སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ།

སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་སྨོས་པ།

སྤུ་རྒྱལ་བཙན་པོའི་གདུང་ཁུངས་ངོ་མ་གང་ལ་ཐུག་ཡོད་དམ་། 

ཉིན་ཤས་ཀྱི་གོང་དུ་དྲ་ཚོམ་ཞིག་གི་ནང་དུ་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་ཐོག་མར་ཞང་ཞུང་ནས་བོད་ཡུལ་རུ་བཞི་རུ་གཏོང་ཡོད་པའི་ཚུལ་བཤད་པ་ཡིན།    གྲོགས་ཤིག་གིས་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ངོ་མ་དེ་སྤུ་བོ་ནས་ཡིན་ནམ་ཡང་ན་ཞང་ཞུང་ནས་ཡིན་ནམ་ག་རེ་ཁུངས་དག་ཡོད་དམ་ཞེས་འདྲི་བཞིན་འདུག་པར།     དེ་ལ་ལན་དུ་ཁོ་བོས་ནི་སྤུ་རྒྱལ་གཉའ་ཁྲི་ནི་ཞང་ཞུང་ནས་མར་གཏོང་བ་དེ་ཁུངས་དག་པར་མཐོང་བ་ཡིན་པས།   ལན་ནི་ཕྱོགས་ཙམ་ཞིག་དེ་རིང་འབུལ་རྒྱུ་ཡིན། 

དང་པོ་མང་པོ་བཀུར་བའི་རྒྱལ་བརྒྱུད་དམ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ནི།

 

གཉའ་ཁྲི་བཙན་པོའི་སྐབས་སུ་བོད་ཡུལ་རུ་བཞི་ལ་རྗེ་བོའི་གདུང་བརྒྱུད་ནི་ཕྱྭ་དམུ་གཙུག་གསུམ་གི་ཡ་གྱལ་ཕྱྭ་ཡི་རིགས་སུ་གྱེས་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱིས་དབང་བསྒྱུར་བའི་དུས་སྐབས་ཤིག་ཡིན་ལ།   ཁོ་ཚོ་ཕྱོགས་ཕན་ཚུན་ཐོག་མ་ནི་གདུང་བརྒྱུད་གཅིག་ལས་གྱེས་པའི་གཉེན་ཚན་ཤ་དག་གི་རྒྱལ་ཕྲན་ཁག་ཡིན་མོད་ཀྱང་།   སྐབས་དེར་ནང་འཁྲུགས་རྐྱང་རྐྱང་བྱས་པས་ཕར་ཆེར་གཉའ་ཁྲི་བཙན་པོའི་ཡབ་བམ་ཕ་ཡུལ་ངོ་མ་ནི་ཕྱྭ་ཡི་ཡུལ་ཞེས་དབུས་གཙང་གི་ཁུལ་ཞིག་ལ་ཡིན་སྲིད་མོད་དེར་སྲིད་མ་ཐེག་པས་ཞང་པོ་དམུ་ཡི་ཡུལ་དུ་སྤྱུག་པའི་སྐོར་ནི་ལོ་རྒྱུས་ཀྱི་ནང་དུ་གསལ་བས།   

