དུ་བྱས་པ་སྟེ། ཐ་སྙད་དངོས་དང་། དེའི་གཞི་དང་། དེ་དང་བྲལ་བ་རྣམས་དང་། གཉིས་སྣང་འཁྲུལ་པར་དང་། དེ་དང་བྲལ་བའི་རྟོག་ཙམ་དུ་དང་། དེ་བཞིན་ཉིད་དུ་འཇུག་པ་རྣམས་སོ། །དཔེ་ནི་སྒྱུ་མ་ལྟ་བུ་སྟེ་སྤྲུལ་བྱེད་སྔགས་དང་། སྤྲུལ་གཞི་ཤིང་བུ་ལྟ་བུ་ནི་རྩ་བའི་སེམས་དང་དེ་བཞིན་ཉིད་དེ། དེ་ལས་གླང་པོར་སྣང་བའི་རྣམ་པ་ནི་གཞན་དབང་དང་། གླང་པོ་ནི་ཀུན་བརྟགས་དང་དེ་ལ་དེ་མེད་པ་ནི་ཡོངས་གྲུབ་ཏུ་གསལ་བར་གསུངས་སོ། །དེ་ལྟར་གསུངས་པ་རྣམས་བསྡུ་ན། དོན་ལ་མེད་ཀྱང་འཁྲུལ་ངོར་སྣང་བ་དང་། འཁྲུལ་ངོར་རྒྱུ་རྐྱེན་ལས་སྐྱེས་པ་དང་། རིག་པས་དཔྱད་བཟོད་དུ་གྲུབ་པ་རྣམས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་ཀྱི་མཚན་ཉིད་ཡིན་ལ། གཞན་དབང་ཉིད་ཀུན་བརྟགས་དང་ཡང་དབྱེར་མེད་དང་ཡོངས་གྲུབ་དང་ཡང་དབྱེར་མེད་དུ་གསུངས་པའི་དོན། དེ་དེ་གཉིས་དང་མི་འགལ་བའི་དོན་དུ་བཤད་ན་གཞུང་ལུགས་རྣམས་དང་མི་འགལ་བར་མཐོང་བས། དིང་སང་དངོས་པོ་ལ་གཞན་དབང་དང་། འཁྲུལ་ངོའི་དང་རིག་ངོའི་དངོས་མེད་ལ་གཞན་གཉིས་ཀྱིས་ཁྱབ་པར་བྱས་ནས། གསུམ་ག་འགལ་བར་འདོད་པ་ལ་ནི། རྣམ་གྲངས་བའི་ཀུན་བརྟགས་དང་མ་དག་གཞན་དབང་གཉིས་དབྱེ་བར་དཀའ་ཞིང་། དབུས་མཐའི་འགྲེལ་པར། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་ཁོ་ན་སྟེ། ཞེས་བཤད་ནས། དེ་མ་ཐག་ཏུ་དོན་དམ་ལ་སྒྲུབ་པ་དོན་དམ་སོགས་གསུམ་དུ་དབྱེ་བའི་འགལ་སྤོང་དུ། སྐྱོན་མེད་དེ། ཡོངས་གྲུབ་ལ་འགྱུར་མེད་ཕྱིན་ཅི་མ་ལོག་པ་གཉིས་ཡོད་པས་སོ། །ཞེས་གསུངས་པ་རྣམས་འཆད་མི་ཤེས་སོ། །རྒྱས་བཤད་ནི། དེ་ལྟར་ན་དོན་ལ་མ་གྲུབ་པར་རྟོག་པས་བཏགས་པའི་གཙོ་བོ་དང་། རྟག་གཅིག་རང་དབང་ཅན་གྱི་བདག་དང་། སྤྱི་དངོས་པོ་བ་དང་རྡུལ་ཕྲན་ལ་སོགས་པ་ནི་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང་། རྟོག་པ་ལ་དུ་མ་གཅིག་དང་གཅིག་དུ་མར་སྣང་བའི་དོན་སྤྱི་རྣམས་དང་། རྟོག་མེད་དབང་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་སོགས་ནི་རྣམ་གྲངས་པའི་ཀུན་བརྟགས་ཡིན་ནོ། །དེ་ཡང་རྣམ་བདེན་པ་ལྟར་ན། ཕྱི་རོལ་གྱི་དངོས་པོར་སྣང་བའི་ཆ་ལ་བྱའོ། །དེ་ལྟར་འཁྲུལ་པའི་གཞི་སེམས་དང་སེམས་བྱུང་གཉིས་སྣང་གི་འཁྲུལ་ལྡན་རྣམས་ནི་མ་དག་གཞན་དབང་དང་། གཉིས་སྣང་གི་འཁྲུལ་པ་དང་བྲལ་བའི་གཞི་དུས་ཀྱི་བདེ་གཤེགས་སྙིང་པོའི་མཚན་གཞི་ནི་མྱོང་བ་གཉིས་མེད་ཀྱི་ཤེས་རིག་དང་། འཕགས་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དག་པའི་གཞན་དབང་ཡིན་ནོ། །དག་པ་གཞན་དབང་དེ་ནི་ཡོངས་གྲུབ་གཉིས་ལས་འདུས་བྱས་ཕྱིན་སོགས་ཀྱང་ཡིན་ནོ། །འོ་ན་དབྱིག་གཉེན་གྱིས། འདུས་བྱས་ནི་ལམ་གྱིས་བསྡུས་པ་སྟེ། ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ། །ཞེས་དེ་ལ་ལམ་གྱིས་ཁྱབ་པར་གསུངས་པ་ཅི་ཞེ་ན། མཚན་གཞི་བཟུང་བ་ཙམ་སྟེ། བདེ་གཤེགས་སྙིང་པོ་ལ་ཡང་རྒྱུ་མཚན་དེ་ཚང་བས་འདོད་ལན་གསུང་བ་ལས་མ་འདས་སོ། །འཁྲུལ་གཞི་གཞན་དབང་འཁྲུལ་པ་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་ཉིད་དེ་བཞིན་ཉིད་ནི་ཡོངས་གྲུབ་ཀྱི་གཙོ་བོ་འགྱུར་སོགས་ཡིན་ནོ། །འདི་ཉིད་རྣམ་དག་ལམ་བདེན་གྱིས་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་ཟད་པར་འགྱུར་བའི་དམིགས་པ་ཡིན་པར་རྣམ་བདེན་རྫུན་ཀུན་ཀྱང་འདོད་ལ། ཁྱད་པར་རྣམ་རྫུན་པ་ནི་ཡོངས་གྲུབ་དང་པོ་བཞིའི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པའང་རྣམ་དག་གི་དམིགས་པ་དེར་འདོད་དེ། མདོ་སྡེ་རྒྱན་དུ། མཐོང་ལམ་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ཚུལ་འཆད་པའི་སྐབས་སུ། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་དྲི་མེད་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང་། །ཞེས་དང་། སྒྱུ་མ་དཔེར་བྱས་ནས། དེ་མེད་ན་ནི་དེ་ཡི་རྒྱུ། །གསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་གནས་ནི་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པ་དམིགས། །ཞེས་སོགས་དང་། ཆོས་དང་ཆོས་ཉིད་དུ། སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །ཞེས་གཟུང་འཛིན་གཉིས་དང་སྒྲ་དོན་དང་དབང་པོ་དང་ཡུལ་དང་གཞན་རིག་གི་རྣམ་རིག་དང་སྣོད་ཀྱི་འཇིག་རྟེན་རྣམས་མི་རྟོག་ཡེ་ཤེས་ལ་མི་སྣང་བར་གསུངས་པའི་ཤུགས་དང་། སྣང་བ་ལས་ནི་ཆོས་ཐམས་ཅད། །ནམ་མཁའི་དཀྱིལ་ལྟར་སྣང་ཕྱིར་རོ། །ཞེས་སོགས་གསུངས་པ་དང་མཐུན་པར་རྣལ་འབྱོར་དཔྱོད་པའི་དབུ་མ་པ་སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་དང་དེའི་བླ་མ་སློབ་དཔོན་སེང་བཟང་ཡང་བཞེད་དེ། འགྲེལ་ཆུང་ལས། འཁྲུལ་བའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་སྐྱེ་ཞེས་སོ། །དེ་དག་དེ་ལྟར་བཞེད་པས་ན་དེ་དག་ལ་མཉམ་སོགས་ཡིན་ནོ། །བདེན་གཉིས་སུ་བསྡུ་ན་ཀུན་སོགས་པར་རྣམ་བདེན་རྫུན་གཉིས་ཀ་མཐུན་ཞིང་། ཁྱད་པར་རྣམ་བདེན་པ་ནི་ཀུན་བརྟགས་སུ་མ་ཟད་གཞན་དབང་གཉིས་ཀྱང་ཀུན་རྫོབ་བདེན་པར་བཞེད་པར་གསལ་ཏེ། རྣམ་འགྲེལ་གྱི་རྣམ་རྫུན་པའི་སྐབས་སུ། དེ་ཡང་དེ་ཡིས་དེ་ཉིད་ཡིན། །ཞེས་པའི་ཡང་སྒྲས་རྣམ་བདེན་པ་གཉིས་སྟོང་གི་ཤེས་པ་དེ་དོན་དམ་བདེན་པར་མི་འདོད་པར་འཕངས་པས་སོ། །དེས་ན་རྣམ་རྫུན་པ་ནི་དག་སོགས་སོ། །དེ་ཡང་ཡུལ་གཉིས་མེད་ཀྱི་ཤེས་པ་བདེ་གཤེགས་སྙིང་པོ་ལ་བསམས་ཏེ། འདི་རྣམ་དག་གི་དམིགས་པར་བསྒྲུབས་ཟིན་པའི་ཕྱིར་དང་། རྒྱུད་བླའི་སྙིང་པོ་དཔེ་དགུའི་སྐབས་སུ། འདི་ལ་དེ་བཞིན་ཉིད་དང་ཆོས་དབྱིངས་དང་ཆོས་ཉིད་ཀྱི་སྒྲས་ཡང་ཡང་གསུངས་པའི་ཕྱིར་རོ། །དེས་ན་དག་པ་གཞན་དབང་གི་གཙོ་བོ་ནི་ཞེས་སྦྱར་རོ། །གསུམ་པ་ལ་དགག་བྱ་རགས་རིམ་ནས་འགོག་ཚུལ་དང་། ཤེས་པ་ཆ་མེད་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། མུ་སྟེགས་སོགས་བཀག་སྟེ། འདི་རྣམས་རྒྱས་པར་བརྗོད་ཟིན་ལ། མདོར་བསྡུས་འཕགས་པའི་བྱང་ཆུབ་སེམས་འགྲེལ་དང་། སློབ་དཔོན་དཔའ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ལས་གསུངས་པ་བརྗོད་ན། སེམས་འགྲེལ་ལས། མུ་སྟེགས་རྣམས་ཀྱིས་གང་བཏགས་པའི། །བདག་དེ་རིག་པས་བརྟགས་ན་འདིར། །ཕུང་པོ་ལས་ནི་གཞན་ཉིད་དུ། །ནམ་ཡང་རྙེད་པ་མ་ཡིན་ནོ། །ཕུང་པོ་ཡིན་ན་དེ་མི་རྟག །དེ་ཡང་བདག་གི་ཚུལ་མ་ཡིན། །ཞེས་སོགས་ནས། གང་ཕྱིར་རྟག་པ་རིམ་གྱིས་དང་། །ཅིག་ཅར་གྱིས་དོན་མི་བྱེད་པ། །དེ་ཡི་ཕྱིར་ན་ཕྱི་ནང་དུ། །རྟག་པའི་དངོས་པོ་མེད་པ་ཉིད། །ཅེས་སོགས་ཀྱིས་རྒྱ་ཆེར་བཀག་ལ། དཔའ་བོས། ཁ་ཅིག་ཡོད་མཐོང་མེད་བལྟས་ནས། །སྡིག་པའི་ལས་བྱས་སྡུག་བསྔལ་མྱོང་། །ཞེས་དང་། ཁ་ཅིག་དགེ་བའི་ལས་བྱས་ཀྱང་། །རྣམ་པར་དབེན་དོན་མ་ཤེས་པས། །ཞེས་པ་གཉིས་ཀྱིས་མུ་སྟེགས་ཆད་སྨྲ་དང་། རྟག་སྨྲ་གཉིས་བསྟན་ནས། དེ་ལྟར་འཇིག་རྟེན་ཕལ་པ་ཡིས། །ཡང་དག་བདག་མེད་དེ་བཞིན་ཉིད། །དོན་དམ་འཇམ་དཔལ་མཐོང་མ་ཡིན། །ཞེས་མཚན་བརྗོད་ནས་བསྟན་པའི་བདག་མེད་ཕྲ་རགས་ལ་འཇམ་དཔལ་གྱི་མཚན་བཏགས་པའི་ནང་ནས། མུ་སྟེགས་ཀྱིས་ཡང་དག་བདག་མེད་ཀྱི་འཇམ་དཔལ་མ་མཐོང་སྟེ། བདག་ཏུ་འཛིན་པའི་ཕྱིར་རོ། །ཞེས་པའོ། །བྱེ་སྨྲ་དེས་རྒྱུན་སོགས་བསྒྲུབས་ཤིང་། ཁྱད་པར་དེ་ཡིས་བྱ་སོགས་བདེན་གྲུབ་རྫས་ཡོད་པར་འདོད་པ་ནི་མདོ་སྡེ་པས་དེ་དག་འགྲེལ་པོ་སོགས་ལས་དོན་གཞན་རྫས་ཡོད་དུ་ཚད་མས་མ་དམིགས་པ་ཉིད་ཀྱིས་བཀག་ནས་འབྲེལ་པོ་གཟུགས་སྒྲ་སོགས་བདེན་གྲུབ་ཏུ་བསྒྲུབས་ཏེ། སེམས་འགྲེལ་ལས། གཟུགས་རྡུལ་ལས་གཞན་དབང་པོ་མེད། །བྱེད་པའི་དབང་པོ་ཤིན་ཏུ་མེད། །སྐྱེད་པ་པོ་དང་སྐྱེད་པ་དག །ཡང་དག་སྐྱེད་པར་རིགས་མ་ཡིན། །ཞེས་སོ། །དཔའ་བོས། ཁ་ཅིག་རྡུལ་ཕྲན་དོན་དག་ནི། །རྟེན་འབྲེལ་བློ་ཡིས་མངོན་སུམ་མཐོང་། །ཁ་ཅིག་རྗེས་སུ་དཔགས་ནས་ཤེས། །ཞེས་བྱེ་སྨྲས་རྣམ་མེད་དང་། མདོ་སྡེ་པས་རྣམ་པས་ཆོད་པར་མཐོང་ཚུལ་གསུངས་ལ། གཉིས་ཀས། རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཆོས་དབྱིངས་འཇམ་དཔལ་མཐོང་མ་ཡིན། །ཞེས་རྡུལ་ཕྲན་ཁས་བླངས་པའི་སྐྱོན་གསུངས་སོ། །མདོ་སྡེ་པ་དེ་ཡིས་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་རྡུལ་ཕྲ་རབ་ཕྱི་རོལ་ན་ཡོད་པར་འདོད་པ་ནི། རྡུལ་ཕྲན་འགོག་པའི་རིག་པ་སོགས་ཀྱི་སྒོ་ནས་རྣམ་སོགས་བཀག་སྟེ། སེམས་འགྲེལ་ལས། ཕྱོགས་ཀྱི་དབྱེ་བས་རབ་ཕྱེ་ན། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བཏགས་པ། །དེ་ནི་ཇི་ལྟར་རྡུལ་ཕྲན་ཡིན། །ཕྱི་རོལ་དོན་ནི་གཅིག་ཉིད་ལ། །ཤེས་པ་ཐ་དད་རབ་འཇུག་སྟེ། །གཅིག་ལ་གང་ཞིག་སྣང་གྱུར་པ། །དེ་ཉིད་གཞན་ལ་གཞན་དུ་སྣང་། །བུད་མེད་ལུས་ནི་གཅིག་ཉིད་ལ། །བཀའ་ཐུབ་འདོད་ལྡན་ཁྱི་རྣམས་ཀྱིས། །མི་གཙང་འདོད་བྱ་བཟའ་བྱ་ཞེས། །རྣམ་པར་རྟོག་པ་གསུམ་དུ་འགྱུར། །རྨི་ལམ་སད་པའི་ཞེ་སོགས་སྔར་དྲངས་པ་བཞིན་རྣམ་བདེན་རྫུན་གྱི་ཁྱད་པར་དང་བཅས་པ་གསུང་ཞིང་། དཔའ་བོས། ཁ་ཅིག་ཤེས་རབ་རྩལ་གྱིས་ནི། །གཟུང་བ་སྟོང་པར་རབ་ཤེས་ཀྱང་། །འཛིན་པ་རྫས་སུ་གྲུབ་པར་བལྟ། །ཞེས་པས་རྣམ་བདེན་དང་། ཁ་ཅིག་ཆོས་ཀུན་རང་རིག་ལུས། །སྣ་ཚོགས་བཏགས་པས་རྣམ་པར་བདེན། །དཔེར་ན་རྨི་ལམ་ཉམས་མྱོང་བཞིན། །གཉིས་མེད་ཡེ་ཤེས་གྲུབ་པར་འདོད། །ཅེས་སོགས་དང་། སེམས་ཉིད་སྣང་མེད་མཁའ་འདྲ་བ། །དོན་དམ་ཉིད་དུ་གྲུབ་པར་འདོད། །ཅེས་རྣམ་རྫུན་དང་། གཙོ་བོར་འདི་ལ་སྦྱོར་བའི་དབང་དུ་མཛད་ནས། ཡེ་ཤེས་སྙིང་པོ་ཀུན་བཏུས་སོགས་ལས་ཀྱང་། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པ་རབ་ཏུ་སྣང་། །གཟུང་དང་འཛིན་པ་གཉིས་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་ལ། དེ་གཉིས་ཀྱིས་རིམ་པ་བཞིན། ལྷག་མ་ཀུན་ལས་རྣམ་གྲོལ་བའི། །དོན་དམ་འཇམ་དཔལ་མངོན་སུམ་མིན། །ཞེས་དང་། རྣམ་ཤེས་ཆོས་ཉིད་ལས་འདས་པའི། །ཆོས་དབྱིངས་འཇམ་དཔལ་མཐོང་བ་མིན། །ཞེས་སོ། །དེ་ལྟར་རིམ་གྱིས་བཀག་ན་ཡང་། འཁྲུལ་པ་གཞི་མེད་ལ་བྱ་བྱེད་མཁྱེན་པ་ནི་དབུ་མ་པའི་ཁྱད་ཆོས་ཡིན་གྱི། སྣང་བ་ལ་འཁྲུལ་པས་ཁྱབ་པར་ཞལ་གྱིས་བཞེས་པའི་རྣམ་རྫུན་པ་མན་ཆད་འདི་དག་གིས་འཁྲུལ་སོགས་གསུངས་སོ། །དགག་གཞི་བདེན་གྲུབ་རེའི་སྟེང་དུ་གྲུབ་མཐའ་འོག་མ་འོག་མས་བཏགས་པའི་དགག་བྱ་རེ་བཀག་པ་ཙམ་གྱིས་བདག་མེད་ཡོངས་སུ་མི་རྫོགས་ཏེ། དེ་ཡིས་སོགས་ཟད་པའི་ཕྱིར་རོ། །གཉིས་པ་ནི། དགག་བྱ་རགས་པ་རྣམས་རིམ་པ་བཞིན་བཀག་པ་ལེགས་མོད་ཀྱི་འདིར་ཁྱད་པར་རམ་སྒོས་སུ་དགག་པར་བྱ་བ་ནི། ད་ལྟར་བའི་ཤེས་སོགས་དེ། དུས་གཞན་འདས་མ་འོངས་གཉིས་དག་བལྟོས་པའི་ཚུལ་གྱིས་ཕྲད་དམ་མ་ཕྲད་བརྟག་གོ །མ་ཕྲད་ཅིང་མི་བལྟོས་ན་དེ་ད་ལྟར་བར་ཡང་འགྲུབ་པར་མི་འགྱུར་ལ། དོན་དམ་པར་ཕྲད་ན་བདག་ཉིད་ཀུན་གྱིས་ཕྲད་པས་དུས་གསུམ་གྱི་རྒྱུན་ཐམས་ཅད་སྐད་ཅིག་མ་གཅིག་ཉིད་དུ་འགྱུར་ཞིང་། འདོད་ན་ཀུན་གཞིའི་རྒྱུན་ལས་འཁོར་འདས་ཐམས་ཅད་སྒྲུབ་པ་དང་འགལ་བ་དང་། འདས་མ་འོངས་དང་ཕྲད་པའི་སྟོད་ཆ་སྨད་ཆ་གཉིས་ཀྱི་བར་ན་སྐད་ཅིག་ཕྲ་མོ་ཡོད་ན། དེ་ལའང་དེ་བཞིན་དུ་བརྟགས་པས་ཐུག་མེད་དུ་འགྱུར་ཞིང་། དེ་ལྟ་ན་མཐར་ཐུག་མ་གྲུབ་པར་འགྱུར་རོ། །འདི་ནི་དབུ་མ་པས་དགག་པར་བྱ་བའི་དགག་བྱའི་མཐར་ཐུག་ཡིན་པས། ཀླུ་སྒྲུབ་ཞབས་ཀྱིས་རིན་ཆེན་འཕྲེང་བར། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་གོ །ཞེས་གཟུགས་ཅན་ཕྱོགས་ཆས་ཁེགས་པ་བཞིན་དུ། ཤེས་པ་དུས་ཆས་ཁེགས་པར་གསུངས་ལ། སེམས་འགྲེལ་ལས་ཀྱང་། དགག་བྱ་རགས་རིམ་ནས་རྣམ་རྫུན་མན་གྱིས་ཁེགས་ཟིན་པའི་མཇུག་ཏུ། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །རྣམ་རིག་མིང་དུ་བལྟ་བྱ་སྟེ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་དང་། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སྒྱུ་མ་ཡི། །རང་བཞིན་སེམས་ནི་མ་གཟིགས་སོ། །གཟུང་དང་འཛིན་པ་ཉིད་དག་དང་། །ཁ་དོག་དབྱིབས་ཀྱི་དབྱེ་བ་དང་། །ཕོ་འམ་མོ་འམ་མ་ནིང་ལས། །སོགས་པའི་གཟུགས་སུ་སེམས་མི་གནས། །ཞེས་སོགས་ནས། མདོར་ན་སངས་རྒྱས་རྣམས་ཀྱིས་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་སེམས་དེ་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །ཞེས་སོགས་སེམས་ཁོ་ན་ལ་སྦྱར་བའི་དགག་པ་མཛད་ལ། དཔའ་བོས་ཀྱང་། རྣམ་རྫུན་པའི་དེ་མ་ཐག་ཏུ། བདེན་པའི་དེ་ཉིད་སེམས་དེ་ལ། །འདིར་ནི་ཅུང་ཟད་རྣམ་བརྟགས་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཡོད་པ་ཡོད་ཕྱིར་སྐྱེ་མི་རིགས། །ཡང་ན་སྐྱེ་བ་ཐུག་མེད་འགྱུར། །མེད་པ་མེད་ཕྱིར་སྐྱེ་མི་རིགས། །ཡང་ན་སྐྱེ་བ་རྒྱུ་མེད་འགྱུར། །ཞེས་གསུངས་ལ། ཡེ་ཤེས་སྙིང་པོ་ཀུན་བཏུས་སོགས་སུའང་། རྣམ་པར་ཤེས་པ་དོན་དམ་ཡོད། །འདི་ཡང་མཁས་རྣམས་མི་བཞེད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པད་མོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རིག །ཞེས་གསུངས་སོ། །དེས་ན་དིང་སང་། རྣམ་རྫུན་པའི་རང་རིག་འགོག་པ་སོགས་ནི་ཀུན་བརྟགས་ཀྱི་བདག་འགོག་ཡིན་པས། ལྷན་སྐྱེས་ལ་མི་གནོད་པའི་ཕྱིར་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་བཙལ་ནས་དེ་འགོག་པ་ནི། སྔར་མ་གྲགས་པའི་ལྟ་ཁྲིད་ཁྱད་པར་ཅན་ཡིན་ཞེས་གད་རྒྱངས་ཆེན་པོ་བསྒྲགས་ནས། དེའི་འཛིན་སྟངས་ནི་ཕུང་པོ་ལས་ལོགས་ཤིག་ཏུ་སྦྲམ་ཧྲིལ་ཏེ་གྲུབ་པར་འཛིན་པ་འདི་ཡིན་པས། དེའི་ཡུལ་ལ་གཅིག་དུ་བྲལ་སོགས་སྦྱོར་བར་བྱེད་ལ། དེ་ནི། བྱེ་སྨྲས་དགག་པར་བྱ་བའི་མུ་སྟེགས་ཀྱི་བདག་འདོད་ཚུལ། མུ་སྟེགས་རྣམས་ཀྱིས་གང་བཏགས་པའི། །བདག་དེ་རིག་པས་བཏགས་ན་འདིར། །ཕུང་པོ་ལས་ནི་ལོགས་ཤིག་ཏུ། །ནམ་ཡང་རྙེད་པ་མ་ཡིན་ནོ། །ཞེས་པ་དེར་བབས་སོང་བས་ཁ་ཞེ་མ་མཐུན་པ་ཆེན་པོ་ཡིན་ནོ། །དེ་ལྟར་ན་ཇི་སྐད་བཤད་པ་ལྟར་བྱས་པས། རང་གཞན་གྱི་གྲུབ་མཐའ་མཛད་པ་མཐའ་དག་ལ་གུས་ཤིང་། གཞུང་ལུགས་མཐའ་དག་ལ་ལེགས་པར་སྤྱོད་པའི་སྐུལ་བྱེད་ཆེན་པོར་འགྱུར་བས་ལེགས་པར་བསླབ་པར་བྱའོ། །གྲུབ་མཐའ་ཀུན་ཤེས་ལས་འཛིན་པའི་ཆོས་བདག་གཙོ་བོར་འགོག་པ་སྟེ་ལེའུ་བཞི་པའོ།།  །།

དེ་ལྟར་རང་གཞན་གྱི་སྡེ་པ་འོག་མ་འོག་མས། ལུང་རིག་ལྟར་སྣང་ལ་བརྟེན་ནས་རང་རྒྱུད་ཀྱི་ལྷན་སྐྱེས་འཁྲུལ་པ་རྣམས་ཤིན་ཏུ་བརྟན་པར་བྱས་ཏེ། བློས་བདེན་ཞེན་གྱིས་ཀུན་ཏུ་བཏགས་པ་རྣམས་ནི། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར་ལུང་དང་རིག་པ་ཇེ་བཟང་དུ་གྱུར་པས་བཀག་ཟིན་ནས། ད་ནི་ཕྲ་བའི་བདག་དགག་པ་ལ། དབྱེ་བ་མདོར་བསྟན། རྣམ་གཞག་རྒྱས་པར་བཤད། རྟག་ཆད་གཞན་སྤང་། ལེགས་བཤད་དུ་མ་སྤྲོ་བའོ། །དང་པོ་ལ་ཡང་། སྤྱིར་བཤད། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རང་དང་གཞན་གྱི་གྲུབ་མཐའ་མཐའ་དག་ཀྱང་སྨྲ་བ་པོ་རང་རང་གི་བློའི་ངོ་སོགས་རློམ་སྟེ། འོག་མ་འོག་མས་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་པ་རྣམས་ནི་རྟག་པའི་མཐའ་དང་། གོང་མ་གོང་མས་ཡོད་བཞིན་དུ་མེད་པར་སྐུར་པ་བཏབ་པ་རྣམས་ནི་ཆད་པའི་མཐའ་ཡིན་པས། དེ་གཉིས་སྤངས་པའི་དབུ་མ་ནི་རང་ལུགས་སུ་སྨྲ་བར་འདོད་པའི་ཕྱིར། དཔེར་ན་སུམ་ཅུ་པའི་འགྲེལ་པར་བློ་གྲོས་བརྟན་པས། གང་དག་ཤེས་པ་བཞིན་དུ་ཤེས་བྱ་ཡོད་དོ་ཞེས་སྨྲ་བ་ནི་རྟག་པའི་མཐའ་དང་། གང་དག་ཤེས་བྱ་བཞིན་དུ་ཤེས་པ་ཡང་མེད་དོ་ཞེས་སྨྲ་བ་ནི་ཆད་པའི་མཐའ་སྟེ། ཁོ་བོས་དེ་གཉིས་སྤངས་ནས་དབུ་མའི་ལམ་སྦྱིན་པར་བྱའོ། །ཞེས་བཤད་པ་བཞིན་ནོ། །དངོས་སྨྲ་བ་དེ་དག་ལས་ཀྱང་ཁྱད་པར་དུ་སེམས་ཙམ་རྣམ་སོགས་བཤད་དེ། ལང་གཤེགས་ལས། བཏགས་པའི་དངོས་པོ་ཡོད་མིན་ཏེ། །གཞན་གྱི་དབང་ནི་ཡོད་མ་ཡིན། །སྒྲོ་འདོགས་པ་དང་སྐུར་པ་ཡི། །མཐའ་ལ་རྟོག་པ་བརླག་པ་ཡིན། །ཞེས་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཉིད་ཡིན་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པ་སྟེ། འདི་ནི་དབུ་མའི་ལམ་སྟོང་པ་ཉིད་ལ་ལྟ་བ་ཡང་དག་པ་ཕྱིན་ཅི་མ་ལོག་པའོ། །ཞེས་དང་། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོགས་དང་། རྒྱན་མཁན་པོ་སོགས་མཁས་པ་དུ་མས། རྣམ་རྫུན་པ་ལ་དབུ་མ་པ་ཞེས་ལན་མང་དུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། དབུ་མ་པར་གྲགས་པ་ཙམ་དུ་མ་ཟད་གྲུབ་མཐའ་བཞིའི་བྱེ་བྲག་དབུ་མ་པར་གྲུབ་པ་ཀླུ་སྒྲུབ་སོགས་གཉིས་ཀྱིས། རིམ་པ་བཞིན་དུ་ཚུལ་གསུམ་དངོས་སྟོབས་ཀྱིས་གྲུབ་པའི་གཏན་ཚིགས་རང་རྒྱུད་པ་མེད་པས། དངོས་སྨྲ་བ་ལ་ནང་འགལ་སྟོན་པའི་ཐལ་འགྱུར་ཙམ་གཙོ་བོར་འགོད་པའི་ཐལ་འགྱུར་བ་དང་། དེ་འདྲའི་རང་རྒྱུད་ཀྱི་གཏན་ཚིགས་གཙོ་བོར་སྒྲུབ་བྱེད་དུ་འགོད་པའི་ཕྱིར་རང་རྒྱུད་པ་སྟེ་དབུ་མ་ཐལ་རང་གཉིས་སུ་རྒྱ་གར་དང་བོད་ཀྱི་མཁས་པ་ལ་གྲགས་ཤིང་གྲགས་པ་ལྟར་དོན་ལ་གྲུབ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། བདག་སྐྱེ་ལ་སོགས་པ་འགོག་པའི་རིག་པ་བཀོད་པ་རྣམས་ལ། མཁས་པ་ལེགས་ལྡན་འབྱེད་ཀྱིས། ཚུལ་གསུམ་མ་ཚང་བ་ལ་སོགས་པའི་སྒོ་ནས་སྐྱོན་བརྗོད་ཅིང་། ཟླ་བ་གྲགས་པས། དེ་འདྲ་ནི་རྟོག་གེའི་སྐྱོན་ཡིན་གྱི། དབུ་མ་པ་ལ་ནི་རང་རྒྱུད་ཀྱི་དམ་བཅའ་དང་གཏན་ཚིགས་མི་འཐད་པར་སྒོ་དུ་མ་ནས་བཤད་པ་ལྟར་སོ་སོའི་རྗེས་འབྲང་གིས་ཀྱང་རྒྱ་ཆེར་བཀྲལ་བའི་ཕྱིར་རོ། །ལུགས་དེ་གཉིས་ལ་རིམ་པ་བཞིན་དུ་དབུ་མ་རབ་ཏུ་མི་གནས་པ་དང་སྒྱུ་མ་རིགས་གྲུབ་ཀྱི་དབུ་མ་པ་ཞེས་བོད་ན་གྲགས་པ་ལྟར་འཕགས་སོགས་བཤད་དེ། མཁས་མཆོག་དཔའ་བོས། དོན་དམ་བྱང་སེམས་སྒོམ་པའི་མན་ངག་ཏུ། དེས་ན་མ་བརྟགས་ཉམས་དགའ་བར། །སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །སྒྱུ་མ་ཙམ་དུ་བརྟགས་པས་བསླུས། །འདིས་ཀྱང་ཚིག་ཏུ་རྗོད་སྤངས་པའི། །སྤྲོས་བྲལ་འཇམ་དབྱངས་མཐོང་བ་མིན། །སྒྱུ་མ་སྒྱུ་མ་ཙམ་མིན་ཏེ། །གལ་ཏེ་ཡིན་ན་དེ་མི་འགྲུབ། །གྲུབ་ན་གཞན་གྱི་གཞུང་ལུགས་ཀྱང་། །སྒྱུ་མའི་ཆོས་སུ་ཐལ་བར་འགྱུར། །དེ་ཕྱིར་སྒྱུ་མའི་རང་བཞིན་ནི། །སྒྱུ་བཞིན་འདི་ཞེས་བརྗོད་དུ་མེད། །ཅེས་སྒྱུ་མ་སོགས་གྲུབ་པས་ཀྱང་བརྗོད་བྲལ་གྱི་འཇམ་དཔལ་མ་མཐོང་བར་བསྟན་ཅིང་རིག་པའི་གནོད་པ་བརྗོད་ནས། འོན་ཀྱང་ཐུགས་རྗེ་ལྡན་པ་ཡིས། །བདེན་པ་གཉིས་ཀྱི་ཚུལ་གནས་ཏེ། །ཐ་སྙད་ལ་ནི་རབ་བརྟེན་ནས། །བདག་མེད་སེང་གེའི་སྒྲ་ཆེན་བསྒྲགས། །སྟོང་པ་ཉིད་སོགས་རྣམ་གྲངས་སྒོ། །སྒྱུ་མ་ལ་སོགས་དཔེ་མཐའ་ཡས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །ཞེས་ཐལ་འགྱུར་བ་བསྟན་ནས། དེའི་ལུགས་ནི། མཚོན་ཀྱང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པ་ཡིན། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་པར་བཅིངས་དང་རྣམ་གྲོལ་ཡང་། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་འདྲ་བ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དབྱངས་མཐོང་། །སྐྱེ་དང་འཆི་དང་སྲིད་པ་ཡིས། །འཁོར་བའི་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་ཆོས་ཐམས་ཅད་ཡུལ་སྟེང་ནས་མ་གྲུབ་པའི་མིང་རྐྱང་བློས་བཏགས་ནམ་མཁའ་འདྲ་བར་གསུངས་ཤིང་། ལུགས་འདི་ནི། ཡང་དག་བདག་མེད་དང་། རྡུལ་མེད་རྡུལ་བྲལ་དང་། ལྷག་མ་ཀུན་གྲོལ་དང་། རྣམ་ཤེས་ཆོས་འདས་དང་། ཚིག་ཏུ་བརྗོད་སྤངས་དང་། མི་མངོན་མི་སྣང་བའི་ཆོས་ཉིད་ཀྱི་འཇམ་དབྱངས་མཐའ་དག་མཐོང་བར་གསུངས་པའི་གཞུང་མཆོག་འདི་ཇོ་བོའི་ཆོས་བྱུང་ན་བཞུགས་པ། ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་ཀྱང་མ་གཟིགས་སོ། །དེ་བཞིན་དུ་རྒྱ་གར་གྱི་མཁས་པ་ཡེ་ཤེས་རྡོ་རྗེའི་ལམ་རིམ་པ་གཉིས་པ་ལས། སྔགས་ལ་རབ་ཏུ་མི་གནས་ལས། །ལྷག་པའི་ལྟ་མེད་ཡོད་ན་ནི། །ལྟ་དེ་སྤྲོས་བཅས་སློབ་དཔོན་རྨོངས། །འོན་ཀྱང་ཐབས་ཀྱིས་ཁྱད་པར་འཕགས། །ཞེས་སོགས་དང་། ཨ་བ་དྷཱུ་ཏཱི་པའི་དེ་ཉིད་རིན་འཕྲེང་དང་། ཛེ་ཏཱ་རིའི་གཞུང་རྣམ་འབྱེད་སོགས་ན་དབྱེ་བ་འདི་གཉིས་ཤིན་ཏུ་གསལ་ཞིང་། འདི་གཉིས་ལ་མིང་གི་རྣམ་གྲངས་གཞན་ཡང་། གཞན་ལ་ནང་འགལ་སྟོན་པའི་དང་། རང་ལ་འཐད་པ་བསྒྲུབ་པའི་རིག་སྨྲ་ཞེས་དང་། ཀུན་རྫོབ་ལ་ཡང་ལོག་གམ་བདེན་རྫུན་གྱི་དབྱེ་བ་མི་འདོད་པ་དང་འདོད་པ་ཞེས་སམ། སངས་རྒྱས་ལ་མ་དག་ལས་སྣང་མེད་པ་དང་ཡོད་པར་འདོད་པ་ཞེས་དང་། ལྟ་བ་ལ་ཁས་ལེན་མི་འདོད་པ་དང་འདོད་པ་ཞེས་པ་རྣམས་རུང་ལ། བོད་སྔ་མ་འགའ་ཞིག་གིས། ཀུན་རྫོབ་ཁས་མི་ལེན་པ་དང་ལེན་པ། སངས་རྒྱས་ལ་ཡེ་ཤེས་མེད་པ་དང་ཡོད་པ། དོན་དམ་བདེན་པ་སྤྲོས་བྲལ་དང་མེད་དགག་ལ་བྱེད་པ་སོགས་ནི་མ་ངེས་ཏེ། ཐལ་འགྱུར་བ་ཡང་གཞན་ངོར་ཀུན་རྫོབ་ཁས་ལེན་པའི་ཕྱིར་དང་། ཟླ་གྲགས་དང་ཞི་ལྷ་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ཁོང་རང་གཉིས་ཀྱི་རང་གཞུང་གིས་བཀག་པའི་ཕྱིར་དང་། སྐྱེ་བ་ལ་སོགས་བཀག་པ་ཡང་། །དོན་དམ་པ་དང་མཐུན་ཕྱིར་འདོད། །ཅེས་མེད་དགག་རྣམ་གྲངས་པའི་དོན་དམ་དུ་རང་རྒྱུད་པ་རང་གིས་སྨྲས་པའི་ཕྱིར་རོ། །དེ་ལྟར་ན་རྔོག་ལོ་ཆེན་པོས་རང་ཉིད་རང་རྒྱུད་ཀྱི་ཕྱོགས་ལ་ཤིན་ཏུ་དགྱེས་པས། ཟླ་གྲགས་དང་ཞི་ལྷ་ཡང་རང་ཕྱོགས་སུ་འཐེན་པར་བཞེད་ནས། སྤྲིང་ཡིག་བདུད་རྩིའི་ཐིག་ལེར་རབ་ཏུ་མི་གནས་པ་དང་། སྒྱུ་མ་རིགས་གྲུབ་པ་ཞེས་པའི་དབྱེ་སོགས་མི་རིགས་ཏེ། རྒྱུ་མཚན་རྒྱས་པར་བཤད་ཟིན་པས་སོ། །གཉིས་པ་ལ། མིང་ཅན་གྱི་དབུ་མ་དགག