སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག

སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག

སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ལ་ན་མོ།

 

 

ངོ་སྤྲོད།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ1653ལོར་འཁྲུངས།  རྒྱལ་དབང་ལྔ་བ་སོགས་ལས་ནང་བསྟན་དང་ཆབ་སྲིད་སྐྱོང་ལུགས་སོགས་ལ་སྦྱངས།  སྤྱི་ལོ1679ལོར་རྒྱལ་དབང་ལྔ་བ་ཆེན་པོའི་བཀའ་བཞིན་སྡེ་སྲིད་དུ་བསྐོས་ཏེ་གང་མཛད་རྒྱལ་དབང་གི་མཛད་པ་དང་ཁྱད་པར་མེད་ཚུལ་བསྒྲགས།  ལོ་ཉེར་དྲུག་གི་རིང་སྡེ་སྲིད་བྱས།  སྲིད་འཛིན་གྱི་ལས་ཁང་གང་མང་བཙུགས་ཏེ་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་གསར་དུ་བརྩམས།  སྤྱི་ལོ1690ལོར་རྩེ་ཕོ་བྲང་དམར་པོ་བཞེངས་འགོ་བཙུགས།  ལྕགས་པོ་རི་བཻཌཱུརྱ་འགྲོ་ཕན་རིག་བྱེད་གླིང་སོགས་དགོན་གནས་ཆེ་ཆུང་ཁག་གང་མང་ཕྱག་བཏབ།  རྒྱུད་བཞིར་ཞུ་དག་མཛད་དེ་དཔར་སྐྲན་མཛད།  གསུང་རྩོམ་སྐོར་ལ་པོད་བཅུ་གཅིག་ཙམ་བཞུགས།  སྤྱི་ལོ1682ལོར་རྒྱལ་དབང་ལྔ་བ་ཆེན་པོ་ཞི་བར་གཤེགས་པ་ནས་གསང་རྒྱ་ཡུན་རིང་བྱས།  སྤྱི་ལོ1697ལོར་གསང་རྒྱ་གྲོལ་ནས་ཚངས་དབྱངས་རྒྱ་མཚོ་སྲིད་ཁྲིར་མངའ་གསོལ་བ་སོགས་སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་ཁོ་ན་མཛད།  དགུང་ལོ་ང་གསུམ་པ་སྤྱི་ལོ1705ལོར་ལྷ་བཟང་ཁཱང་གིས་བཀྲོངས།  སྲས་གསུམ་དང་སྲས་མོ་གཅིག་ཡོད་དོ། །