དེ་ལྟར་ཞང་པོ་དམུ་ཡི་ཡུལ་ཞེས་པ་ནི་གངས་ཏི་སེ་དབུས་ལྟེ་རུ་བྱས་པའི་དེའི་ནུབ་ཏུ་དམུ་ཡི་ཡུལ་ཡོད་པར་གསུངས་ཤིང་།  ལྷག་ཏུ་དེའི་སྐབས་སུ་ཞང་ཞུང་དངོས་ཀྱི་ཡུལ་ནི་དམུའི་རིགས་ལས་གྱེས་པའི་རྗེ་བོས་དབང་བསྒྱུར་བའི་སྐབས་སུ་ཡིན་པས།   དེ་ནས་དམུ་རྒྱལ་གྱིས་སྤུ་རྒྱལ་གཉའ་ཁྲི་ཞང་ཞུང་ནས་བོད་ཡུལ་རུ་བཞི་རུ་རྒྱལ་ཕྲན་སིལ་མ་རྣམས་ལྷིང་འཇགས་གཏོང་མཁན་དུ་མངག་གཏོང་བྱས་པ་ནི་ལོ་རྒྱུས་དོན་དངོས་དང་མཐུན་པའི་ཞིག་ལོས་ཡིན།   དེ་མིན་སྤུ་རྒྱལ་གཉའ་ཁྲི་བཙན་པོ་བོད་རང་གི་མི་ཞིག་ཡིན་ཞེས་པའི་ཞེན་གོག་དབང་གིས་སྤུ་བོའི་ཡུལ་ནི་ཞང་པོ་དམུ་ཡི་ཡུལ་གྱི་རྒྱལ་ཁམས་ཀྱི་སྒྲུབ་བྱེད་དམ་ཆབ་སྲིད་ལྟེ་བ་གང་ཞིག་ཡིན་པའི་སྒྲུབ་བྱེད་གང་ཡང་དབེན་པའི་སྤུ་བོའི་ཡུལ་གྱི་སྤྱིར་བཏང་གི་མི་ཞིག་གིས་རྒྱལ་ཕྲན་སིལ་མ་རྣམས་དབང་དུ་བསྡུས་ཏེ་དེ་རྣམས་ཀྱི་གཙོ་བོར་ཆགས་པའི་ཚུལ་ནི་ཧ་ཀྱང་བཤད་དཀའ་བ་ཞིག་རེད།   ཁོ་རང་ཚོས་གཙོ་བོ་ནི་མང་བཀུར་རྒྱལ་བརྒྱུད་ཅེས་པ་དེའི་ཁུངས་གང་ལ་ཐུག་མིན་གྱི་སྐོར་མ་བཙལ་ཞིང་དེའི་ཁུངས་ནི་རྒྱ་གར་གྱི་རྒྱལ་བརྒྱུད་ཡིན་ཤར་ཤར་བྱས་པའི་སྐྱོན་ཞིག་ཡིན་ངེས་པ་རེད།   རྒྱ་གར་གྱི་རྒྱལ་རིགས་དང་།  བྲམ་ཟེའི་རིགས།  རྗེ་རིགས་ཀྱི་ཁུངས་ནི་ཨརྱ་ཎའི་མི་རིགས་ཡིན་པ་རེད།   ཨརྱ་ཎའི་མི་རིགས་ནི་རྒྱ་གར་ལ་སླེབས་ནས་ལོ་རིང་བའི་དབང་དུ་གཏོང་ན་ད་ལྟ་ལོ་ངོ་བཞི་སྟོང་གི་གཡས་གཡོན་ཞིག་ལ་རྩི་རྒྱུ་ཡོད་པར་འདུག   དེའི་གོང་དུ་ཨརྱ་ཎའི་མི་རིགས་ཀྱི་འབྱུང་ཁུངས་ནི་ཡ་གླིང་དབུས་མའི་བརྒྱུད་ནས་བྱུང་ཞིང་ཁོ་ཚོ་ཚང་མ་འབྲོག་པ་ཤས་ཆེ་བའི་འཚོ་བ་བསྐྱལ་མཁན་གྱི་མི་རིགས་ཤིག་ཏུ་ངོས་འཛིན་བྱེད་པ་ཡིན་ལ་རྒྱ་གར་རམ་ཧིན་དྷུ་ཆོས་ལུགས་དང་རིག་བྱེད་ཀྱི་ཁུངས་དེ་ལ་ཐུག་ཅིང་དེའི་སྐབས་སུ་འཛམ་བུ་གླིང་འདིར་ཨརྱ་ཎའི་མི་རིགས་ཀྱིས་གོ་གནས་ཆེ་ཤོས་དེ་ཟིན་ཡོད་པ་འདྲ། དེས་ན་ད་ལྟ་ཧིན་དྷུ་བ་ཚོས་གངས་ཏི་སེ་ནི་ཁོ་ཚོའི་ཆོས་ལུགས་ཀྱི་འབྱུང་ཁུངས་ཤིག་ཏུ་རྩི་སྲོལ་ནི་སྔར་མུས་བཞིན་གནས་འདུག་པས་འདི་ལ་དཔྱད་པ་ཞིག་ཐོན་དང་འདི་གཅིག་བུས་ཕྱོགས་ཙམ་ཧ་གོ་བར་ངེས།  