དོན་ལྡན་གྱི་དབུ་མ་བཤད། སྒྲུབ་བྱེད་ཀྱི་གཞུང་ཁུངས་བསྟན་པའོ། །དང་པོ་ནི། དབུ་སོགས་སྒྲས་བརྗོད་རིགས་ཀྱི་དབྱེ་བ་ནི་བཞི་སྟེ། གཉིས་སོགས་པའོ། །འདི་བཞི་པོ་ལུང་སོགས་ཡང་མཐར་འཛིན་དངོས་སམ་རྗེས་མཐུན་པའི་ནང་ན་བཞུགས་ཏེ། སྤྱིར་བཞི་ག་དངོས་སྟོབས་ཚད་མ་སྨྲ་བའི་རྟོག་གེའི་གྲུབ་མཐས་བསླད་པའི་གྲུབ་མཐའ་ཡིན་པའི་ཕྱིར་དང་། ཁྱད་པར་ཐོག་སོགས་ཕྱིར་ཏེ། ཐོག་མས་ཆོས་ཅན་གཉིས་སྟོང་གི་རང་རིག་དང་དེའི་སྟེང་གི་ཆོས་ཉིད་འགྱུར་མེད་ཡོངས་གྲུབ་གཉིས་ཀ་རིག་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་སྨྲས་ཤིང་། ཐ་མས་རིག་ཤེས་ཀྱི་ངོར་གྲུབ་པ་དང་དེས་དཔྱད་བཟོད་པ་གཉིས་གཅིག་ཏུ་བཟུང་ནས། བོད་མང་པོས་སྟོང་ཉིད་རིག་པས་མ་གྲུབ་པར་སྨྲས་ཤིང་། འདིས་དེ་བློར་མ་ཤོང་ནས་རིག་པས་དཔྱད་བཟོད་དུ་ཁས་བླངས་པའི་ཕྱིར། ཡང་རྟ་ནག་རིན་ཡེ་ལ་སོགས་པ་མང་པོས། གཞུང་ལུགས་མཐོན་པོ་འགའ་ཞིག་གི་དངོས་བསྟན་ལ་འཁྲུལ་ནས། སྟོང་ཉིད་སྤྲོས་བྲལ་ལམ་མེད་དགག་ནི་ཆད་པའི་སྟོང་ཉིད་ཡིན་པས་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པས་རྣམ་རྫུན་པའི་དག་པ་གཞན་དབང་དེ་ཉིད་དོན་དམ་བདེན་པ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་རིག་པས་དཔྱད་བཟོད་དང་། དེ་གསུང་པ་པོའི་དབྱིག་གཉེན་ལ་དབུ་མ་པ་ཆེན་པོ་དང་། དཔལ་ལྡན་ཟླ་བ་དང་སེང་བཟང་ལ་སོགས་པ་ཆོས་ཐམས་ཅད་རང་སྟོང་དུ་སྟོན་པ་རྣམས། རྫོགས་ལྡན་གྱི་བསྟན་འཛིན་མ་ཡིན་ཞིང་ཆད་པར་སྨྲ་བ་དང་། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱང་རིག་ཚོགས་རྩོམ་པའི་ཚེ་བློ་གྲོས་ནར་མ་སྨིན་ལ། ཆོས་དབྱིངས་བསྟོད་པ་རྩོམ་པ་ན་སྨིན་ནོ་ཞེས་སྨྲ་བར་བྱེད་པས་བདེན་གྲུབ་ནན་གྱིས་སྒྲུབ་པའི་དབུ་མ་པ་ཆེན་པོར་རློམ་པའི་ཕྱིར་རོ། །ལུགས་གཉིས་པས་རིག་ངོར་གང་ཡང་མ་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཏུ་ཡང་ཐབས་སོགས་ཕྱིར་ཏེ། རྒྱ་ནག་ཧྭ་ཤང་དང་དེའི་རྗེས་སུ་དོན་གྱིས་འབྲང་བ་རྫོགས་པ་ཆེན་པོ་མཐོང་གྲོལ་ཆིག་ཆོད་དུ་སྨྲ་བ་མང་པོས། བསོད་ནམས་ཆུང་ངུ་ཆོས་འདི་དང་མི་ཕྲད་ལ། ཕྲད་ན་བསླབ་པ་གསུམ་གྱི་ཉམས་ལེན་གང་ཡང་མི་དགོས་པར་གྲོལ་ལོ་ཞེས་སྨྲ་བའི་ཕྱིར། དེ་གསུམ་ནི་མཐར་འཛིན་དངོས་དང་། ལུགས་གསུམ་པས་ནི་ཀུན་རྫོབ་གང་ཡིན་རྫུན་པ་ཡིན་པ་དང་། དེའི་ནང་ནས་ཐ་སྙད་དུ་ཡང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་རིག་ངོག་ཚད་གྲུབ་ཀྱི་བསླུ་མེད་གཉིས་གཞི་མཐུན་སོགས་ཕྱིར། འདི་ནི་དོན་དམ་དུ་རིག་པས་དཔྱད་བཟོད་ཀྱི་ཆོས་མི་འདོད་པས་མཐར་འཛིན་དངོས་མ་ཡིན་ཡང་། ཐ་སྙད་དུ་ཡུལ་སྟེང་ནས་མི་བསླུ་བའི་ཀུན་རྫོབ་ཁས་བླངས་པས་རྗེས་སུ་མཐུན་པའོ། །གཉིས་པ་ལ། རང་རྒྱུད་དང་། ཐལ་འགྱུར་བཤད་པའོ། །དང་པོ་ལ། ཐ་སྙད་ཚད་གྲུབ་ལ་དགའ་ན་རང་རྒྱུད་པ་བྱེད་རིགས་པ་དང་། དེ་ཡང་དབུ་མ་ཆེན་པོ་པ་མ་ཡིན་པར་བསྟན་པ་དང་། སྤྱིར་དབུ་མ་པ་ཙམ་ཡིན་པར་བསྒྲུབ་པ་དང་། དེའི་ནང་ཚན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། ཀུན་རྫོབ་རྫུན་པར་འདོད་པ་དང་། །དེ་ཡི་དོན་ལ་མི་བསླུ་བ། །ཤིན་ཏུ་འགལ་ཏེ་རྫུན་པའི་དོན། །བསླུ་བ་ལས་གཞན་ཅི་ཞིག་མཆིས། །ཞེས་ཁོ་བོས་གཞན་དུ་སྨྲས་པ་ལྟར་རྫུན་དང་བསླུ་མེད་ཀྱི་གཞི་མཐུན་འདོད་པ་ནི། དངོས་པོར་སྨྲ་བའི་གྲུབ་མཐའ་ལྟར། ནང་འགལ་མེད་ཀྱི། འོན་ཀྱང་སོགས་འཐད་དེ། ཀླུ་སྒྲུབ་དང་འཕགས་པ་ལྷའི་སྲས་ཀྱི་ཐུ་བོ་མཁས་མཆོག་དཔའ་བོས། ལུགས་འདི་རྣམས་རྫུན་འགོག་པའི་དབུ་མ་པ་ཚིག་ཏུ་བརྗོད་སྤངས་དང་མ་སྣང་མི་མངོན་གྱི་འཇམ་དབྱངས་མ་མཐོང་ཡང་། རྣམ་ཤེས་ཆོས་འདས་མན་ཆོད་མཐའ་དག་གཟིགས་པར་བགྲངས་ཤིང་། ཀླུ་སྒྲུབ་ཞབས་ཀྱི་སྲས་ལྔ་ཚར་ལེགས་ལྡན་གྱིས་ལེགས་པར་བསྒྲུབས་པས། གདོད་མ་ནས་གྲུབ་པའི་དབུ་མའི་བཤད་སྲོལ་ཡིན་པའི་ཕྱིར་རོ། །དེས་ན་ཕྱིས་ལུགས་གཉིས་བསྲེས་པ་ནི་བཅོས་མ་གློ་བུར་དུ་བྱུང་བའོ། །དེ་ལྟ་བས་ན་ལུགས་འདི་ནི་རྒྱ་གར་དང་བོད་ཀྱི་མཁས་པ་ཤིན་ཏུ་མང་པོ་བཞེད་དེ། དཔལ་ལྡན་ཟླ་བའི་སྔོན་དུ་ཡང་། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་ནས། སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས། །ཞེས་སོགས། ཟླ་གྲགས་གཅིག་པུ་ལས་མ་བྱུང་བ་ལྟར་བཤད་ལ། རྗེས་འབྲང་ཡང་རིག་པའི་ཁུ་བྱུག་དང་ཇོ་བོ་ཆེན་པོ་དང་། དེའི་སྲས་སེང་གེ་སོགས་འགའ་རེ་དང་། བོད་དུ་ཡང་པ་ཚབ་ཉི་མ་གྲགས་མ་བྱོན་གྱི་བར་ལ་དཔལ་ལྡན་ཟླ་བའི་དབུ་མའི་གཞུང་མ་འགྱུར་བས་ན། སྤྱོད་འཇུག་ཡང་རང་རྒྱུད་དུ་འགྲེལ་ཞིང་། པ་ཚབ་དང་དེའི་བུ་བཞི་དང་། དེ་དག་ལས་ཀྱང་ཚིག་དོན་གཉིས་ཀ་ལ་མི་མཁས་པ་ཞང་ཐང་སག་པ་ལས་གཞན་ལ་བརྒྱུད་འཛིན་ཆེར་མ་བྱུང་ཞིང་། རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་དང་བུ་སྟོན་སོགས་རང་ལུགས་ལ་དབུ་མ་ཆེན་པོ་བཞེད་ཀྱང་བཤད་པ་ཆེར་མ་མཛད། བོད་ཀྱི་སྟོན་པ་འཆད་ཉན་མཛད་པའི་རྔོག་ལོ་ཡབ་སྲས་སོགས་ཕལ་ཆེར་རང་རྒྱུད་ཉིད་བཞེད་པའི་ཕྱིར། དེ་ཡང་བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ནི། མཁན་པོ་ཞི་བ་འཚོ་ཡིན་ལ། དེས་དབུ་མ་རྒྱན་དང་། ཚད་མའི་དེ་ཉིད་བསྡུས་པ་དང་། དོན་དམ་གཏན་ལ་དབབ་པ་སོགས་ཀྱི་བསྟན་བཅོས་དུ་མར་དབུ་ཚད་སྦྲེལ་ནས་རང་རྒྱུད་མཛད་པས། བོད་དག་དེ་ལ་འཇུག་པ་ནི་འཇིག་རྟེན་ལུགས་དང་ཡང་མཐུན་པའི་ཕྱིར་རོ། །གཉིས་པ་ནི། ལུགས་འདི་ཡང་བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་དང་། རྒྱན་ལས། མ་བརྟགས་གཅིག་པུ་ཉམས་དགའ་བར། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །ཞེས་དང་། འགྲེལ་ཆུང་དུ། མ་བརྟགས་གཅིག་པུ་ཉམས་དགའ་བ་ཉིད་དུ་རྒྱུ་དང་འབྲས་བུ་འབྲེལ་ཞེས་སོགས་ཀུན་རྫོབ་སོགས་ཞེས་ཞལ་དུ་ཡང་ཡང་གསུངས་ཀྱང་དོན་ལ་བློས་བྱས་མིང་རྐྱང་བརྟགས་ཡོད་ལ་བྱ་བྱེད་མཁྱེན་པའི་དབུ་མ་ཆེན་པོ་པ་མིན་ཏེ། དངོས་ཀུན་རང་བཞིན་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ་དེ། །རིག་པའི་དབང་ཕྱུག་རྣམ་འགྲེལ་མཛད་པའི་གཞུང་བཟང་ལས། །ལེགས་པར་རྟོགས་ནས་ལུགས་ངན་གཞན་ཀུན་རྩྭ་བཞིན་དོར། །ཞེས་རྔོག་ལོས་གསུངས་པ་ལྟར་དབུ་ཚད་སྦྲེལ་བར་བཞེད་པའི་རྟོག་གེར་གོམས་པའི་ཤུགས་ཆེས་པས་ཐ་སྙད་མཚན་ཉིད་གསུམ་ལྡན་མ་ཚང་ན་བློས་བཏགས་མིང་རྐྱང་ཙམ་ལ་བྱ་བྱེད་འཇོག་མ་མཁྱེན་པའི་སྒོ་ནས་སྟོང་པ་དང་རྟེན་འབྱུང་དོན་གཅིག་པའི་མཚན་ཉིད་ལ་ཅུང་ཟད་འཁྲུལ་བའི་ཕྱིར་རོ། །མཚན་ཉིད་གསུམ་ནི། ཟླ་གཉིས་དང་སྐྲ་ཤད་སོགས་ལྟ་བུ་མ་ཡིན་པར་འཕྲལ་གྱི་འཁྲུལ་རྒྱུ་དང་བྲལ་བའི་གང་ཟག་མང་པོ་ལ་མཐུན་སྣང་དུ་གྲུབ་པ་དང་། རྒྱུ་རྐྱེན་ལས་བྱུང་བའི་རྟེན་འབྲེལ་ཡིན་པ་དང་། གཙོ་རྟག་ལྟ་བུའི་བརྟགས་པ་དང་བྲལ་བ་རྣམས་ཏེ། དབུ་མ་བདེན་གཉིས་ལས། བརྟགས་པའི་དོན་གྱིས་དབེན་གྱུར་པའི། །དངོས་ཙམ་བརྟེན་ནས་གང་སྐྱེས་དེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཡང་དག་མ་ཡིན་ཀུན་བརྟགས་ཡིན། །ཞེས་དང་། བརྟགས་པའི་ངོ་བོས་དབེན་པ་ཡི། །བརྟེན་ནས་སྐྱེས་པ་འདི་ཁོ་ན། །ཇི་ལྟར་སྣང་བ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་སོགས་དང་། རྒྱན་རྩ་འགྲེལ་དང་དབུ་མ་སྣང་བ་དང་། སྙིང་པོ་རྩ་འགྲེལ་དུ་ཡང་རྒྱས་པར་འབྱུང་ངོ་། །གསུམ་པ་ནི། འོན་ཀྱང་ལུགས་འདི་ནི་དངོས་པོར་སྨྲ་བའི་གཙོ་བོ་གཉིས་སྟོང་བདེན་གྲུབ་ཏུ་འདོད་པའི་རྣམ་རྫུན་པ་ལས་ཀྱང་ལྷག་སྟེ། དོན་དམ་པར་རིག་པས་དཔྱད་བཟོད་ཀྱི་ཆོས་འགོག་ཅིང་། ཐ་སྙད་དུ་བྱ་བྱེད་ཚད་གྲུབ་ཁས་ལེན་པས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཕྱིར་རོ། །དེ་ཡང་དོན་དམ་གྱི་དབྱེ་བ་མཛད་པའི་ཚེ། ཅིར་ཡང་མ་གྲུབ་པའི་དབྱིངས་སྤྲོས་པ་ཉེར་ཞི་ནི་མཐར་ཐུག་གི་དོན་དམ་དང་། སྐྱེ་མེད་དང་བདེན་སྟོང་ནི་རྣམ་གྲངས་ཀྱི་དོན་དམ་པར་བཞེད་དེ། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །བཏགས་པའི་རང་གི་ངོ་བོ་ཡིས། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང་། རྒྱན་དུ། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སོ། །བཞི་པ་ནི། རང་རྒྱུད་པ་འདི་ནི། གང་ཟག་མཁས་པ་བྷ་བྱ་ཀ་ར་ཞེས་པ་སྐལ་ལྡན་ནམ་ལེགས་ལྡན་འབྱེད་དང་། དཔལ་སྦས་དང་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་དང་། འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེང་གེ་བཟང་པོ་དང་། ཡེ་ཤེས་ཞབས་དང་། མར་མེ་མཛད་བཟང་པོ་དང་། དམན་པའི་ཞབས་དང་ཐ་ག་ན་ལ་སོགས་པ་ཤིན་ཏུ་མང་ཡང་རིགས་བསྡུ་ན་རང་སོགས་འདོད་པ་དང་འདི་ལས་བཟློག་པ་ཕྱི་དོན་མི་འདོད་ལ་རང་རིག་འདོད་པ་གཉིས་སུ་འདུས་ཏེ། ལུགས་དང་པོ་ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་ཡིན་ཏེ། གཉིས་པ་ནི་ཞི་སོགས་བཅས་པ་ཡིན་པའི་ཕྱིར་རོ། །བོད་སྔ་མ་དག་གིས། ལེགས་ལྡན་ནི་བྱེ་བྲག་སྨྲ་བ་སྤྱོད་པའི་དབུ་མ་པར་བྱས་པ་གྲུབ་མཐའི་གཙོ་བོ་མཐུན་པ་ཙམ་ལ་བརྟེན་ནས་འགལ་བ་མེད་མོད། ཡེ་ཤེས་སྙིང་པོ། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །ཞེས་སོགས་ཀྱིས་ཟླ་གྲགས་དང་ལྷན་ཅིག་འཇིག་རྟེན་གྲགས་སྡེ་སྤྱོད་པར་བཤད་པ་ནི་མི་འཐད་དེ། མ་བརྟགས་མ་དཔྱད་པར་ཀུན་རྫོབ་ཁས་ལེན་ཞེས་པ་ཙམ་གྱིས་དེར་འཇོག་ན། ཞི་འཚོ་སེང་བཟང་ལེགས་ལྡན་སོགས་ཀྱང་དེར་འགྱུར་བས་སོ། །དེ་དག་གིས་དེ་ལྟར་འདོད་པའི་ལུང་ཁུངས་རྒྱས་པ་ནི། དོགས་པའི་གནས་ཆུང་བ་དང་ཡི་གེ་ལ་རྩེགས་པས་མ་བྲིས་སོ། །གཉིས་པ་ལ། ལྟར་སྣང་དགག་པ་དང་། ཡང་དག་བསྒྲུབ་པའོ། །དང་པོ་ལ། བསྟན། བཤད། རྒྱུ་བསྟན་པའོ། །དང་པོ་ནི། ཕྱིས་བྱོན་པའི་བོད་ཀྱི་བསྟན་འཛིན་མཁས་པ་ཆེན་པོ་དག་གིས། སྐུ་ཚེའི་སྟོད་ལ་ཟླ་གྲགས་ཀྱི་ལུགས་སྒྲ་དྲང་ཐད་དུ་ཞལ་གྱིས་བཞེས་པ། ཕྱིས་རྣམ་དཔྱོད་རྣམ་པར་འཕེལ་བ་མ་ཡིན་མོད་ཀྱི། བོད་ཡུལ་སྤྱིར་རྟོག་གེ་དང་སྒོས་ཆ་བསྡུས་ལ་བརྟེན་པའི་ཐ་སྙད་ཀྱིས་གང་ཞིང་། དབུ་མ་ཡང་རང་རྒྱུད་སྨྲ་བའི་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་བྱིན་རླབས་དང་། ཞེས་སོགས་དག་བྱང་དང་། འཁྲུལ་ངོ་ཙམ་ལ་ལས་འབྲས་འཇོག་ན་ཡིད་བརྟན་དུ་མི་རུང་ངོ་ཞེས་པའི་གཏམ་གྱིས་སུན་པ་ལྟར་གྱུར་ཏེ། མཁས་པ་གང་དག་སོགས་སུ་དོན་དམ་གྱི་རིག་པས་མི་དཔྱོད་ཀྱང་ཐ་སྙད་པའི་རིག་པ་རྨི་ལམ་གྱི་གླང་པོ་དང་སད་པའི་གླང་པོ་དོན་བྱེད་ཚུལ་མཚུངས་པར་ཐལ་བ་དང་། སྐྲ་ཤད་སྣང་བའི་བློ་དང་སྔོན་པོ་སྣང་བའི་བློ་འཁྲུལ་མ་འཁྲུལ་མཚུངས་པར་ཐལ་བ་དང་། གཙོ་བོར་ལས་འབྲས་ལ་ཡིད་བརྟན་མི་རུང་བར་ཐལ་བར་སོགས་པ་དུ་མས་སོགས་འདི་ཟླ་གྲགས་དང་ཞི་བ་ལྷའི་ལུགས་སུ་འདོད་པ་ལ་འགལ་སོགས་ཡོད་དོ། །དེ་ཡང་སྤྱིར་ནི། གང་གིས་སྟོང་དང་བརྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། བརྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ཉིད་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྟོང་དང་བརྟེན་འབྱུང་དོན་གཅིག་ཅེས་པ། བདེན་པར་གྲུབ་ན་གང་ལའང་མི་བལྟོས་པས་རྟེན་འབྲེལ་དུ་མི་འཐད་ལ་བལྟོས་ཤིང་བརྟེན་ནས་གྲུབ་ན་བདེན་པར་མ་གྲུབ་པས། བྱ་བྱེད་ལ་སོགས་པའི་སྣང་བ་དང་རང་བཞིན་མེད་པའི་སྟོང་པ་གཉིས་གཞི་གཅིག་ལ་འདུ་བར་མ་ཟད། རྟེན་འབྲེལ་རྟོགས་པའི་གང་ཟག་ལ་སྣང་བས་སྟོང་པ་དང་སྟོང་པས་སྣང་བ་ལ་ངེས་པ་འདྲེན་པ་ཕན་ཚུན་གྲོགས་སུ་འགྲོ་བ་ཞིག་དགོས་པ་ནི། དབུ་མའི་ལུགས་ཡིན་མོད་ཀྱི། རང་རྒྱུད་པས། རང་བཞིན་ནམ་ངོ་བོ་ཙམ་ཡུལ་གྱི་སྟེང་ནས་ཐ་སྙད་དུ་གྲུབ་པས། བདེན་པའི་རང་བཞིན་མེད་པ་ཞེས་སྦྱོར་ལ། འདིར་དེ་ཡང་མི་སྦྱོར་བར་ཡུལ་སྟེང་ན་རང་བཞིན་ནམ་ངོ་བོ་གང་ཡང་མེད་ལ། མེས་སྲེག་པའི་བྱ་བ་བྱེད་པ་ལྟ་བུ་ནི་བློས་བཏགས་རྐྱང་པ་མ་ཡིན་པར། ཡུལ་སྟེང་ན་ཐ་སྙད་ཙམ་དུ་བསླུ་མེད་ཚུགས་ཐུབ་ཏུ་ཡོད་པས། དེ་གཉིས་ཕན་ཚུན་ངེས་པ་འདྲེན་པ་དགོས་ཀྱི་བྱ་བྱེད་འཁྲུལ་ངོ་ཙམ་དུ་འཇོག་ན་ཡིད་བརྟན་མི་རུང་ངོ་ཞེས་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་བྲིས་པ་ཉིད་འགལ་འདུའི་གཙོ་བོ་ཡིན་ཏེ། དབུ་མ་ཆེན་པོ་ལ་ཡུལ་ངོས་ནས་ཚུགས་ཐུབ་ཏུ་བྱ་བ་བྱེད་པ་ལས་ལྷག་པའི་རང་བཞིན་དགག་རྒྱུ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཚུགས་ཐུབ་མ་སྨྲས་སོ་ཞེ་ན། རང་ཚུགས་མི་ཐུབ་ན་ཚད་མས་གྲུབ་པ་འགལ་ཏེ། ཚད་གྲུབ་ཀྱི་དོན་ནི་བསླུ་མེད་དང་བསླུ་མེད་ཀྱི་དོན་ནི་ཚུགས་ཐུབ་ལས་མ་འདས་པའི་ཕྱིར་རོ། །གཞན་ཡང་དཔལ་ལྡན་ཟླ་བའི་ལུགས་སུ་བྱས་ནས། ཀུན་རྫོབ་བདེན་པ་དཔྱོད་བྱེད་ཀྱི་ཚད་མ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་བྱེད་པ་འདི་འགལ་འདུ་ཀུན་གྱི་རྩ་བ་ཡིན་ཏེ། འཇུག་པའི། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་འགྲེལ་པར། ཀུན་རྫོབ་བདེན་པ་དང་། རྫུན་པའི་ཀུན་རྫོབ་ཙམ་པོ་གཉིས་ཀྱི་དང་པོ་འཇོག་བྱེད་ནི། ཉོན་མོངས་ཅན་གྱི་མ་རིག་པ་ཉིད་དུ་བསྟན་ཏེ། དེ་ཉིད་ལས་དེ་ལྟར་ན་རེ་ཞིག་ཀུན་རྫོབ་ཀྱི་བདེན་པ་ནི། སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་རྣམ་པར་བཞག་གོ །ཞེས་སོ། གཉིས་པ་འཇོག་བྱེད་ནི། ཉན་རང་མི་སློབ་པ་དང་ཐེག་ཆེན་སློབ་པ་འཕགས་པ་འཇོག་བྱེད་སྔ་མ་སྤངས་ཟིན་ནས། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དང་བཅས་པས་སྣང་བཅས་ཀྱི་ཡེ་ཤེས་མངའ་བ་རྣམས་ཀྱིས་མ་རིག་པ་ཙམ་ཡིན་པར་བསྟན་ཏེ། དེ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར། །ཞེས་སོགས་ནས། དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི ཞེས་སོ། སངས་རྒྱས་ལ་ནི་ཀུན་རྫོབ་བདེན་པ་ལྟ་ཞོག ཀུན་རྫོབ་ཙམ་ཡང་འཇོག་བྱེད་མེད་པར་གསུངས་ཏེ། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པ་ཡིན་ནོ། །ཞེས་དང་། འོག་ཏུ་ཡང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དང་། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆད་པར་མཛད་གྱུར་པས། །མཁྱེན་ཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གཉིས་སྣང་མེད་པའི་ཡེ་ཤེས་ཡུལ་མེད་དུ་བཤད་པ་ན། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །ཞེས་སོགས་ཀྱིས་ཡུལ་སྣང་མེད་ན་ཡུལ་མཁྱེན་པའི་ཤེས་པ་མི་འཐད་དོ་ཞེས་རྩོད་པ་བཀོད་ནས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ན། ཞེས་སོགས་ཀྱིས། ཡུལ་གྱི་རྣམ་ལྡན་དུ་སྐྱེས་པས་བློ་དེས་ཡུལ་དེ་རྟོགས་པར་གྲགས་པ་བཞིན་དུ། ཡུལ་སྐྱེ་མེད་ལ་བློ་ཡང་སྐྱེ་མེད་ཆུ་ལ་ཆུ་བཞག་བཞིན་དུ་སོང་ནས། ཡུལ་གྱི་གནས་ཚུལ་དང་བློའི་སྣང་ཚུལ་མཐུན་པ་ཉིད་ལ་བློས་ཡུལ་རྟོགས་པར་ཐ་སྙད་གདགས་ཞེས་གསུངས་ཀྱི། ཡུལ་སྣང་མེད་པ་མ་གྲུབ་ཅེས་མ་གསུངས་པ་དང་། སྤྱོད་འཇུག་ཏུ་ཡང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་ཡེ་ཤེས་ལ་ཡུལ་སྣང་མེད་པར་བཤད་ལ། དེ་ལྟ་ན་ཆོས་གསུང་བ་སོགས་ཀྱི་འཕྲིན་ལས་མི་འཐད་པར་བརྩད་པའི་ལན་དུ། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཞེས་སོགས་དང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་དང་། སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་འབྱུང་བར་འགྱུར། །ཞེས་བརྩད་པའི་ལན་དུ། གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བསྟན་ཕྱིར་རོ། །ཞེས་ཁྱབ་མ་གྲུབ་ཀྱི་ལན་མཛད་ཀྱི་སེམས་མེད་པ་མ་གྲུབ་བོ། །ཞེས་མ་གསུངས་སོ། །འདི་དག་གིས་འཁྲུལ་ནས། ཁ་རག་བྱང་གཞོན་སོགས་ཀྱིས། སློབ་དཔོན་འདི་གཉིས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་དེ། ཞེས་ཀྱང་སྨྲས་མོད་ཀྱིས། ཇི་སྐད་བཤད་པའི་བརྒལ་བརྟག་གིས་མཉམ་གཞག་སྣང་མེད་ཀྱི་ཡེ་ཤེས་ཤེས་བྱ་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་མ་རོ་གཅིག་ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་པ་ནི་ཡོད་པར་བསྟན་ནོ། །ཡེ་ཤེས་དེ་སེམས་དང་སེམས་བྱུང་དུ་ཡོད་དགོས་ཏེ། འགྲེལ་ཆུང་དོན་གསལ་ལས། གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླངས་དགོས་པ་རྣམས་ཇི་ལྟར་བསྡུ་ཞེས་བཤད་པ་བཞིན་ནོ། །ཞེ་ན། དེ་ནི་རང་རྒྱུད་པའི་འདོད་པ་ཡིན་པས། གྲུབ་མཐའ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ། །ཞེས་དང་། དེ་བཞིན་དུ། མཁྱེན་པའི་ཡེ་ཤེས་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོགས་ཀྱང་དབུ་མ་བདེན་གཉིས་ཀྱི་འགྲེལ་ཚིག་ཡིན་ནོ། །འོ་ན་འཇུག་པ་ཉིད་ལས། ཚད་མ་ནི་གཅིག་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཞེས་དང་། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་ཞེས་བྱའི་མཚན་ཉིད་དོ། །ཞེས་དང་། གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུའི་རྣམ་གཞག་རྒྱས་པར་བཤད་པ་ཅི་ཞེ་ན། སྔ་མ་གཉིས་ནི་སྣང་མེད་མཉམ་གཞག་གི་ཡེ་ཤེས་ལ་བཤད་དུ་རུང་ལ། ཕྱི་མ་དང་། སྤྱོད་འཇུག་ཏུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཞེས་སོགས་ནི། གདུལ་བྱའི་སྣང་ངོར་བསྟན་པ་རྒྱུ་མཐུན་གྱི་སྐུའི་ཤེས་བྱ་མཁྱེན་ཚུལ་དང་། སྐུ་བལྟམས་ཚུལ་སོགས་བརྗོད་པ་ཡིན་ལ། རྒྱུ་མཐུན་སྤྲུལ་པའི་སྐུ་ནི་སངས་རྒྱས་ཀྱི་སྤྲུལ་པའམ་སྐུ་འདྲ་ཙམ་ཡིན་ཞིང་། མཁྱེན་ཚུལ་བསྟན་པས་མཁྱེན་པར་འཇོག་ན། གསར་དུ་འཚང་རྒྱ་ཚུལ་བསྟན་པས་གསར་དུ་སངས་རྒྱས་པར་ཡང་འགྱུར་རོ། །གཞན་ཡང་། ལས་ཉོན་ཅན་གྱི་གང་ཟག་ལ་སྣང་བའི་སྣོད་བཅུད་འདི། རང་རྒྱུ་ལས་ཉོན་གྱིས་བསྐྱེད་པ་མ་ཡིན་པར་ཐལ་བ་དང་། འཁྲུལ་རྒྱུ་ལས་ཉོན་གྱི་དབང་གིས་སྣང་བ་མ་ཡིན་པར་ཐལ་བ་དང་། རྫོགས་པའི་སངས་རྒྱས་ལ་མུན་པ་རྣམས་གཟུགས་གཞན་སྒྲིབ་བྱེད་དུ་དང་། ལྕགས་བསྲེགས་དམར་འབར་བ་རྣམས་ལུས་སྲེག་བྱེད་དུ་དང་། མཚོན་ཆའི་ཆར་པ་རྣམས་སྐུ་ལུས་གཏུབ་བྱེད་སོགས་སུ་སྣང་བར་འགྱུར་ཏེ། འདི་དག་བདེན་པར་མི་སྣང་ཙམ་མ་གཏོགས་སོ་སྐྱེ་ལ་གདོས་བཅས་སོགས་སུ་སྣང་བ་འདི་སྣང་བ་ལྟར་དུ་ཚད་མས་གྲུབ་ཅིང་། དེ་ཡང་གཙོ་བོར་སངས་རྒྱས་ཀྱི་ཚད་མས་གྲུབ་པའི་ཕྱིར་རོ། །གཞན་ཡང་། སངས་རྒྱས་ཀྱི་སྐུ་འབྱུང་ལུས་བེམ་ཆོས་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ཉིད་དུ་བསྒྲུབ་པའི་ཕྱིར་དུ། སྒྱུ་ལུས་ལ་སོགས་པའི་ལམ་བསྒོམ་པ་དོན་མེད་པར་འགྱུར་ཏེ། ཐུགས་ཀྱིས་བེམ་ཆོས་མཐའ་དག་འཇལ་བ་ཡོན་ཏན་ཡིན་པའི་ཕྱིར། ལམ་འབྲས་བུ་དང་བཅས་པ་རྗེས་སུ་མཐུན་པ་མ་ཡིན་པར་འགྱུར་ཏེ། སློབ་པའི་མཉམ་གཞག་ཡེ་ཤེས་དང་། སྔགས་ལམ་གྱི་དཀྱིལ་འཁོར་རེ་རེའི་སྔོན་དུ་ཡང་སྣང་བ་ནན་གྱིས་འགོག་དགོས་ཤིང་། འབྲས་བུའི་དུས་སུ་མཐའ་དག་སྣང་བའི་ཕྱིར་རོ། །མཐོང་ལམ་མཉམ་གཞག་ཡེ་ཤེས་ལས་གོང་ནས་གོང་དུ་མཉམ་གཞག་ཏུ་ཆོས་ཅན་ཇེ་གསལ་ཏུ་འགྲོ་དགོས་པར་འགྱུར་ཏེ། འབྲས་བུའི་མཉམ་གཞག་ཡེ་ཤེས་ལ་ཆོས་ཅན་མཐའ་དག་སྣང་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་བདེན་པ་དཔྱོད་པར་བྱེད་པའི་ཚད་མའི་གཙོ་བོ་སངས་རྒྱས་ཀྱི་ཡེ་ཤེས་སུ་བྱས་པ་འདི་ནི་ལུགས་འདི་ལ་བརྟེན་པའི་སྐྱོན་གྱི་གཙོ་བོ་ཡིན་ཏེ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པ་སྟེ། །ཞེས་ཀུན་རྫོབ་ལ་འཇིག་རྟེན་སྦྱར་བ་ནུས་མེད་དུ་ཐལ་བ་དང་། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་དང་། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་དང་། སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བརྟགས་པ་གང་ཡིན་པའོ། །ཞེས་དང་། སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །ཅེས་སོགས་ཤིན་ཏུ་མང་བར། ཀུན་རྫོབ་ཀྱི་བདེན་པ་ནི་གཏི་མུག་གི་མིང་ཅན་འཇིག་རྟེན་ངར་འཛིན་ལྷན་སྐྱེས་ཀྱིས་འཇོག་ལ། དག་པའི་ཡེ་ཤེས་ཀྱིས་མ་གཟིགས་པར་ཡང་ཡང་གསུངས་པའི་ཕྱིར་རོ། །དེ་ལྟ་ན་བླང་དོར་མི་དགོས་པར་འགྱུར་རོ་ཞེ་ན། དེ་ལྟར་རྟོགས་པ་ཉིད་ཀྱིས་བླང་དོར་ལ་ཤིན་ཏུ་བརྩོན་པར་འགྱུར་ཏེ། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ཡུལ་སྟེངས་ན་མེད་པས་མིག་དག་པ་ལ་མི་སྣང་བར་ཤེས་པ་ན། རང་ཉིད་ཀྱི་མིག་ཉམས་པའི་སྐྱོན་དུ་མཐོང་ནས་སྨན་པ་འཚོལ་བ་དང་། དེའི་ངག་ལ་ཆེས་གུས་པ་དང་། མི་ཟད་པའི་སྨན་འཐུང་ཞིང་། སྤྱོད་ལམ་བསྟན་པ་ལ་བརྩོན་པར་འགྱུར་བ་ཇི་ལྟ་བ་བཞིན་དུ། ལུགས་འདི་སྨྲ་བའི་ཇོ་བོ་ཆེན་པོ་ཨ་ཏི་ཤ་དང་། དེའི་རྣམ་འཕྲུལ་པ་ཚབ་ཉི་མ་གྲགས་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ་དང་། དེ་དང་མཐུན་པའི་ཆད་པར་སྨྲ་བའི་ནང་དུ་དིང་སང་འཇོག་པ་རྣམས་ཀྱི་སྒོ་གསུམ་གྱི་ཀུན་སྤྱོད་རྣམ་པར་དག་པ་དེ་ལྟ་བུ་ནི། ཐ་སྙད་ཚད་གྲུབ་ཏུ་སྨྲས་ནས་ལས་འབྲས་ཚད་མས་ངེས་པའི་གད་རྒྱངས་སྒྲོགས་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །སྤྲོས་པས་ཆོག་གོ །མང་ཞིག་སྨྲས་མོད་ཀྱི། ཚིག་གསལ་སྟོང་ཐུན་གྱི་མཇུག་ཏུ། མངོན་རྗེས་དང་ལུང་དང་ཉེར་འཇལ་ཏེ་ཚད་མ་བཞི་གསལ་བར་བཤད་པ་འདི། ཐལ་འགྱུར་བའི་རང་ལུགས་ཡིན་ཅིང་། བོད་སྔ་མ་དག་གིས་ཀྱང་ཚད་མའི་གྲངས་མང་བ་དང་ཉུང་བ་ཐལ་རང་གི་ཁྱད་དེ། ཐལ་འགྱུར་བས་བཞི་དང་། རང་རྒྱུད་པས་རྣམ་འགྲེལ་བཞིན་དུ་མངོན་རྗེས་གཉིས་སུ་ངེས་པར་འདོད་པས་སོ་ཞེས་ཟེར་བ་ཡང་འཐད་པའི་ཕྱིར་རོ། །ཞེ་ན། དེ་ནི་བོད་སྔ་ཕྱི་གཉིས་པས་མ་གོ་སྟེ། ཚད་མ་བཞི་པོ་དེ་འཇིག་རྟེན་གྱི་འདོད་པ་བཀོད་པ་ཡིན་གྱི་རང་ལུགས་བཞག་པ་མ་ཡིན་པའི་ཕྱིར་ཏེ། མཇུག་སྡུད་དུ། དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་དོན་རྟོགས་པར་འཇིག་རྟེན་གྱིས་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། དེས་དེ་ལྟར་མི་འགྲུབ་ན། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །ཅེས་པས་ཡང་དག་དང་ལོག་པའི་ཀུན་རྫོབ་འཇིག་རྟེན་གྱི་ལུགས་ཡིན་གྱི་རང་ལུགས་མ་ཡིན་ནོ་ཞེས་སྨྲ་བ་མི་རིགས་སོ། །ཅི་སྟེ་དེ་ནི་ཤིན་ཏུ་མཚུངས་པར་སྣང་བས། ཡང་ལོག་ཀྱང་རང་ལུགས་སུ་ཕྱིན་ཆད་སྨྲ་བར་བྱའོ་ཞེ་ན། མི་རིགས་ཏེ། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །ཅེས་སོགས་སོ། །རྨི་ལམ་དང་སད་པའི་རྟ་གླང་རྣམས་འཁྲུལ་རྒྱུ་མ་ཟད་ཀྱི་བར་དུ་ཡོད་མཚུངས་དང་། ཟད་ནས་མེད་མཚུངས་སུ་ལན་མང་དུ་གསུངས་པས་དབུ་མ་རང་ལུགས་ལ་ཡང་ལོག་མེད་པར་སྨྲས་པ་ནི་དོན་ལ་ཞུགས་པ་ཡིན་པས། འཐད་པ་དེ་མ་འདོར་བར་དབུ་མ་རང་ལུགས་ལ་ཚད་མ་དང་ཚད་མིན་ཀུན་རྫོབ་བཞིར་བྱས་ལ་མེད་པར་འདོད་པར་བྱའོ། །དེས་ན་རང་རྒྱུད་པ་མི་འདོད་པའི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་དགོས་པ་དང་། ཐལ་འགྱུར་བ་མི་འདོད་པའི་དབུ་ཚད་སེང་གེ་མཇིང་སྣོལ་གྱི་སྙན་མིང་ཡང་དྭང་དུ་བླངས་པ་འདིས་ནི་ལེགས་ཆ་བསྡུས་པར་བྱས་པས་འགལ་བ་མང་པོ་འདུས་པ་ཡིན་ནོ། །དོན་དེ་རྣམས་རྒྱས་པར་བཤད་པ་ནི། ཡུལ་སོགས་ཏེ། རྫུན་པར་མ་གོ་ན་ཀུན་རྫོབ་ཀྱི་དོན་མ་རྟོགས་པར་བཤད་པ་ནི་ཤིན་ཏུ་ལེགས་ཤིང་། ཐལ་འགྱུར་རང་ལུགས་ལ་ཀུན་རྫོབ་རྫུན་པར་རྟོགས་བཞིན་པས་ཀུན་རྫོབ་ཀྱི་ཡུལ་ཀུན་རྫུན་ཞིང་སླུ་བར་འདོད་པ་དང་དེའི་ཡུལ་ཅན་གྱི་བློ་བསླུ་མེད་ཀྱི་ཚད་མར་འདོད་པ་འགལ་ཏེ། ཡུལ་དེ་སླུ་ཆོས་ཡིན་ན་བློ་དེ་ཚད་མར་སོང་མི་སྲིད་པའི་ཕྱིར། དཔེར་ན་སྐྲ་ཤད་སྣང་བའི་བློ་བཞིན་ནོ། །སྐྲ་ཤད་ཟླ་གཉིས་སྣང་བ་ལ་སོགས་པ་ཡང་ཚད་མ་ཡིན་ནོ་ཞེས་ཟེར་བ་ནི་དངོས་པོར་སྨྲ་བ་ལས་ཀྱང་དངོས་འཛིན་ཆེ་བའོ། །ཀུན་རྫོབ་སླུ་ཆོས་ཡིན་པར་ནི། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་བྱ། །འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཉིད། །ཅེས་སོགས་མང་ངོ་། །དེ་བཞིན་དུ་ཡུལ་དེར་སོགས་ན། ཚུར་མཐོང་གི་མིག་ཤེས་མ་འཁྲུལ་བར་གྲགས་པ་འདི་ཆོས་ཅན། གཟུགས་ལ་ཚད་མ་མ་ཡིན་པར་ཐལ། གཟུགས་ལ་འཁྲུལ་ཤེས་ཡིན་པའི་ཕྱིར། བསལ་བ་ལྟ་ཞོག རྟགས་ཀྱང་བདེན་འཛིན་གྱིས་བསླད་པས་གཟུགས་ལ་འཁྲུལ་ཤེས་སུ་གསུངས་ཤིང་དངོས་སུ་ཁས་ཀྱང་བླངས་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། གང་ཡང་འདིས་དབང་པོའི་རྣམ་པར་ཤེས་པ་འདི་མངོན་སུམ་ཉིད་དུ་སྒྲོ་བཏགས་ནས་གཞལ་བྱ་ལ་ཚད་མ་ཉིད་དུ་རྟོག་པ་དེ་ཡང་ཆེས་ཤིན་ཏུ་མ་འབྲེལ་བ་ཞིག་གོ །མི་སླུ་བའི་ཤེས་པ་ལ་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན། རྣམ་པར་ཤེས་པའང་། བཅོམ་ལྡན་འདས་ཀྱིས་འདུས་བྱས་པའི་ཕྱིར། རྫུན་པ་སླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུར་གསུངས་སོ། །གང་ཞིག་རྫུན་པ་སླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུ་ཡིན་པ་དེ་ནི། མི་སླུ་བ་ཡིན་ཏེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལྟར་གྱུར་པའི་ཚད་མ་ཉིད་དུ་བརྟག་པར་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་ལས་ཉོན་གྱིས་འདུས་བྱས་ཤིང་། བདེན་འཛིན་གྱིས་བསླད་པའི་བློ་ཚད་མ་མིན་པ་དང་། ཀུན་རྫོབ་རྫུན་པ་འཇལ་བའི་ཚད་མ་མི་སྲིད་པར་གསལ་པོར་གསུངས་པ་ལ་སྐྱོགས་བཤད་དགོས་པ་བྱུང་བའི་ཚེ། ཡུལ་དེ་ལ་འཁྲུལ་ན་དེ་ལ་ཚད་མ་མིན་པས་ཁྱབ་པ་ནི་དངོས་སྨྲའི་ལུགས་ཡིན་གྱི། དབུ་མ་པ་ནི། མིག་ཤེས་གཟུགས་ལ་འཁྲུལ་ཡང་དེ་ལ་ཚད་མ་མ་ཡིན་པས་ཁྱབ་པར་མི་འདོད་དོ་ཞེས་དངོས་སུ་བྲིས་སོ། །འདི་ནི་ཟླ་བ་གྲགས་པ་ལ་གནོད་པ་ཆེན་པོ་སྟེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བ་དེ་ལྟར་གྱུར་པ་ཡང་ཚད་མ་ཉིད་དུ་བརྟག་པར་རིགས་པའི་ཕྱིར་ཞེས་པ་ཟླ་གྲགས་ལ་འཁོར་གསུམ་དངོས་འགལ་དུ་སོང་འདུག་པའི་ཕྱིར་རོ། །འདི་ལྟ་བུའི་འགལ་འདུ་རགས་པ་དེ་མ་ཐག་པ་ཡང་མི་རིག་པ་ལ་རིག་སྨྲའི་མཆོག་ཏུ་རློམ་ཞིང་གྲགས་པ་ནི་བསྟན་པ་ཉམས་པའི་སྐྱོན་ཁོ་ནའོ། །དེ་བཞིན་དུ། གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་གྱུར་ཏེ། །ཞེས་གཞན་སྐྱེ་འཇིག་རྟེན་པའི་ཚད་མས་གྲུབ་པར་སྨྲས་པའི་ལན་དུ། བླུན་པོ་ཚད་མར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་དོན། སྤྱིར་དེ་དག་དབུ་མ་རང་ལུགས་ལ་བདེན་པ་གཉིས་ཀར་དུ་ཡང་ཚད་མ་མིན་ཞིང་། ཁྱད་པར་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་དེས་མི་གནོད་ཅེས་མི་འཆད་པར། དེ་ཁོ་ན་ཉིད་ལ་བལྟོས་ཏེ་ཚད་མ་མ་ཡིན་གྱི་ཐ་སྙད་དུ་ཚད་མ་ཡིན་ཞེས་ཡང་ཡང་སྨྲས་པ་ཡང་དེ་མ་ཐག་ཏུ་འགལ་ཏེ། དེ་ལྟ་ན་གཞན་སྐྱེ་ཐ་སྙད་དུ་གྲུབ་པར་འགྱུར་ལ། འདོད་མི་ནུས་ཏེ། རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། །ཞེས་གསུངས་པ་ལྟར་གཞན་སྐྱེ་ཐ་སྙད་ཙམ་དུ་ཡང་མི་འདོད་པ་ལུགས་འདིའི་ཁྱད་ཆོས་སུ་བྱེད་དགོས་ཤིང་ལན་མང་དུ་སྨྲས་པས་སོ། །ཅི་སྟེ་གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་པས། གཞན་ལས་གཞན་འབྱུང་ཞེས་པའི་དངོས་ལན་བཏབ་པས་འཇིག་རྟེན་གྱི་ཚད་མས་ཀྱང་གཞན་སྐྱེ་མ་གྲུབ་བོ་ཞེ་ན། མ་བརྟགས་མ་དཔྱད་པ་འཇིག་རྟེན་རང་དགའ་བ་ལ་སྦྱར་ན་དེ་ལྟར་ཡིན་མོད་ཀྱང་། ཁྱེད་ཀྱིས་དེ་དབུ་མ་རང་ལུགས་དང་། དེ་ཡང་ཅུང་ཟད་དཔྱད་པའི་དབང་དུ་བྱས་ལ། དེ་ལྟ་ན་ས་བོན་དང་མྱུ་གུ་གཉིས་དངོས་པོར་ནི་གྲུབ། རྫས་གཞན་དུ་མ་གྲུབ་ན་རྫས་གཅིག་ཏུ་འགྱུར་དགོས་པས་འཇིག་རྟེན་གྱི་ཚད་མ་དབུ་མ་རང་ལུགས་ལ་ཁས་མ་ལེན་ཅིག