སྡེ་སྲིད་ཀྱི་འགན་བཞེས་པ།

ཁོང་དགུང་གྲངས་ཉེར་བདུན་དུ་སོན་པ་ས་ལུག་སྤྱི་ལོ1679ལོའི་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་རྒྱལ་དབང་ལྔ་པ་ཆེན་པོས་ཁོང་སྡེ་སྲིད་དུ་བསྐོས་ཐོག་བཅའ་ཡིག་ཕྱག་རྗེས་ཀྱིས་བརྒྱན་པ་བསྩལ་ཏེ་བོད་སེར་སྐྱ་ཚང་མར་ཤེས་སུ་བཅུག བཅའ་ཡིག་འདི་ནི་ད་ལྟ་པོ་ཏ་ལའི་སུམ་སྐས་མགོར་བྲིས་པ་དེ་ཡིན།  སྡེ་སྲིད་སྔོན་མ་ལྟར་སྲིད་ཁོ་ན་འཛིན་པ་མིན་པར་རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་ལྟར་ཆོས་དང་འཇིག་རྟེན་ཀུན་ལ་བླ་མའི་རྗེས་འཛིན་ལེགས་པར་མཛད།  ཁོང་སྡེ་སྲིད་ཀྱི་གོ་སར་བཞུགས་ནས་ལོ་ལྔའི་བར་རྒྱལ་དབང་ལྔ་པ་ཆེན་པོ་འཚོ་ཞིང་བཞུགས་ཡོད་སྟབས།  ཆོས་སྲིད་གང་ཐད་རྒྱལ་དབང་ལྔ་པ་ཆེན་པོར་བསླབ་སྟོན་ཞུས།  དགའ་ལྡན་ཕོ་བྲང་བཙུགས་ནས་རིང་པོར་མ་ལོན་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་དང་འཐུས་ཚང་བར་མཛད།  གཙང་པ་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་ལ་གཞིར་བཟུང་ནས《ཁྲིམས་ཡིག་ཞལ་ལྕེ་བཅུ་གཉིས་པ》ཟུར་རྒྱན་དང་བཅས་གཏན་ལ་ཕབས།  ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་ཀྱི་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་དུ་གྲགས་པ་དེ་ཉིད་འཕེལ་རྒྱས་སུ་བཏང་སྟེ་སྲིད་འཛིན་སྡེ་ཁག་གི་ལས་ཁུངས་ཁག་མང་དུ་བཙུགས། ལས་ཁུངས་དེ་དག་གི་བྱེད་སྒོའི་རྣམ་གྲངས་ཞིབ་གསལ་འཁོད་པའི་བཅའ་ཁྲིམས་སྒྲིག་ཡིག《བླང་དོར་གསལ་བར་སྟོན་པའི་དྭངས་ཤེལ་མེ་ལོང》ཞེས་པ་གསར་དུ་བརྩམས།  བོད་ཁུལ་རྫོང་གཞིས་ཁག་གི་འབངས་མིའི་ཐེམ་ཐོ་ཞིབ་བཤེར་དང་།  རྫོང་གཞིས་གནད་ཆེ་ཆུང་གི་རིམ་པའི་ཁྱད་པར།  ཡུལ་ཐོན་ལ་དཔག་པའི་ཁྲལ་བསྡུའི་གཞུང་ཡིག་གསར་བཀོད་ཐོག་ཡོང་འབབ་སྡུད་མཁན་དང་།  དཔྱ་ཁྲལ་སྡུད་པོ་བཀར་རྒྱ་བ་སོགས་གསར་པ་བསྐོས། ས་གནས་གལ་ཆེའི་རིགས་ལ་ཆོས་རྫོང་ཟུང་འབྲེལ་གྱི་སྲིད་དབང་ལམ་ལུགས་གསར་དུ་བཙུགས།  ལས་ཁུངས་སོ་སོར་རྟག་པར་བསྐོར་གཡེང་ཞིབ་འཇུག་སྒོ་ནས་ཆོས་སྲིད་འཕེལ་ཐབས་ལ་ཐུགས་བརྩོན་མཛད།  དབུས་གཙང་དྭགས་ཀོང་སོགས་སུ་མི་དཀྱུས་མའི་ཟོལ་གྱིས་ཆོས་སྲིད་བསྐྱངས་ཚུལ་ལ་འབངས་ཁྲོད་ཀྱི་གླེང་བརྗོད་ཇི་ཡོད་རྟོག་ཞིབ་ཏུ་ཕེབས་པ་སོགས་མཁས་མཛངས་ལྡན་པའི་བྱ་བ་རྒྱ་ཆེན་མཛད།  ལ་དྭགས་རྒྱལ་པོ་སེང་གེ་རབ་བརྟན་གྱིས་ཚུར་རྒོལ་གྱི་དཔུང་ཚོགས་ལྷགས་པ་ཚར་གཅོད་པའི་ཆེད་དུ།  དགའ་ལྡན་ཚེ་དབང་དཔུང་ཚོགས་བཅས་པ་མངགས་ཏེ་དགྲ་སྡེ་ཚང་མ་ཕམ་པར་བྱས་ཤིང་།  མངའ་རིས་སྐོར་གསུམ་སླར་ཡང་ཆབ་འོག་ཏུ་བཅུག་པ་སོགས་མཛད་རྗེས་བླ་ན་མེད་པ་བཞག་གོ །

 