དེ་ལྟར་རྒྱ་གར་ལ་ཁུངས་གཏུགས་བཞིན་པའི་མང་བཀུར་རྒྱལ་བརྒྱུད་དེ་གང་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན།  ཨརྱ་ཎའི་མི་རིགས་ཀྱི་རྒྱལ་རིགས་ཤིག་ཡིན་པ་ནི་སྨོས་ཅི་དགོས།  ཞེས་ལན་འདེབས་རྒྱུ་ལས་གཞན་མེད།  དེས་ན་མང་བཀུར་རྒྱལ་པོ་ཞེས་པ་ནི་ཡུལ་ཁམས་གང་ཞིག་གིས་རྒྱལ་པོ་ཡིན་ནམ་ཞེ་ན།  རི་བོ་གངས་ཅན་པའི་རྒྱལ་པོ་ཞིག་ཏུའང་ངོས་འཛིན་ནི་ལོས་ཀྱང་བྱེད།   ད་དུང་རྒྱུ་མཚན་ཡོད་དེ།   གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་ལ་ལྟར་ན་ཐོག་མའི་སྲིད་པའི་རྗེ་བོ་ནི་སྲིད་པ་ཡེ་སྨོན་རྒྱལ་པོ་ཞེས་དང་དེའི་མིང་གི་རྣམ་གྲངས་ནི།  ཡབ་ཡེ་སྨོན་རྒྱལ་པོ་ལ།   སྲིད་པ་ཡེ་སྨོན་འཕྲུལ་གྱི་རྒྱལ་པོ། སྲིད་པ་སྨོན་པའི་མི་བུ་ལུམ་ལུམ།  ཐ་ཚན་ཧི་སངས་རྐྱ།  ཐམས་ཅད་སྔ་བའི་རྒྱལ་པོ།  གཙུག་ཁྲི་བཙན་པོ།  མང་པོ་བཀུར་བའི་རྒྱལ་པོ།  ཞེས་པ་རྣམས་མིང་གི་རྣམ་གྲངས་ཡིན་ཞིང་དེ་ལྟར་སྲིད་པ་ཐོག་མའི་རྒྱལ་པོ་དེའི་སྲས་སུ་ཕྱྭ་དམུ་གཙུག་གསུམ་མམ་སྨྲ་རྒྱལ་མཆེད་གསུམ་སྟེ།  འདུར་རྒྱུད་ཕྱར་བ་ཐང་ཆེན་ལས།  སྨོན་སྲས་ལྷ་མི་གྲངས་མང་ཡང་།   གདུང་བརྒྱུད་ཕྱྭ་དམུ་གཙུག་གིས་བཟུང་།  །ཞེས་དང་།  དགུང་སྟེང་ཕྱྭ་དམུ་གཙུག་གསུམ་དེ།  དཔའ་འཛང་རྗེ་གསུམ་ཀུན་གྱི་ཕུགས།  ས་སྟེང་རྒྱལ་རྒྱུད་ཐམས་ཅད་དེ་ལས་གྲོལ།    །ཞེས་གསུངས་པས་དེ་ལྟར་སྲིད་རྗེ་ཕྱྭ་དམུ་གཙུག་གསུམ་མམ་སྨྲ་རྒྱལ་མཆེད་གསུམ་ཞེས་བྱ་ཞིང།  ལོ་རྒྱུས་དེ་རྣམས་ལ་ཞིབ་པར་གཞིག་ནས་སྲིད་པ་ཡེ་སྨོན་རྒྱལ་པོའི་སྐབས་སུ་མཐོ་སྒང་གངས་རིའི་ར་བས་བསྐོར་བའི་ཡུལ་ཁམས་འདི་ནི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་ངེས་པ་དང་།  དེ་ནས་སྨོན་སྲས་སུ་ཕྱྭ་དམུ་གཙུག་གསུམ་ཞེས་བུ་སྤུན་གསུམ་དུ་འཁྲུངས་ཤིང་ཡུལ་ཁམས་གསུམ་དུ་རྒྱལ་ཕྲན་རེ་བསྐོས་པས་དེ་ནི་སྨྲ་རྒྱལ་མཆེད་གསུམ་ཞེས་བྱ་བ་སྟེ།  