དེ་ལྟར་ན། འདིར་འཇིག་རྟེན་ཞེས་པ་གྲུབ་མཐའ་ལ་མ་ཞུགས་པའམ། འཕགས་ལམ་མ་ཐོབ་པའམ། རབ་བྱུང་མ་བྱས་པ་སོགས་ལ་མི་བྱའི། དབུ་མའི་ལྟ་བ་གཏན་མ་སྐྱེས་པའམ་སྐྱེས་ཀྱང་བྱེད་པ་མངོན་གྱུར་བ་ཉམས་ནས་དྲན་འཛིན་དང་བྲལ་བ་ལྟ་བུའི་སྐབས་སུ། ཐོག་མ་མེད་པ་ནས་ཞུགས་པའི་འཇིག་རྟེན་ངར་འཛིན་ལྷན་སྐྱེས་ཞེས་བྱ་བ་མ་བརྟགས་མ་དཔྱད་པར་སྔ་ཕྱི་གཅིག་ཏུ་འཛིན་པའི་བློ་འདི་ལ་སྐབས་འདིའི་འཇིག་རྟེན་ཞེས་བྱ་ལ། འདིས་ལ་ཁར་དུ་བ་མངོན་སུམ་དུ་མཐོང་ཞིང་དེའི་རྟགས་ལས་ལ་རྒྱབ་ཏུ་མེ་ཡོད་པར་རྟོགས་པ་དང་། རང་ཡིད་ཆེས་པའི་ཚིག་དོན་ལྡན་དུ་ངེས་པ་དང་། བ་མེན་དང་འདྲ་བའི་རྒྱུ་ལས་བ་གླང་ཡང་རྨིག་པ་ཅན་དུ་འཛིན་པ་སོགས་ལ་ཁོ་བོ་ཚད་མས་གྲུབ་ཅེས་དང་། དོན་དམ་པར་མཐོང་ངོ་ཞེས་སོགས་ཐ་སྙད་བྱེད་པས། དེ་དག་འཇིག་རྟེན་གྱི་ཚད་མར་བཞག་ཅིང་། དེ་དག་གིས་རྨི་ལམ་གྱི་རྟ་དང་སད་པའི་རྟ་ལ་བདེན་རྫུན་དུ་འབྱེད་པས་ཡང་ལོག་གི་དབྱེ་བ་ཡང་བྱས་མོད། དེ་གཉིས་འཁྲུལ་ངོར་དོན་བྱེད་མཉམ་དང་རིག་ངོར་མེད་མཉམ་དུ་ངེས་པ་ནི་ཟླ་གྲགས་རང་ལུགས་ཡིན་པས་གཅིག་ཏུ་འཛིན་ཐབས་ཅུང་ཟད་ཀྱང་མེད་དོ། །རྗེས་སོགས་ནི། ཡང་རང་རྒྱུད་པའི་སྒྲུབ་ངག་མེད་ལ་རྗེས་དཔག་ཡོད་དོ་ཞེས་ཟེར་བའང་མི་རིགས་ཏེ། དེ་ལྟ་ན་རྗེས་དཔག་ཡིན་ན་སྒྲུབ་ངག་མེད་པའི་རང་དོན་སྐབས་ཀྱི་རྫས་དཔག་འབའ་ཞིག་ཏུ་འགྱུར་བས། འདིར་རྗེས་དཔག་ཕལ་ཆེར་གཞན་གྲགས་ཀྱི་རྗེས་དཔག་ཏུ་གསུངས་པ་ལྟར་ཁས་བླངས་པའི་ཕྱིར་དང་། གཞན་གྲགས་ཀྱི་རྗེས་དཔག་ཡོད་ན་གཞན་གྲགས་ཀྱི་སྒྲུབ་ངག་ཀྱང་ཡོད་དགོས་ཤིང་། གང་མི་རྟག་པ་དེ་སྡུག་བསྔལ་ཞེས་སོགས་རྒྱལ་བས་ཀྱང་མང་དུ་གསུངས་ལ། གང་ཞིག་བདག་ལ་མི་ལྟ་ལ། །དེ་ནི་གཞན་ལ་ཇི་ལྟར་ལྟ། །ཞེས་སོགས་སློབ་དཔོན་ཉིད་ཀྱིས་དང་། དེའི་འགྲེལ་པར་སངས་རྒྱས་བསྐྱངས་དང་ཟླ་གྲགས་གཉིས་ཀས་སྒྲུབ་ངག་ཡན་ལག་ལྔ་ལྡན་རྒྱས་པར་བཀོད་པ་སོགས་སྒྲུབ་ངག་མང་དུ་ཡོད་པས་སོ། །མཐུན་སོགས་ནི། ལེགས་ལྡན་གྱིས་རང་རྒྱུད་ཀྱི་སྦྱོར་བ་མཛད་པ་འགོག་པའི་ཚེ། ཆོས་ཅན་རྒོལ་བ་སོ་སོའི་ཚད་མས་གྲུབ་ཙམ་གྱིས་མི་ཆོག་གི མཐུན་སྣང་དུ་གྲུབ་པ་དགོས་པ་ལས་མ་གྲུབ་སྟེ། དངོས་སྨྲའི་ལུགས་ལ་ཚད་མ་ཡིན་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ལ་འཁྲུལ་མེད་ཀྱི་ཚད་མར་སོང་བས་ཁྱབ་པར་འདོད་ལ། དབུ་མའི་ལུགས་ལ། ཚད་མ་ཡིན་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཆོས་ལ་འཁྲུལ་བའི་ཚད་མར་སོང་བས་ཁྱབ་པར་འདོད་པ་གང་ཞིག དེ་གཉིས་མཐུན་སྣང་དུ་འོང་དོན་མེད་པའི་ཕྱིར་ཞེས་པ་འདི་ལེགས་པར་བཤད་པ་ཆེན་པོར་བྱས་མོད། འདི་ལ་སྐྱོན་གཉིས་ཏེ། རྟགས་ཟུར་གཉིས་ཀ་མ་གྲུབ་པའི་སྐྱོན་དང་། དཔེ་ལ་མཚུངས་པའི་སྐྱོན་ནོ། །དང་པོ་ནི། ཟུར་སྔ་མ་མ་གྲུབ་སྟེ། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཀྱང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་དང་། ཇི་ལྟར་ཁྱེད་བུམ་དངོས་པོར་མ་གྲུབ་པའི། །ངོ་བོས་གཟུགས་སོགས་ལས་བརྗོད་མེད་འགྱུར་ལྟར། །ཞེས་དང་། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདི་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་དེ་བཞིན་འདོད་པར་གྱིས། །ཞེས་སོགས་རྒྱུན་དང་རགས་པ་དང་ཚོགས་པ་ལ་སོགས་དེ་ཁོ་ན་ཉིད་དུ་མ་གྲུབ་པར་དངོས་སྨྲས་ཀྱང་འདོད་པར་ལན་མང་དུ་གསུངས་པས། དངོས་སྨྲའི་ལུགས་ལ་བུམ་པ་འཇལ་བའི་ཚད་མ་ཆོས་ཅན། དེར་ཐལ། ཚད་མ་ཡིན་པའི་ཕྱིར་རོ། །དོན་དམ་དུ་མ་གྲུབ་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་ཅེས་སྨྲའོ་ཞེ་ན། མིན་ཏེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་སུ། རང་མཚན་ལ་དོན་དམ་བདེན་པའམ་བདེན་གྲུབ་ཀྱིས་ཁྱབ་པར་ཁས་བླངས་པས་སོ། །དེས་ན་དངོས་སྨྲ་བ་ཡིན་ན་དངོས་པོ་ལ་རང་མཚན་དང་བདེན་གྲུབ་ཀྱིས་ཁྱབ་པར་འདོད་པས་ཁྱབ་བོ་ཞེས་ལན་མང་དུ་བྲིས་པ་ནི། དངོས་སྨྲ་ལ་སྐུར་འདེབས་ཆེན་པོ་དང་། གཞུང་ལ་ཞིབ་ཏུ་མ་བརྟགས་པ་དང་། གཞན་གཞུང་ལུགས་ལ་རྟོག་དཔྱོད་བྱེད་མཁན་ད་ཕྱིན་ཆད་མི་སྲིད་དམ་སྙམ་པར་ཟད་དོ། །འོ་ན་འཇུག་པ་ལས། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །འདི་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །འདི་དག་རང་བཞིན་གྱིས་ནི་ཡོད་པ་ཡིན། །ཞེས་པ་ཅི་ཞེ་ན། བདེན་གཉིས་ལས། རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པས། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་པ་ལྟར། མུ་སྟེགས་བྱེ་བྲག་པ་ལྟ་བུའི་རྒོལ་ངན་རེ་རེ་ཙམ་སྲིད་པའི་དབང་དུ་མཛད་པའམ། མི་སྲིད་ཀྱང་མཐའ་དཔྱོད་པའི་ཕྱིར་དུ་ཕྱོགས་སྔར་བླངས་པའོ། །རྟགས་ཀྱི་ཟུར་གཉིས་པའང་མ་གྲུབ་སྟེ། དབུ་མ་པའི་ལུགས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །དཔེ་ལའང་མཚུངས་ཏེ། སངས་རྒྱས་པས་བྱེ་བྲག་པའི་ངོར་སྒྲ་མི་རྟག་པར་སྒྲུབ་པ་ལ། རང་རང་གི་འདོད་པ་སྤངས་ནས་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་བཞིན་ནོ། །ཞེས་ལེགས་ལྡན་གྱིས་དཔེར་བཀོད་པ་ལ། ཚིག་གསལ་དུ། དཔེ་ལ་ནི་ཆོས་ཅན་དང་འདྲ་བ་ཡོད་པ་མ་ཡིན་ཏེ། ཞེས་པའི་སྒྲུབ་བྱེད་དུ། འབྱུང་འགྱུར་གྱིས་ཁྱད་པར་དུ་བྱས་པའི་མི་རྟག་པའི་སྒྲ་ཕྱིར་རྒོལ་བ་མ་གྲུབ། ནམ་ཡོན་གྱིས་ཁྱད་པར་དུ་བྱས་པའི་རྟག་པའི་སྒྲ་སྔར་རྒོལ་ལ་མ་གྲུབ་ཀྱང་སྒྲ་ཙམ་གྲུབ་པར་བཤད་པ་ལའང་། སྒྲ་སོ་སོའི་ཚད་མས་གྲུབ་ཀྱང་མཐུན་སྣང་དུ་མ་གྲུབ་པར་ཐལ། བྱེ་བྲག་པའི་ལུགས་ལ་སྒྲ་འཇལ་བའི་ཚད་མ་ཡིན་ན་རྟག་པ་ནམ་ཡོན་གྱི་སྒྲ་ལ་ཚད་མར་སོང་བས་ཁྱབ་པར་འདོད་ལ། སངས་རྒྱས་པའི་ལུགས་ལ་དེ་ཡིན་ན་མི་རྟག་པ་འབྱུང་འགྱུར་གྱི་སྒྲ་ལ་ཚད་མར་སོང་བས་ཁྱབ་པར་འདོད་པའི་ཕྱིར། རྟགས་གཉིས་པོ་མ་གྲུབ་ན། དོན་གྱི་རྟགས་གཉིས་པོ་གྲུབ་པ་བུད་ཅེས་བརྗོད་ན་ལན་མེད་དེ། ཕྱི་དོན་སོགས་ནི། ཚད་མས་མ་གྲུབ་པའི་འཁྲུལ་སྣང་མ་བརྟགས་མ་དཔྱད་པ་ལ་གང་ཡང་སྲིད་མོད། ཅུང་ཟད་དཔྱད་ངོའི་བེམ་པོ་ཚད་གྲུབ་ཅིག་འཇོག་ན་ས་མཐར་རྡུལ་ཕྲན་ཆ་མེད་ལས་འོས་མེད་དེ། རགས་པ་འདི་ཆ་མེད་དུ་ནི་སངས་རྒྱས་པ་སུ་ཡང་མི་འདོད། ཆ་ཤས་སུ་ཕྱེ་ན་ཇི་སྲིད་ཕྱོགས་ཆ་ཡོད་ཀྱི་བར་དུ་རྡུལ་ཕྲན་ཡིན་མི་སྲིད་པའི་ཕྱིར་ཏེ། གང་ལ་ཕྱོགས་ཀྱི་ཆ་ཡོད་པ། །དེ་ནི་ཇི་ལྟར་རྡུལ་ཕྲན་ཡིན། །ཞེས་འཕགས་པ་ཡབ་སྲས་ཀྱིས་མགྲིན་གཅིག་ཏུ་གསུངས་ཤིང་། སྤྱོད་འཇུག་ཏུ་ཡང་། རྡུལ་ཡང་ཕྱོགས་ཆའི་དབྱེ་བ་ཡིས། །ཞེས་སོགས་ནས། དེ་མེད་ཕྱིར་ན་རྡུལ་ཡང་མེད། །ཅེས་ཚད་མའི་ངོར་རྡུལ་མེད་དང་། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །ཞེས་འཇིག་རྟེན་གྲགས་པའི་ཡིན་གྱི། ཚད་མ་ནི་རང་ལུགས་ཐ་སྙད་དུའང་མི་བཞེད་པར། སློབ་དཔོན་འདི་གཉིས་གྲོས་མཛད་པ་ལྟར་ཡོད་དེ། རྒྱུན་རིང་ཙམ་གྱིས་ཇི་ལྟར་ན། །སེམས་ཅན་བདེན་པར་ཡོད་པ་ཡིན། །ཞེས་སྒྱུ་མའི་རྟ་གླང་དང་སེམས་ཅན་དངོས་ལ་བདེན་རྫུན་རྒྱུན་རིང་ཐུང་གིས་མི་ཕྱེད་པར་གསུངས་སོ། །དེ་བཞིན་དུ་འོག་གི་བདེན་རྫུན་ཡོད་དང་སོགས་ཀྱང་། དབུ་མ་རང་ལུགས་ལ་ཀུན་རྫོབ་ཡང་ལོག་གི་དབྱེ་བ་མེད་པའི་གད་རྒྱངས་དྲག་པོ་བསྒྲགས་བཞིན་དུ། རྨི་ལམ་གྱི་མེས་དོན་བྱེད་མི་ནུས་ལ། སད་པའི་མེས་ནུས་པས། ཚད་མས་མ་གྲུབ་པ་དང་གྲུབ་པར་འཇོག་གོ །ཞེས་སྨྲས་ཀྱང་འགལ་འདུ་ཆེ་ཤོས་ཡིན་ཏེ། འདི་ལྟར་གཉིད་ཆུང་སད་ཁའི་མེ་ཤིན་ཏུ་ཚ་བར་རྨི་ལམ་དུ་སྣང་བ་དེས། བསྲེག་པའི་དོན་བྱེད་མི་ནུས་པར་ཐལ། ནུས་ན་སད་མ་ཐག་ཏུ་སྲེག་དགོས་པ་ལས་མི་སྲེག་པའི་ཕྱིར་ཞེ་ན། གཉིད་མོ་ཆེའི་རྨི་ལམ་དམྱལ་བ་ནས་ཚེ་འཕོ་ཁའི་མེ་བོ་ཆེ་དེ་ཆོས་ཅན། སྲེག་པའི་དོན་བྱེད་མི་ནུས་པར་ཐལ། ནུས་ན་གནས་སྐབས་ལུས་གཞན་བརྗེས་མ་ཐག་གི་ལུས་དེ་དང་མཐར་ཐུག་གཉིད་ཆེན་མོ་སངས་དུས་སུ་སྲེག་དགོས་པ་ལས་མི་སྲེག་པའི་ཕྱིར། ལུས་སེམས་བརྗེས་ནས་སྲེག་མི་དགོས་ཀྱི། མ་བརྗེས་པའི་ལུས་ལ་ཚོར་བ་དྲག་ཏུ་སྐྱེད་པ་དེ་ཉིད་ཀྱིས་དོན་བྱེད་ནུས་པར་གྲུབ་བོ་ཞེ་ན། གཉིད་ཆུང་ལ་ཡང་མཚུངས་སོ། །དེས་ན་འདོད་པ་དེ་དག་ནི། དབུ་མ་ཆེན་པོའི་ནང་དུ་འགྲོ་བར་འདོད་ནས་འབད་ཀྱང་། རང་རྒྱུད་པ་མན་ཆད་ཀྱི་དངོས་པོར་འཛིན་པའི་རྗེས་བསྙེགས་ལེགས་པར་འཕྲོད་པ་ཡིན་ནོ། །དེ་དག་ནི་འགལ་འདུའི་གཙོ་བོར་སྣང་བས་རྒྱས་པར་བརྗོད་ཀྱི། གཞན་རྣམས་ནི་དེ་དག་ལ་བལྟོས་ཏེ་ཕྲན་ཚེགས་སུ་སྣང་བས་བརྗོད་རིན་མི་ཆོག་པ་ལྟ་བུ་ཡིན་མོད་ཀྱི། ལུགས་འདིས། རང་ལྟ་མཆོག་འཛིན་ཧ་ཅང་ཡང་ཆེས་ཏེ། བོད་གངས་ཅན་གྱི་མཁས་གྲུབ་མཐའ་དག་ལ་དབུ་མ་ལ་བློ་ཁ་མ་ཕྱོགས་པ་ཤ་སྟག་ཏུ་སྣང་ངོ་ཞེས་པའི་ངན་སྨྲས་ཆེན་པོ་དང་། ཁྱད་པར་ཁོ་བོའི་སྐྱབས་ཀྱི་དམ་པ་ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་ལོ་ཆེན་ཐམས་ཅད་མཁྱེན་པ་དང་། དེའི་སྲས་ཀྱི་ཐུ་བོ་དམ་པ་མཁས་པའི་མཁས་པ་ཆེན་པོ་གཞོན་ནུ་བློ་གྲོས་གཉིས་དབུ་མ་ཆེན་པོའི་དགོངས་པ་ཤིན་ཏུ་མཐུན་པར་བཞུགས་པས། རྟགས་ཀྱི་དགག་བྱ་རྒྱ་ཆེས་པས་ཆད་པའི་ལྟ་བར་ལྷུང་ངོ་ཞེས་སྡང་སྨྲས་ཀྱི་དུག་གི་ཚེར་མའི་ཚོགས་ཆེན་པོ་ཡི་གེའི་སྲིད་བུ་ལ་བརྒྱུས་ཏེ་ཤོག་བུའི་མཁའ་ངོས་ནག་པོའི་དྲ་བས་ཁེབས་པར་བྱས་པ་མ་བཟོད་པས་ཀུན་ནས་བསླངས་ཏེ་ཅུང་ཟད་ཐལ་བར་ཟད་དེ། འཁྲུལ་པའི་སྣང་བ་ཆགས་སྡང་གི་འཇའ་ཚོན་མདངས་བཀྲ་བ་ཐམས་ཅད་གཞི་མེད་རྩ་བ་དང་བྲལ་བའི་དབང་གིས་བཟོད་པ་ཆེན་པོའི་རྐྱེན་གྱིས་སྤྲོས་བྲལ་ཆོས་དབྱིངས་ཀྱི་ངང་དུ་ཞི་བར་གྱུར་ཅིག རིགས་དྲུག་སོགས་ནི། ཚད་མས་གྲུབ་པའི་རྡོས་བཅས་ཐོགས་བཅས་ཀྱི་བེམ་པོ་གོས་གནོན་ནུས་གཉིས་པོ་ར་གན་ལྟ་བུའི་གཞི་གཅིག་ཏུ་ཅིག་ཅར་གནས་མི་སྲིད་པའི་ཕྱིར་རོ། །གཞན་ཡང་བརླན་ཞིང་གཤེར་བ་ཕོར་གང་ལ་ལྷ་མི་ཡི་དྭགས་སོགས་ལ་བདུད་རྩི་དང་ཆ་དང་རྣག་ཏུ་སྣང་བ་སོགས་རིགས་དྲུག་སོ་སོའི་ལས་སྣང་ཡིན་པས་སོ་སོར་སོ་སོའི་ཚད་མས་གྲུབ་བོ་ཞེས་སྨྲ་བ་འདི། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་པའི་དོན་དུ་འདོད་པ་ཉིད་མི་འཐད་དེ། འདི། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཞེས་སྔར་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད། དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀ་རྫུན་པ་ཡིན། །ཞེས་པ་དེ་འདིར་ཡང་འདོན་པ་སྤོ་བར་འགྲེལ་པས་གསུངས་པས་དེ་གཉིས་མཚུངས་པར་བཤད་པ། གང་ཞིག་སྐྲ་ཤད་མེད་པར་འདོད་པ་དང་ཆུ་ཀླུང་གི་གཞིར་རྣག་ཏུ་སྣང་བའི་རྣག་ཚད་གྲུབ་ཏུ་ཡོད་པར་འདོད་པ་འགལ་བས་སོ། །རྫས་སོགས་ནི། རྫས་དང་དངོས་པོ་ནི་གྲུབ་མཐའ་སུའི་ལུགས་ལའང་དོན་གཅིག་པས་སོ། །བདག་ནི་རྫས་སུ་འགྱུར་ཞིང་དེར་བལྟ་བ། །རྫས་ལས་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཞེས་སོགས་ཀྱིས་རྫས་ཙམ་བཀག་གོ །ཞེ་ན། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་སོགས་དང་། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འགྱུར། །ཞེས་དངོས་པོ་ཡང་བཀག་གོ །དངོས་པོ་ཙམ་མ་ཡིན་གྱི་བདེན་གྲུབ་ཀྱི་དངོས་པོ་ལ་དགོངས་སོ་ཞེ་ན། རྫས་ལའང་དེ་བཞིན་ནོ། །འོན་ཀྱང་གྲུབ་མཐའ་འོག་མ་དག་གིས་དོན་ཆོས་རྫས་ཡོད་དང་། བློ་ཆོས་བཏགས་ཡོད་ཅེས་པ་གཉིས་གཉིས་སུ་འདོད་ཀྱང་འདིར་ཤེས་བྱ་ལ་ཕྱི་མས་ཁྱབ་པར་དགོངས་པ་དང་སྦྱོར་ན་དེ་བཞིན་ནོ། །གཞན་སྐྱེ་སོགས་ནི། ས་མྱུག་རྫས་གཞན་དུ་ཁས་མི་ལེན་ན་ནི་རྫས་སམ་དངོས་པོ་གཅིག་ཏུ་འགྱུར་ལ་དེ་ལྟར་ཁས་ལེན་པ་ནི་གངས་ཅན་དང་འདྲ་ཞིང་། རྫས་གཞན་བསྐྱེད་བྱ་སྐྱེད་བྱེད་ལ་གཞན་སྐྱེར་མི་བྱེད་པའང་འཇིག་རྟེན་གྱི་ཚད་མ་རང་ལུགས་ལ་ཁས་ལེན་པ་འགལ་བ་ཡིན་ནོ། །དེས་ན་འདི་དང་བདེན་སོགས་བརྗོད་ཟིན་ཏོ། །བུམ་པའི་ཡན་ལག་གཟུགས་དྲི་སོགས་ལ་རིག་པས་དཔྱད་པས་ཡན་ལག་སོ་སོའི་ཆོས་ལས་གཞན་པའི་བུམ་པ་མི་རྙེད་པར་འདོད་པ་དང་། ལས་ཀྱི་སྐད་ཅིག་ལ་དཔྱད་པས་ལས་རང་གི་རིགས་འདྲའི་རྒྱུན་ལས་གཞན་པའི་ཞིག་པ་དངོས་པོ་བ་ཞིག་དཔྱད་ངོར་རྙེད་པ་འགལ་ཏེ། དཔྱད་བྱ་དང་དཔྱོད་ཚུལ་གཉིས་ཀ་ཀུན་ནས་མཚུངས་པའི་ཕྱིར་རོ། །དབུ་མ་རང་རྒྱུད་སྨྲ་བས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། ངོ་བོས་གྲུབ་པ་དང་རྫས་སུ་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་རྣམས་རང་ལུགས་ལ་ཁས་ལེན་པར་སྨྲས་ཞེས་སྒྲུབ་བྱེད་དུ་མ་འགོད་པ་དང་། རྣལ་འབྱོར་པས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དངོས་པོ་རྣམས་ཀྱི་རང་བཞིན་ལ་སྐུར་བ་བཏབ་པའི་ཚུལ་གྱིས་སྟོང་ཉིད་རྟོགས་པར་ཐལ། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ། ཁྱོད་ཀྱིས་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །ཞེས་སོགས་ཀྱི་གཞུང་དོན་འཁྲུལ་མེད། རང་རྒྱུད་པ་ལ་འཕངས་པའི་ཐལ་འགྱུར་སྐྱོན་མེད་ཡིན་ཏེ། དངོས་སྨྲ་བ་སུ་ཡང་དེ་འདྲའི་ཡེ་ཤེས་ཁས་མི་ལེན་པའི་ཕྱིར་ཞེས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བློ་རང་རྒྱུད་པ་དེའི་བློ་ངོར་གྲུབ་པར་བཤད་པ་ནང་འགལ་ཏེ། བུམ་པ་ཡོད་པར་ཁས་བླངས་ནས་མེད་པར་རྟོགས་པའི་ཚད་མ་ཡོད་ཅེས་པ་ཁྱད་མེད་ཅིང་། རང་རྒྱུད་པའི་ངོར་ཡང་དེ་འདྲ་མ་འཕངས་ཤིང་འཕེན་མི་རིགས་པར་ཐལ། རང་རྒྱུད་པ་སུ་ཡང་དེ་འདྲ་ཁས་མི་ལེན་པའི་ཕྱིར་ཏེ། རང་བཞིན་ཡོད་པར་ཁས་ལེན་པའི་ཕྱིར། འདི་ནི་བདེན་པའི་རང་བཞིན་ཞེས་སྦྱོར་རྒྱུའི་ཚིག་ཆད་པའི་སྐྱོན་ད་ཟད་ཀྱི་ཤེས་འདོད་ལ་མི་འགྲོ་མོད་ཀྱང་། རང་གིས་སྨྲས་པའི་ཚིག་ཙམ་ཡང་ལྷག་ཆད་ནོར་བའི་སྐྱོན་གསུམ་དང་བྲལ་ལོ་སྙམ་དུ་འཛིན་པའི་ཕྱིར་བྱས་སོ། །ཉོན་མོངས་སོགས་འགལ་ཏེ། ཉོན་མོངས་ནི་བདེན་འཛིན་དང་མཚུངས་ལྡན་ལ་ལུགས་འདི་གསལ་བར་བཞེད་ལ། དེ་དང་བྲལ་བའི་དག་སའི་རྨོངས་པ་ལས་གཞན་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་མཚན་གཞི་མེད་ཅིང་། དེ་སྒྲིབ་པ་གཉིས་ཀྱི་ནང་ནས་ཤེས་སྒྲིབ་ལས་མ་འདས་པའི་ཕྱིར། དེ་འདྲ་མངོན་པའི་མདོ་དང་བསྟན་བཅོས་ལས་འབྱུང་མོད། ལུགས་འདི་མི་བཞེད་པས་ཤེས་བྱ་ཡོངས་སུ་དཔྱོད་པ་ལ་སྒྲིབ་པའི་བག་ཆགས་ཤེས་སྒྲིབ་ཏུ་གསུངས་པ་དེ་ཉིད་ལ་ཉོན་མོངས་ཅན་མིན་པའི་མ་རིག་པར་བཞེད་དོ་ཞེ་ན། དཔལ་ལྡན་ཟླ་བས། ཆོས་མངོན་པའི་མདོ་དོན་དགག་མི་དགོས་པ་དུ་མ་བཀག་ནས་ཉོན་མོངས་དང་ཉེ་ཉོན་ལ་སོགས་པའི་རྣམ་གཞག་ཟུར་དུ་བརྩམས་པར་འགྱུར་ཏེ། ཆོས་མངོན་པར་བཤད་པའི་རྩ་ཉོན་དྲུག་གི་ནང་ཚན་གྱི་གཙོ་བོ་མ་རིག་པ་ཅུང་ཟད་ཀྱང་མི་འདོད་པའི་ཕྱིར་རོ། །དེ་བཞིན་དུ་ཐེག་བསྡུས་སོགས་ཀྱི་གཞུང་སོགས་མཚན་ཉིད་ཡོངས་རྫོགས་དེ་འགོག་ན་རང་ལུགས་ལ་དེ་དག་གི་མིང་ཙམ་ཡང་མི་འདོད་དེ། གསང་འདུས་སོགས་སུ་འཕགས་པ་ཡབ་སྲས་ཀྱིས་ཀུན་གཞི་སོགས་ཀྱི་མིང་བཤད་ཀྱང་སྐབས་མ་ཡིན་ནོ་ཞེས་བྱོལ་ནས་ཡང་ཚད་མ་སྡེ་སོགས་ཚད་མའི་མཚན་ཉིད་གསར་དུ་མི་སླུ་བ་དང་རང་མཚན་འཇལ་བ་སོགས་མི་འདོད་ཀྱང་དབུ་མ་རང་སོགས་འགལ་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པས་སོ། །བདེན་བཞི་མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་དུ་འདོད་པ་དང་། རྟོགས་པ་དེ་ཡིས་སྦྱོར་ལམ་གྱི་རྟོགས་པར་ཡང་མི་སླེབ་སྟེ། ཐེག་པ་གསུམ་གའི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ལ་རང་བཞིན་མེད་པར་རྟོགས་པ་དགོས་པའི་ཕྱིར་ཞེས་པ་འགལ་ཏེ། ལམ་གཞན་སྔོན་དུ་མ་སོང་བའི་རྣལ་འབྱོར་མངོན་སུམ་རྒྱུད་ལྡན་གྱི་ཚོགས་ལམ་པ་ཁས་བླངས་པའི་ཕྱིར་རོ། །དེས་ན་འདི་རྣལ་འབྱོར་མངོན་སུམ་ཡིན་ན་འཕགས་པའི་ཡེ་ཤེས་ལས་འདས་ཀྱང་། ཐ་སྙད་པའི་གནས་ལུགས་ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པ་ཙམ་དུ་ཟད་པས་ཡིད་མངོན་ལས་མ་འདས་སོ། །དེ་བཞིན་དུ་གཞན་སོགས་འགལ་བའང་དེས་རྟོགས་སོ། །ཀུན་སོགས་ནི། སངས་རྒྱས་ཀྱི་ཡེ་ཤེས་རྫས་གཅིག་གིས་ཤེས་བྱ་ཇི་ལྟ་ཇི་སྙེད་གཉིས་ཀ་མཁྱེན་ཡང་ལྡོག་ཆས་སོ་སོར་འབྱེད་པར་ཁས་བླངས་པས། སྒྲའི་སྟེང་གི་བྱས་མི་རྟག་མཚན་ཉིད་སོ་སོར་བཞག་པའི་རྒྱུ་མཚན་གྱིས་ལྡོག་ཆས་ཕྱེ་བའི་མཚན་གཞི་ཡང་སོ་སོར་ཡོད་པ་བཞིན་དུ་ཇི་ལྟ་ཇི་སྙེད་པའི་ཡེ་ཤེས་ཀྱང་མཚན་གཞིའི་ལྡོག་པ་སོ་སོར་ཡོད་ཙ་ན། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཤེས་བྱ་ཇི་སྙེད་པ་ལ་ཚད་མར་སོང་ན། དོན་དམ་དཔྱོད་བྱེད་ཀྱིའམ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་གང་དུ་སོང་། དང་པོ་ལྟར་ན་ཇི་སྙེད་པ་དོན་དམ་བདེན་པར་འགྱུར་ལ། གཉིས་པ་ལྟར་ན། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་ཐལ། ཇི་སྙེད་པ་ལ་དེའི་ཕྱིར། མ་ཁྱབ་ན། ཇི་ལྟ་བ་ལ་དོན་དམ་དཔྱོད་བྱེད་ཡིན་པས་དེར་འཇོག་པ་དང་འགལ། འདོད་ན། ཇི་ལྟ་བ་ཆོས་ཅན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་གཞལ་བྱའི་གཙོ་བོར་ཐལ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་གཞལ་བྱའི་གཙོ་བོ་གང་ཞིག དེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ཡིན་པས་སོ། །དེ་ལྟར་དཔྱད་ན་ཡེ་ཤེས་དེ་ཤེས་བྱ་ཇི་སྙེད་པ་ལ་ཚད་མ་གཉིས་པོ་གང་དུའང་མ་སོང་བས་ཤེས་བྱ་ཕྱེད་ལ་ཚད་མ་མིན་པར་འགྱུར་གྱི་འདི་དངོས་སུ་ཁས་བླངས་པ་ནི་མ་ཡིན་ནོ། །རྫས་སོགས་ནི། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །ཅེས་རང་སྡེའི་ནང་ནས་རྫས་ཡོད་ཀྱི་བདག་སྨྲ་བ་པོ་ནི་གནས་མ་བུ་པ་གཅིག་བུར་ངེས་པར་བཤད་པ་དང་། ལེགས་ལྡན་འབྱེད་ལ་སོགས་པ་ཡིད་ཀྱི་རྣམ་ཤེས་བདག་གི་མཚན་གཞིར་སྨྲ་བ་པོའི་དབུ་སེམས་ཀྱི་མཁས་པ་ཡོད་པར་འདོད་པ་འགལ་ལོ། །དེས་ན་གནས་མ་བུ་པ་མ་གཏོགས་པའི་རང་སྡེ་རྣམས་བདག་གམ་གང་ཟག་གང་ལ་འདོགས་པའི་འདོགས་གཞི་ཕུང་པོ་ལྔ་པའམ། ཡིད་ཀྱི་རྣམ་ཤེས་སམ། ཀུན་གཞི་དང་དེའི་རྒྱུན་ལ་སོགས་པ་མི་མཐུན་པ་ཡོད་ཀྱང་བཏགས་ཆོས་གང་ཟག་དངོས་ནི། ལྡན་མིན་འདུ་བྱེད་རྫས་ཡོད་དམ་བཏགས་ཡོད་གང་རུང་དུ་འདོད་པ་ཤ་སྟག་ཡིན་གྱི་གཟུགས་ཤེས་གང་རུང་དང་གང་ཟག་གི་གཞི་མཐུན་འདོད་པ་སུ་ཡང་མེད་པས། འདི་ཡང་དཔྱད་གཞི་ཤིན་ཏུ་ཆེ་མོད། གསུང་རབ་དཔང་པོར་བྱེད་མི་དགོས་པས་མང་པོ་ཞིག་འཕྲལ་དུ་འཚེངས་སོ། །གསུམ་པ་ནི། དེ་ལྟར་སོགས་ཏེ། རྒྱུའི་གཙོ་བོ་ནི། ཀུན་རྫོབ་ཀྱི་རྣམ་གཞག་མ་བརྟགས་མ་དཔྱད་པར་འཇིག་རྟེན་གྲགས་པ་ཙམ་གྱི་སྒོ་ནས་འཇོག་པས་རྣམ་སོགས་ཀྱང་སྤྱིར་སྡེ་བདུན་ལ་སོགས་པའི་རྟོག་གེ་དང་ཁྱད་པར་རང་རྒྱུད་པའི་གཞུང་དབུ་མ་སྣང་བ་ལ་སོགས་པར་ལེགས་པར་སྦྱངས་ཤིང་གོམས་པའི་མཐུས་ཐ་སྙད་ཀྱི་རྣམ་གཞག་ལ་རིག་པའི་འཐད་པ་བཅུག་ནས་དངོས་སྟོབས་རིག་པས་དཔྱད་ཅིང་བསྒྲུབས་པས་སོ། །ཁྱབ་སྟེ། དེ་ལྟར་བསྒྲུབས་རྟིང་རང་རྒྱུད་པ་ཉིད་ཀྱི་ལུགས་སོར་བཞག་ན། ནང་འགལ་ཤིན་ཏུ་ཉུང་ཡང་དེ་དང་མི་མཐུན་པའི་ཡང་ལོག་མི་བཞེད་པ་སོགས་ཀྱི་ལམ་སྲོལ་ཆེན་པོ་འདི་དང་སྦྱར་བའི་ཕྱིར་རོ། །དཔལ་ལྡན་ཟླ་བས་ནི། ཚིག་གསལ་རྩོམ་པའི་དམ་བཅའ་ཉིད་ནས། རྟོག་གེའི་རླུང་གིས་མ་དཀྲུགས་གསལ་བར་བྱ། །ཞེས་དམ་བཅས་ཤིང་། རྟོག་གེ་བ་དག་ནི། ཤིང་གི་ཡལ་ག་སྔ་མ་བཏང་ནས་ཕྱི་མ་ལ་མ་འཇུས་པའི་བར་སྐབས་སུ་གཡང་དུ་ལྷུང་བ་བཞིན་དུ། འཇིག་རྟེན་རང་དགའ་བའི་མ་བརྟགས་མ་དཔྱད་པར་འཇུག་པ། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་བཞིན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་པ་བོར་ཞིང་དབུ་མ་ཆེན་པོ་ཡང་ཁོང་དུ་མ་ཆུད་པར་དྲན་པ་དོན་གཞན་གྱིས་མྱོང་བ་བསྒྲུབ་པ་ལ་སོགས་པ་བྱས་པས་དེ་ཁོ་ན་ཉིད་ལས་ཉམས་པར་ལན་མང་དུ་གསུངས་པ་ཡིན་ནོ། །གཉིས་པ་དབུ་མ་ཆེན་པོ་ཡང་དག་བཤད་པ་ལ། ལུགས་མཆོག་སྨྲ་བ་པོའི་གང་ཟག་ངོས་བཟུང་། ཚུལ་དེ་ཕལ་ཆེར་གྱི་བློར་མ་ཤོང་བའི་རྒྱུ་མཚན་དགོད། དེས་ན་རང་ལུགས་སྐྱོན་མེད་རྒྱ་ཆེར་བཤད། ལུགས་འདིའི་གྲུབ་མཐའི་གཙོ་བོ་ངོས་བཟུང་བའོ། །དང་པོ་ནི། བསྟན་པ་འདིའི་བསྟན་འཛིན་གྱི་གཙོ་བོ་འགྲན་ཟླ་ཐམས་ཅད་དང་བྲལ་བ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི། ལང་དཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོ་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱེད་དེ། མཐར་གྱིས་དང་བའི་འོད་ཅེས་པའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་དུ་ཡང་དེ་དང་མཐུན་ཏེ་རྒྱལ་བ་ཉིད་ཀྱིས་མངོན་སུམ་དུ་འཚང་རྒྱ་བར་ལུང་སྟོན་པ་ལ་ས་བརྒྱད་པ་ཐོབ་དགོས་པར་བཤད་ཅིང་། གསང་འདུས་སྒྲོན་གསལ་དུ། སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་ཡང་བཤད་ལ། གདུལ་བྱ་ཐུན་མོང་ལ་ཡོངས་གྲགས་སུ་ས་དང་པོ་བརྙེས་པར་གསུངས་པས། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བདག་ཉིད་ཆེན་པོ་དེས། ཕྱི་ནང་གི་རིག་པའི་གནས་དང་ཐུན་མོང་བའི་གསུང་རབ་ཀྱི་དགོངས་འགྲེལ་དང་། ཐ་ན་མན་ངག་ཕྲན་ཚེགས་ཡན་ཆད་ཀྱིས་བསྡུས་པའི་བསྟན་བཅོས་མང་དུ་མཛད་ཅིང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་དང་སྔགས་ཀྱིས་བསྡུས་པའི་དགོངས་པ་འགྲེལ་པའི་ཤིང་རྟ་ཆེན་པོ་མཛད་དེ། ཐུན་མོང་དང་ཐུན་མོང་མིན་པའི་བསྟན་བཅོས་མཐའ་ཡས་པ་མཛད་པ་ལས། འདིར་ཟབ་མོ་སྟོང་པ་ཉིད་གཙོ་བོར་སྟོན་པ་ལ་རིག་པའི་ཚོགས་དྲུག་ཏུ་གྲགས་པ་དང་། བསྟོད་ཚོགས་ཕལ་ཆེར། རྒྱ་ཆེ་བ་སྤྱོད་པ་གཙོ་བོར་སྟོན་པ་ལ་མདོ་ཀུན་ལས་བཏུས་དང་རིན་ཆེན་འཕྲེང་བ། འདི་ལས་ཀྱང་བདག་མེད་གཉིས་ཀྱི་རིག་པ་གསལ་བར་བཤད་པས་ཁ་ཅིག་སྔ་མའི་ནང་དུ་བགྲོང་མོད། འདིར་གཙོ་ཆེ་བའི་དབང་དུ་བྱས་སོ། །དེའི་སྲས་ཀྱི་ཐུ་བོ་རྒྱན་དྲུག་གི་ནང་དུ་བགྲོང་རྒྱུ་ནི། འཇམ་དཔལ་རྩ་རྒྱུད་ལས་རྒྱས་པར་ལུང་བསྟན་པ་ཨརྻ་དེ་ཝ་སྟེ། འདིས་ཀྱང་མདོ་སྔགས་ཀྱི་དགོངས་འགྲེལ་མང་དུ་མཛད་པ་ལས། འདིར་རབ་ཏུ་བྱེད་པ་བཞི་བརྒྱ་པ་སྟེ། ཡབ་སྲས་འདི་གཉིས་རྗེས་འབྲང་ལུགས་གཉིས་ཀས་སོ་སོའི་རྒྱབ་ཏུ་སྤྱན་འདྲེན་པས། བོད་དག་གིས། གཞུང་ཕྱི་མོའི་དབུ་མ་པ་ཞེས་གྲགས་ཤིང་ཁོ་བོ་ནི་སློབ་དཔོན་དཔའ་བོ་ཡང་འདིར་སྡུད་དོ། །བདག་ཉིད་ཆེན་པོ་དེའི་རྗེས་འབྲང་རིས་གཉིས་ལས་ལུགས་མཆོག་ཏུ་གྱུར་པ་དབུ་མ་ཆེན་པོ་ནི། བོད་ལ་བལྟོས་ཏེ། ཟླ་བས་ལེགས་བཀྲལ་ཉི་མས་བསྒྱུར་ཅེས་ངེས་པར་བརྗོད་དགོས་ཏེ། དཔལ་ལྡན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་ཏེ་བདེན་པར་ཞེན་པ་བཟློག་པར་མཛད་ཅེས། ལོག་པའི་ཀུན་རྫོབ་ཏུ་གྲགས་པས་ཀྱང་འཁྲུལ་ངོར་བྱ་བ་བྱེད་པར་མངོན་སུམ་དུ་བསྟན་པ་དེས། དབུ་མའི་མདོ་དང་རིག་པ་དྲུག་ཅུ་པ་གཉིས་དང་། བཞི་བརྒྱ་པ་རྣམས་ཀྱི་རྒྱ་ཆེ་འགྲེལ་དང་། རང་དབང་དུ་འཇུག་པ་རྩ་འགྲེལ་དང་། ཕུང་པོ་ལྔ་པ་སོགས་མཛད་ནས་ཤིན་ཏུ་རྒྱས་པར་མཛད་པའི་གཞུང་དེ་རྣམས། བསྟན་པ་སྔ་དར་ལ་རྒྱས་པར་མ་འགྱུར་ཞིང་ཞི་འཚོ་ཡབ་སྲས་ཀྱི་དབུ་མའི་གཞུང་ལ་གཙོ་བོར་བྱེད། ཕྱི་དར་གྱི་སྟོད་ལ་ཇོ་བོ་རྗེས་ཀྱང་ཟླ་གྲགས་ཀྱི་ལུགས་ལ་ཤིན་ཏུ་དགྱེས་ཀྱང་རྒྱ་ཆེར་སྤེལ་མ་ནུས་པར། ལེགས་ལྡན་གྱི་རྟོག་གེ་འབར་བ་གསར་དུ་བསྒྱུར། དེ་ནས་ལུང་གིས་ཟིན་སོ་དང་གཏམ་རྒྱུད་སོགས་མ་མཐོང་ཡང་རིག་པས་བརྟགས་ན། ཇོ་བོ་ཆེན་པོ་དེ་ཉིད་ཀྱིས་འཕན་ཡུལ་པ་ཚབ་ཏུ་ཞང་ཉི་མ་གྲགས་ཞེས་བྱ་བར་སྐྱེ་བ་བཞེས་ཏེ་རྒྱ་གར་དུ་བྱོན་ནས། དཔལ་ལྡན་ཟླ་བའི་ཡེ་ཤེས་ཀྱི་སྤྲུལ་བའི་སྐུ་ལ་རིག་ཚོགས་ཀྱི་ལུང་བླངས་ཏེ་ཟླ་བའི་གཞུང་མཐའ་དག་བོད་ཀྱི་སྐད་དུ་བསྒྱུར་ཅིང་བུ་བཞི་ལ་སོགས་པ་ལ་བཤད་དེ་སྲོལ་གསར་དུ་གཏོད་པས་ན་རྒྱ་གར་གྱི་དབུ་མ་ཆེན་པོ་པ་ཀུན་གྱིས་ཟླ་བ་དང་། བོད་ཀུན་གྱིས་དེ་དང་ཉི་མ་ལ་ཤིན་ཏུ་གུས་པར་བྱ་བ་ཡིན་ནོ། །ཅི་སྟེ་དབུ་མ་ཆེན་པོའི་སྲོལ་དང་པོར་གཏོད་མཁན་སངས་རྒྱས་བསྐྱངས་མ་ཡིན་ནམ་ཞེ་ན། དེ་ནི་ཟླ་བ་དང་རྒྱུད་གཅིག་ཏུ་གྲགས་ཏེ། དེས་རྩ་ཤེའི་འགྲེལ་པ་མཛད་ཀྱང་ཕྱོགས་ཀྱི་གླང་པོའི་བཤད་སྲོལ་ཟིན་པའི་དངོས་སློབ་མ་བྱུང་བ་བཞིན་དུ་གྱུར། ལེགས་ལྡན་གྱིས་དགག་པ་བྱས་པ་ཀུན་འགྲོ་བར་གྲགས་པས་ཐུགས་བྱུང་ནས། སླར་ཡང་ཟླ་གྲགས་སུ་སྐྱེ་བ་བཞེས་ཏེ་རྩོད་པ་སྤངས་ཤིང་དགག་ལན་མཛད་དོ་ཞེས་གྲགས་པ་རིག་པ་དང་སྦྱར་ནའང་འཐད་པར་སྣང་བས་སོ། །དེ་འདྲའི་བཤད་སྲོལ་ཁྱད་པར་ཅན་ནི། ཚིག་ལ་མཁས་པ་གང་བ་ཤེའུ། དོན་ལ་མཁས་པ་གཙང་པ་འབྲེ་སྒུར། གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། གཉིས་ཀ་ལ་མི་མཁས་པ་ཞང་ཐང་སག་པ་སྟེ། པ་ཚབ་ཀྱི་སྲས་ཀྱི་ཐུ་བོ་བཞི་ལས་བརྒྱུད་དེ་བཤད་སྲོལ་མ་ཆད་ཙམ་དུ་འོངས་པ་རྟོག་གེ་དང་རང་རྒྱུད་ཀྱི་འདྲེས་ཀྱིས་མ་བསླད་པའི་དབུ་མ་ཆེན་པོ་ནི། རྗེ་བཙུན་ས་སྐྱ་པ་རྣམས་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་། དཔང་བློ་གྲོས་བརྟན་པ་དང་། བྱང་བརྩོན་གྱི་སྐྱེ་བ་ཡིན་ནམ་སྙམ་པ། འཇམ་གསར་ཤེས་རབ་འོད་ཟེར། བུ་སྟོན་ཐམས་ཅད་མཁྱེན་པ། དེ་རྗེས་ནུབ་ལ་ཁད་དུ་གྱུར་མཚམས། ལོ་ཆེན་སྐྱབས་མཆོག་མཚན་ཅན་དང་། མཁས་པ་གཞོན་ནུ་བློ་གྲོས་ལ་སོགས་པ་གངས་ཅན་གྱི་དབུ་མ་པ་མཐའ་བྲལ་གྱི་རྩེ་མོར་གཤེགས་པ་ཉུང་ཟད་འགའ་ཡིས་གཟིགས་ཤིང་བཤད་དེ། ལུགས་འདི་ནི་དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི། ཞེས་སོགས་གསུངས་པ་ལྟར་ཤེས་རབ་ཙམ་གྱིས་མི་ཆོག་གི