རྒྱལ་དབང་ལྔ་བ་ཆེན་པོ་སྐུ་གཤེགས་རྗེས།

སྡེ་སྲིད་དགུང་གྲངས་སུམ་ཅུར་ཕེབས་པ་ཆུ་ཁྱི1682ལོའི་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ལ་རྒྱལ་དབང་ལྔ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམས།  སྐབས་དེར་ཁོང་སྡེ་སྲིད་ཀྱི་གོ་སར་བཞུགས་ནས་ལོ་བཞི་དང་ཟླ་བ་བརྒྱད་ཙམ་ལས་ཕྱིན་མེད་ཅིང་།  ད་སྔ་ཆོས་སྲིད་གང་ཅིར་བླ་མར་བཀའ་བསླབ་ཞུ་ཆོག་ཀྱང་།  ད་ནི་ཆབ་སྲིད་ཀྱི་འཁུར་འགན་ཡོངས་རྫོགས་ཁོང་གི་ཕྲག་པར་བབས་པ།  སྐུ་ན་ཕྲ་ཞིང་ཉམས་མྱོང་མང་པོ་མེད་སྟབས།  རྒྱལ་དབང་ལྔ་པ་ཆེན་པོ་འཚོ་བཞུགས་སྐབས་ལྟར་ལག་ལེན་ཐུབ་མིན་ཐེ་ཚོམ་གྱི་དྲ་བས་བཅིངས།  དེའི་ཐོག་སྐབས་དེར་བོད་དུ་སོག་པོའི་དབང་ཤུགས་ཀྱང་ཆེ་ཙམ་བཙན་བསྡད་བྱས་ཡོད་པར་བརྟེན།  རྒྱལ་དབང་ལྔ་པ་ཆེན་པོ་སྐུ་གཤེགས་པ་ལ་ཁག་བཏགས་ནས།  བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཡོང་བའི་དོན་དུ།  རྒྱལ་དབང་ལྔ་པ་ཆེན་པོ་སྐུ་གཤེགས་པའི་མཚན་མོ་དེ་རང་ལ།  དགེ་སློང་མཇམ་དབྱངས་གྲགས་པ།  མཆོད་དཔོན་ངག་དབང་ཤེས་རབ།  དྲུང་འཚོ་དར་མོ་པ།  ཆང་ཁྱིམ་ངག་དབང་མཁྱེན་བརྩེ་སོགས་ནང་འཁོར་ཉུང་ཤས་གྲོས་ལ་བཀུགས་ཏེ་བསམ་གྲོས་བསྡུར།  ཚང་མས་བླ་མའི་ཞལ་ཆེམས་ལྟར་གནས་སྐབས་གསང་རྒྱ་དགོས་པར་ཐག་བཅད།  ཐབས་དུ་མར་བརྟེན་ནས་ལོ་བཅུ་བཞི་ཙམ་གྱི་བར་གསང་རྒྱ་མཛད།  དགུང་གྲངས་སོ་བརྒྱད་པ་ལྕགས་རྟ་སྤྱི་ལོ1690ལོར་འཛམ་གླིང་དུ་སྙན་གྲགས་ཀྱི་ཡོངས་སུ་ཁྱབ་པའི་རྩེ་ཕོ་བྲང་དཀར་པོ་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་དབུ་བཙུགས།  དགུང་གྲངས་ཞེ་གསུམ་དུ་ཕེབས་པ་ཤིང་ཕག་སྤྱི་ལོ9695ལོའི་བར་ལོ་དྲུག་ལ་ཡོངས་སུ་གྲུབ་སྟེ་རབ་ཏུ་གནས་པ་མཛད་ཅིང་གསེར་གདུང་རིན་པོ་ཆེའི་དཀར་ཆག《མཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས》ཞེས་པ་བརྩམས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་བྱ་སྤྱི་ལོ1693ལོ་ལ། གོང་མ་ཁང་ཤིས་ནས་གསེར་གྱི་བྱང་བུར་བཀོད་པའི་གོ་སའི་བཀའ་ཡིག་དང་།  རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཆོས་སྲིད་འཛིན་ཅིང་རྒྱལ་བའི་བསྟན་པ་དར་རྒྱས་སུ་སྐྱོང་བའི་ས་དབང་ཐམ་ཀ་ཞེས་པའི་གསེར་ཐམ་གནང་།  ཏཱ་ལའི་ལྔ་པའི་ཡང་སྲིད་བརྩད་གཅད་པའི་ཆེད་དུ་གསང་བའི་སྒོ་ནས་ཆོས་རྗེ་ཟིལ་གནོན་རྡོ་རྗེ་དང་།  སྡེ་པ་བསོད་ནམས་རྒྱལ་མཚན་སོགས་དབུས་གཙང་སྟོད་སྨད་ཀུན་ཏུ་མངགས།  མོན་ཡུལ་དུ་ཚངས་དབྱངས་རྒྱ་མཚོ་རྒྱལ་དབང་ལྔ་པའི་སྐུ་སྐྱེ་ཡིན་པར་ཐག་བཅད།  གནས་སྐབས་རིང་སྡིང་པ་ཆེ་ངག་དབང་སྙན་གྲགས་ཀྱི་ཡང་སྲིད་ཡིན་པའི་ཟོལ་གྱིས་མཚོ་སྣ་རྫོང་དུ་གདན་དྲངས་ནས་བཞུགས་སུ་བཅུག