ཆེས་གནའ་བོའི་དུས་སུ་མཐོ་སྒང་བསིལ་མོའི་ལྗོངས་འདིར་ཤ་སོག་པའི་དབྱིབས་སུ་ལྡན་པའི་གངས་རིའི་ར་བས་བསྐོར་བའི་ཡུལ་ཁམས་སྤྱི་ལ་ཆེས་གནའ་བོའི་དུས་སུ་ཕྱྭ་དམུ་གཙུག་གསུམ་གྱི་གདུང་བརྒྱུད་ཀྱི་དབང་བསྒྱུར་བའི་ཡུལ་ཁམས།  འཛམ་བུ་གླིང་པའི་ཁྲོད་དུ་རྒྱ་ཆེ་ལ་ཕུན་སུམ་ཚོགས་ཤིང་ཆེས་ཡིད་དུ་འོང་བའི་རྒྱལ་ཁམས་ཆེ་གྲལ་ཞིག་དུ་ཡིན་ངེས་པ་དང་།  ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་པའི་རྒྱལ་ཁམས་ཀྱི་རྨང་གཞི་དེ་ཕྱྭ་དམུ་གཙུག་གསུམ་ལ་ཐུག་བསྡད་ཡོད་ཅིང་དེ་ནས་རྒྱལ་ཕྲན་སིལ་མ་རྣམས་རིམ་བཞིན་གྱེས་ཡོད་ངེས།     འོ་ན།  དེ་ལྟར་ན་གངས་རིའི་ར་བས་བསྐོར་བའི་བསིལ་ལྗོངས་སུ་ཆེས་ཐོག་མའི་ཆབ་དཔལ་རིག་འབྱོར་གྱི་གཙོ་བོ་ལྟེ་བའི་ས་གནས་གང་དུ་ཡིན་ནམ་ཞེ་ན།  དེའང་སྨྲ་རྒྱལ་མཆེད་གསུམ་གྱི་ཡབ་ཕྱྭ་དམུ་གཙུག་གསུམ་གྱི་ཡབ་སྲིད་པ་ཡེ་སྨོན་རྒྱལ་པོའི་བཞུགས་ཡུལ་ནི།   གོང་དུ་འདུར་རྒྱུད་ཕྱར་བ་ཐང་ཆེན་ལས།   དེ་འོག་སྨོན་ཡུལ་གྲུ་བཅུ་རུ།   སྨོན་རི་དབུ་བཙུན་རྩ་བ་དེར།   སྲིད་པ་ཡེ་སྨོན་རྒྱལ་པོ་བཞུགས།   ཡོད་ཁམས་རུ་མ་དེ་ཡི་འཛིན།  ཞེས་པ་དང་།  སྨོན་སྲས་ཕྱྭ་རྗེ་འོད་དཀར་གྱི་བཞུགས་གནས་ནི་དེ་ལས།  བཞུགས་གནས་ཡུལ་དེ་བཀོས་པ་ནི།   ཕྱྭ་ཡུལ་སྣང་དང་གཡུ་རྩེ་དེ།   ཕུ་བལྟས་གསེར་ཀྱི་རི་བོ་མཐོ།   མདའ་བསྟས་གཡུ་ཡི་ཆུ་ཀླུང་འཁྱིལ།   བཀོར་མཛོད་གསེར་ལེ་ཕུག་དང་བཅས། ཕྱ་ཡི་རྒྱལ་པོའི་རྒྱལ་སྲིད་བསྐོས། ཞེས་དང་།  སྨོན་སྲས་དམུ་རྗེ་ཐུམ་ཐུམ་བརྣལ་མེད་ཀྱི་བཞུགས་ཡུལ་ནི་དེ་ལས།  ཡང་དམུ་ཡུལ་སྟེང་མ་སྟེང་འབྲང་སྟེ།   ཕུ་བལྟས་དུང་གི་རི་བོ་མཐོ།   མངའ་བལྟས་མཆོང་གིས་ཆུ་ཀློང་འཁྱིལ།   བཀོད་མཛོད་ཆུང་ལེ་ཕུག་དང་བཅས།   དམུ་ཡི་རྒྱལ་པོའི་རྒྱལ་སྲིད་བསྐོས།  ཞེས་དང་།  སྨོས་སྲས་གཙུག་རྒྱལ་སྒམ་པོའི་བཞུགས་ཡུལ་ནི་དེ་ལས། ཡང་སྐོས་ཡུལ་དྲ་མ་གྲུ་བཞི་སྟེ།   ཕུ་བལྟས་ཤེལ་ཀྱི་བྲག་རི་མཐོ།    མདའ་བལྟས་འོད་ཀྱིས་ཆུ་ཀློང་འཁྱིལ།   དཀོར་མཛོད་ཤེལ་ལེ་ཕུག་དང་བཅས།   གཙུག་གི་རྒྱལ་པོའི་རྒྱལ་སྲིད་བསྐོས།  ཞེས་སོགས་གནས་ཡུལ་མིང་དང་བཅས་པ་གསལ་བར་གསུངས་འདུག་མོད་དེ་ད་ལྟ་ས་གནས་རེ་རེ་བཞིན་དུ་ངོས་འཛིན་བྱེད་པར་དཀའ་བ་ཡིན།   