བསོད་ནམས་ཁྱད་པར་ཅན་རིང་དུ་བསགས་པ་དགོས་པས། རྒྱ་བོད་གཉིས་ཀར་ཤིན་ཏུ་ཉུང་པར་གྱུར་པའི་རྒྱུ་མཚན་གོང་དུ་བཤད་པ་ལྟར་རོ། །ས་སྐྱ་གོང་མ་རྣམས་ལུགས་འདི་བཞེད་པར་ནི། རྗེ་བཙུན་ཆེན་པོའི་མངོན་རྟོགས་ལྗོན་ཤིང་སོགས་ནའང་གསལ་བ་ལྟར། ཆོས་རྗེ་པས། དབུ་ཚད་གཉིས་ཀྱི་ཁྱད་པར་ནི། །ཐ་སྙད་དུ་ཡང་མི་སླུ་བ། །འདོད་པ་ཚད་མའི་ལུགས་ཡིན་ཏེ། །རང་རྒྱུད་ཕལ་ཆེར་དེ་དང་མཐུན། །ཞེས་སོགས་ཀྱིས་གསལ་བར་གསུངས་སོ། །ཕལ་ཆེར་ཞེས་པ་ནི་རང་རྒྱུད་པའི་ཡང་རྣམ་རྫུན་སྒོ་བསྟུན་རྣམས་ཐ་སྙད་སླུ་ཆོས་སུ་འདོད་པས་སོ། །དིང་སང་ནི་བཤད་མ་ཐག་པའི་དབུ་མ་ཆེན་པོར་གྲགས་པ་དག་གིས་ཕྱོགས་ཀུན་ཏུ་གང་བར་གྱུར་པས་ལུགས་འདི་ནི་མིང་ཙམ་ཞིག་ལུས་པར་གྱུར་ཏོ། །དེ་ལྟར་ན། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་རྟོགས་དཀའ་བ་མིན་པར་ཐལ་བ་དང་། མདོ་སྔགས་ཀུན་ལས་འདི་རྟོགས་དཀའ་བས་ཁོང་དུ་ཆུད་པ་མང་པོ་མི་འབྱུང་བར་བཤད་པའང་མི་འཐད་པར་འགྱུར་ཏེ། དབུ་མ་ཆེན་པོའི་དོན་ལེགས་པར་ཁོང་དུ་ཆུད་པས་ས་ཕྱོགས་གང་བའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཟླ་བའི་ལུགས་ཐུན་མོང་མ་ཡིན་པ་ཁྱོད་འདོད་པ་འདི་གཞན་འདོད་མཁན་ཉུང་བའི་རྒྱུ་ཅི་ཞེ་ན། རྒྱ་བོད་སྤྱི་དང་ཁྱད་པར་བོད་གངས་ཅན་གྱི་གཞུང་ལུགས་གཞན་དང་ཁྱད་པར་རང་རྒྱུད་ལ་ཤིན་ཏུ་མཁས་པའི་རྔོག་ལོ་ཡབ་སྲས་ལ་སོགས་པ་དང་། ཟླ་གྲགས་རང་ལུགས་ཀྱང་ཤིན་ཏུ་མཁས་པར་རློམ་པ་ཀུན་གྱི་བློ་གྲོས་ཀྱི་རྭ་བར་ནི་ལུགས་འདི་མ་ཤོང་བའི་རྒྱུ་ཡོད་དེ། ལུགས་འདི་ལ་ནི་ཐ་སྙད་འཇལ་བའི་བློ་ལ་འཁྲུལ་ཤེས་ཀྱིས་ཁྱབ་པ་དང་། སྒྱུ་མ་རྨི་ལམ་གྱི་རྟ་གླང་དངོས་སམ་རི་མོར་བྲིས་པའི་བ་བཞོ་ན་དངོས་ལ་འཁྲུལ་ངོར་དོན་བྱེད་མཉམ་དང་རིག་ངོར་མི་བྱེད་མཉམ་དང་། འཇིག་རྟེན་ཀུན་རྫོབ་དང་རྣལ་འབྱོར་ཀུན་རྫོབ་གཉིས་ཀྱི་དང་པོ་ལ་ཡང་ལོག་ཡོད་ཀྱང་དེ་རང་ལུགས་མིན་ལ། རང་ལུགས་རྣལ་འབྱོར་ཀུན་རྫོབ་ལ་ཡང་ལོག་མེད་པས་ཀུན་རྫོབ་ཙམ་པོར་འདོད་པ་སོགས་དང་། ཡོད་མིན་མེད་མིན་ལ་སོགས་པ་འདོད་དགོས་ལ། རྒྱ་བོད་སྤྱི་དང་ཁྱད་པར་གངས་ཅན་པ་ནི། ཚད་མ་དང་ཚད་མིན་གྱི་བློ་རིས་དང་ཚུལ་གསུམ་ཚད་མས་ངེས་པའི་རྟགས་རིས་རྣམས་ལ་ལེགས་པར་སྦྱངས་ཤིང་། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མིན་པ་ཡི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པ་ལ་དག་ཀྱང་། ཡང་ལོག་གི་མིང་མི་འདོད་པ་དག་གིས་ཀྱང་དོན་རྒྱས་པར་ཁས་ལེན་པ་སོགས་རྟོག་གེ་སོགས་མཐུ་ལ་བརྟེན་ནས་ཐ་སྙད་སོགས་པས་སོ། །འོན་ཀྱང་དེ་ནི་བློའི་སྐྱོན་ཡིན་གྱི་དོན་གྱི་སྐྱོན་མ་ཡིན་ཏེ། ཁྲོན་པའི་རུས་སྦལ་གྱི་རྣམ་པར་ཐར་པ་ཇི་བཞིན་ནོ། །བྱམས་པས་ཀྱང་། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་བློ་གྲོས་དང་སྐལ་བ་དམན་པ་དག་གིས་བློར་མ་ཆུད་པ་ཉིད་ཀྱིས་མཆོག་ཏུ་གྲུབ་པར་གསུངས་སོ། །གསུམ་པ་ལ། རྣམ་བཞག་མཐའ་དག་གནས་སྐབས་གསུམ་ལ་སྦྱར། ཅུང་ཟད་དཔྱད་ངོར་གཞི་ལམ་འབྲས་བུ་བཤད་པའོ། །དང་པོ་ལ། དམ་བཅའ་མདོར་བསྟན། དེའི་རྒྱུ་མཚན་དང་དགོས་པའོ། །དང་པོ་ནི། འཆད་མ་ཤེས་པས་འདོད་མཁན་ཉུང་བ་དེའི་ཕྱིར་ན། སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་དང་ཁྱད་པར་འཕགས་པ་ཀླུ་སྒྲུབ་སོགས་རྣམས་གནས་སོགས་རྟོགས་ཏེ། མ་བརྟགས་མ་དཔྱད་པའི་གནས་སྐབས་དང་། རིག་ཤེས་ཀྱིས་ཅུང་ཟད་དཔྱད་པའི་གནས་སྐབས་དང་། བརྗོད་བྲལ་གྱིས་ལེགས་པར་དཔྱད་པའི་གནས་སྐབས་རྣམས་ལ་སྦྱར་ན་ཤིན་ཏུ་ཉམས་སུ་བླང་བདེ་བས་སོ། །དེ་ཡང་རང་རྒྱུད་པ་མན་གྱིས་རང་རང་གི་རྟོགས་པས་སྦྱར་བ་སོགས་ནི། རང་རང་གི་དངོས་བསྟན་རྣམས་སོ་སོའི་གྲུབ་མཐའ་དང་སྦྱར་ནས་བཤད་དགོས་ཀྱང་། སྤྱིར་རྒྱལ་བའི་བཀའ་བར་བ་དང་སྒོས་དབུ་མ་ཆེན་པོ་པ་ཡབ་སྲས་འདི་དག་གི་གཞུང་ལས། གཞི་ཕུང་ཁམས་སྐྱེ་མཆེད། ལམ་སྤྱོད་པ་ཐབས་ཕྱོགས། འབྲས་བུ་སྐུ་དང་འཕྲིན་ལས་ལ་སོགས་པ་ནི། མ་བརྟགས་མ་དཔྱད་པ་ཐ་སྙད་ཀྱི་རྣམ་གཞག་དང་སྦྱར་ལ། དེ་ཡང་ཕལ་ཆེར་འཇིག་རྟེན་ལ་གྲགས་ཚར་བའམ་གྲགས་སུ་རུང་བའི་ཚུལ་གྱིས་འཇིག་རྟེན་ཀུན་རྫོབ་དང་། མཉམ་རྗེས་ཀྱི་སྣང་ཚུལ་སོགས་ཁ་ཅིག་རྣལ་འབྱོར་ཀུན་རྫོབ་དང་བསྟུན་པའང་ཡོད་དོ། །དགག་བྱ་བདག་གཉིས་བཀག་ནས་སྐྱེ་མེད་དང་སྟོང་ཉིད་དང་དོན་དམ་བདེན་པ་རྣམ་པར་འཇོག་པའི་སྐོར་རྣམས་ནི་ཅུང་ཟད་དཔྱད་པར་རིག་ཤེས་ཀྱི་ངོར་རྣམ་པར་བཞག་ལ། རྒྱལ་བའི་ཡུམ་གྱི་དངོས་བསྟན་ཕལ་ཆེ་བ་ལྟ་བུ་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང་སྟོང་པ་དང་མི་སྟོང་པ་ལ་སོགས་པ་གང་དུའང་མ་གྲུབ་ཅིང་ཅིར་ཡང་གཟུང་དུ་མི་རུང་བར་གསུངས་པ་ལྟ་བུ་དང་། བསྟན་བཅོས་ལས་ཀྱང་། སྟོང་ངོ་ཞེས་ཀྱང་མི་བརྗོད་ཅིང་། །མི་སྟོང་ཞེས་ཀྱང་མི་བྱ་ལ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་པའི་རྐང་པ་དང་པོ་གསུམ་པོ་ལྟ་བུ་མང་དུ་གསུངས་པ་རྣམས་ནི་ལེགས་པར་དཔྱད་པའི་གནས་སྐབས་ལ་སྦྱར་ཏེ་བཤད་པས་ཕན་ཚུན་འགལ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེ་ལྟར་ན་ཤེར་ཕྱིན་གྱི་མདོ་ལས། གཟུགས་སྒྲ་སོགས་མེད་པར་བཤད་པ་གང་བྱུང་ལ། སེམས་ཙམ་པས་ཀུན་བརྟགས་ཞེས་དང་། རང་རྒྱུད་པ་དངོས་དང་རྗེས་མཐུན་པ་དག་དོན་དམ་པར་ཞེས་པའི་དགག་བྱ་སྦྱོར་བ་ལ་སྐྱབས་འཚོལ་བར་བྱེད་པ་དག་གིས། ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་དྲང་དོན་དུ་དངོས་ཤུགས་ལ་ཁས་བླངས་པས། མདོ་དོན་འཆད་པ་ལ་ཀླུ་སྒྲུབ་ལུགས་སུ་མི་འགྱུར་གྱི། འདྲེས་རྐང་གང་དང་གང་གི་སྔོན་དུ། བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཞེས་འབྱུང་བས། ཆོས་གང་དང་གང་གིས་རང་བཞིན་སེམས་པའི་ཚེ་ཆོས་དེ་དང་དེ་མེད་པར་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་ཞིང་། དམིགས་པ་ཉེར་ཞིའི་དབྱིངས་ལ་འཇོག་པའི་ཚེ། ཡོད་མེད་དང་ཡིན་མ་ཡིན་སོགས་གང་དུ་ཡང་བརྗོད་དུ་མེད་པས་རྒྱལ་བ་ཉིད་ཀྱིས་དེ་ལྟར་སྦྱར་ནས། དངོས་བསྟན་ལ་རིག་པའི་གནོད་པ་གང་ཡང་མེད་པ་ཉིད་ཀྱི་བརྗོད་ཚུལ་གྱི་སྒོ་ནས་ཀྱང་ངེས་དོན་སྒྲ་ཇི་བཞིན་པའི་མདོ་སྡེར་འཆད་པ་ནི་འཕགས་པའི་བཞེད་པ་ཡིན་པ་གདོན་མི་ཟའོ། །དེ་ལྟར་ན་སློབ་དཔོན་གྱིས་བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་ཅེས་དང་སྟོང་ཞེས་དང་། །བདག་མེད་ཅེས་བྱར་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམ་པ། །དེ་ནི་འདི་ན་བདག་བསྒོམ་པའོ། །ཞེས་སྐྱེ་མེད་དང་བདེན་སྟོང་སོགས་ཀྱི་དོན་དམ་བདེན་པ་མེད་དགག་བསྒོམ་པ་ནི་བདག་བསྒོམ་པར་གསུངས་པ་དང་། ཆོས་རྣམས་ཀུན་གྱི་སྐྱེ་མེད་པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །ཅེས་དང་། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །སྟོང་པ་ཉིད་ཅེས་བཤད་པ་ཡིན། །གང་གིས་སྟོང་ཉིད་མི་ཤེས་པ། །དེ་ལ་ཐར་པའི་སྐལ་བ་མེད། །ཅེས་དེ་སྟོང་ཉིད་འཐད་ལྡན་དང་དེ་མ་རྟོགས་ན་ཐར་པ་མི་འཐོབ་པར་བཤད་པ་ལྟ་བུའི་འགལ་སྤོང་ཡང་། སྔ་མ་སྟོང་ཉིད་བདེན་གྲུབ་འཛིན་པ་ལ་དགོངས་ཞེས་པས་ཀྱང་ཕྱོགས་འགྲོ་ཙམ་བཤད་དུ་རུང་མོད། སྔ་མ་ལྟ་བུ་རྣམས་གནས་སྐབས་གསུམ་པ་དང་། ཕྱི་མ་ལྟ་བུ་རྣམས་གནས་སྐབས་གཉིས་པ་ལ་དགོངས་སོ་ཞེས་རྒྱ་ཆེར་བཤད་པར་བྱའོ། །གཉིས་པ་ལ། སོ་སོར་མདོར་བསྟན། སྦྱར་ནས་རྒྱས་པར་བཤད། དེས་སྒོམ་ཚུལ་གཞན་ཁེགས་པའོ། །དང་པོ་ལ། གནས་སྐབས་གསུམ་ལ་སྦྱོར་དགོས་པའི་རྒྱུ་མཚན་ནི། སྤྱིར་ཆོས་ཐམས་ཅད་གཞི་བདེན་པ་གཉིས་སུ་འདུ་ལ། དེ་ཡང་འཇོག་བྱེད་འཁྲུལ་བཅས་ཀྱིས་ཀུན་རྫོབ་དང་འཁྲུལ་བྲལ་གྱིས་དོན་དམ་བདེན་པ་འཇོག་ཅིང་། དང་པོ་ལ་བདེན་ཞེན་གཉེན་པོས་མ་བཅོམ་པའི་འཁྲུལ་བཅས་སོ་སྐྱེའི་བློ་མ་བརྟགས་མ་དཔྱད་པས་ཀུན་རྫོབ་བདེན་པ་དང་། བཅོམ་པའི་འཁྲུལ་བཅས་འཕགས་པ་གསུམ་གྱི་རྗེས་ཐོབ་བདེན་སྣང་ཅུང་ཟད་མངའ་བ་དག་གིས་ནི་ཀུན་རྫོབ་ཙམ་མམ་རྣལ་འབྱོར་ཀུན་རྫོབ་བམ་དབུ་མའི་ཀུན་རྫོབ་འཇོག་ཅིང་དེ་ཐམས་ཅད་རིག་པའི་རྟོག་དཔྱོད་མེད་པར་འཇོག་པས་ན། ཐ་སྙད་ཀུན་རྫོབ་ནི་ཆོས་ཅན། རིག་པས་དཔྱད་ངོར་མི་འཇོག་སྟེ། མ་བརྟགས་མ་དཔྱད་པ་འཇིག་རྟེན་ལྷན་སྐྱེས་ཀྱི་ངོར་འཇོག་དགོས་པའི་ཕྱིར་རོ། །དེ་ཡང་འཇིག་རྟེན་ཀུན་རྫོབ་ནི་བདེན་པར་གྲུབ་མ་གྲུབ་མི་དཔྱོད་པར་མ་ཟད། སྐད་ཅིག་མར་གྲུབ་མ་གྲུབ་ཙམ་ལ་མི་དཔྱོད་ལ། རྣལ་འབྱོར་ཀུན་རྫོབ་ཏུ་ནི་སྐད་ཅིག་མར་གྲུབ་མ་གྲུབ་ཙམ་ཐ་སྙད་པའི་བློས་དཔྱོད་པའང་སྲིད་དེ། སྤྱོད་འཇུག་ལས། ཐ་སྙད་ཚད་གྲུབ་སྤྱིར་མེད་པར་བཤད་པ་ལ། འདུས་བྱས་སྐད་ཅིག་མར་གྲུབ་པར་གསུངས་པ་མིན་ནམ་ཞེ་ན། འཇིག་རྟེན་གཞུག་པའི་དོན་དུ་ནི། །མགོན་པོས་དངོས་བསྟན་དེ་ཉིད་དུ། །དེ་དག་སྐད་ཅིག་མ་ཡང་མིན། །ཞེས་དེ་ཁོ་ན་ཉིད་དུ་སྐད་ཅིག་མར་ཡང་མ་གྲུབ་པར་བཤད་པའི་ཚེ། ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། །རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་བལྟོས་དེ་ཉིད་མཐོང་། །ཞེས་སྐད་ཅིག་མ་དེ་འཇིག་རྟེན་ཀུན་རྫོབ་ཏུ་མ་གྲུབ་ཀྱང་རྣལ་འབྱོར་ཀུན་རྫོབ་ཏུ་གྲུབ་པས་ཉེས་པ་མེད་ལ། དེ་འཇིག་རྟེན་ལ་བལྟོས་ཏེ་དེ་ཁོ་ན་ཉིད་མཐོང་བ་ཡིན་ཞེས། བདེན་བཞི་མི་རྟག་སོགས་བཅུ་དྲུག་པོ་ཐ་སྙད་པའི་གནས་ལུགས་སམ་དེ་ཁོ་ན་ཉིད་ཡིན་པ་དང་། དེ་རྟོགས་པའི་རྣལ་འབྱོར་ཐ་སྙད་དཔྱོད་བྱེད་ཡིན་པར་གསུངས་པས། ལུགས་འདི་ལ་དེ་ཙམ་མངོན་སུམ་དུ་རྟོགས་པའི་བློ་རྐྱང་པ་གཅིག་སྲིད་ན་རྗེས་ཐོབ་སྣང་བཅས་འཁྲུལ་ཤེས་སུ་གསུངས་པས་རྣལ་འབྱོར་མངོན་སུམ་དུ་མི་འོང་ངོ་། །དེས་ན་ཡིད་མངོན་ལས་གཞན་དུ་གཞག་པར་དཀའོ། །འོ་ན་ཚད་མར་གྲུབ་པས་ཐ་སྙད་ཚད་མས་གྲུབ་པ་བྱུང་ངོ་ཞེ་ན། མངོན་སུམ་ལ་ཚད་མས་རྟོག་གེ་རང་ལུགས་ལའང་མ་ཁྱབ་ཅིང་། ཡུལ་དེ་ལ་ཚད་མར་སོང་ན་བསླུ་མེད་དང་བསླུ་མེད་དུ་གཞལ་ན་ཐ་སྙད་དུ་བདེན་པར་གཞལ་དགོས་ལ། བདེན་པར་གཞལ་ན། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པ་རྩ་འགྲེལ་གྱིས་ཀུན་རྫོབ་རྫུན་པ་ཙམ་དུ་གཟིགས་ཀྱི་བདེན་པར་མ་གཞལ་ལོ་ཞེས་རྒྱ་ཆེར་གསུངས་པ་དང་འགལ་ལོ། །དེར་མ་ཟད་བདེན་ཞེན་ཅན་གྱི་བློ་དང་ཁྱད་པར་ཡང་མ་བྱུང་ངོ་། །དོན་དམ་པའི་བདེན་པ་ནི་ཆོས་ཅན། མ་བརྟགས་མ་དཔྱད་པ་དང་ལེགས་པར་དཔྱད་པ་གཉིས་ཀྱི་ངོར་མི་འཇོག་སྟེ། མཐའ་བཞི་སྐྱེ་འགོག་ལ་སོགས་པ་ཅུང་ཟད་དཔྱད་པའི་རིག་ཤེས་ཚད་མའི་ངོར་ཡོད་པར་གྲུབ་པའི་གཞལ་བྱ་ཡིན་པའི་ཕྱིར། མཐའ་བཞི་སྐྱེ་འགོག་སོགས་ནི་རིག་པའི་མཐར་ཐུག་ཡིན་པས་ལེགས་པར་དཔྱད་པ་ཡིན་གྱི་ཅུང་ཟད་དཔྱད་པ་མ་ཡིན་ནོ་ཞེ་ན། ཡིན་ཏེ། དཔའ་བོས། སེམས་ནི་བདེན་པའི་དེ་ཉིད་ལ། །འདི་ལྟར་ཅུང་ཟད་རྣམ་དཔྱད་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་སོགས་གསུངས་པས་སོ། །འདིའི་ངོར་ནི་གང་ཟག་དང་ཆོས་ལ་བརྟེན་པའི་བདག་གཉིས་གང་རུང་དུ་གཞག་པར་བྱ་བ་ཐམས་ཅད་ཅུང་ཟད་ཀྱང་མེད་པ་དང་། བདག་གིས་སྟོང་པའི་གནས་ལུགས་དོན་དམ་པའི་བདེན་པ། དབུ་མ་ཐལ་རང་དུ་གྲགས་པ་སྔ་མ་མང་པོས། སྤྲོས་པ་ཕྱོགས་གཅིག་བཀག་པའི་དོན་དམ་ཙམ་ཡིན་པས། རྣམ་གྲངས་པའི་དོན་དམ་ཙམ་ཡིན་ཞེས་གསུངས་པའི་སྐྱེ་མེད་དང་བདེན་སྟོང་ལ་སོགས་པའི་མེད་དགག་ཆོས་ཉིད་འདི་ནི་དེས་གྲུབ་པ་དང་ཡོད་པའི་གནས་ལུགས་ཁྱད་པར་ཅན་ཡིན་ཏེ། འདི་དང་པོར་ཐོས་བསམ་གྱིས་གཏན་ལ་མ་ཕབ། བསྒོམ་བྱུང་གིས་གོམས་པར་མ་བྱས་ན། བདག་གཉིས་སུ་འཛིན་པའི་ཉོན་མོངས་ཀྱི་འཛིན་སྟངས་མི་ཟློག་ལ། དེ་མ་ལོག་ན་འཁོར་བ་ལས་མི་ཐར་བར་ཡང་མདོ་སྔགས་ཀྱི་བཀའ་དང་དགོངས་པ་འགྲེལ་བའི་ཤིང་རྟ་ཆེན་པོ་དག་གིས་ལན་ཅིག་མ་ཡིན་པར་གསུངས་ཤིང་རིག་པས་ཀྱང་གྲུབ་པའི་ཕྱིར་རོ། །དེས་ན་འདི་ཆད་སྟོང་དང་ཉི་ཚེ་བའི་སྟོང་ཉིད་དང་རྣམ་གྲངས་པའི་དོན་དམ་ཡིན་པས་བསྒོམ་བྱ་མིན་པར་འདོད་པ་དག་གིས་ནི། གསུང་རབ་མཐའ་དག་གི་གནས་སྐབས་གཉིས་པའི་རྣམ་གཞག་འདི་འབའ་ཞིག་རྒྱས་པར་གསུངས་པ་རྣམས་དོར་ཞིང་། གང་དུ་ཡང་མི་རྟོག་པ་གོམས་ལོ་བྱས་ཀྱང་བདག་འཛིན་གྱི་འཛིན་སྟངས་ལ་མ་གནོད་པས། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་དུ་འགྱུར་བར་ངེས་སོ། །ཐ་སྙད་ཙམ་དུ་ཡང་མཐའ་བཞི་དང་བྲལ་བའི་སྤྲོས་བྲལ་ནི་ཆོས་ཅན། མ་བརྟགས་མ་དཔྱད་པའི་འཁྲུལ་ངོ་ལྟ་ཞོག་ཅུང་ཟད་དཔྱད་པའི་རིག་ངོར་ཡང་གཞག་ཏུ་མེད་དེ། ཡོད་མེད་ཀྱི་མཐའ་ཐམས་ཅད་ལེགས་པར་དཔྱད་པའི་བརྗོད་མེད་བསམ་མེད་ཀྱི་ངོར་གསུངས་པ་ཡིན་པའི་ཕྱིར། འདི་ཡང་། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་སོགས་དང་། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པ་ག་ལ་འགྱུར། །ཞེས་སོགས་ཀྱིས་བསྟན་དོན། མདོ་དང་བསྟན་བཅོས་ལས་ཀྱང་འབྱུང་ཞིང་། བོད་སྔ་མ་དག་གི་གསུང་ལས་ཀྱང་། ཡུལ་གང་དུ་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་ཞེས་གསུངས་པ་དང་། རྔོག་ལོ་ཆེན་པོ་སོགས། དོན་དམ་བདེན་པ་གཞི་མ་གྲུབ་ཏུ་བཞེད་པ་ཡང་འདི་ལ་བསམས་པའོ། །འདི་ནི་ཁོ་བོ་ཡང་ཡོངས་གཅོད་དུ་གྲུབ་པའི་སྒྲུབ་པ་ལྟ་ཞོག དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཙམ་དུ་ཡང་མི་འདོད་དེ། དེ་ལྟ་ན་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྟོང་ཉིད་བཀག་པའི་མེད་དགག་ཏུ་འགྱུར་ལ། དེ་ལྟ་ན་དེ་བཀག་པའི་སྟོང་ཉིད་དང་དེ་ཡང་བཀག་པའི་སྟོང་ཉིད་སོགས་ཐུག་མེད་དུ་འགྱུར་ཞིང་། སྟོང་ཉིད་མེད་དགག་ཡིན་པས་དེ་བཀག་པའི་ཤུལ་དུ་ཆོས་གཅིག་གྲུབ་རྒྱུ་བྱུང་ན་སྒྲུབ་པ་ལས་མ་འདས་པས། དེ་ལ་སྟོང་ཉིད་ཀྱི་ཐ་སྙད་ཙམ་ཡང་སྦྱར་དུ་མི་རུང་བར་འགྱུར་བའི་ཕྱིར་རོ། །འོ་ན་དོན་དམ་ཤེས་བརྗོད་ལས་འདས་པར་གསུངས་པ་ཐམས་ཅད་འདི་ལ་དགོངས་སམ་ཞེ་ན། འདི་ལ་དགོངས་ཤིང་། ཆོས་ཉིད་མེད་དགག་ལ་ཡང་། དགག་བྱ་བཀག་ཙམ་གྱི་སྣང་མེད་རྣམ་པ་དང་བྲལ་བ་མ་གཏོགས། ཡོངས་གཅོད་དུ་ཤེས་བརྗོད་གང་གི་ངོར་ཡང་འཆར་རྒྱུ་མེད་པས་སྨྲ་བསམ་བརྗོད་མེད་དུ་གསུངས་སོ། །འོ་ན་བློ་ཙམ་གྱི་ཡུལ་དུ་ཡང་མ་གྲུབ་པར་འགྱུར་རོ་ཞེ་ན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་པའི་རྐང་པ་གསུམ་པ་ཉིད་ཀྱིས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མ། །ཞེས་ཡུལ་གྱི་ཤེར་ཕྱིན་ལ་བསམས་ནས་དེ་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་དུ་བསྟན་པའི་ཕྱིར་རོ། །མདོར་ན། རྗོད་བྱེད་གསུང་རབ་དང་བརྗོད་བྱ་རྣམ་གཞག་རྣམས་གནས་སྐབས་གསུམ་ལ་སྦྱོར་བའི་རྒྱུ་མཚན་ཡོད་དེ། དེ་ལྟར་སྦྱོར་ཚུལ་འདི་གསུམ་སོགས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །དགོས་པ་ནི། དེ་ཉིད་སྒྲུབ་པ་སྟེ། རྒྱུ་མཚན་གང་སོགས་གནས་སྐབས་གསུམ་པོ་ལ་སྦྱོར་ཚུལ་ལེགས་པར་ཤེས་པ་འདི་ལས་ཐོག་མཐའ་བར་གསུམ་དུ་གསུང་རབ་ཀྱི་བསྟན་དོན་ཁྱད་པར་ཅན་གསུམ་འགྲུབ་པའི་ཕྱིར་ཏེ། རིམ་པ་བཞིན་དུ་མ་དཔྱད་པའི་བླང་དོར་གྱིས་བསོད་ནམས་མིན་པ་དང་པོར་བཟློག་ནས་མཐོ་རིས་ཀྱི་ལམ་དང་ཅུང་ཟད་དཔྱད་པའི་ཉམས་ལེན་གྱིས་བར་སོགས་བཟློག་ནས་ཐར་པའི་ལམ་འགྲུབ་ཅིང་། ལེགས་པར་དཔྱད་པའི་ཉམས་ལེན་གྱི་མཐའ་སོགས་ཟློག་ནས་ཐམས་ཅད་མཁྱེན་པའི་ལམ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །རྒྱས་བཤད་ལ། གནས་སྐབས་དང་པོའི་དང་། གཉིས་པའི་དང་། གསུམ་པའི་རྒྱུ་མཚན་དང་དགོས་པའོ། །དང་པོ་ནི། བསྡུས་ཏེ་བསྟན་པ་དེ་ཡང་རྒྱས་པར་བཤད་ན། དང་པོར་ལས་འབྲས་ལ་བླང་དོར་གཙོ་བོར་བྱེད་པའི་ཚེ་མ་བརྟགས་མ་དཔྱད་པའི་འཇུག་ཚུལ་ཤིན་ཏུ་གལ་ཆེ་སྟེ། དེ་སྔ་ཕྱི་གཅིག་འཛིན་གྱི་འཁྲུལ་ངོར་བྱེད་དགོས་ལ་ལྷན་སོགས་འབྱུང་གི་དཔྱད་མཐར་བྱས་ན་ཇི་ལྟར་བྱས་ཀྱང་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་འགྱུར་བ། །ཇི་ལྟར་འབྲས་བུ་འབྱིན་པར་འགྱུར། །ཞེས་ལས་ཡུལ་ངོས་ནས་གྲུབ་པའི་དངོས་པོ་ལ་དཔྱོད་པའི་རྒོལ་བའི་ལན་དུ། ཁྱད་གཞི་བདེན་གྲུབ་དང་ཚད་གྲུབ་གཞིར་བྱས་ནས་ལས་རྟག་སོགས་མཐར་དངོས་སྨྲ་སྤྱིའི་རྒྱུན་དང་། མདོ་སྡེ་པའི་ཆུད་མི་ཟ་དང་བྱེ་སྨྲའི་ཐོབ་པ་དང་རྣམ་རིག་པའི་ཀུན་གཞི་སོགས་གཞན་འདོད་པ་ཀུན་རྒྱ་ཆེར་བཀག་ནས་ལས་ཀྱི་ཞིག་པ་དང་ཡང་སོགས་ཀྱང་ཐུག་མེད་དུ་འགྱུར་བས་དང་པོ་འགྲུབ་པ་མི་སྲིད་པའི་ཕྱིར་དང་། གཞུང་གི་དགོངས་པར་ཡང་མི་སྣང་བའི་ཕྱིར་ཏེ། དེའི་ཐད་ཀྱི་འཇུག་འགྲེལ་ལས། ལས་མ་ཞིག་པར་གསུངས་པའི་ཕྱིར་ཏེ། གང་གི་ལྟར་ན་ལས་རང་གི་བདག་ཉིད་ཀྱིས་མ་སྐྱེས་པ་དེའི་ལྟར་ན་ནི། དེའི་འགག་པ་ཡོད་པ་མ་ཡིན་ཞིང་། མ་ཞིག་པ་ལས་འབྲས་བུ་འབྱུང་བ་མི་སྲིད་པ་ཡང་མ་ཡིན་པས་ན། ལས་རྣམས་མི་འཇིགས་པས་ལས་དང་འབྲས་བུའི་འབྲེལ་པ་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་གསུངས་ཞིང་། ཞིག་ཀྱང་དེའི་ཞིག་པ་ཚད་མས་གྲུབ་པ་ཞིག་ལས་འབྱུང་བར་ཟུར་ཙམ་མ་གསུངས་པའི་ཕྱིར་དང་། འདི་ལ་འདི་ལྟར་ཞིག་པ་འདོད་ན། མྱོང་བ་ལས་དྲན་པ་འབྱུང་བ་ལས་ཡང་མྱོང་བའི་ཞིག་པ་ལས་དྲན་པ་འབྱུང་བར་འདོད་དགོས་ན། དེར་ཡང་། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་བཞིན་ང་ལ་ཡོད་མིན་པ། །ཞེས་མ་བརྟགས་མ་དཔྱད་པར་སྔ་ཕྱི་གཅིག་ཏུ་འཛིན་པའི་འཇིག་རྟེན་གྱི་རྣམ་བཞག་ལས་དྲན་པ་འབྱུང་བར་གསུངས་སོ། །དེས་ན་དེ་རིང་གི་མི་འདི་ཁར་སའི་མི་དེ་མིན་ཡང་དེའི་རྒྱུན་ཡིན་ནོ་ཞེས་པ་ལ་སོགས་པ་ནི་ཐ་སྙད་ཀྱི་བདེན་པ་རྟོག་གེས་བསླད་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ཐ་སྙད་བླང་དོར་ཙམ་ལ་འཇུག་པའི་ཚེ་དུས་ལ་སྐད་ཅིག་གི་ཆ་དང་གཟུགས་ཅན་ཕྱོགས་ཀྱི་ཆ་སོགས་དཔྱད་ནས་བྱེད་པ་མི་རུང་སྟེ། དཔྱད་ན་རྡུལ་ཕྲན་དང་ཕྱོགས་ཀྱི་ཆ་བཅས་ཀྱི་གཞི་མཐུན་ཁས་ལེན་པ་སོགས་གང་གི་ཡང་ལུས་མ་ལོངས་པའི་རང་བཟོ་དགོས་པ་འོང་བའི་ཕྱིར་རོ། །ཐ་སྙད་ལ་དོན་དམ་གྱི་དཔྱད་པ་མི་རུང་བ་བདེན་མོད། །སྐད་ཅིག་དང་ཡན་ལག་ལ་དཔྱད་པ་སོགས་མི་རུང་ན། མི་དེ་ཁང་པའི་ཕྱི་ནང་སོགས་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། དེ་དང་འདི་མི་མཚུངས་ཏེ། ཆ་དང་ཡན་ལག་ལ་དཔྱོད་པ་འདིས་ནི་དེ་ཡུལ་ངོས་ནས་གྲུབ་པའི་དེར་འཛིན་གྱི་བློ་འདོར་ཐུབ་པས་དེ་ལ་དམིགས་པའི་བདེན་འཛིན་རགས་པ་འདོར་དུ་རུང་བས། དངོས་སྨྲའི་བདག་ཉིད་ཆེན་པོ་དག་གིས་རྒྱས་པར་བཀྲལ་ཞིང་མདོ་ལས་ཀྱང་གསུངས་ལ། ཁྱེད་ཀྱི་མཚུངས་ཡུལ་དེས་ནི་དེ་འདྲ་ནུས་པ་ལུང་ལས་ཀྱང་མ་གསུངས། རིག་པས་ཀྱང་ཇི་ཙམ་བསམས་ཀྱང་མི་ནུས་པར་སྣང་བ་འདི་ཁོ་བོའི་རྣམ་དཔྱོད་ཀྱི་སྐྱོན་ཡིན་པར་གྱུར་ཅིག གཉིས་པ་ནི། གནས་སྐབས་གཉིས་སོགས་ཡུལ་གཅིག་དུ་བྲལ་སོགས་ཀྱི་རིག་སོགས་པའི་རང་བཞིན་རྙེད་དོན་བདེན་པའི་སྐྱེ་མེད་དང་། བདེན་སྟོང་དོན་དམ་པའི་བདེན་པ་རང་བཞིན་མྱང་འདས་ལ་དགོངས་ནས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གནས་སྐབས་བསླུ་མེད་དུ་གསུངས་པ་གང་ལ་དམིགས་ནས་བསྒོམས་པས་འཕགས་ལམ་བསྐྱེད་ནུས་པས་ཡུལ་གྱི་མཆོག་ཏུ་གྱུར་པ་འདི་རྣལ་འབྱོར་ཀུན་རྫོབ་ཏུ་ཡང་བདེན་པ་དང་དེ་མཇལ་བའི་མཉམ་བཞག་ཡེ་ཤེས་ལྟ་ཞོག སོ་སྐྱེའི་རྒྱུད་ལ་འབྱུང་སྲིད་པའི་རིག་ཤེས་རྗེས་དཔག་ཀྱང་བློ་འཛིན་སྟངས་ཀྱི་ཡུལ་ལ་བསླུ་མེད་ཀྱི་ཚད་མ་ཡིན་པར་དོན་དམ་དུ་མ་གྲུབ་པས་འདི་ནི་གནས་སྐབས་གཉིས་པར་མ་སྐྱེས་པ་སྐྱེད་ཅིང་བསྐྱེད་ཟིན་གོམས་པ་ལ་སྒོ་དུ་མ་ནས་འབད་པར་བྱའོ། །དེས་ན་གང་དག་བདེན་སྟོང་ཉིད་དོན་དམ་བདེན་པ་ཡིན་པ་དང་། དེ་ཡོད་པ་ཐ་སྙད་བདེན་པར་འདོད་པ་ནི་ལེགས་བཤད་དུ་བྱེད་པ་ལྟར་འཐད་མོད་ཀྱི། དོན་དམ་བདེན་པ་དེ་ཉིད་གནས་སྐབས་གསུམ་པ་ལེགས་པར་དཔྱད་པའི་མཐར་གྲུབ་ཅིང་། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱང་དེའི་རྣམ་ལྡན་དུ་འདོད་པའི་སྒོ་ནས་རྟོག་མེད་ལ་མེད་དགག་གི་རྣམ་པ་འཆར་བ་དང་། དེ་ཡང་བུམ་པའི་བདེན་སྟོང་དང་ཀ་བའི་བདེན་སྟོང་ངོ་བོ་ཐ་དད་པས་ཆོས་ཉིད་གཅིག་ཏུ་མ་གྲུབ་པར་སྒྲུབ་པ་སོགས་འདི་དག་འདོད་པ་དང་། སྔ་རབས་པ་དང་རང་རྒྱུད་པས། དེ་ཉིད་དོན་དམ་པའི་བདེན་པ་དངོས་མིན་གྱི་རྣམ་གྲངས་པའི་དོན་དམ་དུ་འདོད་པ་གཉིས་ཀ་འཁྲུལ་ཏེ། སྔ་མ་ལ་མཐར་ཐུག་གང་དུ་ཡང་གཟུང་དུ་མི་རུང་བར་མང་དུ་གསུངས་ཤིང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་སོགས་དང་། མཐོང་བ་མེད་པ་དེ་ནི་མཐོང་བ་དམ་པའོ། །ཞེས་སོགས་དང་འཕགས་པས། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་བསྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་བསྒོམ་པར་གསུངས། །ཞེས་སོགས་མང་པོ་དང་འགལ་ཏེ། མཉམ་བཞག་དམིགས་ཡུལ་དང་མ་བྲལ་བའི་ཕྱིར། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །ཞེས་གསུངས་པའང་མི་འཐད་པར་འགྱུར་ཏེ། དངོས་མེད་བློའི་མདུན་ན་གནས་པའི་ཕྱིར། མིག་ཤེས་ཀྱིས་བུམ་མེད་དངོས་སུ་མི་རྟོགས་པར་གསུངས་པའང་མི་འཐད་པར་ཐལ་བ་སོགས་ཀྱིས་གནོད་ལ། ཕྱི་མ་ལ་དེ་རིག་པའི་རྟགས་ཀྱི་བསྒྲུབ་བྱ་དང་རྗེས་དཔག་གི་གཞལ་བྱའི་གཙོ་བོ་མིན་པར་ཐལ་བ་དང་། དོན་དམ་བདེན་པ་གཞི་མ་གྲུབ་པར་ཐལ་བ་སོགས་ཀྱིས་གནོད་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་གནས་སྐབས་གསུམ་པ་སོ་སྐྱེའི་བསྒོམ་བྱུང་དང་དེ་མཐར་ཕྱིན་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། གཉིས་སོགས་མི་ནུས་པར་ཐལ། བཟུང་སོགས་ཀྱི་ཕྱིར་ཏེ། ཡུལ་མེད་དགག་བླུན་ཚིག་བརྗོད་ན་ཁ་གང་སྨུ་གང་ཙམ་དུ་བཟུང་བའི་ཕྱིར། ཡང་ཞེས་བསྒྲུབ་པའི་རྣམ་ལྡན་དུ་བཟུང་བར་མ་ཟད་ཅེས་པའོ། །དེས་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་ནི་མཚན་མའི་གཉིས་སྣང་ལྟ་ཞོག་སྣང་བའི་གཉིས་སྣང་ཙམ་ཡང་མེད་པར་དབྱིངས་སོགས་ཞི་བ་ཅིག་དགོས་ཏེ། རྟོགས་བྱ་དང་རྟོགས་བྱེད་ཡུལ་དང་ཡུལ་ཅན་དུ་སྣང་བ་ཡོད་ན་བྱང་ཆུབ་ནི་མིན་པར་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། རྟོགས་བྱ་རྟོགས་པའི་རྣམ་པར་སེམས། །མ་གཟིགས་པ་ནི་དེ་བཞིན་གཤེགས། །གང་ལ་རྟོགས་བྱ་རྟོགས་བྱེད་ཡོད། །དེ་ལ་བྱང་ཆུབ་ཡོད་མ་ཡིན། །ཞེས་སོགས་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྟོང་ཉིད་སྒོམ་ཚུལ་ལ། རྒྱ་ནག་ཧྭ་ཤང་དང་དེའི་དོན་གྱི་རྗེས་འབྲང་མང་པོ་སོ་སོར་རྟོག་པའི་ཤེས་རབ་བཙལ་མི་དགོས་པར་རྟོག་པ་བཀག་པ་ཉིད་ཀྱིས་ལྷག་མཐོང་གྲུབ་ཅིང་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པར་དིང་སང་གི་བར་དུ་སྒོམ་ཆེན་ལ་གྲགས་པ་ལྟ་ཞོག