དགུང་ལོ་ཞེ་བཞི་པ་མེ་བྱི་སྤྱི་ལོ1697ལོར་གསང་རྒྱ་ཡོངས་སུ་བཀྲོལ་ཏེ་བོད་ཀྱི་སེར་སྐྱ་ཚང་མར་རྒྱལ་བ་ལྔ་པ་ཞིང་དུ་གཤེགས་ཚུལ་དང་།  ཡང་སྲིད་ཐག་ཆོད་ཟིན་པ་སོགས་གསལ་བར་བསྒྲགས།  རྒྱ་ནག་གོང་མར་ཡང་སྙན་སེང་ཕུལ།  ཕྱི་ལོའི་ཟླ་བ་ལྔ་པའི་ཚེས་བཞི་ཉིན་ཏཱ་ལའི་ལྔ་པའི་སྤྲུལ་སྐུ་ཡབ་ཡུམ་དང་བཅས་པ་སྣ་དཀར་རྩེའི་གཟིམ་ཆུང་བསྟན་འཛིན་ཕོ་བྲང་དུ་གདན་དྲངས།  པཎ་ཆེན་བློ་བཟང་ཡེ་ཤེས་ཀྱང་དེར་ཕེབས་ནས།  སྤྲུལ་སྐུར་རབ་བྱུང་གི་སྡོམ་པ་ཕུལ།  མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ།  ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྟེན་འབྲེལ་གཟབ་རྒྱས་དང་བཅས་ཚངས་དབྱངས་རྒྱ་མཚོ་དགུང་གྲངས་བཅོ་ལྔར་ཕེབས་པ་དེ་ཉིད་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ།  རྒྱ་ནག་གོང་མས་ཆེད་བརྫངས་གནང་བའི་ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་གོང་མའི་བཀའ་ཤོག་རྟེན་དང་བཅས་ཕུལ་ཏེ་ཆེ་འདོན་ཟབ་རྒྱས་མཛད། རྒྱལ་དབང་ལྔ་པའི་དགོངས་རྫོགས་ལ་དམིགས་ནས་སེ་འབྲས་དགེ་གསུམ་གྱི་དགེ་འདུན་ཁྲི་ཕྲག་བརྒལ་བ་ཉིན་བཅུའི་རིང་སྨོན་ལམ་ཆེན་མོ་འཚོག་རྒྱུའི་ཚོགས་མཆོད་གསར་དུ་བཙུགས།  བོད་ཟླ་གཉིས་པའི་ཚེས་སུམ་ཅུ་ཉིན་མཆོད་རྫས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒལ་བ་ཐོགས་པའི་དགེ་འདུན་མང་པོས་གཙུག་ལག་ཁང་ནས་རིམ་བྱོན་གྱིས་པོ་ཏ་ལ་དང་ར་མོ་ཆེའི་གཙུག་ལག་ཁང་བཅས་ཡོངས་སུ་བསྐོར་བའི་ཚོགས་མཆོད་སེར་སྦྲེངས་ཀྱི་དུས་མཆོད་གསར་བཙུགས་ཐོག  སྒྲིག་ཡིག《བྱང་ཆེན་ཉི་མའི་དཀྱིལ་འཁོར》ཞེས་པ་གསར་དུ་བརྩམས་པ་སོགས་ཆོས་སྲིད་གཉིས་ཀྱི་ལས་དོན་ལ་ཉིན་མཚན་དབྱེར་མེད་དུ་འབད་པ་ལྷོད་མེད་གནང་།