ཡིན་ནའང་ཕྱོགས་ཙམ་དུ་བཤད་ནས་ད་ལྟ་ང་ཚོས་ངོས་འཛིན་བྱེད་ཐུབ་པ་ནི།  སྲིད་པའི་མྱེས་མོ་གནམ་ཕྱི་གུང་རྒྱལ་གྱི་གནས་ཡུལ་ནི་མ་པང་མཚོ་དང་ལ་ངག་གསེར་མཚོའི་བར་སྣང་ཁམས་ལ་གནས་ཡོད་པ་དང་།  དེ་བཞིན་ཕྱྭ་བརྒྱུད་ལས་གྱེས་པའི་འོད་སྡེ་གུང་རྒྱལ་དང་བོད་ཀྱི་འགུར་རྣམས་དང་། གེ་ཁོད་ལྷ་རིགས་རྣམས་གྲོལ་ཚུལ་དང་།  དམུ་བརྒྱུད་ནས་མ་སངས་རིགས་དང་གེ་ཁོད་ལྷ་རིགས་སུམ་བརྒྱ་དྲུག་ཅུའི་གྲོལ་ཚུལ་སོགས་ལ་བལྟས་ནས་ས་གནས་མང་དག་ཅིག་ངོས་འཛིན་བྱེད་ཐུབ་པར་འདུག་པས།  སྲིད་པའི་མྱེས་པོ་དང་ཕྱྭ་དམུ་གཙུག་གསུམ་གིས་དབང་བསྒྱུར་ཡུལ་དེ་ཕྱོགས་ཙམ་རྟོགས་ནུས་པ་མ་ཟད་སྲིད་པ་ཡེ་སྨོན་རྒྱལ་པོའམ་ལིག་མི་རྐྱ་ཞེས་པའི་ཤོད་སྲོལ་འདི་ད་ལྟ་ཐུན་མོང་མིན་པའི་བོད་རང་གིས་གནའ་བོའི་ཤོད་སྲོལ་ཞིག་ཡིན་པས་དེ་རྣམས་ནི་ང་ཚོ་རི་བོ་གངས་ཅན་པའི་མྱེས་པོའི་ལོ་རྒྱུས་སུ་ཡིན་པ་ནི་སྨྲ་ཤེས་ཤིང་དོན་གོ་བའི་མི་བུ་ཞིག་ཡིན་ན་ཧ་གོ་དགོས་པ་ནི་ཅི་སྨོས་དགོས་སོ། །   སྨོན་སྲས་ཕྱྭ་རྗེ་ལ།  ཕྱྭ་རྗེ་སྒམ་པོ། སྲིད་རྗེ་འབྲིང་དཀར།  ཕྱྭ་རྗེ་རིང་དཀར།  ལྷ་བུ་སྤྱི་གཙུག་རྒྱལ་བ།    ཕྱྭ་རྗེ་འོད་དཀར། སྲིད་བུ་འདོད་ཙམ།  འཕྲུལ་སྲས་དབང་ལྡན།   སྨོན་སྲས་དམུ་རྗེ་ལ། དམུ་རྗེ་བཙུན་པོ།    དམུ་ཐུམ་ཐུམ་བརྣལ་མེད། ལྷ་སྲས་དང་ལོན།  སྨོན་སྲས་་གཙུག་རྗེ་ལ།  བསྐོས་རྗེ་དྲང་དཀར།  གཙུག་རྗེ་འོག་སྐོལ།  སྐོས་རྗེ་ཨོག་སྐོལ། གཙུག་རྒྱལ་སྒམ་བོ་ཞེས་བརྗོད།    །དེ་ལྟར་ཕྱྭ་དམུ་གཙུག་གི་གདུང་བརྒྱུད་གྱེས་ཏེ་སོ་སོས་དབང་བསྒྱུར་ཡུལ་ནི།   ཞང་ཞུང་སྨད་དང་།  བོད་ཡུལ་རུ་བཞི་དང་།  མདོ་ཁམས་སུམ་པ།  མེ་ཉག  ཧོར།  འ་ཞ།  རྒྱ་རོང་། མོན།  འཇང་སོགས་ཕྱྭའི་རིགས་དང་།  ཞང་ཞུང་སྟོད་ནས་སྟག་གཟིག་འོལ་མོ་ལུང་རིང་དང་དེའི་རྒྱལ་ཕྲན་རྣམས་ནི་དམུ་ཡི་རིགས་དང་།  ཨོ་རྒྱན་དང་།  ཡུ་གུར།  ཟ་ཧོར།  གར་ལོག  ཐོ་གར།  བྲུ་ཤ།  བོད་ཀྱི་ཉང་དག་ཀོང་གསུམ་ནི་གཙུག་གི་རིགས་སུ་གྱེས་ཚུལ་འདུག་པས་སོ་སོའི་དབང་བསྒྱུར་བྱེད་ཡུལ་ས་གནས་དེ་དག་ཏུ་ཡིན་པར་འདུག