མཁས་པ་རྣམ་དཔྱོད་ཅན་དུ་གྲགས་པ་འགའ་རེ་ཡང་འདོད་པ་དང་། ཁ་ཅིག་དེ་དགག་པའི་ཕྱིར་དུ། ཐོས་བསམ་གྱི་སྐབས་ལྟ་ཞོག བསྒོམ་བྱུང་ཁྱད་པར་ཅན་གྱི་ཚེ་ཡང་བདེན་པས་སྟོང་ངོ་ཞེས་པའི་རིག་པའི་ངར་ཡང་ཡང་འདོན་ཞིང་ངག་ཏུ་ཡང་བརྗོད་ནན་གྱིས་བསྒྲུབས་པ་འདི་གཉིས། ཇི་སྐད་བཤད་པའི་རྣམ་གཞག་གིས་ལེགས་པར་བཀག་སྟེ། རིགས་སོགས་འདྲེན་པ་དེ་ནི་སྟོང་ཉིད་ཁྱད་པར་ཅན་སྒོམ་པའི་མཉམ་གཞག་གི་སྔོན་དུ་ངེས་པར་འགྲོ་དགོས་པར་བསྟན་པས་གནས་སྐབས་གཉིས་པ་དོན་དམ་དཔྱོད་པའི་རིག་ཤེས་ཐོག་མར་འཚོལ་བ་སྔོན་དུ་མ་གཏང་བའི་རང་དགར་རྣམ་རྟོག་བཀག་ཙམ་གྱི་རྩོམ་འཇོག་བྱེད་པ་འཁྲུལ་ཞིང་། དེ་འདྲའི་བསམ་བྱུང་འདིས་དྲངས་སོགས་མེད་ཅིང་། ངེས་ཤེས་རྗེས་དཔག་ཁྱད་པར་ཅན་དང་དེའི་རྒྱུན་གྱི་རྟོག་པ་དྲན་འཛིན་དེ་འདྲ་བསམ་བྱུང་སོགས་ཡིན་པ་དེའི་ཕྱིར་དང་། སྔར་དྲངས་པའི་སྐྱེ་མེད་ཅེས་དང་སྟོང་ཞེས་དང་། ཞེས་སོགས་དང་། སྟོང་ངོ་སྙམ་དུ་རྟོག་པས་བཟུང་བ་ལ་དགོངས་པའི་ཕྱིར་ན། གནས་སྐབས་གསུམ་པ་བསྒོམ་བྱུང་ཁྱད་པར་ཅན་གྱི་ཚེ་ཡང་མེད་དགག་དྲན་འཛིན་དང་བཅས་ནས། ནན་གྱིས་འཛིན་པར་འདོད་པ་གཉིས་ཀ་འཁྲུལ་བར་བསྟན་པ་ཡིན་པས། བློ་གྲོས་ཁྱད་པར་ཅན་གྱི་སྟེང་དུ་དབུ་མ་ཆེན་པོའི་བསོད་ནམས་ཁྱད་པར་ཅན་བསགས་པ་དག་གིས་ཚུལ་འདི་ལྟར་གུས་པས་བསྟེན་པར་བྱའོ། །ཐོག་མར་དེ་ཁོ་ན་ཉིད་འཚོལ་བའི་བསམ་བྱུང་གི་རིག་པ་ལ་འབད་དགོས་པ་དེའི་ཕྱིར། དབུ་མ་ཆེན་པོའི་ལུགས་འདི་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་མེད་དོ་ཞེས་གང་དག་སྨྲ་བ་ཡང་མི་འཐད་དེ། འདོད་པ་དེ་ལའང་། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང་། །ཞེས་དང་། དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། །རྣམ་དཔྱོད་པ་ནི་རྣམ་པར་གྲོལ་བར་འགྱུར། །ཞེས་སོགས་གསུངས་པ་དང་དངོས་སུ་འགལ་བ་ཡོད་ཅིང་། འོག་ནས་འཆད་པ་ལྟར་ཀླུ་སྒྲུབ་ཞབས་ཀྱི་རང་ལུགས་སོགས་ཕྱིར་རོ། །གཉིས་པ་ཅུང་ཟད་དཔྱད་ངོར་གཞི་ལམ་འབྲས་བུ་བཤད་པ་ལ། བཤད་པར་དམ་བཅས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་བཞག་ཐམས་ཅད་གནས་སྐབས་གསུམ་སྦྱོར་ཤེས་ན་དབུ་མ་ཆེན་པོ་པ་ཡིན་ཞིང་། མ་ཤེས་ན་འགལ་བ་འདུ་བ་དེའི་ཕྱིར་དབུ་མ་ལུགས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་རྣམས་ཀླུ་སྒྲུབ་སོགས་བྱུང་བ་ཟླ་གྲགས་དང་ཞི་བ་ལྷས་བཀྲལ་བ་དེ་བཞིན་དུ་གནས་སྐབས་གསུམ་ལས་གཙོ་བོར་ཅུང་ཟད་སོགས་བྱ་སྟེ། གཞི་བདེན་གཉིས་ལ་ཐབས་ཤེས་འབྲས་བུ་སྐུ་གཉིས་རྣམས་ཟུང་འཇུག་ཏུ་ཅུང་ཟད་དཔྱད་ངོར་གྲུབ་པས་ནའོ། །གཉིས་པ་ལ། གཞི་བདེན་གཉིས་ངོ་བོ་གཅིག་པའི་དང་། ལམ་སྨིན་གྲོལ་ཡོངས་སུ་རྫོགས་པའི་དང་། འབྲས་བུ་འཕྲལ་དང་ཡུན་དུ་བདེ་བའི་དབུ་མ་བཤད་པའོ། །དང་པོ་ལ་གཞིའི་གནས་ལུགས་གཏན་ལ་འབེབས་ཚུལ། རང་དང་གཞན་ལ་རྟོགས་པ་སྐྱེ་ཚུལ། མདོའི་དྲང་ངེས་དགོངས་པ་འགྲེལ་ཚུལ་ལོ། །དང་པོ་ལ་བསྒྲུབ་བྱ་བདེན་པ་གཉིས་ཀྱི་རྣམ་གཞག ཀུན་རྫོབ་སྒྲུབ་བྱེད་ཆོས་ཅན་སྤྱིའི་རྣམ་གཞག དོན་དམ་སྒྲུབ་བྱེད་བདག་མེད་གཉིས་ཀྱི་རྣམ་གཞག་གོ །དང་པོ་ལ། དབྱེ་གཞི། དབྱེ་ངོ་། མཚན་ཉིད། དབྱེ་བ། གཅིག་དང་ཐ་དད། རྟོགས་པའི་དགོས་པའོ། །དང་པོ་ནི། ཀུན་རྫོབ་རིག་ངོའི་ཤེས་བྱ་དང་དོན་དམ་འཁྲུལ་ངོའི་ཤེས་བྱ་མིན་ཡང་མ་ཕྱེ་བར་མ་བརྟགས་པ་དཔྱད་པའི་ངོར་ཤེས་བྱ་ཙམ་འདི་བདེན་གཉིས་ཀྱི་དབྱེ་གཞི་ཉིད་དུ་མདོ་ལས་གསུངས་ཏེ། མདོ་ལས། ཤེས་པར་བྱ་བ་ཡང་བདེན་པ་གཉིས་པོ་འདི་ཙམ་དུ་ཟད་དོ། །ཞེས་སོགས་གསུངས་པས་སོ། །གཉིས་པ་ནི། སྐབས་འདིའི་དབྱེ་བར་བྱ་བའི་ངོ་བོའམ་རིས་ནི་གཉིས་ཁོ་ན་སྟེ། སླུ་ཆོས་ཀུན་རྫོབ་ཀྱི་བདེན་པ་དང་། བསླུ་མེད་དོན་དམ་གྱི་བདེན་པའོ། །གྲངས་ཀྱང་དེར་ངེས་ཏེ། ལང་གཤེགས་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཅེས་དང་། བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་དང་། རིག་པ་ཡང་ཐབས་ཕྱོགས་གཙོ་བོར་བྱས་པའི་བླང་དོར་ལ་ཀུན་རྫོབ་མིང་དུ་མི་རུང་ཞིང་། བླང་དོར་གཙོ་བོ་རྣམ་དག་གི་དམིགས་པ་ལ་དོན་དམ་མེད་དུ་མི་རུང་བས་ཉུང་ན་མི་འདུ་ཞིང་དེ་ཙམ་གྱིས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་མང་མི་དགོས་པའི་ཕྱིར་རོ། །གསུམ་པ་ནི། བདེན་གཉིས་ཀྱི་མཚན་ཉིད། རིམ་པ་བཞིན་མ་དཔྱད་འཁྲུལ་པའི་ཤེས་ངོར་རྙེད་པའི་རྙེད་དོན་དང་། མ་འཁྲུལ་འཕགས་པའི་རིག་ངོར་རྙེད་པའི་རྙེད་དོན་ཞེས་བྱ་སྟེ། བོད་ཀྱི་དབུ་མ་ཆེན་པོའི་སྲོལ་འབྱེད་ལོ་ཆེན་པ་ཚབ་ཀྱི་སྲས་ཀྱི་ཐུ་བོ་རྨ་བྱ་བྱང་བརྩོན་གྱིས། མ་དཔྱད་འཁྲུལ་པའི་ཤེས་ཡུལ་ཀུན་རྫོབ་སྟེ། །མ་འཁྲུལ་འཕངས་པའི་ཤེས་ཡུལ་དོན་དམ་ཡིན། །ཞེས་གང་བཤད་པ་བཞིན་ཏེ། སྣང་ཡུལ་ལ་འཁྲུལ་པ་ཙམ་གྱིས་ཀྱང་འཁྲུལ་ཤེས་སུ་འཇོག་པ་མང་ཞིང་དེ་ལྟ་ན་རིག་ཤེས་རྗེས་དཔག་ཀྱང་དེ་ཡིན་མོད། དེ་ནི་དཔྱད་པའི་ཤེས་པ་ཡིན་པས་དེ་དཔྱད་པའི་ཕྱིར་དུ་མ་དཔྱད་པ་སྦྱོར། འོན་ཀྱང་སྐབས་འདིའི་འཁྲུལ་མ་འཁྲུལ་འཛིན་སྟངས་ལ་བྱ་བ་གཞུང་ཉིད་ཀྱིས་ཀྱང་འགྲུབ་བོ། །དོན་འདི་ནི། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པའང་ཀུན་རྫོབ་བདེན་པར་གསུངས། །གཞུང་ཁ་ཅིག་ཏུ། མཐོང་བ་འཁྲུལ་པའི་ཞེས་ཀྱང་འབྱུང་སྟེ། ཡུལ་ཅན་གྱི་བདེན་རྫུན་ནི་འཛིན་སྟངས་ལ་འཁྲུལ་མ་འཁྲུལ་དང་། ཡུལ་གྱི་བདེན་རྫུན་ནི་སླུ་མི་སླུ་ལ་བྱེད་པས་དོན་གཅིག་གོ །དེས་ན་ད་ལྟར་གྲགས་པའི་ཚིག་མང་ལ་དོན་རང་རྒྱུད་མན་ཆད་དང་བསྲེས་པའི་མཚན་ཉིད་མང་པོ་ནི་འདིར་བྲིས་ཀྱང་སྣག་ཤོག་གཟན་ནོ། །འོ་ན་འཕགས་པས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་མི་འཆད་པ་ཅི་ཞེ་ན། འདིར་རིགས་མི་མཐུན་གཅོད་པ་ནི་ཟླ་བས་གསུངས་པ་འདིས་འགྲུབ་པས་བཤད་ལ། དེ་ནི་ལོག་རྟོག་སེལ་བའི་དབང་དུ་མཛད་དེ། ཡུལ་ཅན་མཉམ་གཞག་སོ་སོར་རང་རིག་ལས་གཞན་པས་མངོན་སུམ་དུ་མི་ཤེས་པ་དང་། ངོ་བོ་གདོད་མ་ནས་ཞི་བ་དང་། སྤྲོས་པ་སྒྲ་དང་བརྗོད་པས་བཅོར་མི་རུང་བས་མ་སྤྲོས་པ་དང་། སེམས་དང་སེམས་བྱུང་གི་རྣམ་རྟོག་མེད་པའི་ཡེ་ཤེས་ཀྱི་དོན་ཡིན་པ་དང་། ངོ་བོ་ལ་དབྱེ་བ་མེད་པས་ཐ་དད་མེད་པའོ། །བུམ་སྣམ་སོགས་ཆོས་ཅན་གྱིས་དབྱེ་བ་མིན་ནམ་ཞེ་ན། སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་བཞིན། །ཞེས་པ་ལྟར། ནམ་མཁའ་ལ་སྒྲིབ་ཐོགས་བཀག་ཙམ་མ་གཏོགས་ཡོངས་གཅོད་དུ་གྲུབ་པའི་ངོ་བོ་མེད་པས། རྫ་བུམ་ནང་གི་ནམ་མཁའ་ཡིན་ན་གསེར་བུམ་ནང་གི་ནམ་མཁའ་མ་ཡིན་པ་བུད་ཅེས་འབུད་ཐུབ་དགོས་ཀྱི། དེ་མི་ཐུབ་ན་མུ་སྟེགས་བྱེ་བྲག་པ་དང་རང་སྡེ་བྱེ་བྲག་ཏུ་སྨྲ་བའི་ནམ་མཁའ་ངོས་འཛིན་དང་ཁྱད་མེད་དོ། །དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཡིན་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་ཡིན་པ་བུད་ཅེས་འབུད་མི་ནུས་པར་དེ་གཉིས་ངོ་བོ་གཅིག་པ་ཙམ་ལ་དགོངས་ཤིང་དེ་ཡང་བདེན་སྟོང་ཙམ་དུ་ངོ་བོ་གཅིག་པས་སོ་ཞེས་ཟེ་འགྲིམ་པ་ནི། དེ་བཞིན་ཉིད་སྦྱར་མི་དགོས་ཀྱི་ཀ་བུམ་ཡང་དེ་ཙམ་ཞིག་ཡིན་པས། སྐབས་དེའི་དོན་ལ་ཅུང་ཟད་ཀྱང་མ་སྙོགས་བཞིན་དུ་འཆད་བདེ་བ་ཙམ་ཞིག་དོན་དུ་གཉེར་བར་ཟད་དོ། །བཞི་པ་ནི། སྤྱིར་ཀུན་རྫོབ་ལ་འཇིག་རྟེན་པའི་ཀུན་རྫོབ་དང་། རྣལ་འབྱོར་པའི་ཀུན་རྫོབ་གཉིས་སུ་གསུངས་ཏེ། ཞི་བ་ལྷས། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་དང་། ཟླ་བས། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །ཅེས་སོགས་གསུངས་པས་སོ། །མཚན་གཞི་ནི་མ་བརྟགས་མ་དཔྱད་པའི་འཁྲུལ་ངོའི་ཆོས་ཅན་རགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ་དང་། ཅུང་ཟད་དཔྱད་ངོའི་ཐ་སྙད་པའི་བློའི་རྙེད་དོན་ཕྲ་བའི་མི་རྟག་པ་དང་། ཉན་རང་མི་སློབ་པ་ནས་བྱང་སེམས་འཕགས་པ་མན་ཆད་ཀྱི་འཕགས་པའི་རྗེས་ཐོབ་ཀྱི་སྣང་བ་རྣམས་ནི་རྣལ་འབྱོར་པའི་ཀུན་རྫོབ་བོ། །མིང་གི་རྣམ་གྲངས་ཀྱང་། སྔ་མ་ལ་མ་བརྟགས་པའི་དང་། བྱིས་པའི་དང་། རིག་ཤེས་དང་མ་འབྲེལ་བའི་ཀུན་རྫོབ་ཅེས་བྱ་ལ། ཕྱི་མ་ལ་དཔྱད་པའི་དང་། འཕགས་པའི་དང་། རིག་ཤེས་དང་འབྲེལ་བའམ་དབུ་མ་པའི་ཞེས་སྦྱར་ཞིང་། དེ་གཉིས་ལས་ཀུན་རྫོབ་དང་པོ་ལ་སྔོན་པོ་དང་ཟླ་གཉིས་འཇིག་རྟེན་ཁོ་ནས་བདེན་རྫུན་དུ་འདོད་པའི་ཕྱིར་མ་དཔྱད་ཀུན་རྫོབ་ལ་གང་ལོག་ཡོད་ཅེས་བྱའི་དབུ་མ་རང་ལུགས་ལ་མིན་ཏེ། དེ་གཉིས་བདེན་རྫུན་མཚུངས་པར་འདོད་པའི་ཕྱིར་རོ། །གལ་ཏེ་མ་བརྟགས་མ་དཔྱད་པར་ཐ་སྙད་ཙམ་དུ་ཡུལ་རང་ངོས་ནས་མེས་སྲེག་པ་དང་ཆུས་སྐོམ་པ་སེལ་བ་སོགས་ཀྱི་བྱ་བ་བྱེད་པ་ཙམ་ཞིག་དབུ་མ་པས་ཁས་མི་ལེན་ནམ་ཞེ་ན། དེ་འདྲ། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པ་ལྟར་ངར་འཛིན་ལྷན་སྐྱེས་བླང་དོར་ལ་འཇུག་པའི་ཕྱིར་དུ་དྲི་མས་དྲི་མ་འཁྲུད་པ་ལྟར་བྱེད་པ་དེ་ཡང་དབུ་མ་རང་ལུགས་མིན་ཏེ། འཇིག་རྟེན་ཀུན་རྫོབ་ཙམ་དུ་ཡིན་གྱི་དབུ་མའི་དྲན་འཛིན་རྙེད་ནས་དཔྱད་ན་འདི་འདྲ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཐལ་རང་རང་ལུགས་ལ་ཀུན་རྫོབ་ཚད་གྲུབ་དང་ཀུན་རྫོབ་ལ་ཡང་ལོག་འདོད་མི་འདོད་ཀྱི་ཁྱད་པར་བྱུང་བ་ཡིན་ཏེ། རང་རྒྱུད་པས་མེ་སོགས་ཀྱི་ཡུལ་རང་ངོས་ནས་བྱ་བ་བྱེད་པ་འདི་ཙམ་རིག་པས་དཔྱད་ནས་ནན་གྱིས་སྨྲས་ཏེ། བརྟག་པ་མ་བྱས་པར་མ་བརྟགས་གཅིག་པུ་ཉམས་དགའ་བ་ཉིད་དུ་ཞེས་ཡང་ཡང་སྨྲས་པ་ཚིག་ཙམ་དུ་ལུས་ཤིང་། ཐལ་འགྱུར་བས་དེ་ལས་ལྡོག་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །དོན་དམ་གྱི་སྒྲས་བརྗོད་རིགས་ལ། དོན་དམ་བདེན་པ་དངོས་དང་རྣམ་གྲངས་པའི་དོན་དམ་ཞེས་གཉིས་སུ་དབྱེ་བའི་མཚན་གཞི་རིམ་པ་ལྟར་ཡུལ་གནས་ལུགས་བདེན་སྟོང་དང་ཡུལ་ཅན་དེ་མཇལ་གྱི་ཚད་མའོ། །འདི་ལ་སྔ་རབས་པ་དག བདེན་སྟོང་ལ་སྤྲོས་པ་ཕྱོགས་གཅིག་བཀག་པའི་དོན་དམ་དང་། སྤྲོས་བྲལ་ལ་སྤྲོས་པ་མཐའ་དག་བཀག་པའི་དོན་དམ་ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་མོད། སྔ་མ་ལ། བདེན་པ་འགོག་པའི་རིག་པ་དེ་ཉིད་ཀྱིས་བདེན་སྟོང་བདེན་གྲུབ་ཀྱང་ཁེགས་པས་སྤྲོས་པ་ཕྱོགས་གཅིག་ལས་མ་ཁེགས་པའི་དོན་མེད་ལ། ཕྱི་མ་སྤྲོས་པ་བཀག་ཙམ་གྱིས་མེད་དགག་ཡིན་ན་བདེན་སྟོང་ཉིད་དུ་གནས་ཤིང་། ཤེས་བརྗོད་ལས་འདས་པར་བཤད་པ་ལྟར་གྱི་ཤེས་བྱ་མིན་ནོ་ཞེ་ན། བདེན་གཉིས་ཀྱི་ནང་དུ་འོང་དོན་མེད་དེ། གཞི་མ་གྲུབ་པའི་ཕྱིར་རོ། །ལྔ་པ་ནི། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་དུ་འདོད་པ་ལྟར་ངོ་བོ་ཐ་དད་པ་མ་ཡིན་གྱི། ཆོས་ཅན་དང་དེའི་ཆོས་ཉིད་དམ་གནས་ལུགས་ཡིན་པས་བདེན་གཉིས་ངོ་བོ་དབྱེར་མེད་དུ་གནས་ཤིང་། ཁ་ཅིག བུམ་པ་ཉིད་འཕགས་པའི་ངོར་དོན་དམ་དང་བྱིས་པའི་ངོར་ཀུན་རྫོབ་ཡིན་པས་མི་འགལ་བར་མ་ཟད། ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་བདེན་པ་མིན་པ་འབུད་པ་སོགས་ངོ་བོ་དང་དོན་ལྡོག་འབྱེད་མི་ཤེས་པ་ལྟ་བུ་མིན་པར། འཇོག་བྱེད་ཀྱི་མཚན་ཉིད་ཤིན་ཏུ་ཐ་དད་པས་མཚན་ཉིད་འགལ་བར་གནས་པ་ཡིན་ནོ། །དྲུག་པ་ནི། བདེན་པ་གཉིས་པོ་དེ་རྟོགས་པའི་དགོས་པ་ནི་ཤིན་ཏུ་ཆེ་སྟེ། ཀུན་རྫོབ་བདེན་པ་ལ་མཁས་པས་ཐབས་བླང་དོར་གྱི་གནས་མཐའ་དག་རིག་ནས་ཉམས་སུ་ལེན་ཅིང་། དོན་དམ་བདེན་པ་རྟོགས་པས་ཐབས་བྱུང་ཐེག་པ་གསུམ་གྱི་མྱང་འདས་རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་མཐའ་དག་རིག་ཅིང་འཐོབ་པར་འགྱུར་བའི་ཕྱིར་ཏེ། དབུ་མའི་མདོ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། དེ་ལ་འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་སོགས་གསུངས་སོ། །གཉིས་པ་ལ། ཀུན་རྫོབ་མ་བརྟགས་མ་དཔྱད་པར་འདོད། དངོས་སྨྲས་བརྟགས་པ་ཐ་སྙད་དུའང་འདོར། དག་པའི་ཡེ་ཤེས་ལ་ལས་སྣང་མེད། དེས་ན་ཀུན་རྫོབ་ངེས་བྱེད་འཁྲུལ་ཤེས་སུ་གྲུབ་པའོ། །དང་པོ་ནི། དཔྱད་ན་བྱིས་པ་འདྲིད་པར་བྱེད་པ་ཙམ་དུ་ཟད་པས་སྙིང་པོ་མེད་པ་མ་དཔྱད་པ་འཇིག་རྟེན་ལ་གྲགས་པའི་ཚད་མ་དང་ཚད་མིན་གྱི་རྣམ་གཞག་དང་། ཡང་ལོག་གམ་བདེན་རྫུན་ཙམ་ཞིག་འཇིག་རྟེན་གྱི་ལྷན་སྐྱེས་ཀྱི་ངོར་ཉམས་དགའ་དགའ་ལྟར་ཁས་ལེན་མོད་ཀྱི། ཀུན་རྫོབ་འཇལ་བའི་ཚད་མ་ཞེས་བྱ་བ་རང་ལུགས་ཅུང་ཟད་དཔྱད་པའི་ངོར་མེད་པ་ཁོ་ན་སྟེ། ཡོད་ན་དངོས་པོ་སྟོབས་ཤུགས་ཀྱི་རིག་པ་ཞལ་གྱིས་བཞེས་པའི་རྟོག་གེ་པ་ཆེན་པོ་དག་གིས་ཇི་ལྟར་བཤད་པ་ལྟར་གྲུབ་དགོས་པ་ལས་མ་གྲུབ་པའི་ཕྱིར་ཏེ། རྟོག་གེ་ལ་གྲགས་པའི་ཚད་མའི་སྒྲ་དོན་དང་། མཚན་ཉིད་དང་། ངེས་བྱེད་གསུམ་པོ་བརྟགས་ན་མི་འཐད་པས་སོ། །འདི་ལྟར། སྒྲ་དོན་པྲ་མ་ཎ་ཞེས་པ་དང་པོར་འཇལ་བའི་དོན། དང་པོ་དང་། འཇལ་བ་གཉིས་ཀ་མི་འཐད་པའི་ཕྱིར། དང་པོའི་དོན་མི་འཐད་དེ། དེའི་དོན་ནི་སྔར་མེད་གསར་བྱུང་ལ་བྱེད་དགོས་ལ། དེ་ཡང་རིགས་ལ་བྱེད་ན་མི་སྲིད། རྫས་ལ་བྱེད་ན་སྐད་ཅིག་རེ་རེ་བ་རྣམས་སྔར་མེད་གསར་སྐྱེས་ཡིན་ཀྱང་། སྐད་ཅིག་ལ་ཚུར་མཐོང་གི་བློ་ཚད་མར་སོང་བ་ཁྱེད་རང་ཡང་མི་འདོད་པས་སོ། །འཇལ་བའི་དོན་ལ་གཞལ་བྱ་འཇལ་བྱེད་གཉིས་དགོས་པ་ལས་དེ་གཉིས་གཅིག་ན་ལས་དང་བྱེད་པོ་གཅིག་ཏུ་འགྱུར་ཞིང་། རྫས་ཐ་དད་དུས་མཉམ་གྲུབ་ཟིན་པས་གཞལ་མི་དགོས། སྔ་ཕྱི་ནི་འཇལ་བྱེད་ཀྱི་ཚེ་གཞལ་བྱ་འགགས། གཞལ་བྱའི་ཚེ་འཇལ་བྱེད་མ་སྐྱེས་པས། དོན་ལ་གྲུབ་པ་དངོས་སྟོབས་ཀྱིས་འོངས་པའི་གཞལ་བྱ་འཇལ་བྱེད་དུ་གཏན་མི་རུང་བས་སོ། །དེ་བཞིན་དུ་འཇལ་བའི་བྱེད་པ་པོ་གྲུབ་མ་གྲུབ་དང་། བྱ་བ་དུས་གསུམ་སོགས་འགྲོ་འོང་བརྟག་པར་བཤད་པའི་རིགས་པས་ལེགས་པར་ཁེགས་པས་ན་མ་བརྟགས་ཉམས་དགའ་བ་ཙམ་མོ། །དེ་བཞིན་དུ་མཚན་ཉིད་མི་སླུ་བ་ཡང་། སྤྱིར་མངོན་སུམ་སྣང་བའི་དབང་གིས་དང་། རྗེས་དཔག་འབྲེལ་པའི་དབང་གིས་མི་སླུ་བར་འདོད་པ་ལས། ཡུལ་ལ་ཡོད་པའི་རྫུན་པ་བློ་ལ་མི་སྣང་། བློ་ལ་སྣང་བའི་བདེན་པ་ཡུལ་ལ་མ་གྲུབ་པས་དང་པོ་མི་འཐད་ལ། འབྲེལ་པ་དོན་ལ་མེད་པར་རིག་པའི་དབང་ཕྱུག་ཉིད་ཀྱིས་འབྲེལ་བརྟག་ཏུ་བསྒྲུབས་པས་ཕྱི་མ་མི་འཐད་པའི་ཕྱིར་རོ། །དེས་ན་འབྲེལ་བརྟག་ནི་དབུ་མའི་གཞུང་ཡིན་ནོ་ཞེས་བོད་སྔ་མ་འགའ་རེ་གསུང་བ་ནི། དངོས་སྨྲ་ཡིན་ན་བློས་བཏགས་ཀྱི་དངོས་པོ་ཁས་ལེན་མི་ཤེས་སོ་ཞེས་དུས་ཕྱི་མ་རླུང་ལྟར་གྲགས་པ་འདིའི་ས་བོན་གྲུང་པོ་ཡིན་པར་ཟད་དོ། །ཁྱད་པར་མི་སླུ་བའི་དོན། དཔྱད་ཞུགས་ཐོབ་གསུམ་ཚང་བ་དགོས་པར་མཁས་པ་ཆོས་མཆོག་གིས་བཤད་པའང་དངོས་སྟོབས་ཀྱིས་ནི་གཏན་མི་གྲུབ་སྟེ། དཔྱད་པའི་ཚེ། ཞུགས་ཐོབ་ཀྱི་དངོས་པོ་མི་སྐྱེ། ཞུགས་ཐོབ་ཀྱི་ཚེ་དཔྱད་དོན་གྱི་སྐད་ཅིག་མ་འགགས་ཟིན་ནས་མེད་ཅིང་། སོ་སྐྱེ་འདི་མི་ཡིན་ནོ་སྙམ་དུ་བློས་དཔྱོད་ཉིད་ཀྱི་ཡུན་ལ་ཡང་ཡུལ་དང་ཡུལ་ཅན་གྱི་སྐད་ཅིག་མ་མང་དུ་འདའ་དགོས་པས་དེ་དག་གང་གིས་གང་ལ་གཅོད་བརྟགས་མི་འཐད་ཅིང་། སྐད་ཅིག་གི་འཕྲེང་བ་མཐུད་པའི་རྒྱུན་དུ་གྲགས་པའང་བློ་ཆོས་བཏགས་ཡོད་ཙམ་ཡིན་གྱི་སྐད་ཅིག་རྫས་གཞན་དུ་གྲུབ་ན་དངོས་པོ་མ་ཡིན་པར་ཐལ་བ་དང་སྣང་རུང་མཐོང་བར་ཐལ་བ་དང་། རྟག་དངོས་གྲུབ་པར་ཐལ་བ་སོགས་ཀྱིས་སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤད་ཟིན། །ཞེས་སོགས་དང་། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །འཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་གསུངས་པ་ལྟར་དཔྱད་ན་མ་གྲུབ་ཅིང་། དོན་ཆོས་སུ་མ་གྲུབ་པར་དངོས་སྨྲ་བའི་མཁས་པ་དག་རང་ཉིད་ཀྱང་བཞེད་པའི་ཕྱིར་རོ། །དེ་བཞིན་དུ་བདེན་པའི་དོན་རྟོགས་ལགས་པའང་། ཡུལ་བདེན་པ་གཅིག་དུ་བྲལ་སོགས་ཀྱིས་ཁེགས་ལ། ཡུལ་ཅན་སྣང་ཡུལ་ལ་མ་འཁྲུལ་བ་མཚན་ཉིད་ཚང་བ་ནི་སོ་སྐྱེ་ལ་གཏན་མི་སྲིད་དེ། བདེན་འཛིན་གྱིས་བསླད་པའི་ཕྱིར་ཏེ། རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །ཞེས་དཔལ་ལྡན་ཟླ་བས་གསལ་བར་གསུངས་སོ། །འོ་ན་འཕགས་པའི་རྗེས་ཐོབ་ལ་རྫུན་པར་སྣང་བས་སྣང་ཚུལ་དང་གནས་ཚུལ་མཐུན་པའི་ཕྱིར་ཚད་མར་འགྱུར་ལ། དེ་ལྟ་ན་ཀུན་རྫོབ་འཇལ་བའི་ཚད་མ་གྲུབ་བོ་ཞེ་ན། དེ་ཡང་མ་བརྟགས་པ་ཙམ་དུ་འདོད་མོད་ཀྱང་བདེན་སྣང་གིས་ཅུང་ཟད་བསླད་པས་འཁྲུལ་ལ། ཁྱད་པར་དཔྱད་ངོའི་ཚད་མར་འཇོག་པ་ལ། ཡུལ་ལ་བསླུ་མེད་དུ་སྣང་བ་དགོས་པ་ལས། སྒྱུ་མའི་སྣང་བ་ལྟར་རྫུན་པ་བསླུ་བར་གཟིགས་པས་ཚད་མར་འགྲོ་དོན་མེད་དོ། །ངེས་བྱེད་ཀྱང་མི་འཐད་དེ། རང་གིས་རང་ངེས་པ་ནི་རང་ཉིད་རང་ལ་བྱ་བྱེད་འགལ་བས་ཁེགས་ཤིང་། ངེས་བྱེད་གཞན་དགོས་ན་ཐུག་མེད་དུ་འགྱུར་བས་སོ། །དེ་ལྟར་ན་རྟོག་གེས་སོགས་ནས་བཞེད་དེ། གང་དག་འཇིག་རྟེན་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། །གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཞེས་འཇིག་རྟེན་ན་གྲགས་ཟིན་དང་གྲགས་རུང་ཐམས་ཅད་འཇིག་རྟེན་རང་ཉིད་འཁྲུལ་པ་མ་ཟད་ཀྱི་བར་དུ་མ་དཔྱད་པར་ཞལ་གྱིས་བཞེས་ཤིང་། གསུང་རབ་རྣམས་ཀྱི་ཡང་དངོས་བསྟན་འགའ་ཞིག་གཞན་དུ་དྲང་དགོས་པ་རྣམས་ལའང་དགོངས་གཞི་ཐ་སྙད་ཙམ་དུ་མེད་པར་འདུ་ཤེས་བསྒྱུར་ནས་རྫུན་སྨྲ་བ་ལྟར་གསུངས་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །གཉིས་པ་ནི། ཀུན་རྫོབ་མ་བརྟགས་མ་དཔྱད་པར་ཁས་ལེན་པ་དེའི་ཕྱིར། དངོས་སྨྲས་དོན་དམ་དུ་དཔྱད་ནས་གང་འདོད་པའི་དོན་དམ་བདེན་པར་གྲགས་པ་རྣམས་ལུགས་འདིས་ཐ་སྙད་ཙམ་དུ་འདོད་ཅེས་སྔ་རབས་པ་འགའ་ཞིག་ལ་གྲགས་པའང་མི་འཐད་དེ། དངོས་པོར་སྨྲ་བས་དཔྱད་ནས་གང་སོགས་ནས་ཕྱིར་རོ། །གསུམ་པ་ནི། གདུལ་བྱ་གཞན་སྣང་ལ་ཤར་བ་གཞན་དོན་ཀུན་རྫོབ་པའམ་རྫུན་པའི་སངས་རྒྱས་ཀྱི་སྐུས་ནི་གདུལ་བྱའི་དོན་དུ་སྐུའི་སྣང་ཚུལ་བསྟན་པ་བཞིན་དུ། ཐུགས་ཀྱི་མཁྱེན་ཚུལ་ཡང་མཐའ་ཡས་བསྟན་མོད། རིག་པས་དུང་སོགས་ཤད་མིག་དག་པ་ལ་ཅུང་ཟད་མི་སྣང་བ་དང་མཚུངས་པས་མ་རིག་པའི་བདེན་འཛིན་ལྟ་ཞོག་གཉིས་སྣང་ཙམ་ཡང་དག་པའི་ཡེ་ཤེས་སློབ་པ་འཕགས་པའི་མཉམ་བཞག་མཐའ་དག་དང་། དེའི་རྟོགས་པ་མཐར་ཐུག་པའི་སངས་རྒྱས་རང་རྒྱུད་ཀྱི་ཡེ་ཤེས་མཐའ་དག་ནི་གཉིས་སྣང་གི་ཡུལ་མེད་ཞིར་ཞུགས་ཉིད་ཡིན་ཏེ། འཕགས་པ་ལྷས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་འདྲ། །མ་རིག་རྨོངས་པའི་གཉིད་སད་ན། །འཁོར་བ་འདི་དག་མི་དམིགས་སོ། །ཞེས་དང་། འཇུག་པར། གཏི་མུག་གཉིད་སད་ལས་ཏེ་དེ་བཞིན་ནོ། །ཞེས་དང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོགས་མདོ་དང་སྔགས་ལས་མང་དུ་གསུངས་སོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཡུལ་གཞན་རྣམ་པ་སྣ་ཚོགས་འཇལ་བར་གསུངས་པ་དང་། གདུལ་བྱ་གཞན་ལ་དེ་དང་དེ་སྟོན་པ་སོགས་རྒྱ་ཆེར་གསུངས་པ་ཅི་ཞེ་ན། དེ་འདྲ་གདུལ་བྱ་སོགས་གསུངས་པའི་ཕྱིར་ཏེ། རྒྱས་པར་གོང་དུ་བསྟན་པ་བཞིན་ནོ། །བཞི་པ་ནི། རྒྱུ་མཚན་དུ་མའི་སྒོ་ནས་བསྒྲུབས་ཟིན་པ་དེའི་ཕྱིར། ཀུན་རྫོབ་ཙམ་མམ་བདེན་པ་གང་ཡིན་ཡང་རུང་ངེས་བྱེད་ཀྱི་བློ་ནི་འཁྲུལ་ཤེས་ཙམ་དུ་ངེས་ཏེ། འཇིག་རྟེན་པའི་ཚད་མའམ་དབུ་མ་པའི་ཚད་མིན་ཡིན་ཀྱང་རུང་སྟེ་གཏི་མུག་ཁོ་ནས་འཇོག་ཅིང་ངེས་པར་བྱེད་པས་སོ། །དེ་སྐད་དུ་ཡང་། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་དང་། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་སོགས་དང་། བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །འོ་ན་སོ་སྐྱེའི་རྒྱུད་ཀྱི་རིག་ཤེས་རྗེས་དཔག་སོགས་དོན་དམ་ངེས་བྱེད་ལ་ཡང་མཚུངས་སོ་ཞེ་ན། དེ་ལ་ནི་བདེན་འཛིན་དང་བདེན་སྣང་དུ་མངོན་གྱུར་པའི་བྱེད་པ་ཉམས་ཏེ། བདེན་མེད་ཀྱི་རྣམ་ལྡན་ཁྱད་པར་ཅན་དུ་སྐྱེས་པས་སོ། །མེད་དགག་གི་རྣམ་པ་མི་སྣང་བར་འདོད་པ་དང་འགལ་ལོ་ཞེ་ན། དེ་ནི་རྟོག་མེད་ལ་ཡིན་གྱི་རྟོག་པ་ལ་ནི་རི་བོང་རྭའི་རྣམ་པ་ཡང་འཆར་ན་མེད་དགག་གི་རྣམ་པ་ཤིན་ཏུའང་འཆར་རོ། །འོ་ན་དེ་ཅུང་ཟད་དཔྱད་ངོའི་ཚད་མར་ཡང་མི་འགྱུར་རོ་ཞེ་ན། ཐ་སྙད་དུ་རིག་པ་ཁྱད་པར་ཅན་གྱིས་དཔྱད་པའི་རིག་ངོ་དེར་ཡུལ་དེ་བསླུ་མེད་དུ་གྲུབ་པས་ཡུལ་ཅན་དེ་ཡང་ཚད་མར་འགྲོ་བས། སྤྱིར་སྒྲུབ་པའི་ཡུལ་ཅན་དང་དགག་པའི་ཡུལ་ཅན་གྱི་བློ་རིས་ལ་ཁྱད་པར་ཆེ་ཞིང་། ཡང་སྒོས་རིག་ངོའི་དགག་པ་ཁྱད་པར་ཅན་རྟོགས་པའི་བློ་དང་བུམ་སོགས་འཇལ་བའི་ཤེས་པ་ལ་ཚད་མ་དང་ཚད་མིན་གྱི་དབྱེ་བ་མ་ཤེས་ན་ད་དུང་གནས་སྐབས་གསུམ་གྱི་དབྱེ་བ་ལ་ཤིན་ཏུ་རྨོངས་པར་ཟད་དོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ལ་ཡང་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་ངེས་བྱེད་དོ། །དང་པོ་ནི། སྤྱིར་དོན་དམ་བདེན་པ་ངེས་བྱེད་ཀྱི་ཚད་མའི་དང་པོར་ནི་བསམ་བྱུང་ཁྱད་པར་ཅན་རིག་ཤེས་རྗེས་དཔག་ཡིན་ལ་དེ་ཡང་གཏན་ཚིགས་ལ་བརྟེན་ཅིང་། དེ་ལ་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་རིགས་བསྡུ་ན་རྟོག་གེ་དང་ཐ་སྙད་སྒོ་བསྟུན་ན་སྒྲུབ་རྟགས་མི་སྲིད་དེ། དགག་བྱ་བདེན་པ་འགོག་པའི་དགག་རྟགས་ཁོ་ནར་ངེས་པའི་ཕྱིར། སྒྱུ་མ་ལྟ་བུ་ཡིན་ཏེ། རྟེན་འབྲེལ་ཡིན་པར་ཞེས་པ་ལྟ་བུ་ཡང་དངོས་བསྟན་སྒྲུབ་རྟགས་ལྟར་སྣང་ཡང་དོན་དམ་ངེས་བྱེད་དུ་མི་འགྲོ་ཞིང་བསྒྲུབ་བྱར་སོང་ཚོད་ནི་བདེན་སྟོང་ཉིད་ཡིན་ནོ། །དགག་རྟགས་ལ་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པ་གཉིས་ལས། རིག་པའི་རྒྱལ་པོ་རྟེན་འབྲེལ་གྱི་རྟགས་ནི་ཕྱི་མ་དང་གཞན་རྣམས་སྔ་མའོ། །དེ་ཡང་དབུ་མའི་རྟགས་ཆེན་ལྔར་གྲགས་པ་རྣམས་རང་རྒྱུད་པའི་རྣམ་གཞག་ཡིན་གྱི་ཐལ་འགྱུར་བ་ལ་གྲགས་སོ་ཞེས་དིང་སང་ཟེར་མོད། མི་འཐད་དེ། དུས་འཁོར་རྩ་རྒྱུད་དང་ཞལ་ལུང་སོགས་དང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཞེས་གཅིག་དུ་བྲལ་གསལ་བར་གསུངས་ལ། རྩ་བར། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་རྡོ་རྗེ་གཟེགས་མ་ནི་འཇུག་པ་ལས་རྒྱས་པར་གསུངས་ཤིང་། རྩ་བར། ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །མེད་ཕྱིར་མེད་པ་སྐྱེ་མ་ཡིན། །ཞེས་སོགས་ཡོད་མེད་སྐྱེ་འགོག་ནི་ཤིན་ཏུ་མང་བར་གསུངས་པ། འཇུག་པར་ཡང་། ཡོད་ན་སྐྱེ་བྱེད་ཅི་དགོས་སོགས་དང་། སྤྱོད་འཇུག་ཏུ་ཡང་། དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། །ཅེས་སོགས་དང་། གཅིག་གིས་དུ་མ་བྱེད་མིན་ཏེ། །དུ་མས་གཅིག་བྱེད་པ་ཡང་མིན། །ཞེས་སོགས་ཀྱིས་མུ་བཞི་སྐྱེ་འགོག་དང་། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གྱུར་དེ་སྟོང་པར་ཤེས། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། རྩ་བ་དང་རིག་པ་དྲུག་ཅུ་པར། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་ཡང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་སོགས་དང་། འཇུག་པར། དེ་ཕྱིར་རྟེན་འབྱུང་རིག་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོགས་ཀྱིས་རྟེན་འབྲེལ་གྱི་རྟགས་གསལ་བར་གསུངས་སོ། །དེས་ན། མཁས་པ་གང་དག་གིས། རྡོ་རྗེ་གཟེགས་མ་ལ་མཐའ་བཞི་སྐྱེ་འགོག་ཟེར་རྒྱུ། མུ་བཞི་སྐྱེ་འགོག་ཅེས་ལན་མང་དུ་བྲིས་པ་ནི་ཐ་སྙད་མི་མཐུན་ནོ། །དེ་ལྟར་ན། ཆོས་ཀྱི་བདག་མེད་སྒྲུབ་པར་བྱེད་པའི་དོན་དམ་ངེས་བྱེད་ཀྱི་གཏན་ཚིགས་ནི་ལྔ་ཡིན་ཏེ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་དང་། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང་། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་དང་། སྣང་ཙམ་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་རྣམས་སོ། །གཉིས་པ་ནི། གང་ཟག་གི་བདག་འགོག་པར་བྱེད་པའི་དོན་དམ་ངེས་བྱེད་ནི་གཅིག་སྟེ། དང་པོ་གཅིག་དུ་བྲལ་གྱི་ནང་དུ་རིགས་བསྡུ་ན་འདུས་པར་གྱུར་པ་དཔེ་ཤིང་རྟ་ལ་དཔྱོད་པ་རྣམ་བདུན་གྱི་རིག་པ་ཡིས་གང་ཟག་གི་བདག་མེད་སྒྲུབ་པའི་རིག་པའི་རྒྱལ་པོའོ། །འདིར་རྟག་གཅིག་རང་དབང་ཅན་དུ་འཛིན་པ་བདག་འཛིན་ལྷན་སྐྱེས་ལ་མི་སྲིད་ཀྱི་དེ་ལ་ཀུན་བརྟགས་ཁོ་ནས་ཁྱབ་པ་ལྟར་གཞུང་ལས་བསྟན་པ་བཞིན་དུ་གྲགས་པ་ནི་མི་འཐད་དེ། དེ་ལྟ་ན་ཀུན་བརྟགས་བཀག་པས་ལྷན་སྐྱེས་ལ་གཏན་མི་གནོད་པར་ཐལ་ལོ། །འདོད་ན། ཀུན་བརྟགས་འགོག་པ་ཉིད་གསུངས་པ་དོན་མེད་པར་འགྱུར་རོ། །དེས་ན་གང་ཟག་རང་ཉིད་སྔ་ཕྱི་གཅིག་དང་། ཡུལ་སོ་སོར་ཕྱིན་པ་རྣམས་གཅིག་དང་། རང་གི་ཕུང་པོ་ལ་དབང་སྒྱུར་པོར་འཛིན་པ་བློ་ནང་དུ་བཀུག་པས་མྱོང་བས་གྲུབ་པའི་ཕྱིར་རྟག་སོགས་སྣང་མོད་ཀྱང་། ཀུན་བརྟགས་ཀྱི་མཚན་གཞི་མེད་པ་མིན་ཏེ། ལུང་རིག་ལྟར་སྣང་གི་འཐད་པ་བཅུག་ནས་བརྟན་པར་བྱས་པའི་ཆ་ནི་ཀུན་བརྟགས་ཡིན་པའི་ཕྱིར་རོ། །གཞུང་གི་དགོངས་པ་ནི། དངོས་སྨྲ་ཁ་ཅིག