 

ལྷ་ཁང་མང་པོ་གསར་འཛུགས་མཛད་པ།

ལྷ་ལྡན་གཙུག་ལག་ཁང་གི་བར་ཁང་དང་རྩེ་ཐོག་གི་ཁང་སྟོང་རྣམས་ལ་ལྷ་ཁང་དང་། སྐོར་ལམ་ཤར་བྱང་གི་འཆི་མེད་ལྷ་ཁང་།  བདེ་ཐབས་ལྷ་ཁང་སོགས་གསར་བཙུགས་དང་།  གནས་ཆུང་དགོན་པ་གསར་བཏབ། གཞན་ཡང་དབུས་གཙང་ཀུན་ཏུ་དགེ་དགོན་མང་པོ་གསར་དུ་བཞེངས། དགའ་ལྡན་ཁྲི་པ་ཞེ་བརྒྱད་ཀྱི་རྣམ་ཐར་དང་དབུས་གཙང་ཁམས་གསུམ་དུ་ཡོད་པའི་དགེ་དགོན་ཇི་ཡོད་ཀྱི་མིང་དང་། གྲྭ་གྲངས། མཆོད་གཞིས་སོགས་གསལ་བར་འཁོད་པའི《དགེ་ལྡན་ཆོས་འབྱུང་བེེཌཱུར་སེར་པོ》གསར་དུ་བརྩམས། རྒྱལ་བའི་བཀའ་འགྱུར་རོ་ཅོག་རྒྱལ་རྩེ་ཐེམ་སྤངས་མ་དཔེ་གཞིར་བྱས་ནས་རིན་པོ་ཆེ་སྣ་ཚོགས་དང་། གསེར་ཆོས། སྐྱ་ཆོས་བཅས་ཚར་བརྒྱ་ཕྲག་ལྷག་བཞེངས་ཏེ་འཕྱོངས་རྒྱས་ཕྱིང་བ་སྟག་རྩེ་དང་། འོལ་དགའ་སྟག་རྩེ་སོགས་རྒྱ་ཁྱབ་རྫོང་གཞིས་རྣམས་ལ་བཞུགས་སུ་བཅུག ཁྱད་པར་འཕྱོངས་རྒྱས་ཕྱིང་བ་སྟག་རྩེར། བུ་སྟོན་རིན་པོ་ཆེའི་བསྟན་འགྱུར་དཀར་ཆག་རྩ་གཞིར་བཟུང་ནས་དེའི་ཐོག་ཆོས་ཚན་ཉིས་བརྒྱ་བཅུ་དགུ་གསར་དུ་བསྣན་ཏེ། བསྟན་འགྱུར་པོད་ཉིས་བརྒྱ་བཅོ་ལྔ་ཡོད་པ་གསར་དུ་བཞེངས།《དཀར་ཆག་བྱིན་རླབས་ཉེར་འབབ》ཅེས་པ་བརྩམས། ཏཱ་ལའི་ལྔ་པ་ཡན་གྱི་གསུང་འབུམ་རྣམས་ལེགས་བསྒྲིགས་ཐོག་དཀར་ཆག་ཀྱང་གསར་དུ་མཛད་དོ། །

 