 

གཉིས་པ་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་ཡབ་མེས་ནི།

 

གཉའ་ཁྲི་བཙན་པོའི་ཡབ་ནི་ཕྱྭའི་རིགས་སུ་ཡིན་པས་ཕྱྭའི་རིགས་ཀྱི་གདུང་གྲོལ་ཚུལ་མང་དག་ཅིག་ཡོད་ཅིང་འདིར་ཡིག་ཚོགས་མང་དོགས་པས་དཔེར་མཚོན་ཙམ་ནི།  རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས།།  ཕྱྭ་རྗེ་སྒམ་པོ་ལས།  འཛམ་གླིང་སྒོ་བཞི་མིའི་བརྒྱུད་གྲོལ་ཏེ། ཕྱྭ་རྗེ་སྒམ་པོ། ལྷ་མོ་འོད་ལྡན་མའི་བུ། ཕྱྭ་ཡེ་ཤེས་འཕྲུལ་གྱི་རྒྱལ་པོ་ཡིན། དེ་ནམ་མཁའ་ཡིད་ཀྱི་བུ་མོ་དང་སྡེབས་པའི་བུ།སྨོན་མི་དབུ་ནག་ཡིན། དེ་སྤོས་ཆབ་འོད་མ་དང་སྡེབས་པའི་བུ། ཁ་ཡེ་རྗེ་ཐང་པོ་ཡིན། དེ་ལྷ་ལྕམ་མ་དང་སྡེབས་པའི་བུ། ལྷ་བུ་ལོད་པོ་སྐྱེས། དེ་དམུ་ལྕམ་པྲ་མ་དང་བཤོས་པའི་བུ། རྫུ་འཕྲུལ་གསེར་གྱི་མིའུ་ཐུང་། དེ་དུང་ལྕམ་རྔོལ་མོ་༼རྡེལ་མ༽དང་བཤོས་པའི་བུ། ཕྱྭ་སྟག་ཆ་ཝལ་ཝོལ་ཡིན།དེ་འཚམ་༼ཕྱྭ༽ཟ་ཁྱུད་ཁྱུད་མ་དང་བཤོས་པ་ལས། སྲིད་པའི་ཕྱྭ་རབས་མཆེད་བཞི་སྲིད། ཆེ་བ་ཡབ་བླ་བདལ་དྲུག་སྲིད། དེ་འོག་འོད་དེ་གུང་རྒྱལ། དེ་འོག་ཁྲི་ལྡེ་སུམ་པོ། ཆུང་བ་ཕྱྭ་བླ་འབྲམ་ཤིང་ངོ་། ཡབ་ལ་བདལ་དྲུག་ལྷ་ལྕམ་མ་དང་བཤོས་པ་ལས། སྲས་ལྷ་རབས་ཐུགས་གར་མཆེད་དགུ་གྲོལ། གཞན་ཡང་སྲིད་པ་བརྒྱུད་དུ་འཕེལ། འོད་དེ་གུང་རྒྱལ་ལ། གེ་ཁོད་ཀྱི་ལྷ་རིགས་དང་། མགུར་ལྷ་བཅུ་གསུམ་གྲོལ། ཁྲི་ལྡེ་སུམ་པོ་ལས། ཡུལ་ལྷ་གཡེན་ཁམས་ཐམས་ཅད་གྲོལ། ཕྱྭ་བླ་འབྲམ་ཤིང་ལ་བརྒྱུད་མེད་དོ། དེ་རྣམས་ཕྱྭ་རྒྱུད་དེ། །  ཞེས་གསུངས་ཤིང་འདི་ལྟ་བུའི་གསུངས་ཚུལ་ནི་བོན་གྱི་ལོ་རྒྱུས་དང་ཡིག་ཆ་ཁག་ལ་མང་པོ་ཡོད་པ་མ་ཟད།   ལྡེའུ་ཆོས་འབྱུང་སོགས་བོད་བརྒྱུད་ཐུབ་བསྟན་གྱི་ཆོས་འབྱུང་ཁག་ལས་འདིའི་སྐོར་ཕྱོགས་ཙམ་འཁོད་པ་ནི་མང་པོ་མཐོང་རྒྱུ་འདུག   དེ་ལྟར་བོད་ཡུལ་རུ་བཞི་རུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་སྤུ་རྒྱལ་བཙན་པོ་དང་བཅུ་གསུམ་བཅས་ལ་རེ་རེ་མགུར་ལྷ་རེ་ཡོད་པས་རྗེ་ཡི་མགུར་ལྷ་བཅུ་གསུམ་ཞེས་གྲགས་པས་བོད་ཡུལ་རུ་བཞི་འདི་ཕྱྭའི་བརྒྱུད་པས་དབང་བསྒྱུར་ཡུལ་གྱི་ཡུལ་ཁམས་ཤིག་ཡིན་པ་ནི་སྨོས་ཅི་དགོས།   