དེ་ལ་ཀུན་བརྟགས་ཀྱིས་ཁྱབ་ཅིང་དེ་ངར་འཛིན་གྱི་རྟེན་དུ་ཡང་མི་འདོད། དེ་མེད་པར་རྟོགས་པས་རང་རྒྱུད་ཀྱི་བདག་ལྟ་ཡང་དྲུངས་ནས་འབྱིན་པར་འདོད་པ་ལ་བཞད་གད་མཛད་པའོ། །རྒྱས་བཤད་ལ་ཡང་གཉིས་ལས། ཆོས་ཀྱི་བདག་མེད་བསྒྲུབ་པའི་གཏན་ཚིགས་ལྔའི་དང་པོ་གཅིག་དུ་བྲལ་ནི། ཕྱོགས་མཐུན་གྱི་གཞུང་དབུ་མ་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །བདེན་པར་མེད་དེ་གཟུགས་བརྙན་བཞིན། །ཞེས་བརྟགས་པའི་དངོས་པོ་རྡུལ་ཕྲན་ཆ་མེད་སོགས་ཆོས་ཅན་དུ་བཟུང་བ་ལ་དིང་སང་ནི་དབུ་མ་ཆེན་པོ་ལྟ་ཞོག རང་རྒྱུད་པ་རང་ལའང་མི་རུང་སྟེ། ཆོས་ཅན་མཐུན་སྣང་བ་དགོས་པར་གསུངས་པ་དང་འགལ་ཞིང་། སྤྱིར་ཡང་རྟགས་ཡང་དག་ཏུ་འགྲོ་བ་ལ་ཆོས་ཅན་དང་མཐུན་དཔེ་གཞི་གྲུབ་དགོས་ཞེས་བོད་ན་གྲགས་མོད། གཞུང་ལས་དེ་ལྟར་གསུངས་པ་རྣམས་སྒྲུབ་རྟགས་ལ་དགོངས་ཤིང་། དགག་རྟགས་ལ་དེ་མི་དགོས་པར་དུས་འཁོར་སོགས་ནས་གསུངས་ཤིང་། གཞུང་དེས་ཀྱང་བསྟན་ནོ། །འོན་ཀྱང་འདིར་ནི་རྩོད་མེད་ཀྱི་དབང་དུ་བྱས་ནས་རྟགས་དགོད་པ་ནི། མྱུ་གུ་ལྟ་བུའི་ཆོས་ཀུན་ཆོས་ཅན། བདེན་པར་མེད་དེ། བདེན་སོགས་ཕྱིར། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །རྟགས་འདིའི་ཆོས་ཅན་ནི་མ་བརྟགས་མ་དཔྱད་པའི་སྣང་སོགས། དེ་ལ་གྲུབ་པའི་ཕྱོགས་ཆོས་ནི། བདེན་པའི་གཅིག་མིན་ཏེ། ཆ་བཅས་ཡིན་པའི་ཕྱིར་དང་། བདེན་པའི་དུ་མ་མིན་ཏེ། རྩོམ་བྱེད་བདེན་པའི་གཅིག་མེད་པའི་ཕྱིར། ཁྱབ་པ་ནི། བདེན་ན་གཅིག་དང་དུ་མ་གཉིས་པོ་གང་རུང་གཅིག་ཡིན་པར་ངེས་ཏེ། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡིན་པར་ངེས་ཤིང་ཁས་བླངས་པས་འགྲུབ་བོ། །དེ་དག་ནི་གཙོ་བོར་སྣང་ཙམ་ལ་བདེན་པ་འགོག་ལ། སྡེ་པས་བརྟགས་སོགས་འདོད་པ་ལ་སྔར་བཤད་པའི་གཟུགས་ཅན་ཕྱོགས་ཆ་དང་དངོས་པོ་ཙམ་ལ་དུས་ཆས་དགག་ཅིང་། དེ་ལྟར་རྩོམ་བྱེད་ཁེགས་པས་དེས་སོགས་ཁེགས་སོ། །དེ་དག་གིས་དངོས་པོ་བདེན་གྲུབ་ཁེགས་མོད། ནམ་མཁའ་སོགས་དངོས་མེད་བདེན་གྲུབ་གང་གིས་དགག་ཅེ་ན། ཆོས་ཉིད་དང་ནམ་མཁའ་སོགས་ལ་ཆོས་ཅན་དང་རྟེན་གྱི་ཆ་ཙམ་ལ་དཔྱད་པས་ཀྱང་ཅུང་ཟད་འགྲུབ་ཅིང་། གཞུང་རྣམས་ཀུན་ཏུ་ནི་དངོས་པོ་སོགས་བཀག་པའི་རྒྱུ་མཚན་ཡོད་དེ། དངོས་མེད་སོགས་ཕྱིར་རོ། །དངོས་མེད་ངོ་བོ་མེད་པའི་ཕྱིར། །ངོ་བོ་མེད་པས་བརྗོད་བྱ་མིན། །ཞེས་དང་། རིག་གཏེར་ལས་ཀྱང་། དེས་ན་དངོས་པོ་བསལ་བ་ལ། །དངོས་མེད་ཅེས་ནི་བཏགས་པར་ཟད། །ཅེས་དང་། ནམ་མཁའ་མོ་གཤམ་བུ་དང་མཚུངས། །ཞེས་སོགས། དགག་བྱ་བཀག་ཙམ་གྱི་མེད་དགག་ཅི་མེད་ཅང་མེད་དུ་གྲགས་པར་མ་གོ་ན། དངོས་མེད་ཀྱི་དོན་སྤྱི་མ་ཤར་ལ་ཤར་ན་བདེན་འཛིན་ཤས་ཆུང་བའི་ཕྱིར་རོ། །དེས་ན་གཞུང་རྣམས་སུ་སྟོང་ཉིད་སོགས་མཛད་དེ། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །ཞེས་སོགས་དང་། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོགས་དང་། དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །ཞེས་སོགས་དང་། རྒྱ་ཆེར་རྔོག་ལོའི་སྤྲིང་ཡིག་ན་ཡོད་དོ། །དཔེ་ནི་གཟུགས་བརྙན་སྤྱིར་བདེན་སོགས་གྲུབ་པས་དེ་དཔེར་ལེན་ནོ། །གཉིས་པ་གསུམ་པ་ལྷན་ཅིག་བཤད་པ་ལ་གཉིས་ལས། དང་པོ་རྡོ་རྗེ་གཟེགས་མའི་རྟགས་དགོད་པ་ནི། མྱུ་གུ་ཆོས་ཅན། བདེན་པའི་སྐྱེ་བ་མེད་དེ། རང་དང་གཞན་དང་གཉིས་ཀ་དང་གཉིས་ཀ་མིན་པ་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དཔེ་ནི་གཟུགས་བརྙན་སོགས་སོ། །དེ་མདོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལ། འབྲེལ་བྱེད་ཁ་ཅིག རྐང་པ་བཞི་པས། བདེན་པའི་སྐྱེ་བ་མེད་དེ་ཞེས་པའི་དམ་བཅའ་དང་། རྐང་པ་གཞན་རྣམས་ཀྱིས་གཏན་ཚིགས་བསྟན་པར་བཞེད་ཀྱང་། དཔལ་ལྡན་ཟླ་བས། ཕྱི་ནང་གི་དངོས་པོ་གང་དག ཡུལ་དུས་གྲུབ་མཐའ་གང་ན་ཡང་བདག་ལས་སྐྱེ་བ་ནམ་ཡང་ངམ་གཞར་ཡང་སྟེ་སྐྱེ་ཚུལ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ཞེས་སོགས་གཞི་ལ་སྦྱར་བས་གཏན་ཚིགས་དངོས་སུ་བསྟན་པས། སྤྱིར་བདེན་པའི་སྐྱེ་མེད་ཀྱི་བསྒྲུབ་བྱ་ཤུགས་ལ་བསྟན་པར་བཞེད་ཅིང་། འཇུག་པར། དེ་ཉིད་དེ་ལས་འབྱུང་མིན་སོགས་དེའི་སྒྲུབ་བྱེད་ཀྱི་རིག་པ་བསྒྲུབ་པའི་ཕྱིར་བཤད་པ་ཞེས་གསུངས་ཀྱང་། ཚིག་རྐང་གཉིས་པོ་ནི་གཏན་ཚིགས་བསྒྲུབ་རྒྱུ་རྗེས་སུ་བརྗོད་པ་ཙམ་ཡིན་ལ། སྒྲུབ་བྱེད་ཀྱི་རིག་པ་ནི། དེ་ཉིད་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་སོགས་ཀྱིས་རྒྱ་ཆེར་འཆད་དོ། །དེ་ཡང་ལུགས་འདིས་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་སོགས་རང་རྒྱུད་དུ་མི་འགོད་པར། བདག་སོགས་ཞི་ལས་སྐྱེ་ན་སྐྱོན་འདི་དང་འདིར་འགྱུར་ཞེས་ཁས་བླངས་རྟགས་སུ་བཀོད་ནས་མི་འདོད་པར་ཐལ་བར་འཐེན་པ་གཙོ་བོར་མཛད་པས་ཀྱང་ཐལ་འགྱུར་པ་ཞེས་ཟེར་ལ། རང་རྒྱུད་ཀྱི་སྦྱོར་བ་དང་བསྒྲུབ་ངག་ཀྱང་མང་པོ་འགོད་མོད། ཚུལ་གསུམ་དངོས་སྟོབས་ཀྱིས་མ་གྲུབ་ཅིང་འཐད་པ་དང་བྲལ་བ་ཙམ་ལས་བསྒྲུབ་བྱ་འགྲུབ་ཅིང་རྟོགས་པ་དང་། དངོས་སྟོབས་ཀྱིས་གྲུབ་པར་གྱུར་པའི་བསྒྲུབ་བྱ་སྒྲུབ་བྱེད་ཁས་བླངས་ན་ཕྱོགས་གཞན་ཁས་བླངས་པས་ཕྲད་མ་ཕྲད་སོགས་རྒྱུ་འབྲས་དངོས་སྟོབས་ཀྱིས་གྲུབ་པ་ལ་བཀོད་པའི་སྐྱོན་རྣམས་འཇུག་པར་གསུངས་ཏེ། མི་བདེན་བཞིན་དུ་རང་གི་བྱད་བཞིན་མཛེས་པར་བསྒྲུབ་པའི་ཕྱིར། །འདི་ནི་ཡོད་པ་ཇི་ལྟ་དེ་བཞིན་འདིར་ཡང་ཤེས་རབ་གདོང་། །སྦྱང་བར་བྱ་ལ་ནུས་པ་མཐོང་བར་གྱུར་པའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་རང་གི་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་གྱིས། །གལ་ཏེ་རང་གིས་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་དངོས་གྱུར་དང་། །དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའམ་ཡོད་གྱུར་ན། །ཕྲད་པ་ལ་སོགས་རིག་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །ཞེས་གསལ་བར་གསུངས་པས། གང་དག་དབུ་མ་ཐལ་འགྱུར་བ་ལ་ཁས་ལེན་དང་དམ་བཅའ་གང་ཡང་མེད་ཅེས་སྨྲ་མཁན་བྱུང་བར་བྱས་ནས། སྡོམ་པ་ཁས་མི་ལེན་པར་ཐལ་བ་སོགས་ཀྱི་ཐལ་འགྱུར་མང་པོ་ཤོག་བུ་ཟད་ཟད་དུ་བཀོད་ནས། གལ་ཏེ་ངས་དམ་བཅས་འགའ་ཡོད། དེས་ན་ང་ལ་སྐྱོན་འདི་ཡོད། །ཅེས་སོགས་ཕྱོགས་གཞན་ཁས་བླངས་པ་མེད་པར་གསུངས་པ་ཐམས་ཅད་དོན་དམ་ལ་དགོངས་པ་ཡིན་ནོ་ཞེས་དང་། སྤྱིར་ཡང་མེད་ཅེས་པའི་ཚིག་གང་བྱུང་དུ་དོན་དམ་ཞེས་པའི་ཁྱད་པར་སྦྱར་ནས་དོན་དེ་གར་སོང་རྟོག་དཔྱོད་ཡེ་མི་འཇུག་པར་ཕྱིན་པས་དབུ་མའི་སློབ་གཉེར་ཤིན་ཏུ་སླ་ཞིང་། མངོན་སུམ་ལ་ཚུགས་ཐུབ་ཏུ་སྣང་བ་དང་ཆ་ལ་བཏགས་ནས་རྟོག་པས་བཞག་པའི་ཆོས་ལ་བདེན་འཛིན་ཆེ་ཆུང་ཁྱད་པར་ཡེ་མེད་པའི་སྒོ་ནས་དངོས་པོར་སྨྲ་བ་མཐའ་དག་ལས་བདེན་འཛིན་འཐུག་པའི་འཇུག་ཚུལ་ནི་སྔར་བཤད་པ་རྣམས་རྟོགས་ན་བཟློག་པར་འགྱུར་རོ། །གཉིས་པ་ཚུལ་སྒྲུབ་པ་ནི། ཁྱབ་པ་ནི། དངོས་སྟོབས་སམ་ཡུལ་ངོས་སམ། དཔྱད་ངོའི་སྐྱེ་བ་མཐའ་བཞི་གང་རུང་ལས་མ་འདས་པས་རྟོགས་སླ་བ་ལ་དགོངས་ནས་གཞུང་དུ་རྒྱས་པར་མ་བཀོད་པས་འདིར་ཡང་མ་བཤད་ལ། ཕྱོགས་ཆོས་སྒྲུབ་པ་ལ་བཞི་ལས་བདག་སྐྱེ་མེད་པའི་རྟགས་སྒྲུབ་ནི། དང་པོའི་སོགས་ཏེ། གྲངས་ཅན་གྱི་ནང་ཚན་ལྷ་མེད་པ་ཞེས་བྱ་བས། མྱུ་གུ་ནི་གཙོ་བོའི་རྣམ་འགྱུར་ཙམ་དང་གཙོ་བོ་ནི་དེའི་རང་བཞིན་ཡིན་པས། རང་གི་རང་བཞིན་གྲུབ་ཟིན་རྟག་དངོས་ཞིག་ལས་སྐྱེས་པར་འདོད་ལ་ཕྱོགས་མཐུན་བོད་ནའང་ཡོད་པས། དེ་དག་གིས་དངོས་སུ་མ་སྨྲས་ཀྱང་ཞེ་འདོད་ནི་མྱུ་གུ་རང་ཉིད་ལས་སྐྱེ་བར་སོང་བས། དེ་ལྟ་ན། མྱུ་གུ་སྐྱེས་སྟོབས་ས་བོན་འགགས་པ་མི་འཐད་པས་ས་བོན་སོགས་དང་། རྒྱུ་ས་བོན་མ་འགགས་པ་དེ་འདོད་ན་འབྲས་བུ་མྱུ་གུའི་སྐྱེ་བ་དང་སོགས་དང་། མྱུ་གུ་རྒྱུ་དུས་ན་མི་གསལ་བ་གསལ་དུ་སོང་བ་དེ་སྐྱེ་བའི་དོན་དུ་འདོད་པའི་མངོན་སོགས་མིན་པར་ཐལ་བ་ནི། གལ་ཏེ་སྔར་གྱི་བདག་གི་དངོས་པོ་སོགས་རྐང་པ་གཉིས་ཀྱིས་བསྟན་ལ་གཞན་རྣམས་སྦྱར་སླ་བ་དང་། གལ་ཏེ་མྱུ་གུ་ས་བོན་འདིར་གཞན་མ་ཡིན་ན། །ཞེས་སོགས་ཀྱི་མྱུ་གུ་གཏན་མི་མཐོང་ཞིང་ས་བོན་རྟག་ཏུ་མཐོང་བར་ཐལ་བས་མཐོང་བ་དང་འགལ་ཞིང་། གང་ཕྱིར་རྒྱུ་ཞིག་ན་ཡང་སོགས་ཀྱིས་འཇིག་རྟེན་དང་འགལ་བ་དང་། གལ་ཏེ་བདག་ལས་སྐྱེ་ན་སོགས་ཀྱིས་བྱ་བྱེད་སོགས་ཕྱིར་རོ། །གཉིས་པ་གཞན་སྐྱེ་མེའི་རྟགས་སྒྲུབ་ལ། དངོས་དང་། འཕྲོས་དོན་ཡོད་མེད་སྐྱེ་འགོག གཞན་སྐྱེ་འཇིག་རྟེན་ལས་གྲུབ་པ་དགག དེ་ལ་བརྟེན་ནས་ཀུན་གཞི་བདེན་གྲུབ་སོགས་མི་དགོས་པར་གྲུབ་པའོ། །དང་པོ་ནི། དངོས་སྨྲ་བའི་མཁས་པ་དག་གིས། གྲངས་ཅན་འདོད་པའི་བདག་སྐྱེ་འགོག་ཚུལ་ནི་ཤིན་ཏུ་ལེགས་མོད་ཀྱི། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་ཤེས་རིག་དོན་མཐུན་རྣམས་རྐྱེན་བཞི་ག་དང་། དངོས་པོ་ཕལ་ཆེར་རྒྱུ་དང་བདག་པོའི་རྐྱེན་ལས་སྐྱེ་ཞིང་། དེ་ཡང་རྒྱུ་འབྲས་གཉིས་ཀ་བློས་བཏགས་ཙམ་མིན་པར་ཡུལ་རང་ངོས་ནས་གྲུབ་པ་བརྟགས་ཤིང་དཔྱད་པའི་མཐར་སྐྱེ་བས། གཞན་སྐྱེ་ཚད་མས་གྲུབ་པ་ཡིན་ནོ་ཞེས་སྨྲ་ཞིང་། དེ་ཡང་མདོ་སྡེ་པས་རྒྱུ་འབྲས་ལ་སྔ་ཕྱིའི་ཁྱབ་པ་དང་། གཞན་རྣམས་དེ་ཤས་ཆེ་མོད་ཀྱི་དུས་མཉམ་ཡང་ཡོད་དོ་ཞེས་སྨྲའོ། །འདི་ནི་རང་རྒྱུད་པ་ཡང་ཐ་སྙད་ཙམ་དུ་ཅི་རིགས་པར་བཞེད་དོ། །འདི་འགོག་པ་ལ་རིག་པ་མང་པོ་ལྟར་གསུངས་ཀྱང་། བསྡུ་ན། གཞན་ལས་སྐྱེ་བ་མི་སྲིད་པ་དང་། སྐྱེ་བ་ལ་གཞན་མི་སྲིད་པ་གཉིས་སུ་འདུས་པས། དང་པོ་ནི། རྒྱུ་མིན་པ་ཀུན་ལས་འབྲས་བུ་མིན་པ་ཀུན་སྐྱེ་བར་འགྱུར་ཏེ། ནས་སོགས་ནས་ལས་རང་གི་ངོ་བོས་གྲུབ་པའི་གཞན་དུ་མཚུངས་པའི་ཕྱིར་རོ། །ཁྱབ་སྟེ། དེ་འདྲའི་གཞན་དུ་གྲུབ་ན་ཕན་ཚུན་རག་མ་ལས་པའི་ད་ལྟར་བ་རྭ་གཡས་གཡོན་བཞིན་དུ་འགྱུར་ལ། དེ་ལྟ་ཡིན་བཞིན་དུ་ཡང་རྒྱུ་འབྲས་སུ་འགྱུར་ན། ས་ལུའི་ས་བོན་གྱི་ཉེར་ལེན་གྱིས་ནས་ཀྱི་མྱུ་གུ་མི་བསྐྱེད་པའི་དོན་མེད་པའི་ཕྱིར་རོ། །འདིའི་སྐྱོན་སྤོང་ལ། སྣང་བ་ངེས་པ་དང་། ནུས་པ་ངེས་པ་དང་། རྒྱུད་ངེས་པ་དང་། ཆོས་ཉིད་ཀྱི་རིག་པ་སོགས་སྨྲ་མོད་ཀྱི། སྣང་ཙམ་ནི་མི་བདེན་པར་འདོད་པའི་སྒྱུ་མ་རྨི་ལམ་སོགས་ཀྱིས་མ་ངེས་ལ། སྣང་བ་མ་འཁྲུལ་བ་རིག་པས་ཁེགས་པ་དང་། ནུས་པ་ཡང་མངོན་སུམ་དུ་གྲུབ་པའི་སྣང་བས་སྒྲུབ་དགོས་པ་དང་། རྒྱུད་ཀྱང་སྐད་ཅིག་རེ་རེ་ནས་འགགས་པའི་རང་མཚན་སོ་སོ་བ་ལ་རྒྱུད་མི་འཐད་ཅིང་། རྒྱུན་ཅན་ལས་ཐ་དད་པའི་རྒྱུན་སྣང་རུང་མ་དམིགས་ཤིང་ཡོད་ན་རྟགས་དངོས་སུ་ཐལ་བ་སོགས་དང་། བློས་བཏགས་ལ་ཆོས་ཉིད་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པར་འཇུག་ཀྱང་། བདེན་གྲུབ་ལ་ཆོས་ཉིད་ཀྱིས་ཅི་ཡང་བྱར་མེད་པ་སོགས་བརྗོད་པར་བྱ་སྟེ། མདོར་ན་ལྟོས་མེད་ཀྱི་གཞན་དུ་འདོད་ན་བསྐྱེད་བྱ་སྐྱེད་བྱེད་དུ་འདོད་ཐབས་མེད་ཅེས་པའོ། །གཉིས་པ་ནི། མྱུ་གུ་ས་བོན་ལས་སྐྱེ་བར་འདོད་ན་དེ་གཉིས་རྫས་གཞན་དུ་ཐ་སྙད་དུ་ཡང་འདོད་དུ་མི་རུང་སྟེ། རྫས་གཞན་པའི་ཚུལ་ཡུལ་ངོས་ནས་གྲུབ་པ་ནི་དུས་མཉམ་མིན་པ་ལ་མི་སྲིད་ཅིང་རྒྱུ་སོགས་ཕྱིར་ཏེ། རྒྱུ་འབྲས་འགག་སྐྱེ་སྲང་མདའི་མཐོ་དམན་ལྟར་དུས་གཅིག་པ་མི་སྲིད་པའི་ཕྱིར་ཏེ། སྲིད་ན་འབྲས་བུ་སྐྱེ་བཞིན་པ་དང་རྒྱུ་འགག་བཞིན་པ་དུས་གཅིག་དགོས་པ་ལས། སྐྱེ་བཞིན་པ་ནི་སྐྱེ་བ་ལ་ཕྱོགས་ཙམ་ཡིན་པས་མ་འོངས་པ་དང་། རྒྱུ་འགག་བཞིན་པ་ནི་ད་ལྟར་བ་ཡིན་པའི་ཕྱིར་དང་། ཅིས་ཏེ་སྐྱེ་ལྡན་གྱི་ཆོས་ལ་དུས་གཅིག་པ་མེད་ཀྱང་སྐྱེ་བའི་བྱ་བ་ལ་དུས་གཅིག་པ་ཡོད་དོ་ཞེ་ན་ཡང་། སྐྱེ་བའི་བྱ་བ་སྐྱེ་ལྡན་ལས་ཐ་དད་པ་དེ་འདྲ་མི་འཐད་དེ། བྱེད་པོ་མེད་པའི་བྱ་བ་བདེན་པ་གཉིས་ཆར་དུ་མེད་པས་སོ། །ཞེས་དང་། མིག་ཤེས་ཀྱི་རྐྱེན་གསུམ་མམ་སེམས་ཙམ་ལྟར་ན་ཀུན་གཞི་རྒྱུའི་རྐྱེན་དང་བཞི་དུས་མཉམ་པར་རང་འབྲས་མིག་ཤེས་སྐྱེད་ཅིང་། ལྷན་ཅིག་འབྱུང་བའི་ཚོར་འདུ་སོགས་ཀུན་འགྲོ་རྣམས་དང་བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད་དེ། རྒྱུ་འབྲས་དུས་མཉམ་ལ་འབྲས་བུ་ཡོད་པ་སྐྱེད་དམ་མེད་པ་སྐྱེད་བརྟགས་པས་ཁེགས་པའི་ཕྱིར་རོ། །གཉིས་པ་ནི། གཞན་སྐྱེ་འགོག་པ་འདི་ལ་སོགས་ཏེ། གལ་ཏེ་སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་སྐྱེད་པ་དེ་རྒྱུ་ཡིན་ན། །ཞེས་སོགས་སོ། །འདི་ནི་ཁ་ཅིག་འབྲས་བུ་རྒྱུ་དུས་ན་ཡོད་པའམ་མེད་པ་གང་སྐྱེས་ཞེས་པར་བྱས་ནས། རང་རྒྱུད་པ་ཐ་སྙད་དུ་ཕྱི་མ་ཁས་ལེན་པར་གྲགས་མོད་ཀྱང་། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། །ཅེས་གསུངས་པས། འབྲས་བུ་རིག་ངོར་ཡོད་ན་གཞན་ལ་ལྟོས་མེད་དུ་གྲུབ་ཟིན་པས་རྒྱུས་ཅི་བྱ་ལ། གཏན་མེད་པ་ལ་རི་རྭ་བཞིན་དུ་རྒྱུས་ནུས་པ་ཅི་ཡང་བྱར་མེད་པ་དང་། གཉིས་ཡིན་རིག་པ་དེས་ཁེགས་ཤིང་གཉིས་མིན་མི་སྲིད་པས་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལེགས་པར་གྲུབ་བོ། །གསུམ་པ་ནི། རིག་པ་མང་པོ་མི་དགོས་ཀྱི་གཞན་སྐྱེ་ནི་འཇིག་རྟེན་གྱི་མངོན་སུམ་ཚད་མས་གྲུབ་བོ་ཞེ་ན། མ་དཔྱད་པའི་ངོར་བློ་འཁྲུལ་མ་འཁྲུལ་དང་། ཡུལ་བསླུ་མི་བསླུ་ཅུང་ཟད་ཡོད་པ་ལ་རག་ལས་ཀྱང་རྒྱུ་འབྲས་རྫས་གཅིག་ཐ་དད་ཡིན་མིན་གྱི་དེ་ཁོ་ན་ཉིད་དཔྱོད་པ་ལ་འཇིག་རྟེན་ཚད་མར་མི་འཐད་དེ། བདེན་འཛིན་གྱིས་བསླད་པའི་སྒོ་ནས་འཛིན་སྟངས་འཁྲུལ་པས་སོ། །གཞན་ཡང་། གཞན་སྐྱེ་འཇིག་རྟེན་ཚད་མས་མི་འགྲུབ་སྟེ། རྒྱུ་འབྲས་ངོ་བོ་སོགས་འདོད་དེ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །ཞེས་སོགས་སོ། །མདོར་ན་འཇིག་རྟེན་གྱིས་དཔྱད་ནས་རྒྱུ་འབྲས་གཅིག་དང་ཐ་དད་གང་དུ་ཡང་མི་འདོད་ཀྱི། མ་དཔྱད་པར་འདི་ལས་འདི་འབྱུང་ཙམ་ཞིག་འདོད་པ་ལྟར། རྟེན་ནས་འབྱུང་བའི་འཁོར་ལོ་འདི། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་སོགས་རྟེན་འབྲེལ་ཙམ་དུ་མདོ་དང་བསྟན་བཅོས་ལས་ཡང་ཡང་གསུངས་སོ། །བཞི་པ་ནི། འོ་ན་ལས་འགགས་ནས་ཡུན་རིང་པོ་ལོན་པ་ལས་འབྲས་བུ་བདེ་སྡུག་འབྱུང་བར་རྒྱལ་བས་གསུངས་ཤིང་དེ་ལྟར་འབྱུང་བ་མཐོང་བས་ཀྱང་གྲུབ་པ་ཅི་ཞེ་ན། ལས་འགགས་པ་ནི་སྐད་ཅིག་ལ་དཔྱད་པ་རིག་ངོའི་རྣམ་གཞག་ཡིན་ལ། དེའི་ངོར་འབྲས་བུ་བདེ་སྡུག་ཀྱང་མི་འགྲུབ་སྟེ། བདེ་བའི་སྐད་ཅིག་འདས་མ་འོངས་ནི་འགགས་ཤིང་མ་སྐྱེས་ལ། ད་ལྟར་བ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པས་སྐད་ཅིག་ལ་བྱ་བྱེད་མི་འཐད་པར་དངོས་སྨྲ་ཉིད་ཀྱང་འདོད་པས་སོ་ཞེས་བརྗོད་པར་བྱ་ལ། མ་བརྟགས་པའི་རྒྱུན་སྔ་ཕྱི་གཅིག་ཏུ་འཛིན་པའི་འཁྲུལ་ངོར་ནི་འབྲས་བུའི་ཚེ་རྒྱུ་གནས་པས་ན་འབྲས་བུ་འཐད་པ་ཡིན་ནོ། །འདི་ལ་ཀུན་གཞི་དང་ཆུད་མི་ཟ་དང་ཞིག་པ་ལ་སོགས་པས་སྐྱོན་སྤོང་བར་སྨྲ་བ་འདི་དག་གིས། སྤྱིར་གྱི་ལས་ཡུལ་ངོས་ནས་གྲུབ་པས་དེ་ལ་འགགས་པ་ཡང་ཡུལ་ངོས་ནས་གྲུབ་པ་ཞིག་ཁས་བླངས་པ་ཁོ་ནས་ཉེས་ཤིང་། ཁྱད་པར་རྒྱུ་ལ་སྐད་ཅིག་གི་དཔྱད་པ་ཞུགས་ནས་འབྲས་བུ་ལ་དེ་མེད་པར་འགལ་འདུ་ཁུར་བ་ཡིན་ནོ། །ཀླུ་སྒྲུབ་ཞབས་ནི། ལས་ལ་དཔྱད་ན་རང་བཞིན་མེད་པས་མ་སྐྱེས། མ་སྐྱེས་པས་མ་འགགས། དེས་ན་འབྲས་བུ་ཆུད་མི་ཟའོ་ཞེས་དཔྱད་ངོར་འགགས་པ་དེ་ཉིད་འཁྲུལ་ངོར་མ་འགགས་པ་ཡིན་ལ་དེས་འབྲས་བུ་འཐད་དོ་ཞེས་བཞེད་དེ། གཞུང་རྣམས་སྦྱར་བར་སླའོ། །འཁྲུལ་ངོར་ལས་དང་དེ་བྱེད་པོ་མ་འགགས་པས་བྱེད་པོ་ཉིད་ཀྱིས་འབྲས་བུ་ཡང་མྱོང་བར་འཐད་པའི་རྣམ་གཞག་འདིར་འཕྲོས་ནས་ཀུན་སོགས་བཀག་སྟེ། ཀུན་གཞི་དང་དེའི་སྟེང་གི་བག་ཆགས་དང་དབང་ཕྱུག་རྒྱུར་འདོད་པ་བཞིན་དེ་འཁོར་འདས་ཀྱི་བྱེད་པ་པོར་འདོད་པ་རྣམས། ཀུན་གཞི་མེད་ཀྱང་འདི་ནུས་སོགས་ཀྱིས་ཞོར་ལ་བཀག་ཅིང་། ཕྱི་དོན་མེད་པའི་རྣམ་ཤེས་ཙམ་ཡོད་པར་རྨི་ལམ་དང་རབ་རིབ་དང་མི་སྡུག་པ་སྒོམ་པའི་དཔེ་གསུམ་བཀོད་པ་རྣམས་ལ་འཁྲུལ་རྒྱུ་མ་ཟད་ཀྱི་བར་དུ་བློ་ཡོད་པ་བཞིན་དུ་ཡུལ་ཡོད་པ་ནི་དཔེ་རྣམས་ལའང་གྲུབ་ཅིང་། ཟད་ནས་ཡུལ་མེད་པ་བཞིན་དུ་བློ་ཡང་མེད་པ་ནི་དོན་རྣམས་ལའང་གྲུབ་ཅེས་དང་། གཉིས་སྟོང་གི་གཞན་དབང་མྱོང་རིག་ཙམ་ནི་འཇལ་བྱེད་མེད་ལ། དྲན་པའང་ཡུལ་ངོས་ནས་གྲུབ་པའི་གཞན་ཡིན་པས་འབྲེལ་བ་མེད་པའི་ཕྱིར་གཞན་རྒྱུད་ཀྱི་ཤེས་པ་བཞིན་དུ་མི་འགྲུབ་པའི་ཚུལ་དང་། ལུང་ལས་རྣམ་ཤེས་ཙམ་དུ་གསུངས་པ་ནི་བྱེད་པ་པོ་དོན་གཞན་འགོག་པ་དང་ཕྱི་དོན་མེད་པར་གསལ་ཁ་བུད་པ་རྣམས་གཟུགས་ལ་ལྷག་པར་ཆགས་པ་འགོག་པའི་དྲང་དོན་ཡིན་པའི་ཚུལ་རྣམས་གསུངས་ཏེ། རེ་རེ་ནས་རྒྱས་པར་བརྗོད་ན་མང་བར་འགྱུར་བས་བསྡུས་སོ། །དེ་དག་ཀྱང་སྤྱིར་འཁྲུལ་ངོའི་བློས་བཏགས་ཙམ་མ་ཡིན་པར་དཔྱད་ངོར་འཇོག་པ་དང་། ཁྱད་པར་སེམས་ཙམ་པས་རྟོག་པས་སྦྱར་བ་དེ་དག་མི་འཐད་པར་བསྟན་པ་ཡིན་གྱི། མ་བརྟགས་མ་དཔྱད་པའི་རིག་རྒྱུན་བརྟག་པ་ཙམ་དང་དེའི་སྟེང་གི་འཁོར་འདས་ཀྱི་བག་ཆགས་དང་། དེ་དག་ལ་རྒྱུ་རྐྱེན་གཞན་ལ་བརྟེན་པའི་གཞན་དབང་མྱོང་བ་ཙམ་དང་ཕྱི་རོལ་སེམས་སྣང་ཙམ་དུ་བཞེད་པ་ལ་འགལ་བ་མེད་ཅིང་རིག་པ་དག་གིས་ཀྱང་དེ་ཙམ་དགག་མི་ནུས་ལ། ཁྱད་པར་འཁྲུལ་ངོ་མཉམ་པོ་ལ་ཡང་སྣང་བ་འདི་ཕྱི་དོན་དུ་བྱས་ན་ཡུལ་ངོས་ནས་གྲུབ་པར་འཛིན་པའི་བློ་སྐྱེ་སླ་ཞིང་། སེམས་སྣང་ཙམ་དུ་བྱས་ན་བློས་བཞག་ཏུ་འཆར་སླ་བ་དང་། སློབ་དཔོན་གྱིས་ཀྱང་། རིན་ཆེན་འཕྲེང་བར། རྣམ་ཤེས་བསྟན་མེད་མཐའ་ཡས་པ། །ཀུན་ཏུ་བདག་པོ་དེ་ལ་ནི། །ས་དང་ཆུ་དང་མེ་དང་ནི། །རླུང་གིས་གནས་མཐོང་འགྱུར་མ་ཡིན། །ཞེས་དང་། རིག་པ་དྲུག་ཅུ་པར། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་སོགས་གསུངས་ཤིང་། བྱང་ཆུབ་སེམས་འགྲེལ་དུ་ཡང་། སེམས་ཙམ་གྱི་འདོད་པ་རྒྱས་པར་བརྗོད་ནས་གཉིས་སྟོང་གི་མྱོང་བ་བདེན་གྲུབ་ཉིད་ལ་དགག་པ་རྒྱ་ཆེར་མཛད་ཀྱིས། ཕྱི་དོན་མེད་པ་དང་ཀུན་གཞི་གཞན་དབང་ཡོད་པ་ལ་དགག་པ་མ་མཛད་པའི་ཕྱིར་དང་། ཁྱད་པར་སྔགས་ཀྱི་ཕྱོགས་སུ་སྣང་བ་སེམས་ལ་བརྟེན་པའི་ཉམས་ལེན་དང་ཀུན་གཞི་མང་དུ་གསུངས་པའི་ཕྱིར་རོ། །གསུམ་པ་གཉིས་སྐྱེ་དགག་པ་ནི། གཉིས་སོགས་ཁེགས་ལས་འགོག་བྱེད་རྒྱས་པར་མ་གསུངས་སོ། །བཞི་པ་རྒྱུ་མེད་དགག་པ་ནི། རྒྱུ་མེད་སོགས། ཐམས་ཅད་ཆེ་ན་ཐམས་ཅད་སྐྱེ་འགྱུར་སོགས་ཧ་ཅང་ཐལ་ཞིང་། ནམ་མཁའི་པད་མོ་བཞིན་དུ་སྣང་མི་རུང་དུ་འགྱུར་བ་ལས་རྒྱུ་འབྲས་གསལ་བར་སྣང་བའི་མཐོང་བ་དང་འགལ་བ་དང་། སྐྱེ་བ་སྔ་ཕྱི་མེད་པ་སྒྲུབ་པར་འདོད་ནས་ལུས་སེམས་འབྱུང་བའི་བདག་ཉིད་དེར་འཛིན་པའི་གྲུབ་མཐའ་འཁྲུལ་པར་ནི་འབྱུང་བ་འཛིན་པའི་མངོན་སུམ་འཁྲུལ་པས་འགྲུབ་པར་རྒྱ་ཆེར་གསུངས་ཏེ། དེ་ལྟར་ན་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དབུ་མ་ལ་འཇུག་པ་ལས་རྒྱས་པར་གསུངས་སོ། །གསུམ་པ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་ནི། འཁྲུལ་ངོར་ནི་ས་བོན་གཅིག་ལས་མྱུ་གུ་གཅིག་ཅེས་དང་། རྐྱེན་གསུམ་ལས་མིག་ཤེས་གཅིག་ཅེས་དང་། ཕ་གཅིག་ལས་བུ་དུ་མ་དང་། ས་བོན་དང་མུ་ལུད་དུ་མ་ལས་སྟོན་ཐོག་དུ་མ་ཞེས་སོགས་ལ་འགལ་བ་མེད་མོད། རིག་ངོར་ནི་མུ་བཞིའི་ནང་ནས་རྒྱུ་གཅིག་ཉིད་ཁོ་ན་ལས་འབྲས་བུ་གཅིག་ཉིད་ཁོ་ན་དང་། ལྡོག་པ་དུ་མ་ཁོ་ན་ལས་འབྲས་བུ་གཅིག་ཉིད་ཁོ་ན་དང་། ལྡོག་པ་རྒྱུ་དུ་མ་ཁོ་ན་ལས་འབྲས་བུ་དུ་མ་ཁོ་ན་དང་། རྒྱུ་གཅིག་ཉིད་ལས་འབྲས་བུ་དུ་མ་དང་དེ་ལས་ལྡོག་པ་རྒྱུ་དུ་མ་ལས་འབྲས་བུ་གཅིག་འབྱུང་བ་རྣམས་མི་འཐད་དེ། རིག་ངོར་གཅིག་ཉིད་མི་རིགས་ལ་དེས་དུ་མ་བདེན་གྲུབ་ཀྱང་ཁེགས་པས་སོ། །དེས་ན་འདི་ཡང་གཙོ་བོར་གཅིག་དུ་བྲལ་གྱི་རྩ་བ་ཅན་ཡིན་པས། འཇུག་པ་སོགས་གཞུང་འགའ་རེར་མ་གསུངས་སོ། །འོ་ན་འཇུག་པར་གཅིག་དུ་བྲལ་ཡང་མ་བཤད་དོ་ཞེ་ན། མ་གྲུབ་སྟེ། གང་ཟག་བདག་འགོག་ཏུ་རྣམ་བདུན་གྱི་རིག་པ་བཤད་པས་སོ། །དབུ་མ་རང་རྒྱུད་པས་འདིའི་ནང་ནས་གཉིས་པ་རྐྱེན་གསུམ་ལས་རྣམ་ཤེས་གཅིག་འབྱུང་བ་ལྟ་བུ་དང་། དེ་བཞིན་དུ་བཤད་མ་ཐག་པའི་འཁྲུལ་ངོའི་བཞི་པ་དང་། མཐའ་བཞི་སྐྱེ་འགོག་གི་ནང་ནས་གཞན་ལས་སྐྱེ་བ་དང་། ཡོད་མེད་སྐྱེ་འགོག་གི་ནང་ནས་རྒྱུ་དུས་ན་འབྲས་བུ་མེད་པ་སྐྱེ་བ་རྣམས་ཐ་སྙད་ཙམ་དུ་མ་དཔྱད་ཉམས་དགའ་བར་འདོད་དེ། རྒྱན་ལས། བརྟག་པ་མ་བྱས་ཉམས་དགའ་བར། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །འབྲས་བུ་དེ་འདྲ་འབྱུང་བ་ཡིན། །ཞེས་དང་། བདེན་གཉིས་རྩ་འགྲེལ་སོགས་སུ་ཡང་དེ་ལྟར་འབྱུང་བས་སོ། །དེ་ལྟ་ན་ཡང་འཐད་པ་མིན་ཏེ། འདི་ལྟར་དཔྱོད་པའི་རིག་ངོ་འདིར་དཔྱད་བཟོད་དུ་གྲུབ་སོགས་ཕྱིར་ཏེ། དངོས་པོ་ལ་དོན་དམ་མམ་ཡུལ་ངོས་ནས་གྲུབ་པའི་སྐྱེ་ཚུལ་དཔྱོད་པ་ལ་འདི་སོགས་པས་སོ། །དེས་ན་དེ་ལྟར་དཔྱད་པའི་དཔྱད་མཐར་གྲུབ་པའི་སྐྱེ་བ་ཀུན་ཀྱང་དོན་དམ་ལྟ་ཞོག