རིག་བྱེད་འགྲོ་ཕན་གླིང་གསར་དུ་བཙུགས་པ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཆོས་དང་འཇིག་རྟེན་གང་ལའང་མཁྱེན་པ་མཁའ་ལྟར་ཡངས་ཤིང་། སྤོབས་པ་རི་བོ་ལྟར་མཐོ་བ། རང་ཅག་གངས་ཅན་པ་དག་ལ་ལྷག་བསམ་བཟང་པོ་ནམ་ཡང་ཉམས་པ་མེད་པ་ཞིག་ཡིན་པར་མ་ཚད། ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་མཐའ་དག་ལ་མཁས་ཤིང་། ཁྱད་པར་གསོ་བ་རིག་པ་དང་རྩིས་ཀྱི་རིག་པ་ལ་མཁས་པའི་ཡང་རྩེར་སོན། རང་རེ་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་དུས་རབས་གསར་པ་ཞིག་གི་སྒོ་ལེགས་པར་ཕྱེ། ཁོང་དགུང་གྲངས་ཉེར་བཞིར་ཕེབས་པ་མེ་འབྲུག་སྤྱི་ལོ1676ལོར་རྒྱལ་དབང་ལྔ་པ་ཆེན་པོའི་ཞལ་བཀོད་ལྟར་ལྕགས་པོ་རི་ལ་རིག་བྱེད་འགྲོ་ཕན་གླིང་ཞེས་པའི་སྨན་རྩིས་སློབ་གྲྭ་གསར་དུ་བཙུགས། སློབ་མ་བཞི་བཅུ་ལྷག་བསྡུས།  སློབ་གྲྭའི་སྒྲིག་ཡིག་ཀྱང་གསལ་བར་བཀོད།  ལོ་ལྟར་བོད་ཟླ་བདུན་པའི་ནང་ལྷ་སའི་ཉེ་སྐོར་དོགས་བདེ་དང་། ཉང་བྲན། བྲག་ཡེར་པ་སོགས་ཀྱི་རི་ཁུལ་དུ་སློབ་མ་འཁྲིད་དེ་སྨན་འཐུ་རུ་འགྲོ་བའི་སྲོལ་བཙུགས།  སྡེ་སྲིད་རང་ཉིད་ངོ་ཕེབས་ཀྱིས་སྔོ་སྨན་རེ་རེ་བཞིན་གྱི་རོ་བྲོ་བ་དབྱིབས་ཁ་དོག་བཅས་སློབ་མར་ངོ་སྦྱོར་བྱེད་པའི་སློབ་སྲོལ་སྤེལ།  དགུང་ལོ་སོ་བརྒྱད་ལ་ཕེབས་པ་ལྕགས་རྟ་སྤྱི་ལོ1690ལོར་གྲྭ་ཐང་རྒྱུད་བཞི་ལ་སྣོན་འཕྲི་དག་བཅོས་ཐོག རྒྱུད་བཞི་གཞན་དང་གོ་བསྡུར་གྱིས་ཤིང་པར་གསར་དུ་བརྐོས། རྒྱུད་བཞིའི་དགོངས་འགྲེལ《བེེཌཱུར་སྔོན་པོ》དང་། མན་ངག་རྒྱུད་ཀྱི་ཁ་སྐོང་ལེའུ་ཆིག་བརྒྱ་སོ་གསུམ་ཡོད་པའི《ལྷན་ཐབས》བོད་ཀྱི་གསོ་རིག་སྐོར་གྱི་ལོ་རྒྱུས《ཁོག་དབུབ་དྲང་སྲོང་དགྱེས་པའི་དགའ་སྟོན》བཅས་སྔ་ཕྱིར་གསར་དུ་བརྩམས། སྨན་གཞུང་ལེའུ་ཆིག་བརྒྱ་ང་དྲུག་གི་ནང་དོན་ཆ་ཚང་གོ་རིམ་དང་ལྡན་པར་བྲིས་པའི་སྨན་དཔེའི་ཐང་ག་བདུན་ཅུ་དོན་དགུ་གསར་དུ་བཞེངས། གནའ་རབས་སུ་བོད་ཀྱི་གསོ་བ་རིག་པ་འདི་ལ་ཕལ་པའི་སྤྱོད་ཡུལ་ལས་འདས་པའི་ལྷ་སྒྲུང་ལྟ་བུའི་སེང་རས་ཀྱིས་གཡོགས་པ་བསལ་ཏེ། དོན་དངོས་དང་སྦྲེལ་ནས་སློབ་ཁྲིད་བྱེད་པའི་སྲོལ་བཟང་པོ་སྤེལ། རྩིས་ཀྱི་རིག་པའི་སྐོར་ལ། བོད་སྔར་ཡོད་ཀྱི་རྩིས་གཞུང་མ་ལུས་གཅིག་ཏུ་བསྡུས་ཏེ་ཞིབ་བསྡུར་དང་མཐའ་དཔྱད་ཡང་ཡང་མཛད་དེ།  རྩིས་གཞུང《བེེཌཱུར་དཀར་པོ》དང《བེེཌཱུར་གཡའ་སེལ》《དཀའ་གནད་སྒོ་ལྕགས་དབྱེ་བའི་ལྡེ་མིག》སོགས་ཡིད་རྟོན་ཚད་མར་བཟུང་ཆོག་པའི་ལེགས་བཤད་མང་པོ་བརྩམས། གཞན་ཡང་སྙན་ངག སྒྲ། བཟོ། ཟློས་གར་སོགས་ཐ་སྙད་རིག་པའི་བསྟན་བཅོས་ཀྱང་སྙན་ཞིང་འཇེབས་པ་འགའ་བརྩམས་ཏེ་རང་ཅག་ཕྱི་རབས་པ་དག་ལ་ནམ་ཡང་བརྗེད་དུ་མེད་པའི་མཛད་རྗེས་བཞག་ཡོད།