ཏུན་ཧོང་ཡིག་རྙིང་ལས་སྤུ་རྒྱལ་གཉའ་ཁྲི་བཙན་པོ་སྐོར་ནི་དེ་ལས།  ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་(སྡེ)བཞི་ལས།  སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ།  ལ་ལའྀ་མཆྀད་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ།  མྱྀ་གཏོག་ཤེས་ཀྱང་མཆྀ།  བཙན་པོའྀ་གདུང་རབས་ཀྱྀ་ཁུངས་སྨོས་པའ།  གནམ་དགུང་གྀ་སྟེང་ན།  ལྷ་ཀུ་(སྐུ)སྤྱྀ་སེར་བཞིས་བརྒྱྀ་བའ།  མ་སངས་ཐམ་ཅད་གྀ་བདག་པོ།  སྲྀད་པ་ཀུན་ལ་མངའ་ཆེ་མཛད་པའ།  ཕྱྭའྀ་གཡང་ཕྱྭ་ལགས་ཤེས་ཀྱང་མཆི།  རྣམ་(པ)གཉྀས་སུ་ནྀ་གདོལ་པར་ཤ་ཟའྀ་རྀགས།  རྒྱལ་པོ་གདོང་དམར་གྱྀ་རྀགས།  གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ།  གནོད་སྤྱིན་(སྦྱིན)ཛ་ཞེས་བགྱྀ་བའྀ་རྀགས་ལགས་ཤེས་ཀྱང་མཆི།   རྣམ་གསུམ་དུ་ནྀ་གནམ་རྀམ་པ་བཅུ་གྱྀ་སྟེང་ན།  ཁྲྀ་བར་བདུན་ཚྀག།ཤེས་བགྱྀ།  གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ།  འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ།  དུད་རྔོག་ཆག་བླ་མྱེད་ཀྱྀ་བླར། བློན་པོ་ལྷོ་རྔེགས།  བོན་པོ་མཚེ་གཅོ།  ཕྱག་ཚང་ཤ་སྤུག་མྱྀ་རྗེ་བདུད།  དུ་བརྒྱྀས་ནས།  ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ།  གང་ལགས་ཀྱང་མྱི་མངོན་(ཏེ)གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ།  ཞེས་གསུངས་པས་ཏུང་ཧོང་ཡིག་རྙིང་ནས་ཕྱྭ་སོགས་གདུང་ཁུངས་གསུམ་དུ་སྨོས་འདུག་པས་དེ་ཚོ་དཔྱད་ནས་ཁུངས་གཅིག་ཏུ་བབས་ཡོད་དེ།  དེའང་ཕྱྭའི་རིགས་སུ་གྱེས་པའི་ལྷའི་རིགས་རྣམ་ནི་ཕྱྭ་གཡང་སྟེར་བའི་བདག་པོ་ཤ་དག་ཡིན་པས།   སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ནི།  མ་སངས་ཐམས་ཅད་ཀྱི་བདག་པོ་ཕྱྭའི་གཡང་ཕྱྭའམ།  ཤ་ཟན་གདོང་དམར་དཀོར་ནོར་བདག་པོ་གནོད་སྦྱིན་ཛ་ཞེས་པའམ། ༣  ཁྲི་བར་བདུན་ཚིག་བཅས་རྣམ་པ་གསུམ་དུ་བཤད་ཀྱང་དོན་དུ་ཕྱྭའི་རིགས་སུ་གྲོལ་བ་ཤ་དག་ཡིན་པས་དེ་རྣམས་ནི་ཕྱྭ་རྗེ་ལ་གོ་ནས་ཆོག་སྟེ།   ནོར་བདག་ཨརྱ་འཛམ་བྷ་ལྷ།  