ཐ་སོགས་མི་འདོད་པས་ཐལ་རང་གི་ཐ་སྙད་ཁས་ལེན་ཚུལ་ལ་དངོས་འཛིན་མངོན་གྱུར་བ་ལ་ཡང་གནོད་ཚུལ་ཁྱད་པར་ཤིན་ཏུ་ཆེ་བས། རྨི་ལམ་སྒྱུ་མའི་སྣང་བ་ལྟར་རྫུན་པ་བསླུ་བའི་ཆོས་ཅན་བྱིས་པ་འདྲིད་པར་བྱེད་པ་ཅུང་ཟད་ཀྱང་གཏད་ར་མེད་པའི་ཟ་ཟི་བན་བུན་དུ་ཤེས་པའི་ངང་ནས་དེ་ལྟར་རིག་བཞིན་དུ་བདེན་ཞེན་དང་བདེན་སྣང་མི་བཟློག་པ་ནི། ནང་ན་དངོས་པོ་དང་མཚན་མར་འཛིན་པའི་གདོན་ཆེན་པོ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ་ཉོན་མོངས་པ་བྱེ་བའི་འཁོར་གྱིས་བསྐོར་ཞིང་ལས་ཀྱི་གོ་མཚོན་སྲ་བ་དང་བཅས་ཏེ་སྡུག་བསྔལ་གྱི་མེ་འོབས་ཆེན་པོས་བསྐོར་བའི་ཁྱིམ་ན་གནས་པ་དེ་མ་ཐོན་པའི་སྐྱོན་དུ་ཤེས་པར་བྱས་ནས་དེ་འདོན་པའི་ཐབས་ཀྱི་རྣམ་པ་མཐའ་ཡས་པ་ཞིག་དེ་བཞིན་གཤེགས་པས་གསུངས་པ་ལ་བརྩོན་པ་བརྒྱ་འགྱུར་དུ་བྱ་བར་རིགས་སོ། །བཞི་པ་སྣང་ཙམ་ལ་དཔྱོད་པ་རྟེན་འབྲེལ་གྱི་རྟགས་ནི། འདིར་བསྟན་མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པ་རྟེན་སོགས་ནི། དབུ་མ་པས་བདེན་སྟོང་སྒྲུབ་པའི་རིག་པའི་རྒྱལ་པོ་ཡིན་ཏེ། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིག་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང་། རིག་པ་དྲུག་ཅུ་པར། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ཉོན་མོངས་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་འབྱུང་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཤིན་ཏུ་འབྱང་། །གང་གིས་དེ་ཤེས་འགྱུར་ཞེ་ན། །བརྟེན་ནས་འབྱུང་བ་མཐོང་བས་སོ། །བརྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ཞེས་སོ། །རྟགས་འདིའི་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་འགྲུབ་པ་ནི་ཤིན་ཏུ་སླ་མོད་ཁྱབ་པ་ངེས་དཀའ་བ་ཡིན་ཏེ། དངོས་པོར་སྨྲ་བ་དག་གིས་ཁྱབ་པ་ལྡོག་ནས་འབུད་པའི་ཕྱིར་རོ། །ཞེས་རྒྱ་ཆེར་གྲགས་མོད། ཁོ་བོ་ནི་ལྡོག་ནས་སྨྲ་སྟེ། དངོས་སྨྲ་དག་གིས་རྟེན་འབྲེལ་གྱི་མིང་ཙམ་ལེགས་པར་གྲུབ་ཀྱང་རྟེན་འབྲེལ་གྱི་དོན་བལྟོས་གྲུབ་ཙམ་ཡིན་པས་ཕྲད་སོགས་འབྱུང་བའི་ཆོས་སོགས་མི་སྲིད་པར་རྟོགས་དགོས་པ་ལས་མ་རྟོགས་པའི་ཕྱིར་རོ། །དེས་ན་གཏན་ཚིགས་རྟེན་འབྲེལ་གྱི་དོན་ནི་ཤིན་ཏུ་རྟོགས་དཀའ་སྟེ། དེ་ཉིད་བདེན་ན་མི་ལྟོས་དགོས་པ་ལས་ཆོས་ཐམས་ཅད་ལྟོས་ས་ལ་བལྟོས་པའི་ཕྱིར་ཞེས་པའི་རྟེན་འབྲེལ་གྱི་དོན་གྲུབ་ན་སྐབས་ཀྱི་བསྒྲུབ་བྱའི་དོན་ཡང་གྲུབ་པས་རྟོག་གེ་ལ་གྲགས་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་སུ་ཤེས་པར་བྱའོ། །དེས་ན་རྟེན་འབྲེལ་གྱི་དོན་གང་ལ་རྩལ་ཅི་ཡོད་ཀྱིས་འབད་རིགས་ཏེ། ལྷ་སོགས་རྟེན་འབྲེལ་རྟོགས་པ་འདི་ཡིས་གཅོད་པའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་དགག་པ་ལ། སྤྱིར་ངར་འཛིན་ལྷན་སྐྱེས་ཀྱིས་དང་པོར་ངའོ་ཞེས་རང་ཉིད་ལ་བདག་ཏུ་འཛིན་པ་འདིའི་འཛིན་སྟངས་ཀྱི་ཡུལ་ལ་གྲུབ་མཐའ་སྨྲ་བ་དག་གིས་བརྟགས་ཤིང་དཔྱད་པའི་ཚེ། ཐོག་མར་ཕྱི་རོལ་པ་རྣམས་ཀྱི་བདག་ནི་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དང་། ཟ་བ་པོར་མཐོང་ཞིང་ཕུང་པོ་ནི་དེ་ལས་ལྡོག་པར་མཐོང་བས་བདག་ཕུང་རྫས་ཐ་དད་དུ་འཛིན་ཏོ། །རང་སྡེ་མང་བཀུར་བས་ནི། དེ་ལྟ་བུའི་རྟག་གཅིག་རང་དབང་ཅན་ལ་གནོད་བྱེད་མཐོང་ཞིང་། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་གྱུར། །ཞེས་སོགས་ཀྱི་ལུང་གིས་འཁྲུལ་ནས་བདག་ཕུང་ཐ་མི་དད་ཀྱི་གཅིག་ཏུ་བཟུང་ངོ་། །དེའི་ནང་ཚན་གནས་མ་བུ་པས་ནི། གཅིག་ལ་ཡང་གནོད་པ་མཐོང་ནས་གང་དུ་ཡང་བརྗོད་དུ་མེད་པར་ཁས་ལེན་ཏེ། རྟེན་དང་བརྟེན་པ་དང་། ལྡན་པ་དང་། དབྱིབས་དང་། ཚོགས་པ་ལ་སོགས་པར་ཁས་ལེན་མཁན་ནི་དངོས་སུ་མི་གསལ་ཞིང་། མཐའ་དཔྱོད་པའི་ཕྱིར་དུ་དཔྱད་ནས་འགོག་ལ། དེ་ཡང་འདི་ལྟར་ངར་འཛིན་སོགས་བདེན་གྲུབ་ཀྱི་བདག་དེ་རང་གང་ལ་འདོགས་པའི་འདོགས་གཞིའི་ཕུང་པོ་དང་ངོ་བོས་གྲུབ་པའི་གཅིག་དང་ཐ་དད་དང་རྟེན་སོགས་དཔྱད་དེ། རྩ་བར། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་དེ་མེད་དེར་དེ་མིན། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་དེ་བཞིན་གཤེགས་པ་ལ་སྦྱར་བ་བདག་ལ་འདོན་པ་སྤོ་ཞིང་། རིན་ཆེན་འཕྲེང་བར་བདག་གམ་སྐྱེས་བུ་ལ་དངོས་སུ་ཡང་སྦྱོར་ལ། དཔལ་ལྡན་ཟླ་བས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མ་ཡིན། །ཡན་ལག་ལ་མེད་ཡན་ལག་དག་དེར་མེད། །འདུས་ཙམ་མ་ཡིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ལྔ་པོའི་སྟེང་དུ་དབྱིབས་སོགས་མཚུངས་པས་རིག་པས་དཔྱད་ན་མི་རྙེད་པར་གསུངས་ཏེ། མུ་སྟེགས་འདོད་པའི་ཐ་དད་ལ་རང་ལ་གྲགས་པ་རྒྱུ་ལས་མ་སྐྱེས་པར་འདོད་པས་དངོས་པོ་མིན་པར་ཐལ་བ་དང་། དེར་འཛིན་ཚད་མ་མ་གྲུབ་པའི་ཕྱིར་དང་། ངར་འཛིན་རྟེན་དུ་མི་འཐད་པའི་ཕྱིར་ཞེས་པས་བཀག་ཅིང་། མང་བཀུར་བ་ལ། བདག་མང་པོར་ཐལ་བ་དང་། དེ་འཛིན་མངོན་སུམ་དུ་ཐལ་བ་དང་། མྱ་ངན་ལས་འདས་པའི་ཚེ་བདག་ཆད་པར་ཐལ་བ་དང་། བདག་མེད་རྟོགས་པའི་ཚེ་ཕུང་པོ་མེད་པར་རྟོགས་པར་ཐལ་བ་དང་། དངོས་གཉེན་མེད་པར་མིག་སོགས་བཞིན་དུ་འདུན་པའི་འདོད་ཆགས་ཙམ་སྤངས་པའི་སྒོ་ནས་སྤོང་དགོས་པར་ཐལ་བ་ལྔས་བཀག་ནས། མདོ་ལས་ཕུང་པོ་ལྔ་ལ་དམིགས་ནས་བདག་ཏུ་ལྟ་ཞེས་གསུངས་པ་ནི་ཕུང་པོ་ལས་དོན་གཞན་འགོག་ཅིང་། ཚོགས་ཙམ་འཇིག་ལྟའི་དམིགས་ཡུལ་དུ་བསྟན་པ་དང་ཕུང་པོ་ལ་བརྟེན་ནས་འདོགས་པར་གསུངས་པས་ཚོགས་ཙམ་ལ་དེར་མི་རུང་ཞིང་བདག་ཕུང་གཅིག་ན་ལེན་པོ་དང་བླང་བྱ་གཅིག་པར་ཐལ་བས་བཀག་སྟེ། རྩ་ཤེའི་རབ་བྱེད་བཅོ་བརྒྱད་པ་དང་ཉེར་བདུན་པའི་དོན་ནོ། །རྟེན་དང་བརྟེན་པ་བདེན་གྲུབ་ལ་ནི་རྫས་གཞན་གྱིས་ཁྱབ་ཅིང་ལྡན་པའང་དེ་དང་འདྲ་བ་ནི་གཞན་བཀག་པས་ཁེགས་པ་དང་། དབྱིབས་དང་ཚོགས་པ་ནི་དབྱིབས་ཅན་དང་ཚོགས་པ་ཅན་ལས་གཞན་དུ་མི་རྙེད་པས་ཁེགས་སོ། །ད་ལྟ་མོད་ཀྱང་། འདི་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་སོགས་འདོགས་པ་ཡིན། ཞེས་གསལ་བར་གསུངས་སོ། །འོག་ཏུ་ཡང་། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང་། །ཞེས་སོགས་ནས། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་འཁྲུལ་ངོ་འབའ་ཞིག་གསུངས་པས། རང་ལུགས་ཀྱི་འཆད་ཚུལ་ནི་མིན་ནོ། །གཉིས་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་རང་གཞན་ལ་ལྟ་བ་རྣམ་དག་གི་རྟོགས་པ་སྐྱེད་པའི་ཚེ་སྟོད་སྨད་ཕལ་སོགས་མེད་དེ། དབུ་མ་ཐལ་འགྱུར་བ་ཞེས་བྱ་བ་ནི་གྲུབ་མཐའ་ཐམས་ཅད་ཀྱི་མཐར་སོན་པས་གཞན་ལ་ནང་འགལ་སྟོན་ཅིང་རང་གཞན་རྗེས་སུ་འཛིན་པ་ལ་མཁས་པའི་ཕྱིར་རོ། །གང་དག་རྟོག་སོགས་སྨྲ་བ་ནི། རྟོག་གེས་བཏགས་པའི་ཐལ་འགྱུར་མི་སྲིད་ཕྱིར། །ཅེས་ཐལ་སོགས་མི་མཚུངས་ཏེ་ལེགས་པར་མཚུངས་སོ། །གསུམ་པ་ནི། འོ་ན་ལུགས་འདིས་བཀའ་བར་པ་ངེས་དོན་སྒྲ་ཇི་བཞིན་པར་འདོད་མོད་ཀྱི། དངོས་པོ་བདེན་གྲུབ་དང་ཁྱད་པར་གཞན་དབང་རྫས་ཡོད་སོགས་སྟོན་པའི་གསུང་རབ་རྣམས་སྤོང་ངམ་ཞེ་ན། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གདུལ་བྱ་མཆོག་དམན་རྗེས་སུ་འཛིན་པའི་ཐབས་མཁས་ཁྱད་པར་ཅན་དུ་ཤེས་ནས་ཤིན་ཏུ་གུས་པར་བྱེད་རིགས་ཏེ། ཕུང་སོགས་ཙམ་དུ་འདོད་ལ། དེ་འདྲའི་ཚིག་ཟུར་དངོས་བསྟན་ལ་མ་འབྱར་བ་གཞན་སོགས་གསུངས་པ་གང་ཞིག དེ་ལྟར་གསུངས་པ་ཉིད་ཀྱིས་སྟོན་པ་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །གཞི་དབུ་མ་བཤད་ཟིན་ཏོ། །གཉིས་པ་ལ། མངོན་མཐོ་ངེས་ལེགས་ཀྱི་ལམ། སྐྱེས་བུ་གསུམ་གྱི་ལམ། གནས་སྐབས་མཐར་ཐུག་གི་ལམ་མོ། །དང་པོ་ནི། འཕགས་པ་ཉིད་ཀྱིས་རིན་ཆེན་འཕྲེང་བར། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པ་ཡིན། །དེ་ཡི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་མི་དགེ་བའི་ལས་ཀྱི་ལམ་ཞེས་ངན་སོང་གི་ལམ་ཡང་ཡོད་མོད་ཀྱི། འདིར་རྟོགས་ལྡན་གྱིས་བླང་བྱའི་ལམ་གྱི་དབང་དུ་བྱས་ནས་ལམ་སོགས་ཏེ། ངན་སོང་གི་སྡུག་བསྔལ་ལས་འཕྲལ་དུ་ཐར་པ་ལྷ་དང་མིའི་བདེ་བ་རྣམ་སྨིན་དང་རྒྱུ་མཐུན་གྱིས་བསྡུས་པ་དང་། འཁོར་བ་སྤྱིའི་སྡུག་བསྔལ་ལས་གཏན་དུ་གྲོལ་བ་ཐར་པ་མྱ་ངན་ལས་འདས་པ་ནི་ཐོབ་བྱའམ་བསྒྲུབ་བྱ་ཡིན་པས་དེ་གཉིས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ནི་དད་པ་དང་ཤེས་རབ་བོ། །དེ་ཡང་དད་པ་གསུམ་ལས་གཙོ་བོར་ལས་འབྲས་ལ་ཡིད་ཆེས་པའི་དད་པས་ཀུན་ནས་བླངས་ཏེ་དགེ་སྡིག་གི་བླང་དོར་བྱེད་པའི་ཕྱིར་དང་། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བ་གཅོད་པར་བྱེད་པའི་ཕྱིར་རོ། །དེས་ན་དེ་གཉིས་ཀྱི་མཚན་ཉིད་ནི་རིམ་པ་བཞིན་དུ། རྒྱུ་མཚན་ཁྱད་པར་ཅན་མེད་པར་རང་ཕྱོགས་ལ་འདུན་པ་དང་གཞན་ཕྱོགས་ལ་ཞེ་སྡང་བ་དང་། བླང་དོར་ལ་གཏི་མུག་པ་དང་། རྗེ་དཔོན་སོགས་ལ་འཇིགས་པས་འགྲོ་བ་སྟེ་འགྲོ་བ་བཞི་ཡིས་བླང་དོར་གྱི་ཆོས་ལས་མི་འདའ་བ་དང་། གཞན་དོན་གཙོ་བོར་བྱེད་པའི་སྙིང་རྗེ་ཆེན་པོ་དང་མི་ལྡན་པའམ་ལྡན་ཀྱང་རུང་སྟེ་སྒོ་སོགས་མི་ལྡོག་པའོ། །དེ་སྐད་དུ་ཡང་། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ལེགས་པ་ཡི་ནི་སྣོད་མཆོག་ཡིན། །གང་ཞིག་ལུས་ངག་ཡིད་ཀྱི་ལས། །རྣམ་པ་གསུམ་དུ་མི་རྟོག་པར། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་ཤེས་རབ། །ཅེས་གསུངས་པས། དད་པས་ཀུན་ནས་བླངས་ན་སྤྱིར་དགེ་བ་ཙམ་དུ་ཡང་མི་འགྲོ་བ་དང་། བདག་མེད་རྟོགས་ཤིང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་མ་ཟིན་ན་ཐར་ལམ་དུ་གཏན་མི་འགྲོ་བར་གསུངས་པ་འདི་ག་བཤད་ཙམ་དུ་མ་སོང་བར་ཕྱག་རྡོག་པོ་གསུམ་འཚལ་ན་ཡང་དྲན་པ་ཅིག་བྱ་འཚལ་ལོ། །གཉིས་པ་ནི། ངེས་ལེགས་ཀྱི་ལམ་ལ་རང་དོན་གཙོ་བོར་བྱེད་པའི་དབང་དུ་བྱས་པ་ཐེག་པ་དམན་པ་དང་། གཞན་དོན་གཙོ་བོར་སྤྱོད་པའི་དབང་དུ་བྱས་པ་ཐེག་པ་མཆོག་གི་ལམ་གཉིས། བཤད་མ་ཐག་པའི་མངོན་མཐོར་བཅས་པ་ནི་སྐྱེས་བུ་གསུམ་གྱིས་སྒྲུབ་ཅིང་ཉམས་སུ་ལེན་ཏེ། ཚེ་འདི་དོན་གཉེར་གྱི་བསམ་པ་རིང་དུ་སྤངས་ནས་གཙོ་བོར་ངན་སོང་གིས་འཇིགས་ཏེ་བསམ་པ་ལས་འབྲས་ལ་ཡིད་ཆེས་པའི་དད་པས་ཀུན་ནས་བླངས་ཤིང་སྦྱོར་བ་དགེ་བ་བཅུ་དང་སྡིག་པ་མི་དགེ་བ་བཅུའི་ངོ་བོ་རྒྱུ་འབྲས་ལ་མཁས་པས་བླང་དོར་ནན་གྱིས་བྱེད་པ་དང་། འཁོར་བ་སྤྱིའི་སྡུག་བསྔལ་གྱི་འཇིགས་པས་རང་ཉིད་འཁོར་བ་ལས་ཐར་འདོད་ངེས་འབྱུང་གི་བསམ་པས་སྦྱོར་བ་འཕགས་པའི་བདེན་པ་བཞིའི་འཇུག་རིམ་སྡུག་ཀུན་དང་ལྡོག་རིམ་འགོག་ལམ་ལ་མཁས་པས་བྱང་ཕྱོགས་སོ་བདུན་དང་། རང་རྒྱལ་གྱིས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་དང་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་ཅིང་གཞི་རྟེན་ངེས་འབྱུང་ཚུལ་ཁྲིམས་གཙོ་བོར་བྱེད་པ་དང་། སེམས་ཅན་སྡུག་བསྔལ་བས་འཇིགས་ནས་རང་གི་ཞི་བདེ་ཙམ་འདོད་པ་སྤང་བྱའི་གཙོ་བོར་བྱས་ཏེ། བསམ་པ་བྱང་ཆུབ་ཆེན་པོའི་སེམས་ཀྱིས་ཀུན་ནས་བླངས་ཏེ་སྦྱོར་བ་ཕྱིན་དྲུག་རྫོགས་པར་སྤྱོད་པ་རྣམས་ནི་རིམ་པ་བཞིན་དུ་སྐྱེས་བུ་ཆུང་འབྲིང་ཆེན་པོ་དེ་གསུམ་གྱི་ལམ་དུ་རྒྱལ་བས་གསུངས་ཤིང་ཀླུ་སྒྲུབ་སོགས་ཀྱང་བཞེད་མོད་ཀྱི་དངོས་སུ་གསལ་བར་མ་ཐོན་པ། འཛམ་གླིང་གི་རྒྱན་མཆོག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་མར་མེ་མཛད་དཔལ་ཡེ་ཤེས་མཚན་གཞན་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཞེས་གསལ་བར་གྲགས་པ་དེ་ཉིད་ཀྱིས་བཞེད་ཅིང་གསལ་བར་མཛད་པ་ནི། བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་གསར་རྙིང་ཀུན་དང་། ཁྱད་པར་རྗེ་བཙུན་བཙོང་ཁ་པ་ཆེན་པོ་ལ། ལོ་ཆེན་ཐམས་ཅད་མཁྱེན་པས་ལེགས་པར་བསྐུལ་ནས་མཛད་པ་ནི་ཤིན་ཏུ་ངོ་མཚར་བར་བཞུགས་མོད་ལྷག་མཐོང་གི་སྐོར་ལ་ཅུང་ཟད་དཔྱད་པ་ཉིད་དོ། །འོ་ན་ཐེག་པ་གསུམ་དང་ཇི་ལྟར་སྦྱར་ཞེ་ན། སྐྱེས་བུ་འབྲིང་གི་ལམ་མཐའ་དག་ཐེག་དམན་ཞེས་གཅིག་ཏུ་བསྡུས་པ་ལས་སླར་ཡང་དམན་པ་དང་འབྲིང་པོ་གཉིས་སུ་དབྱེ་བས་ཐེག་པ་གསུམ་དུ་རྣམ་པར་བཞག་སྟེ། སྔར་བཤད་པ་བཞིན་ཐེག་སོགས་བཀག་ཟིན་ཏོ། །གསུམ་པ་ལ། གནས་སྐབས་སྨིན་བྱེད་ཀྱི་དང་། མཐར་ཐུག་གྲོལ་བྱེད་ཀྱི་ལམ་མོ། །དང་པོ་ནི། ཇི་སྐད་བཤད་པའི་ལམ་ཀུན་ཀྱང་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མི་དགོས་པར་བཞེད་པ་རང་རྒྱུད་པ་མན་ཆད་འདོད་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལྟ་བུ་སྟོང་སོགས་ན་ནི་ཟག་མེད་ཐར་ལམ་དངོས་སུ་མི་འགྱུར་གྱིས་ཟག་བཅས་ལས་སུ་འགྱུར་ཏེ། གཞི་སོགས་གནས་ཚུལ་སོགས་ཕྱིར་རོ། །འོ་ན་འདུལ་བ་ལུང་ལ་སོགས་པའི་བཀའ་དང་། བསྟན་བཅོས་ཕལ་ཆེར་དུ་དེ་ཉིད་རྒྱས་པར་གསུངས་པ་ཅི་ཞེ་ན། དེ་ལྟ་མོད་ཀྱི་ཟབ་མོ་སྟོང་ཉིད་རྫོགས་པར་རྟོགས་པའི་སྣོད་རུང་གི་གང་ཟག་ནི་ཤིན་ཏུ་དཀོན་སོགས་ལྟར་དངོས་ཀྱི་གདུལ་བྱ་ལམ་དངོས་ལ་ཁད་ཀྱིས་དྲང་བའི་ཕྱིར་དུ་གསུངས་པའོ། །དེས་ན་དེ་ལྟར་སྟོན་པའི་རྒྱལ་བ་དང་གདུལ་བྱའི་སེམས་ཅན་གཉིས་ཀ་ལ་ཤིན་ཏུ་གུས་པར་བྱ་ཡི། རང་གི་ལྟ་བ་ལ་ལྷག་པར་ཆགས་པ་དང་གཞན་གྱི་ལྟ་བ་དང་གང་ཟག་ལ་འཁྲུག་ཅིང་སྡང་བར་མི་བྱ་སྟེ། ཟབ་སོགས་ཕྱིར་རོ། །དེ་ཡང་ལམ་དེ་དག་གིས་རྒྱུད་ལེགས་པར་སྨིན་ཅིང་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཞུགས་པས། དེ་ལ་སྒྲིབ་པའི་ལས་སྒྲིབ་བྱང་ཞེས་ཉོན་མོངས་པའི་ས་བོན་ཡང་རགས་པ་ཆོད་ཚར་བས། ནམ་ཞིག་ན་བློ་ཁ་ཕྱོགས་པ་ཙམ་གྱིས་སྟོང་ཉིད་རྫོགས་པར་རྟོགས་པར་འགྱུར་བས་ན། གང་ཟག་དངོས་སྨྲ་དང་ཉན་རང་ཕལ་པ། ལམ་བདེན་བཞི་མི་རྟག་སོགས་རྟོགས་པ་ལ་ཞལ་བཞུ་དང་ངན་སྨྲས་སྣ་ཚོགས་བྱེད་ཅིང་། ཟླ་བ་གྲགས་པའི་ལམ་སྲོལ་གྱིས་སེམས་ཁེངས་པར་བྱས་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གེགས་ཀྱི་ལས་སྒྲིབ་གསར་དུ་གསོ་གཉེན་ཆེའོ། །གཉིས་པ་ནི། དེ་ལྟ་ཡིན་པ་འོན་ཀྱང་སྲིད་རྩ་གཅོད་པའི་ཐར་ལམ་གྱི་གཙོ་བོ་ནི་མཐའ་བྲལ་དབུ་མ་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། ངེས་ལེགས་ཐར་པའི་ལམ་དུ་གྲགས་པ་ཀུན་ཐར་ལམ་དངོས་སུ་འགྲོ་བ་ནི་དབུ་མའི་ལམ་འདིར་བལྟས་ཤིང་རག་ལས་པའི་ཕྱིར་རོ། །དེ་ཡང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་འཐོབ་པར་མི་ནུས་ཏེ། །ཞེས་སོགས་མང་པོ་དང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང་། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་ཅེས་གསུངས། །ཞེས་དང་། འཕགས་པ་ཉིད་ཀྱིས། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ལ་ཐར་པ་ག་ལ་ཡོད། །འགྲོ་དྲུག་སྲིད་པའི་བཙོན་ར་རུ། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་དང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །སོགས་དང་། རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་སོགས་གསུངས་ཏེ། འོག་ཏུ་བདེན་འཛིན་འཁོར་བའི་རྩ་བར་བཞེད་པའི་རྒྱུ་མཚན་དུ་ཡང་འདི་དག་དྲང་བར་བྱའོ། །རང་རྒྱུད་པ་དང་སེམས་ཙམ་པས་ནི། བཟོད་པ་དང་སྟོང་ཉིད་སོགས་རྣམས་གང་ཟག་གི་བདག་མེད་དང་། ཕུང་པོར་འཛིན་པ་དང་རྒྱུ་རྐྱེན་ཡང་དག་ཏུ་རྟོག་པ་རྣམས་གང་ཟག་གི་བདག་འཛིན་ཉིད་ལ་དགོངས་ཞེས་འཆད་མོད་ཀྱི་མངོན་སུམ་ལ་བསྙོན་པ་ལྟ་བུའོ། །འོ་ན་སྟོང་ཉིད་རྟོགས་པའི་རྟོགས་ཚུལ་ལ་ཁྱད་པར་མེད་པས། ཉན་རང་ཐེག་ཆེན་གསུམ་ག་རེ་རེ་ཞིང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་སྟེ་ལྔ་ལྔ་དང་། ཐེག་དམན་ལ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་དང་། རྒྱུན་ཏུ་ཞུགས་པའི་དང་། མཐོང་བའི་དང་། བསྲབས་པའི་དང་། འདོད་ཆགས་དང་བྲལ་བའི་དང་། བྱས་པ་རྟོགས་པའི་ས་སྟེ་དམན་པ་ས་བརྒྱད་དང་། ཐེག་ཆེན་ལ་རབ་དགའ་སོགས་བཅུ་དང་། བཅུ་གཅིག་ཀུན་ཏུ་འོད་ལ་སོགས་པ་དང་། དེ་དག་རེ་རེ་ལ་ཡང་ཡོན་ཏན་གྱི་དབྱེ་བ་མང་པོ་སོགས་གང་གིས་འཇོག་ཅེ་ན། སྟོང་ཉིད་རྟོགས་པའི་མཉམ་གཞག་སོགས་ཀྱང་སོ་སོའི་སྦྱོར་བ་དང་། འཇུག་གི་གྲོགས་སུ་གྱུར་པའི་ཐབས་མཆོག་དམན་སོགས་ཀྱི་དབྱེ་སོགས་འགྱུར་བ་ཡིན་ཏེ། རྒྱས་པར་གཞན་དུ་བཤད་པས་འདིར་མི་སྤྲོའོ། །ལམ་དབུ་མའི་གནད་བསྡུས་ཏེ་བསྟན་པའོ། །གསུམ་པ་ནི། འབྲས་སོགས་ནི་བཞེད་དེ། སློབ་དཔོན་གྱིས་མདོ་བཏུས་དང་རིན་ཆེན་འཕྲེང་བ་དང་སྐུ་གསུམ་གྱི་བསྟོད་པ་སོགས་དང་། ཟླ་བའི་སྐྱབས་གསུམ་བདུན་ཅུ་པ་དང་འཇུག་པའི་སྨད་ལ་སོགས་པ་ན་གསལ་བ་ལྟར་རོ། །ཕལ་ཆེར་ཞེས་པ་ནི། གཟུགས་སྐུ་དང་འཕྲིན་ལས་གདུལ་བྱའི་གཞན་ངོར་འཇོག་པ་སོགས་དང་། སེམས་ཙམ་མན་ཆོད་འདོད་པ་ལྟར། ཉན་རང་གི་ལྷག་མེད་དུ་རིག་པ་རྒྱུན་ཆད་མི་བཞེད་པར། སེམས་འགྲེལ་དུ། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། དེ་དག་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་ཡང་། གཉིས་ཀྱི་བག་ཆགས་ཡོད་པས་ན། །བག་ཆགས་ས་བོན་དུ་བརྗོད་དེ། །ས་བོན་སྲིད་མཐར་རྫོགས་པ་ཡི། །སྲིད་པའི་མྱུ་གུ་སྐྱེད་པར་བྱེད། །ཅེས་དང་། སྐྱབས་གསུམ་བདུན་ཅུ་པ་དང་འཇུག་པ་ལས་ཀྱང་དེ་ལྟར་གསུངས་པ་སོགས་སོ། །འབྲས་བུ་དབུ་མའོ། །གསུམ་པ་ནི། འོ་ན་ལུགས་འདིའི་གྲུབ་མཐའ་ཐུན་མོང་མིན་པའི་གཙོ་བོ་རྣམས་གང་ཞེ་ན། མཁས་པ་དག་གིས་ཁྱད་ཆོས་ཆེན་པོ་བརྒྱད་དུ་བཞག་པ་ཡང་ཕལ་ཆེར་ཡིན་མོད་ཀྱི། འདིར་ནི། གཙོ་ཆེ་བ་ལྔ་སྟེ། རིག་ངོར་ལྟ་ཞོག་དབུ་མ་རང་ལུགས་ཀྱི་དང་འཇིག་རྟེན་ལུགས་གཉིས་ཀའི་ཐ་སྙད་ཙམ་དུ་ཡང་རང་རྒྱུད་པ་མན་ཆད་ཀྱིས་རྟོག་གེས་བརྟགས་པའི་ཚད་མ་དང་ཚད་མིན་གྱི་རྣམ་གཞག་སོགས་ཀུན་སྤོང་སྟེ། ཕྱི་ནང་རྒྱུ་འབྲས་ཀྱི་ཆོས་ཀུན་ཡུལ་རང་ངོས་ནས་ཐ་སྙད་ཙམ་དུ་ཡང་མ་གྲུབ་པའི་བློས་ཐོགས་ཡོད་ཉིད་དུ་བཞེད་པའི་ཕྱིར་ཏེ་སྒྲུབ་བྱེད་མང་དུ་བརྗོད་ཟིན་ཏེ་གཙོ་བོ་ནི་རྨི་ལམ་དང་སད་དུས་ཀྱི་རྟ་གླང་བདེན་རྫུན་མཚུངས་པར་བཞེད་པ་ཉིད་དོ། །འདུས་བྱས་ཡིན་ན་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་ཅིང་སྐད་ཅིག་ལ་བྱ་བྱེད་མེད་པ་དང་། རིག་པས་དཔྱད་མི་བཟོད་པར་མ་ཟད་རིག་ངོར་གྲུབ་པ་ཙམ་ཡང་མེད་པས་སླུ་ཆོས་རྫུན་པས་ཁྱབ་པའི་ཕྱིར། འདུས་བྱས་དང་ཚད་གྲུབ་ཀྱི་གཞི་མཐུན་མེད་པར་བཞེད་དེ། ལེགས་པར་དཔྱད་ན་མྱང་འདས་དང་དེ་ལས་ལྷག་པའི་ཆོས་ཀྱང་གྲུབ་པ་མེད་མོད་རིག་ཤེས་ཀྱིས་ཅུང་ཟད་དཔྱད་ངོར་བསླུ་མེད་ནི། མྱ་ངན་འདས་པ་བདེན་གཅིག་པུར། །གང་ཚེ་སངས་རྒྱས་རྣམས་གསུང་བ། །ཞེས་པ་ལྟར། མྱང་འདས་ཁོ་ན་ཡིན་པར་བཞེད་པའི་ཕྱིར། བདེན་འཛིན་དེ་དང་དེས་བསྐྱེད་པའི་ཆགས་སོགས་ཉོན་མོངས་འཁོར་བཅས་ཐམས་ཅད་ཉོན་སྒྲིབ་ཁོ་ན་ཡིན་གྱི། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་དང་། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་ཞེས་སོགས་བདེན་འཛིན་དང་ཤེས་སྒྲིབ་ཀྱི་གཞི་མཐུན་གཏན་མི་བཞེད་དེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་སྔར་དྲངས་པ་ལྟར་བདེན་སོགས་ཕྱིར། འདིས་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་དུ་མི་རུང་བ་ཡང་གྲུབ་བོ། །ཐེག་པ་གསུམ་གྱི་མཐོང་ལམ་ལ་སྐད་ཅིག་བཅུ་དྲུག་དང་བཅོ་ལྔ་དང་བཅུ་གཉིས་དང་བཞི་ལ་སོགས་པ་དུ་མ་མེད་པར་བཞེད་དེ། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །ཞེས་ཐེག་སོགས་ཕྱིར་དང་། གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །དངོས་པོ་ཤིན་ཏུ་ཕྲ་བ་ལའང་། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་སོགས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་གཟུགས་སྐུ་དང་འཕྲིན་ལས་བསམ་ཡས་བརྗོད་ཀྱིས་མི་ལང་བ་རྣམས། ཡིད་བཞིན་གྱི་ནོར་བུ་དང་ནམ་མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་པ་ལ་སོགས་པ་བཞིན་དུ་རྟོག་པ་མེད་པར་མ་ཟད། སེམས་བསྐྱེད་པ་ཙམ་ཡང་མི་དགོས་པར་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་ལས་བཟང་པོའི་དབང་གིས་གདུལ་བྱ་དེ་དང་དེའི་གཞན་སྣང་གི་རྣམ་རོལ་ཁོ་ན་ཡིན་པར་བཞེད་དེ། སངས་རྒྱས་རང་ངོར། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། མ་རིག་རྨོངས་པའི་གཉིད་སད་ན། །འཁོར་བ་འདི་དག་མི་དམིགས་སོ། །ཞེས་ཤེས་པ་དང་ཤེས་བྱའི་སྣང་བ་མཐའ་དག་ནུབ་པའི་ཕྱིར་རོ། །དེ་ལྟར་ལྔ་པོ་འདི་རྣམས་ནི་ལུགས་འདིའི་ཐུན་མོང་མིན་པའི་ཁྱད་ཆོས་ཀྱི་གཙོ་བོ་ཡིན་ཏེ། གོང་དུ་རྒྱས་པར་བཤད་པ་རྣམས་ཀྱི་མཇུག་བསྡུས་པའོ། །གསུམ་པ་སྒྲུབ་བྱེད་ལུང་ཁུངས་བསྟན་པ་ལ། ལུང་ཁུངས་དངོས་དང་། ཆ་མཐུན་གྱི་ལུང་དང་། དེ་ལ་རྩོད་པ་སྤང་བ་དང་། དེར་བསྟན་རྣམས་འཕགས་ལམ་དངོས་མིན་པ་དང་། ཡན་ལག་ཁྱད་པར་ཅན་ཡིན་པས་གུས་པར་གདམས་པའོ། །དང་པོ་ནི། རྣམ་གཞག་ཐུན་མོང་མིན་པ་དེ་དག་གི་ལུང་གི་སྒྲུབ་བྱེད་རྒྱས་པར་ནི་དབུ་མ་ཆེན་པོའི་གཞུང་འཕགས་པའི་རིག་ཚོགས་བསྟོད་ཚོགས་སེམས་འགྲེལ་རྣམས་དང་། འཕགས་པ་ལྷའི་བཞི་བརྒྱ་པ་དང་། དཔའ་བོའི་དོན་དམ་སེམས་བསྒོམ་སོགས་དང་། དཔལ་ལྡན་ཟླ་བའི་གཞན་འགྲེལ་གསུམ་དང་འཇུག་པ་རྩ་འགྲེལ། སྤྱོད་འཇུག་ཤེར་ལེ་རྣམས་ལ་ཞིབ་པར་ལྟོས་ཤིག་དང་ངོ་འཕྲོད་པར་འགྱུར་རོ། །དེ་དག་གི་ལུང་རྒྱས་པ་ཡང་འདིར་ཡི་གེ་ལ་བརྩེགས་ནས་མ་བྲིས་པས། འདི་ལ་ལྡེ་མིག་བྱས་ནས་ལེགས་པར་བལྟས་ན་བློ་གྲོས་འཕེལ་ཞིང་ངེས་པ་སྟེར་བ་དང་། མ་མཐའ་ཡང་གཞུང་མི་ནུབ་པའི་རྐྱེན་དུ་འགྱུར་བས། ཕྱོགས་ཙམ་རེ་མཐོང་མ་ཐག་ཏུ་གཞུང་ལུགས་མི་ཉན་ཞིང་མི་ལྟ་བར་རང་བཟོ་མགོ་ཕུར་ལ་བརྩོན་པར་མི་བྱའོ། །གཉིས་པ་ནི། མཁས་མཆོག་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ་དང་། འགྲེལ་བཤད་ཆེན་པོ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་དང་། རྟོག་གེ་འབར་བ་རྩ་འགྲེལ་དང་། དེ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པའི་རང་རྒྱུད་པ་ཡིན་པས། རྒྱ་གར་ཤར་ཕྱོགས་སུ་བྱོན་པའི་ཡེ་ཤེས་སྙིང་པོ་དང་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་གསུམ་ནི་རང་རྒྱུད་ཤར་པ་གསུམ་ཞེས་བྱ་བས་དེའི་གཞུང་རྣམས་དང་། རྒྱལ་བ་བྱམས་པས་མཛད་པའི་ཆོས་ལྔ་ལས་མདོ་སྡེ་རྒྱན་དང་འབྱེད་གཉིས་ནི་དངོས་བསྟན་དང་བསྟན་བྱའི་གཙོ་བོ་སེམས་ཙམ་ཁོ་ནར་གནས་པ་ལ། མཁས་པ་གཡག་གིས་ལྔ་ག་དབུ་མར་བཞེད་པ་དང་། དེའི་ལོག་བསྣོན་དུ། མཁས་པ་གཞོན་བློས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་རེ་རེ་ཙམ་ནི་སེམས་ཙམ་པས་ཀྱང་འཆད་ཤེས་ལ། གཞན་ཕལ་ཆེར་སེམས་ཙམ་དང་མཐུན་པས་མངོན་རྟོགས་རྒྱན་དང་རྒྱུད་བླ་ཡང་སེམས་ཙམ་དུ་བཞེད་མོད་ཀྱི། དེ་གཉིས་ཐོགས་མེད་དང་གྲོལ་སྡེ་ལ་སོགས་པའི་མཁས་པ་ཆེན་པོ་དག་གིས་དབུ་མར་བཀྲལ་ཞིང་། གཞན་གསུམ་དབྱིག་གཉེན་གྱིས་སེམས་ཙམ་དུ་བཀྲལ་པ་ལ་སུས་ཀྱང་བཅོས་པ་མེད་པས། ལོ་ཆེན་ཐམས་ཅད་མཁྱེན་པས་གཉིས་དབུ་མ་དང་གསུམ་སེམས་ཙམ་དུ་བཀྲལ་བའི་དབུ་མའི་གཞུང་གཉིས་པོ་ཀུན་སོགས་ཟད་དོ། །གསུམ་པ་ནི། མངོན་སོགས་བཞེད་དེ། མངོན་རྟོགས་རྒྱན་གྱི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་ཀྱི་རྩོད་ལན་རྩ་འགྲེལ་དུ་འཕགས་པ་གསུམ་གས་ཆོས་དབྱིངས་བདེན་སྟོང་ལ་དམིགས་པར་བཤད་པའི་ཕྱིར་དང་། རྒྱུད་བླ་རྩ་འགྲེལ་དུ། སྟོང་ཉིད་བདེན་གྲུབ་ལ་དམིགས་པ་ཐབས་མིན་ལ་ཞུགས་པར་བཤད་ནས་ཉན་རང་ཐབས་ལ་ཞུགས་པར་བཤད་པ་དང་། ལས་ཉོན་དངོས་པོ་མཚན་མར་འཛིན་པ་ལས་འབྱུང་བར་བཤད་པའི་ཕྱིར་ཞེས་སོགས་རྒྱས་པར་བཤད་ནས་སྒྲུབ་པར་བྱེད་མོད་ཀྱི། འཐད་པ་མིན་ཏེ། ཉི་ཁྲི་སྣང་བར། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན་འདིར་ཧ་ཅང་ཐལ་བ་ཅིས་ཏེ་འཚོལ་བར་བྱེད། ཅེས་པ་དང་། འགྲེལ་ཆུང་དུ། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། ཞེས་སོགས་ཀྱིས། འཕགས་པ་མཐའ་དག་ཆོས་དབྱིངས་བདེན་སྟོང་ལ་དམིགས་པར་ཁྱད་མེད་དུ་བསྟན་པ་ཡིན་ན། འདིའི་ཕྱོགས་སྔ་སྨྲ་བ་པོ། ཉན་རང་ཆོས་དབྱིངས་བདེན་སྟོང་ལ་མི་དམིགས་པར་འདོད་པའི་དངོས་སྨྲ་བ་ཡིན་པ་མི་འཐད་པར་འགྱུར་ཏེ། དམིགས་པ་དེ་རྒོལ་བ་གཉིས་ཀ་མཐུན་སྣང་དུ་གྲུབ་པའི་དཔེར། ཇི་ལྟར་དང་དེ་བཞིན་ཞེས་པའི་ཚིག་གིས་གྲུབ་འདུག་པའི་ཕྱིར། ཡང་ན་ནི་རྒོལ་བས་མ་གྲུབ་པ་དཔེར་བཀོད་པས་འཕགས་སེང་བརྒལ་བརྟག་ལ་མི་མཁས་པ་ཆེན་པོར་འགྱུར་རོ། །འོ་ན་ཅི་ཞེ་ན། དངོས་སྨྲ་ནི། སྐྱེ་མཆེད་དྲུག་པའི་ཁྱད་པར་ཞེས་དང་། དགེ་བའི་བག་ཆགས་ཞེས་སོགས། རིགས་ལ་དངོས་པོས་ཁྱབ་པར་སྨྲ་ཞིང་། དགེ་བའི་བག་ཆགས་གཏན་མེད་སྲིད་པ་སོགས་ཀྱི་སྒོ་ནས་རིགས་ཆད་འདོད་ལ། འདིར་ཆོས་དབྱིངས་རིགས་སུ་སྨྲས་པ་བློར་མ་ཤོང་ནས། རིགས་ཆད་དང་རིགས་ཐ་དད་ལ་སོགས་པའི་དབྱེ་བ་མི་འཐད་དོ་ཞེས་བརྩད་པ་ན། རྟེན་ལ་ཐ་དད་མེད་ཀྱང་བརྟེན་པའི་དབང་གིས་ཐ་དད་དུ་འབྱེད་ནུས་པའང་འགྲུབ་མོད་ཀྱི། ཐོག་མར་དངོས་མེད་དང་རིགས་ཀྱི་གཞི་མཐུན་རིག་པས་འགྲུབ་སྟེ། སྤྱིར་རིགས་སུ་འཇོག་པ་འཕགས་ཆོས་རྟོགས་པའི་རྒྱུའི་སྒོ་ནས་ཁྱོད་རང་ཡང་འདོད་ལ། འདིར་དེ་ཡང་ཉེར་ལེན་ཁོ་ནའི་དབང་གིས་གཞག་མི་དགོས་ཀྱི་དམིགས་པའི་སྒོ་ནས་ཀྱང་འགྲུབ་ཅིང་། །ཆོས་དབྱིངས་ལ་དམིགས་ཏེ་བསྒོམས་པས་འཕགས་ཆོས་རྟོགས་པའི་ཕྱིར། ཞེས་བཀོད་པ་ན། འདུས་མ་བྱས་ལ་དམིགས་པས་འཕགས་ཆོས་ཇི་ལྟར་རྟོགས་ཤེ་ན། བདག་མེད་ཕྲ་རགས་ལ་དམིགས་པས་འཕགས་ཆོས་རྟོགས་པར་ཁྱོད་རང་ཡང་འདོད་པ་ཇི་ལྟ་བ་དེ་ལྟར་རོ། །ཞེས་པའི་དོན་ཡིན་པས། གཞུང་དེ་དག་གིས་ཁྱོད་ཀྱི་འདོད་པའི་དོན་དེ་འགྲུབ་དོན་མེད་དོ། །རྒྱུད་བླ་རྩ་འགྲེལ་གྱི་དོན་ཡང་སྤྱིར་སྟོང་ཉིད་བདེན་འཛིན་སྐྱོན་ཅན་ཡིན་ན་དངོས་པོ་ཙམ་བདེན་འཛིན་ཡང་སྐྱོན་ཅན་ཡིན་དགོས་མོད་ཀྱི། དེ་ལྟར་འདོད་པས་ནི་མ་ཁྱབ་སྟེ། སེམས་ཙམ་པ་སྔ་མ་འདོད་ཀྱང་ཕྱི་མ་མི་འདོད་པས་སོ། །ཕྱི་མ་ལ་ནི། ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པའི་འགྲེལ་པར། ཉན་རང་སྟོང་ཉིད་ལྟ་བ་ལ་མིག་དང་མི་ལྡན་པར་བཤད་པས་ཉན་རང་ལ་དེ་རྟོགས་པ་མེད་དོ། །ཅེས་ཏེ་ཉན་རང་གིས་མ་རྟོགས་པར་བཤད་པས། ཉན་རང་ཡིན་ན་མ་རྟོགས་པའི་ཁྱབ་པ་མེད་དེ། སོ་སྐྱེ་དང་བྱང་སེམས་ལས་དང་པོ་པས་མ་རྟོགས་པར་བཤད་ཀྱང་དེ་ཡིན་ན་མ་རྟོགས་མི་དགོས་པ་བཞིན་ཞེ་ན། འོ་ན་ལས་ཉོན་དངོས་པོ་བདེན་འཛིན་ལས་འབྱུང་ན་དེ་ཡིན་ན་དེས་ཁྱབ་མི་དགོས་སོ་ཞེས་མཚུངས་ལ། དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་ཚུལ་ཡང་མངོན་སུམ་གྱི་དབང་དུ་བྱས་པས་སོ་སྐྱེ་སོགས་ཀྱིས་དེར་ཐལ་བ་འདོད་པ་ཡང་ཡིན་ནོ། །གཞན་ཡང་མདོ་དང་བསྟན་བཅོས་ལས། འཕགས་པའི་གང་ཟག་འདུས་སོགས་ཕྱེ་བར་བཤད་པ་ཙམ་གྱིས་མི་འགྲུབ་སྟེ། སྤྱིར་སོ་སྐྱེ་ལས་ཕྱེ་བའི་དོན་མ་ཡིན་གྱི་ཐེག་པ་གསུམ་དང་ཉན་ཐོས་ཀྱི་ཡང་འབྲས་གནས་བཞི་སོགས་དེས་ཕྱེ་ཞེས་པ་ཡིན་ལ་དེ་ནི་སྤངས་སོགས་ཚང་བའི་ཕྱིར་དང་། སོ་སྐྱེ་ལས་ཕྱེ་བ་ཡིན་ནའང་གང་ཟག་གི་བདག་མེད་ལ་ཚང་བའི་ཕྱིར་རོ། །ཆོས་ཉིད་རྟོགས་པར་བཤད་པ་ཙམ་གྱིས་ཀྱང་མི་འགྲུབ་སྟེ། གང་སོགས་ལའང་ཆོས་ཉིད་ཙམ་དུ་འདུལ་བ་ལུང་ལས་ཀྱང་མང་དུ་བཤད་ཅིང་མཛོད་ཀྱི་འགྲེལ་པར་ཡང་འབྱུང་བས་མཁས་སོགས་དང་། ཁྱད་པར། གཟུང་དོན་རྟོག་པ་སྤོང་ཕྱིར། །སོགས་དང་། དེ་ནི་མཚན་མར་དམིགས་སྒོ་ནས། །སོགས་དང་། རྒྱུད་བླའི་ཡང་། འདོད་ལྡན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་སོགས་རང་སོགས་ཕྱིར་རོ། །བཞི་པ་ནི། རང་རྒྱུད་ཀྱི་གཞུང་དེ་དག་ཏུ་དངོས་སུ་བསྟན་པའི་ཉན་རང་གི་ལམ་དེ་དག་ནི་འཕགས་ལམ་དངོས་མིན་ཏེ། དེ་འདྲའི་ལམ་གྱིས་སྲིད་པའི་རྩ་བ་བདེན་འཛིན་མི་ཆོད་པའི་ཕྱིར་ཏེ། གདུལ་བྱ་མ་ངེས་པའི་རིགས་ཅན་དྲང་བའི་ཕྱིར་དུ་གསུངས་པའི་དྲང་དོན་ཙམ་ཡིན་པས་སོ། །ལྔ་པ་ནི། འོ་ན་གཞུང་དེ་དག་ཏུ་བཤད་པའི་ལམ་གྱི་རྣམ་གཞག་རྒྱས་པ་དེ་རྣམས་དོར་བར་བྱའམ་ཞེ་ན། མ་ཡིན་ཏེ། ལྷག་པར་གུས་པས་འཇུག་བར་བྱ་བ་ཡིན་པའི་ཕྱིར་ཏེ། འཕགས་ལམ་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། དེ་དག་ཉན་རང་བྱང་སེམས་སངས་རྒྱས་ཏེ་འཕགས་སོགས་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་རྟག་ཆད་གཞན་སྤང་བ་ལ། གང་ལ་འཁྲུལ་པའི་གཞི་བཤད། དེ་ལ་འཁྲུལ་པ་རྟག་ཆད་དུ་བསྟན། རང་ལུགས་འཁྲུལ་མེད་དུ་བསྒྲུབ། དགོངས་པ་ཁྱད་པར་ཅན་གཞན་ཡང་རྟོགས་པའོ། །དང་པོ་ནི། ཇི་སྐད་བཤད་པ་འདི་དག་ནི་བསྟན་པ་འདིའི་ཆོས་འཁོར་དང་པོ་བདེན་བཞིའི་དང་། བར་པ་མཚན་ཉིད་མེད་པའི་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གསུམ་ལས་འཁོར་ལོ་སོགས་ཉིད་ཀླུ་སྒྲུབ་ཡབ་སྲས་ཀྱིས་དབུ་སོགས་བཞིན་དུ་ལེགས་པར་གཏན་ལ་ཕབ་པ་ཡིན་ཏེ། ཞེས་འཕྲོས་བཙལ་ནས་བཀའ་ཐ་མར་གཞི་ལམ་འབྲས་བུའི་ནང་ནས་ལམ་དང་འབྲས་བུ་ལ་ཟག་པའི་སྒོ་དྲུག་གང་རུང་དང་མ་འབྲེལ་བའམ་དམིགས་པ་དང་མཚུངས་ལྡན་གང་རུང་གིས་ཟག་པ་རྒྱས་པར་མི་འགྱུར་བའི་ཟག་མེད་ཀྱི་ཤེས་པ་ཡོད་པར་མ་ཟད། ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་སོགས་རྒྱ་ཆེར་གསུངས་པ་གཞི་སོགས་ཉིད་ལ་བདེ་གཤེགས་སྙིང་པོའོ་ཞེས་རྒྱས་པར་གསུངས་པ་དེ་གསང་སྔགས་སོགས་གྱུར་ཏེ། འདུས་པ་སོགས་ལ་ལར་སོགས་དང་། གཞན་ཀྱཻ་རྡོར་བདེ་མཆོག་ཏུ་སོགས་དང་། ཐེག་པ་མཐའ་དག་གི་རྩེ་མོ་དུས་ཀྱི་འཁོར་ལོར་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཞེས་ཡང་དང་ཡང་དུ་གསུངས་པ་འདི། མདོ་སྔགས་དེ་དག་ཏུ་ཁྱད་ཆོས་འཆད་པའི་ཚེ་ཡང་ཆ་མེད་དང་ཀུན་འགྲོ་དང་ཞི་ཞིང་རྟག་པ་དང་། ཆོས་དབྱིངས་དང་དོན་དམ་བདེན་པ་སྟེ་བློའི་ནུས་པ་ཞན་པ་རྣམས་འཁྲུལ་པའི་གཞི་མང་པོ་རྣམས་གསུངས་སོ། །གསུངས་ཚུལ་རྒྱས་པར་བཤད་ཟིན་པ་དང་འདིར་སྐབས་མ་ཡིན་པས་མ་སྤྲོས་སོ། །གཉིས་པ་ནི། དེ་ལྟར་གསུངས་པ་རྣམས་ཀྱི་དངོས་བསྟན་ལ་འཁྲུལ་སོགས་བྱུང་སྟེ། བདེན་སྟོང་དོན་དམ་པའི་བདེན་པ་ནི། ཕུང་པོ་རྣམ་གཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་པའི་ཆད་སྟོང་དང་བེམ་སྟོང་ཡིན་པས་སྙིང་པོ་མེད་ལ། བདེ་གཤེགས་སྙིང་པོ་མ་ཡིན་དགག་རིག་པས་བསྡུས་པ་འདི་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོངས་གྲུབ་གཅིག་པུ་ཡིན་པས་ཆ་མེད་དང་། སྒྲིབ་བྲལ་གྱི་སྲིད་པ་གསུམ་ལ་ཁྱད་མེད་དུ་ཁྱབ་པས་ཀུན་འགྲོ་དང་། རང་བཞིན་རྣམ་པར་དག་པས་ཞི་བ་དང་། རྒྱུན་རྟག་པར་མ་ཟད་སྐད་ཅིག་གིས་འཇིག་རྟེན་འབྲེལ་ལམ་འདུས་བྱས་སུ་འགྲོ་བས། འདུས་མ་བྱས་ཤིང་སྐད་ཅིག་གིས་ཀྱང་རྟག་པ་དང་། ཆོས་ཉིད་དེ་བཞིན་ཉིད་ཡིན་པ་དང་རིག་པས་དཔྱད་བཟོད་གཞོམ་མེད་ཡིན་པས་ཆོས་དབྱིངས་དང་དོན་དམ་བདེན་པ་ཡིན་ནོ་ཞེས་སོགས་རྒྱ་ཆེར་མདོ་དང་རྒྱུད་དང་སེམས་འགྲེལ་གྱི་ལུང་དུ་མ་དང་བཅས་ཏེ་སྒྲུབ་པར་བྱེད་དོ། །དེ་ཉིད་ལ་སངས་རྒྱས་ཀྱི་སའི་རྣམ་སྨིན་གྱི་ཡོན་ཏན་མཚན་སོ་གཉིས་དང་། བྲལ་བའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་དེ་སོ་གཉིས་ལ་སོགས་པ་ཐམས་ཅད་གསལ་ལ་ཡོངས་སུ་རྫོགས་པར་གདོད་མ་ནས་བཞུགས་མོད་ཀྱི། གློ་བུར་དྲི་མའི་སྦུབས་ན་བཞུགས་པ་དེ་སྦྱོང་བའི་ཐབས་སུ་ལམ་ཉམས་སུ་བླང་བར་བྱ་བ་ཡིན་ནོ་ཞེས་ཟེར་ལ། མཁས་པ་ཁ་ཅིག་ནི། དེ་ལྟ་བུ་ལ་རིག་པ་དུ་མས་གནོད་པའི་ཕྱིར་ན། མདོ་དང་བསྟན་བཅོས་ཀྱི་དངོས་བསྟན་དེ་དག་ནི་བདེན་སྟོང་ཉིད་ལ་དེར་དགོངས་པ་ཡིན་ཏེ། འགྲོ་བ་ཞི་བའི་ཆོས་ཉིད་དུ། །ཞེས་དང་། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །ཞེས་དང་། སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ནས། །ཞེས་དང་། དྲི་མེད་བཞག་དང་གསལ་མེད་ཆོས་ཉིད་ཀྱང་། ཞེས་སོགས་ཆོས་ཉིད་ཀྱི་མིང་གིས་མང་དུ་གསུངས་ཤིང་། ཁྱད་པར། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་རྒྱལ་འདིར་སླར་ཡང་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་། །ཞེས་དོགས་པ་བླངས་ནས། ལན་དུ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་བཀུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་བའི་དོན་དུ་གསུངས། །ཞེས་པས་དགོས་པ་ལྔའི་ཆེད་དུ་གསུངས་པའི་དྲང་དོན་ཡིན་པས་ཀུན་རྫོབ་ཏུ་ཡང་བདེ་གཤེགས་སྙིང་པོ་མ་ཡིན་དགག་དེ་དག་གཏན་མེད་ཡིན་ཞེས་སྨྲ་བར་བྱེད་དོ། །ལུགས་དེ་གཉིས་ནི་སྔ་མ་རྟག་པ་དང་ཕྱི་མ་ཆད་པའི་གཡང་དུ་ལྷུང་སྟེ། སྔ་མ་ལ་རྟག་པ་དང་དངོས་པོའི་གཞི་མཐུན་དང་། དོན་དམ་བདེན་པ་དང་། དངོས་པོའི་གཞི་མཐུན་དང་། སངས་རྒྱས་དང་སེམས་ཅན་གྱི་གཞི་མཐུན་ཁས་བླངས་པའི་སྐྱོན་དང་། གཙོ་བོར་རིག་པས་དཔྱད་བཟོད་ཀྱི་ཆོས་ཁས་བླངས་པས་དབུ་མ་ཆུང་ངུ་ཡང་མིན་པར་ཐལ་བ་དང་། སྟོབས་སོགས་དེ་དག་གིས་མ་རིག་པ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་བྱ་བ་མི་བྱེད་པར་འགྱུར་ལ། དཔེ་ཀོ་དམར་གྱིས་གཏུམས་པའི་རལ་གྲི་སོགས་ཀྱང་མི་འཐད་དེ། རལ་གྲིའི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར་དང་། ཕྱི་མས་ནི། དེ་མདོ་ལས་ཟག་པ་མེད་པའི་ཤེས་པ་དང་། བདེ་གཤེགས་སྙིང་པོ་དང་། རྒྱལ་བའི་མྱུ་གུ་དང་། ཞི་བའི་ཡིད་ལ་སོགས་པས་གསུངས་ཤིང་། ཁྱད་པར་སྔགས་ལས་རྟོགས་ཡེས་ཆོས་སྐུ་དང་ལོངས་སྐུའི་ཉེར་ལེན་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། ཤིན་ཏུ་ཕྲ་བའི་རླུང་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སུ་གསུངས་པ་ཐམས་ཅད་ལ་སྐུར་པ་བཏབ་པས། མཐར་ཐུག་ངེས་དོན་གྱི་གསུང་རབ་ཐམས་ཅད་དྲང་དོན་དུ་ཁས་བླངས་པའི་ཕྱིར་རོ། །རྒྱས་པར་དུས་ཀྱི་འཁོར་ལོའི་མཐའ་དཔྱོད་སོགས་སུ་བཤད་ཟིན་ཏོ། །གསུམ་པ་ནི། དེ་ལྟ་བས་ན། གཞན་རྣམས་དོགས་པ་ཆུང་ལ་རྟག་པ་དང་ཞི་བ་དང་བདེན་པ་དང་ཆོས་དབྱིངས་ཀྱི་མིང་གིས་བསྟན་པའི་རྒྱུ་མཚན་ཡོད་དེ། རིམ་པ་ལྟར་སྐད་ཅིག་སོགས་དང་། དྲི་སོགས་དང་། རིགས་སོགས་དང་། ཡང་དག་པའི་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་མིན་སོགས་ཕྱིར་རོ། །དེས་ན་བདེ་གཤེགས་སྙིང་པོ་མ་ཡིན་དགག་འདི་ནི་དོན་དམ་པའི་གནས་ལུགས་རིག་ཤེས་ཀྱིས་རྙེད་དོན་མིན་ཡང་ཐ་སོགས་ཏེ། ཐ་སྙད་ཙམ་དུ་རྒྱུན་གྱི་རང་བཞིན་མི་འགྱུར་བའི་ཕྱིར། ཁྱབ་སྟེ། མེའི་རང་བཞིན་ཚ་བ་ཞེས་སོགས་གྲགས་ཀྱང་འཁྲུལ་སོགས་ཙམ་དུ་ཟད་དེ། རྒྱུན་གྱི་རང་བཞིན་གཞན་དུ་འགྱུར་བའི་ཕྱིར་ཏེ། སངས་རྒྱས་སོགས་ནུས་ལྡན་གྱི་བློ་མ་འཁྲུལ་བ་ལ་བསིལ་བར་སྣང་ཞེས་ཀུན་ལ་གྲགས་པའི་ཕྱིར་རོ། །དེས་འཁོར་ལོ་བར་པའི་དངོས་བསྟན་ལ། ཆོས་ཅན་བསླུ་མེད་མེད་ཀྱང་ཐ་མ་དང་སྔགས་ལ་བལྟོས་ནས་ཆོས་ཅན་སོགས་ཏེ། རྒྱུན་བསླུ་མེད་ཙམ་དུ་གྲུབ་པའི་ཕྱིར་ཏེ། སེམས་མེད་ཀྱི་གནས་སྐབས་ཀུན་དང་། མཉམ་གཞག་ཡེ་ཤེས་ཀུན་དང་། སངས་རྒྱས་ནས་ཀྱང་རྒྱུན་འཆད་མ་མྱོང་ཞིང་འཆད་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་སོགས་བསླུ་སྟེ། འདུས་བྱས་ཡིན་པས་སྐད་ཅིག་གཉིས་པར་མི་སྡོད་པས་སོ། །བཞི་པ་ནི། གསུང་རབ་མཐོན་པོ་དེ་དག་ལས། སངས་རྒྱས་སོགས་གསུངས་པའི་རྒྱུ་མཚན་ཡོད་དེ། སྒྲུབ་སོགས་ནས་གསུངས་པའི་ཕྱིར་ཏེ། ཆོས་ཅན་བསླུ་མེད་འདི་སོགས་གཉིས་རིམ་པ་བཞིན་སྣང་བའི་དམིགས་ཡུལ་དང་འཛིན་སོགས་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་གཞི་ནས་ཡོད་ཅེས་ཀྱང་གསུངས་པ་ལ་རྒྱུ་མཚན་ཡོད་དེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གཞི་དུས་ནས་སངས་རྒྱས་ཀྱི་ཡོན་ཏན་དེ་དག་ནུས་པའམ་ཉེར་ལེན་གྱི་ཚུལ་གྱིས་གནས་པའི་ཕྱིར་ཏེ། འདི་སོགས་པས་ན་སྟེ། རྣམ་འགྲེལ་ལས་ཀྱང་། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་དང་། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་སོགས་གསུངས་པ་ལྟར་རོ། །བཞི་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྙིང་པོ་འདིའི་སོགས་ལ་ཐེག་པ་དང་གྲུབ་སོགས་བཞག་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ནོར་བུ་མཁན་མཁས་པས་དྲི་མ་ཇེ་ཕྲར་སྦྱོང་བའི་དཔེས། འཁོར་ལོ་གསུམ་དང་སྦྱར་ཞིང་སྔགས་ནི་གསུམ་པའི་ལམ་གྱི་གྲོགས་དང་རྒྱབ་བསྣོན་དུ་སྦྱར་ཏེ། འོག་མ་རྣམས་ཀྱི་སྟེང་དུ་བསྣོན་པར་འདོད་པས། འཁོར་ལོ་ཐ་མ་དང་སྔགས་སུ་དང་པོ་གཉིས་སྤོང་བར་འདོད་པ་དང་ཆེས་ཁྱད་པར་ཆེ་བས་མ་འཁྲུལ་བར་བྱའོ། །མི་སྣོན་པར་འདོར་བར་འདོད་པ་ལ་ནི། དཔེའི་ཕྱི་རགས་པ་རྣམས་ཀྱིས་ཐ་མ་ལ་མི་ཕན་གྱི་སྟེང་དུ་གནོད་པར་འདོད་དགོས་པར་འགྱུར་རོ། །དེས་ན་འཁོར་ལོ་དང་པོ་ནི་གནས་སྐབས་གསུམ་གྱི་དང་པོ་དང་། ཐ་མ་གཉིས་ནི། གནས་སྐབས་གཉིས་པ་ལ་དོན་དམ་ཚད་མས་དཔྱད་པ་དང་ཐ་སྙད་པས་ཅུང་ཟད་དཔྱད་པའི་དབང་དུ་བྱས་པའོ། །དེ་ལྟར་ན་འདུལ་བ་དང་མདོ་སྡེ་དང་རྡོ་རྗེ་ཐེག་པ་རྣམས་ཀྱི་དངོས་བསྟན་གྱི་སྤང་བྱ་འཁོར་བ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་དང་། ཉོན་མོངས་ཀྱི་ཉོན་མོངས། ལས་ཀྱི་ཉོན་མོངས། སྐྱེ་བའི་ཉོན་མོངས་ཏེ་ཀུན་ཉོན་གསུམ་དང་། རང་བཞིན་གྱི་སྡིག་པ་ལུས་ངག་གི་བདུན་དང་། ཡིད་ཀྱི་གསུམ་དང་། དེ་གསུམ་གྱི་ཆ་ཤས་ཁྱད་པར་ཅན་ཏེ་གསུམ་རྣམས་རིམ་པ་བཞིན་ཡིན་ལ། གསུམ་པོ་འདི་ལས་གདུལ་བྱ་དམན་པ་སོ་སོ་ཐར་པའི་དང་འབྲིང་བྱང་ཆུབ་སེམས་དཔའི་དང་མཆོག་རྡོ་རྗེ་ཐེག་པའི་གདུལ་བྱ་གསུམ་དུ་བཞག་པར་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ། རྣམ་གཞག་གསུམ་ཚན་གསུམ་བཤད། དེའི་གསལ་ཁ་གསར་བྱུང་དུ་བསྟན། དེ་ལྟར་འཆད་དགོས་པའི་རྒྱུ་མཚན་བཤད། སྔགས་ལམ་རྒྱས་པ་གཞན་དུ་ཤེས་པར་བྱ་བའོ། །དང་པོ་ནི། སྤྱིར་འཁོར་བ་གསུམ་གྱི་ནང་ནས་རགས་པའི་མཚན་གཞི་ནི། དག་པ་རྣམ་བྱང་གི་ཟླས་དྲངས་པའི་མ་དག་ལས་ཉོན་གྱིས་བསྐྱེད་པའི་སྐྱེ་འཆི་ཡིན་ཏེ། དེ་གང་ལ་ལྡན་པའི་ཉན་རང་དགྲ་བཅོམ་ལྷག་བཅས་པ་མན་དང་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་པ་མན་ཆད་ནི། རགས་པའི་འཁོར་བ་པའོ། །ཡ་མ་བྲལ་བ་དེ་དག་ལ་ལས་ཉོན་གྱིས་སྐྱེ་བ་གསར་ལེན་མེད་ཀྱང་། ཟག་བཅས་ལས་ཀྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་འདོར་མ་ནུས་པར་རྒྱུད་ལ་ལྡན་པའི་ཆ་ནས་འཇོག་གོ །འཁོར་བ་རགས་པ་འདིའི་རྩ་བ་ནི་ཉོན་མོངས་བདེན་འཛིན་དང་མཚུངས་པར་ལྡན་པ་ཅན་གྱི་རྨོངས་པ་མ་རིག་པ་ཡིན་པས། ཉན་རང་དགྲ་བཅོམ་གྱིས་འཁོར་བའི་རྩ་བ་བཅད་པའི་སྒོ་ནས་རྣམ་པར་གྲོལ་ཡང་སྡུག་བསྔལ་དང་ལས་ཀྱི་ཀུན་འབྱུང་གི་ལྷག་མ་དང་བཅས་པའོ། །འཁོར་བ་ཕྲ་བའི་མཚན་གཞི་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་དག་པ་རྣམ་པར་བྱང་བའི་སྐྱེ་འཆི་ཡིན་ཏེ། ཉན་རང་ལྷག་མེད་དུ་ཞུགས་པ་དང་བྱང་སེམས་མཐོང་ལམ་ཐོབ་ཟིན་ནས་ས་བཅུ་པ་ལ་གནས་པའི་བར་རོ། །འདི་དག་གིས་ལས་ཉོན་གྱི་སྐྱེ་འཆི་ཟད་པར་སྤངས་ཏེ། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གི་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །འཁོར་བ་འདིའི་རྩ་བ་ནི་བཀའ་འཁོར་ལོ་ཐ་མར་གསུངས་པའི་མ་རིག་བག་ཆགས་ཀྱི་སའོ། །དེས་ན་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་དང་། ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་རྣམས་ལ་དག་པ་རྣམ་བྱང་གི་སྐྱེ་འཆི་ཞེས་བྱ་ལ། དེ་ཡང་ས་བཅུ་པའི་བར་དུ་ཇེ་ཕྲར་འགྲོ་བ་ཞིག་སངས་རྒྱས་ཀྱི་སར་མ་ལུས་པར་སྤངས་པས་རྟག་བརྟན་ཞི་བ་གཡུང་དྲུང་དང་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པ་ཞེས་འཁོར་ལོ་ཐ་མའི་མདོ་དང་བསྟན་བཅོས་ལས་རྒྱ་ཆེར་གསུངས་སོ། །འཁོར་བ་ཤིན་ཏུ་ཕྲ་བ་ནི་རང་ལམ་གྱི་སྒྲིབ་གཉིས་མ་ལུས་པར་སྤངས་ཀྱང་རང་ལམ་དུ་སྦས་པ་སྔགས་ལམ་དུ་ཕྱུང་བའི་བེམ་ཆོས་ཕྲ་མོ་མ་སྤངས་པ་ཕར་ཕྱིན་ཐེག་པ་རྐྱང་པའི་སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། འདིའི་ཐུགས་རྒྱུད་ལ་རྡོ་རྗེ་ཐེག་པར་བསྟན་པའི་གཉེན་པོའི་མཐར་ཐུག་བདེ་ཆེན་གྱི་ཡེ་ཤེས་མ་འཁྲུངས་པའི་ཕྱིར་རོ། །འཁོར་བ་འདིའི་རྩ་བ་ནི་རླུང་དང་ཁམས་འཕོ་བའི་ཆགས་པའམ་འགྱུར་བ་དེ་ཕྲ་མོ་ཡིན་ཏེ། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང་། །ཞེས་སོགས་མང་དུ་གསུངས་ལ། དེ་ཡང་སྤང་བྱ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། སྟོང་བརྒྱད་བརྒྱ་པ་ཕྲག་བཅུ་གཉིས་སུ་བསྡུས་པ། གཉིས་པོ་མི་འགྱུར་བའི་བདེ་ཆེན་དེ་གྲངས་དེ་སྙེད་ཀྱིས་སྤང་བྱའི་ས་བོན་རྣམས་བཅོམ་ནས། རྡོ་རྗེ་སྙིང་པོ་རྒྱན་རྒྱུད་སོགས་ནས་གསུངས་པའི། ས་དང་པོ་ཀུན་ཏུ་འོད་དང་། གཉིས་པ་ཟླ་བའི་འོད་དང་གསུམ་པ་ཉི་མའི་འོད་ལ་སོགས་པ་དེ་བཞིན་གཤེགས་པའི་ས་བཅུ་གཉིས་རིམ་པ་བཞིན་དུ་བསྐྱེད་པར་གསུངས་པའི་ཕྱིར་རོ། །འདི་ལ་རྒྱ་བོད་ཀྱི་མཁས་པ་ཕལ་ཆེར། སྔགས་ལ་མ་བརྟེན་པར་ཕར་ཕྱིན་ཐེག་པ་རྐྱང་པས་ཀྱང་འཚང་རྒྱ་བར་བཞེད་པ་ནི་ལེགས་པ་ཡིན་ཏེ། ཉན་རང་རྐྱང་པའི་ལམ་གྱིས་དགྲ་བཅོམ་ཐོབ་པ་བཞིན་ནོ། །དེས་ན་ཐེག་པ་མཐའ་དག་ལ་བལྟོས་པའི་མཐར་ཐུག་གི་སངས་རྒྱས་འཐོབ་པར་བཞེད་པ་ནི་མི་ལེགས་ཏེ། ཉན་རང་རྐྱང་པའི་ལམ་གྱིས་མཐར་ཐུག་གི་དགྲ་བཅོམ་མི་ཐོབ་པ་བཞིན་ནོ། །དེས་ན་སེམས་འགྲེལ་སྐོར་གསུམ་དང་། འཇམ་དཔལ་ཞལ་ལུང་སོགས་ལས་སྔགས་ལམ་གྱི་སྣོན་པ་མེད་པར་ཕར་ཕྱིན་ཐེག་པ་རྐྱང་པས་མཐར་ཐུག་གི་སངས་རྒྱས་མི་འཐོབ་པར་གསུངས་པ་ལ་བརྟེན་ནས། ཕྱིས་ཀྱི་མཁས་པ་དག ཕར་ཕྱིར་ཐེག་པ་རྐྱང་པའི་སངས་རྒྱས་ཙམ་ཡང་མི་སྲིད་དེ། སྤང་བྱ་ཤིན་ཏུ་ཕྲ་པ་ནི་ཕར་ཕྱིན་ནས་བཤད་པའི་རྒྱུན་མཐའི་དྲི་མ་ཕྲ་མོ་ཡིན་ལ། དེ་སྒོམ་ལམ་ཆེན་པོའི་ཆེན་པོས་སྤོང་བར་མ་ནུས་ནས་སྔགས་ལམ་སྣོན་པ་ཡིན་པས། འོ་སྐོལ་གྱི་སྟོན་པས་ས་བཅུ་པའི་ཡེ་ཤེས་བརྙེས་ཟིན་པའི་རྗེས་སུ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། རིམ་པ་བཞི་པའི་འོད་གསལ་ཞེས་བྱ་བ་སྔགས་ཀྱི་མཐོང་ལམ་དང་། དེའི་རྗེས་སུ་སློབ་པའི་ཟུང་འཇུག་ཅེས་བྱ་བ་སྒོམ་ལམ་སྟེ་རིམ་པ་དེ་གཉིས། ཕར་ཕྱིན་ཐེག་པའི་ལམ་མཐར་ཐུག་གི་མཐར་བསྣན་པ་ཡིན་པས་ཕར་ཕྱིན་ཐེག་པ་བ་སྔགས་ལ་འཇུག་པའི་མ་མཐའ་ངེས་པ་མེད་ཀྱང་། ཡ་མཐའ་བ་ནི་ས་བཅུ་པ་ལས་མཐོ་མི་སྲིད་པ་དང་། དེ་སྔགས་ལ་འཇུག་ན་སྔགས་ཀྱི་ཚོགས་སྦྱོར་གྱི་དོད་ཐུབ་ལེགས་པར་གྲུབ་ཟིན་པས་མཐོང་ལམ་ལས་དམའ་མི་སྲིད་པ་ཡིན་ནོ་ཞེས་པ་འདི་རྣམས་ལེགས་བཤད་ཁྱད་པར་ཅན་དུ་གྲགས་མོད། འདི་ལ་ནི། སྒོམ་ལམ་ཆེན་པོའི་ཆེན་པོས་ངོ་སྐལ་གྱི་སྤང་བྱ་སྤོང་མི་ནུས་ན། སྒོམ་ལམ་གཞན་བརྒྱད་ཀྱིས་ཀྱང་མི་ནུས་པར་ཐལ་བ་དང་། ཕར་ཕྱིན་ཐེག་པ་ལ་བྱང་ཆུབ་མེད་ན་དེ་ལ་དམིགས་པའི་སེམས་སྐྱེད་ལོག་ཤེས་སུ་ཐལ་བ་དང་། སྔགས་ཀྱི་མཐོང་ལམ་ཡིན་ན་རང་ལམ་གྱི་ཚོགས་སྦྱོར་སྔོན་དུ་སོང་བས་ཁྱབ་པར་ཐལ་བ་དང་། ཀུན་ཏུ་འོད་ལས་གོང་ན་གཞན་མེད་ན་དེ་མ་མཐར་བྱས་པའི་ས་བཅུ་གཉིས་མི་འཐད་པར་ཐལ་བ་དང་། སྔགས་ལ་ཕར་ཕྱིན་ན་མེད་པའི་གཉེན་པོ་ཞིག་ཡོད་ན་དེ་འདྲའི་སྤང་བྱ་ཞིག་ཡོད་པར་ཐལ་བ་རྣམས་རྟགས་བསལ་དངོས་འགལ་གྱི་ཐལ་འགྱུར། ཁྱབ་པ་ལ་སངས་རྒྱས་ཀྱིས་ཀྱང་སྐྱོན་མི་རྙེད་པ་ཡིན་ན་ཇི་ལྟར་ལེགས་བཤད་དུ་འགྱུར་གཟུ་བོའི་རྣམ་དཔྱོད་ཀྱིས་རྟོགས་ཤིག རྒྱུ་མཚན་དེ་དག་འཁྲུལ་པ་མེད་པ་དེའི་ཕྱིར་འོག་སོགས་བཙལ་དགོས་ལ། དགོས་པ་དེའི་ཕྱིར་ཉན་སོགས་འགལ་ཏེ། རྒྱུ་མཚན་ཀུན་ནས་ཀུན་ཏུ་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ། ཉོན་མོངས་ཀྱི་དང་ལས་ཀྱི་དང་སྐྱེ་བའི་ཉོན་མོངས་གསུམ་པོ་རིམ་པ་བཞིན་འདུལ་སོགས་གཙོ་བོ་ཡིན་ཏེ། རིམ་པ་བཞིན་དུ། རྩ་བ་ཉོན་མོངས་ཉིད་སྤང་དགོས་ཀྱི། སྡུག་བསྔལ་གྱི་ཕུང་པོ་གྲུབ་ཟིན་སྤང་མི་ནུས་ཤིང་། ལས་སྒྲིབ་སྦྱོང་བ་ཡང་ལས་ཟད་དུབ་པ་དོན་མེད་དུ་གསུངས་པའི་ཕྱིར་དང་། ལས་ཀྱི་སྒྲིབ་པ་ཡང་ཆེད་དུ་གཉེར་ནས་སྦྱང་དགོས་ཤིང་། སྦྱང་ཐབས་ཀྱང་སྟོབས་བཞིའི་བཤགས་པ་སོགས་དུ་མ་གསུངས་པའི་ཕྱིར་དང་། ཐ་མལ་རྣམ་རྟོག་རྒྱུན་ལས་མ་གཏོགས་པའི། །འཁོར་བའི་སྡུག་བསྔལ་ཞེས་བྱ་གཞན་མེད་པས། །དེ་དང་རྣམ་པ་འགལ་བར་གྱུར་བའི་སེམས། །དེ་ནི་མངོན་སུམ་ཉིད་དུ་རྟོགས་པར་བྱ། །ཞེས་ཐ་མལ་སྣང་ཞེན་གྱི་རྟོག་པ་ཉིད་འཁོར་བའི་སྡུག་བསྔལ་གྱི་མཚན་གཞི་ཡིན་ལ། དེ་བསྐྱེད་རིམ་ཉིད་ཀྱིས་ཀྱང་འཛིན་སྟངས་འགལ་བའི་སྒོ་ནས་སྡུག་བསྔལ་གྱི་ཕུང་པོ་སངས་རྒྱས་ཀྱི་སྐུར་བསྒྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྡིག་པ་གཟུགས་སོགས་གསུམ་དང་དེ་གསུམ་གྱི་ཆ་ཤས་ཁྱད་པར་ཅན་བླ་མའི་རྫས་དང་ཆུང་མ་སོགས་ལ་བརྣབ་སེམས་དང་། བླ་མ་ལ་གནོད་པར་སེམས་པ་དང་། རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ་སོགས་རྣམས་རིམ་པ་བཞིན་དུ་དེ་གསུམ་གྱི་སྤང་བྱའི་གཙོ་བོ་ཡིན་ཏེ། འདུལ་བ་ནས་ལུས་ངག་གི་བདུན་ལ་གནང་བ་གཏན་མི་སྲིད་ཅིང་ཡིད་ཀྱི་གསུམ་ལ་སྡིག་པ་འབྱུང་ཡང་ལྟུང་བ་མ་བཅས་པའི་ཕྱིར་དང་། བྱང་སེམས་ལ། སྙིང་བརྩེར་བཅས་ན་མི་དགེ་མེད། །ཅེས་ལུས་ངག་གི་བདུན་ལ་གནང་བ་ཡོད་ཅིང་ཡིད་ཀྱི་གསུམ་པོའི་ཆ་ཤས་ཙམ་ཡང་མ་གནང་བར་ལྟུང་བ་ཡང་དེ་གསུམ་གྱི་སྟེང་དུ་བཅས་པའི་ཕྱིར་དང་། སྔགས་ལ་དབང་དང་དྲག་པོའི་ལས་ཀྱི་ཚེ་རང་དོན་ཅུང་ཟད་འདྲེས་སྲིད་ཀྱང་གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་དུས་ཀྱི་ཀུན་སློང་གི་ཚེ་བརྣབ་སེམས་དང་གནོད་སེམས་དང་སེམས་ཅན་སངས་རྒྱས་སུ་སྒོམ་པ་སོགས་གནང་བར་མ་ཟད་སྒྲུབ་དགོས་ལ། ཡུལ་ཁྱད་པར་ཅན་ལ་བརྟེན་པ་རྣམས་ནན་གྱིས་བཀག་པའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་བཤད་པའི་རྣམ་གཞག་འདི་དག་ཐུབ་པའི་བསྟན་པ་འདི་ལ་དོན་སྟེང་ན་གནས་ཏེ། བཤད་མ་ཐག་པའི་རྒྱུ་མཚན་རྣམས་རྒྱལ་བའི་དགོངས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འཁོར་བ་གསུམ་ལ་སོགས་པ་གསལ་བར་དངོས་སུ་ཐོན་པའི་རྣམ་དཔྱོད་རང་ལ་ལྡན་ཀྱང་གཞན་ངོར་སྟོན་མཁན་ནི་སྔར་མ་བྱུང་སྟེ། རྒྱན་དྲུག་མཆོག་གཉིས་ཀྱིས་ཀྱང་མ་མཛད་པའི་ཕྱིར་རོ། །དེ་ཕྱིར་སོགས་ནི་རློམ་སེམས་དང་ཞུམ་སེམས་གཉིས་ཀས་བསྐྱེད་པའི་ཚིག་གོ །གསུམ་པ་ནི། སྔར་གྱི་འདོད་པ་ལ་གནོད་བྱེད་བརྗོད་པ་སྟེ། མདོ་སྔགས་འབྲས་བུ་སངས་རྒྱས་འགྲུབ་པ་ལ་ཉེ་ལམ་དང་རིང་ལམ་ཙམ་དུ་གཟུང་བར་བྱའི་སྔགས་ཀྱི་སྣོན་པ་དགོས་པར་མ་སྨྲ་ཞིག གལ་ཏེ་སྔགས་ནས་སྒོས་སུ་གསུངས་པའི་གཉེན་པོ་བདེ་ཆེན་དེས་སྤང་བྱའི་ས་བོན་ཞིག་སྤོང་དགོས་པ་ཡིན་ན་ནི་མདོ་ཕྱོགས་སུ་མ་བཤད་པའི་སྤང་བྱ་ཞིག་ཀྱང་ཡོད་དགོས་པས་མདོ་སྡེར་སོགས་རྟོགས་སོ། །བཞི་པ་ནི། རྡོ་རྗེ་སོགས་ཏེ། དུས་ཀྱི་འཁོར་ལོའི་སྤྱི་དོན་ཆེན་མོ་བསྟན་པའི་རྒྱ་མཚོ་སོགས་ལ་བལྟ་བར་བྱའོ། །གྲུབ་སོགས་ལེའུ་ལྔ་པ་བཤད་པའོ། །གསུམ་པ་བཤད་པ་མཐར་ཕྱིར་པའི་བྱ་བ་ལ། བཀའ་དྲིན་གྱི་ཕྱག་བྱ། གཞུང་འདིར་འཇུག་པར་གདམས། དེའི་རྒྱུ་མཚན་བརྗོད། ནོངས་པ་བཟོད་པར་གསོལ། དགེ་རྩ་གཞན་ལ་བསྔོ། གཞུང་བྱེད་ཀྱི་མིང་དུས་བསྟན་པ་རྣམས་ཏེ་རྟོགས་པར་སླའོ། །གང་གི་དྲིན་ལས་སྲིད་ཞིའི་སྣང་བ་ཀུན། །གཏི་མུག་གཉིད་ཀྱིས་བསླད་པའི་རྨི་ལམ་སྟེ། །གཉིད་སང་ཚེ་ན་སྤྲོས་ཀུན་ཉེར་ཞི་བར། །ལེགས་རྟོགས་བློ་མཆོག་རྩོལ་དེར་ཕྱག་བགྱིད་དོ། །རྨོངས་ཆེན་གཉིད་ཀྱིས་བསླད་པའི་རྨི་ལམ་དང་། །ལས་ཉོན་སྔགས་ཀྱིས་བསྐྱེད་པའི་སྒྱུ་མ་དང་། །དངོས་འཛིན་གདོན་གྱིས་གཟིར་བའི་སྨྲ་བརྗོད་ལ། །བདེན་པར་རློམ་པའི་མ་རྒན་འགྲོ་བ་རྣམས། །ཐོག་མེད་དུས་ནས་འཁོར་བའི་རྒྱ་མཚོར་གཡེངས། །སྡུག་བསྔལ་ཆུ་སྲིན་ཆེན་པོས་ཡང་ཡང་གཙེས། །བཟོད་དཀའ་ངན་འགྲོའི་ཀློང་འཁོར་ནང་དུ་ལྷུང་། །འདི་དག་འཁྲུལ་བའི་སྣང་བས་བསླུས་མཐོང་ནས། །འཁྲུལ་བྲལ་རྒྱལ་བའི་གསུང་ལ་གཅེས་པར་བཟུང་། །འཕགས་མཆོག་ཤིང་རྟ་ཆེ་རྣམས་བཞེད་པའི་གཞུང་། །ཉིན་མཚན་ཆད་པ་མེད་པར་རྒྱུན་ཏུ་སྦྱངས། །ཁྱད་པར་ཀླུ་སྒྲུབ་གཞུང་མཆོག་སྙིང་ལ་བཅངས། །རང་གཞན་གྲུབ་མཐའི་རྒྱ་མཚོ་ཆེ་བརྒལ་ནས། །མཐའ་བྲལ་བསམ་འཕེལ་དབང་གི་རྒྱལ་པོ་རྙེད། །ལུང་དང་རིག་པའི་བྱི་དོར་ཆེར་བྱས་ཏེ། །ཐུབ་བསྟན་རྒྱལ་མཚན་རྩེ་ལ་ལེགས་པར་བཀོད། །ཕན་བདེ་འདོད་རྒུའི་ཆར་ཆེན་ཕབ་པ་འདི། །ཡང་དག་ལྟ་བའི་འབྱོར་པ་འདོད་ལ་སོགས། །དོན་གཉེར་སྐྱེ་བོ་ཀུན་གྱིས་ལོངས་སྤྱོད་མཛོད། །ལྟ་ངན་དབུལ་འཕོངས་མཐའ་དག་ཞི་གྱུར་ཅིག །འདིར་འབད་དགེ་དང་རང་གཞན་དགེ་བ་ཡི། །ཉིན་བྱེད་དབང་པོ་ལྷག་བསམ་རྟ་བདུན་གྱིས། །ཐུབ་བསྟན་མཁའ་ལ་ཐོགས་མེད་དྲངས་ནས་ནི། །ལྟ་ངན་མུན་པ་མཐའ་དག་སེལ་གྱུར་ཅིག །དགེ་ལེགས་ཀུན་འབྱུང་དཔལ་ལྡན་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་སྐྱབས་གསུམ་ལྷག་པའི་ལྷ། །བར་ཆད་ཀུན་སེལ་མཐུ་ལྡན་སྲུང་མ་སྟེ། །མཆོད་འོས་ཀུན་གྱིས་བཀྲ་ཤིས་དགེ་ལེགས་མཛོད། །ཅེས་གྲུབ་མཐའ་ཀུན་ཤེས་ཀྱི་རྣམ་པར་བཤད་པ་ལེགས་བཤད་ཀྱི་རྒྱ་མཚོ་ཞེས་བྱ་བ་འདི། ལུང་དང་རིག་པའི་དཔལ་འབྱོར་གྱིས་རྣམ་པར་རྩེ་བའི་བཤེས་གཉེན་དུ་མས་བསྐུལ་ནས། རྩ་བ་བྱེད་པ་པོ་རང་ཉིད་ཀྱིས་རྒྱས་བསྡུས་འབྲིང་པོ་ཙམ་དུ་ལེགས་པར་སྦྱར་བ་དགེ་བར་གྱུར་ཅིག།  །།ཤེས་བྱར་སྲིད་ཀུན་མང་ཐོས་གསེར་སྒོང་དུ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པ་ཚངས་པའི་སྤུན། །འཇིག་རྟེན་མིག་གཅིག་སྟག་ཚང་ལོ་ཙཱ་བ། །ངེས་པ་དོན་ལྡན་མ་ཧཱ་པཎྜི་ཏ། །གང་གི་ཕྱི་ནང་གྲུབ་མཐའི་དབྱེ་བ་དང་། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་ཚོགས། །ཀུན་གྱི་གནས་ལུགས་མཚོ་ལ་བྱད་ལྟར་དུ། །མཐོང་ནས་གླེགས་བམ་འདི་ཀོས་ཆོས་རྣམས་ཤེས། །རྨོངས་གཞན་མུན་པའི་ཁུང་བུར་བག་ཕབ་ནས། །ཕྱོགས་ལྷུང་ལྕེ་གཉིས་རྐྱོང་མིན་བློ་གྲོས་བྱ། །གཙུག་ལག་ནམ་མཁའི་ཕ་མཐའ་གཞལ་འདོད་པའི། །གཟུར་གནས་བློ་ལྡན་ཀུན་དགའ་སྐྱེད་པའི་ཡུལ། །སྔོན་བྱོན་མཁས་པའི་ལེགས་བཤད་ཡིད་བཞིན་ནོར། །ལམ་ཁའི་རྡོ་བ་ལྟ་བུར་དོར་བྱས་ནས། །དེང་དུས་ཆེར་རློམ་ངག་སྒྲོས་མཆིང་བུ་ལ། །རིན་ཐང་གཞལ་བའི་ཚུལ་དེས་མཆི་མ་དཀུ། །འོན་ཏེ་བླང་དོར་ཤེས་པ་སྲིད་པའི་ཕྱིར། །དཔྱོད་ལྡན་མང་བར་ཕན་འདོད་ལྷག་བསམ་གྱིས། །ཚད་མེད་ཆོས་སྦྱིན་སྤེལ་འབྲས་ཚེ་རབས་ཀུན། །གསལ་མྱུར་ཟབ་པའི་ཤེས་རབ་འཐོབ་པར་ཤོག །ཅེས་འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་གཉིས་ཀྱི་བར་བློ་གསལ་མང་པོར་ཕན་འདོད་ཀྱི་བསམ་པས་ཀུན་ནས་བླངས་ཏེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།།  །།མངྒ་ལཾ།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

 

བརྒྱུད་སྐུལ།

མཆན་སྤེལ།