 

སྐུ་གཤེགས་ཚུལ།

རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་སྤྱི་ལོ1701ལོ་ལ་བསྟན་འཛིན་དབང་རྒྱལ་འདས་པར་བརྟེན་ལྷ་བཟང་ཁང་དབུས་སུ་བོས་ཏེ་བོད་སྡོད་སོག་རྒྱལ་གྱི་གོ་སར་བཞག ལྷ་བཟང་གིས་སོག་རྒྱལ་གྱི་གོ་མིང་བཟུང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་རྒོལ་བའི་འཁྲུག་རྩོད་ཁོ་ན་བསླངས། ཁོས་སྡེ་སྲིད་འདིས་རྙིང་མ་གཙོ་བོར་བྱས་པ་ལས་དགེ་ལྡན་པར་དགའ་ཞེན་མི་འདུག་ཅེས་དང་། བསྟན་འཛིན་དབང་རྒྱལ་དུག་གིས་བསད་པ་རེད་ཟེར་བ་སོགས་འཆལ་གཏམ་སྣ་ཚོགས་ལ་བརྟེན་ནས་སེ་འབྲས་དགེ་གསུམ་དང་སྡེ་སྲིད་བར་དབྱེན་དཀྲུགས་བྱས། ཐ་ན་ལྷ་བཟང་གིས་ལྐོག་གསོད་པ་འགའ་ཞིག་བཏང་ནས་སྡེ་སྲིད་ཀྱི་དྲུང་འཁོར་དམར་བསད་བཏང་བ་སོགས་གདུག་རྩུབ་ཀྱི་བྱ་ངན་མང་པོ་བརྩམས་ཏེ་དབུས་ལྷ་ལྡན་གྱི་གནས་ཚུལ་ཧ་ཅང་མི་བདེ་བར་གྱུར།

རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོའི་སྨོན་ལམ་ཆེན་མོའི་སྐབས་སུ་བདེ་འཇགས་དང་། ལྷ་བཟང་མི་ངན་འདི་དབུས་ནས་བསྐྲད་པའི་ཆེད་དུ། ཏཱ་ལའི་ཚངས་དབྱངས་རྒྱ་མཚོས་གཙོ་བོར་མཛད་པའི་བླ་མ་ལས་སྣེ། མཆོད་ཡོན། སྦྱིན་བདག་ཆེ་དགུ་འཛོམ་པའི་དབུས་སུ། སྡེ་སྲིད་ནས་སྲིད་ཀྱི་འགན་དབང་དགོངས་ཞུ་མཛད། ཁོང་གི་རིགས་སྲས་ངག་དབང་རིན་ཆེན་སྡེ་སྲིད་དུ་བསྐོས།

ལྷ་བཟང་ཁང་སོག་རྒྱལ་གྱི་གོ་གནས་རང་འཇགས་ཐོག་མཚོ་སྔོན་དུ་བཏེག་ནས་སྡོད་རྒྱུར་ཐག་བཅད།  ལྷ་བཟང་ཁང་ལ་སྡེ་སྲིད་བཀྲོངས་ནས་བོད་ཀྱི་རྒྱལ་པོར་འདུག་རྒྱུའི་ཧམ་སེམས་མ་འགྲུབ་པའི་ཐོག་མུ་མཐུད་ནས་དབུས་ལྷ་ལྡན་དུ་བཙན་སྡོད་བྱ་རྒྱུའི་གོ་སྐབས་ཀྱང་ཤོར་བར་བརྟེན། ཁོང་ཁྲོ་གཏིང་ནས་ལངས་ཏེ་མཚོ་ཁར་བཏེག་ཁུལ་གྱི་གཡོ་འཕྲུལ་ལ་བརྟེན་ནས། བྱང་ནག་ཆུར་སླེབས་མ་ཐག་དེ་གར་སོག་དམག་ཡོད་ཚད་ངན་བསྡུ་བྱས། ལྷ་བཟང་གི་སྐྱེ་སྨན་ཚེ་རིང་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་སོག་དམག་འབོར་ཆེན་སྟོད་ལུང་སྣང་རྩེར་འཛུལ། སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབུས་ལྷ་ལྡན་གྱི་གཙུག་ལག་ཁང་དང་སེ་འབྲས་སོགས་ཀྱི་རྟེན་དང་བརྟེན་པར་བཅས་པ་ལ་བར་ཆད་མི་འབྱུང་བ་དང་། ལྷ་སར་འཁྲུག་ཟིང་མི་ཡོང་བའི་ཆེད་དུ། སྡེ་སྲིད་སྐུ་འཁོར་ཉུང་ཟད་བཅས་གོང་དཀར་རྫོང་དུ་ཕེབས། སོག་དམག་གིས་གནས་ཚུལ་དེ་ཐོས་འཕྲལ་དམག་མང་པོ་གོང་དཀར་དུ་བཏང་། བོད་དམག་གིས་དཔལ་ངར་ཆེན་པོས་འཐབ་ཀྱང་མང་སྣེ་ཉུང་བས་ནོན་མ་ཐུབ་པར་བོད་དམག་བཞི་བརྒྱ་ཙམ་རང་སྲོག་བློས་བཏང་བྱས་ཀྱང་ཕན་པ་མ་བྱུང་བར། རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ1705ལོའི་ཟླ་བ་ལྔ་པའི་ཚེས་བཅུ་བདུན་ཉིན་སོག་པོ་བཙན་འཛུལ་དམག་གི་སྡུག་རྩུབ་འོག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུའི་མེ་ཏོག་འཐོར་བར་བྱས་སོ། །

 

བརྩམས་ཆོས།

《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས》《ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར》《གསོ་བ་རིག་པའི་ཁོག་དབུབ་དྲང་སྲོང་དགྱེས་པའི་དགའ་སྟོན》《སྨན་གྱི་རྒྱུད་བཞིའི་འགྲེལ་བ་བཻཌཱུརྱ་སྔོན་པོ》《ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྱ་དཀར་པོ》《བསྟན་བཅོས་བཻཌཱུརྱ་དཀར་པོའི་དྲིས་ལན་འཁྲུལ་སྣང་གཡའ་སེལ》《བོད་ལུགས་གླུ་གར་གྱི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན》《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ》《བླང་དོར་གསལ་བར་བྱེད་པའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང》《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་མཛད་པའི་སྙན་ངག་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཀྱི་མཆན་འགྲེལ》སོགས་བརྩམས་ཆོས་མང་དུ་མཛད་ཡོད་དོ། །

 

བརྒྱུད་སྐུལ།

མཆན་སྤེལ།