གཏེར་བདག་ཨརྱ་འཛམ་བྷ་ལྷ།  གཡང་བདག་ཨརྱ་འཛམ་བྷ་ལྷ་ཞེས་གནོད་སྦྱིན་ཕྱྭ་དང་གཡང་གི་རིགས་ཀྱི་བདག་པོ་རྩ་ཆེ་ཤོས་དེ་དག་རྣམས་ནི་གནོད་སྦྱིན་གྱི་རིགས་ཡིན་ཞིང་ལྷག་ཏུ་དེ་དག་ལ་ཨརྱ་དུ་འབོད་བཞིན་འདུག་པས་དེའང་རྒྱུ་མཚན་གཅིག་རེད།  དེ་བཞིན་སྟོན་པ་ཤཱཀྱ་ཐུབ་པའི་བརྒྱུད་པ་དང་ཤམ་བྷ་ལའི་རིགས་ལྡན་གྱི་བརྒྱུད་པ་དང་གཅིག་པ་ཡིན་ཞིང་བོད་ཀྱི་ལོ་རྒྱུས་རྣམས་སུ་དེ་ནི་མང་བཀུར་རྒྱལ་བརྒྱུད་ལ་ཐུག་པར་བཤད་པ་དང་།  བོན་པོས་སྟོན་པ་ཤཱཀྱ་ཐུབ་པའི་བརྒྱུད་པ་ཕྱྭ་དམུ་གཙུག་གསུམ་གི་ཡ་གྱལ་དམུ་རིགས་གར་གསས་ཤག་གི་གདུང་ལས་ཐུག་པར་བཤད་པ་དང་།  ཨརྱ་ཎའི་མི་རིགས་ཀྱི་ལོ་རྒྱུས་ཤོད་མཁན་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་གདུང་ནི་ཨརྱ་ཎ་ལ་ཐུག་པའི་ཤོད་སྲོལ་འདུག་པས། མདོར་ན་མང་བཀུར་རྒྱལ་བརྒྱུད་ཟེར་ན་འདྲ། ཐ་ཚན་ཧི་སངས་རྐྱའམ། ཐམས་ཅད་སྔ་བའི་རྒྱལ་པོའམ།  སྲིད་པ་ཡེ་སྨོན་རྒྱལ་པོའམ།  ཨརྱ་ཎའི་མི་བརྒྱུད་སོགས་བརྗོད་ནའང་འདྲ་ལོ་རྒྱུས་ཐམས་ཅད་ཀྱི་ཐུག་ས་སམ་དགོངས་དོན་གཅིག་ཏུ་བབས་འདུག་པ་མ་ཟད་ལྷག་ཏུ་ཕྱྭའི་རིགས་འདི་ནི་གནོད་སྦྱིན་གྱི་རིགས་སུ་ངེས་པ་ཡིན་ཞིང་མཐར་གཏུགས་ས་ནི་ཕྱྭ་རྗེའི་ཡབ་ནི་ཡེ་སྨོན་རྒྱལ་པོའམ་མང་བཀུར་རྒྱལ་པོ་ལ་ཐུག་ཡོད་པས་སོ།  །  དེས་ན་མང་བཀུར་རྒྱལ་བརྒྱུད་ནི་བོད་རང་གི་མི་སྟེ་རི་བོ་གངས་ཅན་པ་ལ་ཐུག་བཞིན་ཏུ་ད་དུང་ང་ཚོས་གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཏུ་ཡིན་མིན་གྱི་ཐད་ལ་དོག་པ་བྱེད་དགོས་དོན་གང་ཡང་མེད་པ་ཡིན།།

 

གསུམ་པ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞང་ཞུང་ནས་བོད་ཡུལ་དུ་གཏོང་བའི་སྐོར།

 

འདིར་ལྡེའུ་རྒྱ་བོད་ཆོས་འབྱུང་ལྟར་བཤད་དེ།  དེ་ལས།   གཅེན་ཡབ་ལྷ་བརྡལ་དྲུག་དེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད།  མཐོ་ལ་ཡོགས་ཀྱི་མངའ་བདག   སྨ<དམའ>བྱིངས་ཀྱི་རྒྱན་རྐྱེན།  ཟ་མ་ཕུད་ཀྱི་མངའ་བདག་གོ།   དེ་དང་ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས།  ལྕམ་སྲིང་བརྒྱད་ལ།  ཡར་གྱི་གཅེན་གསུམ།  རོང་རོང་རྩོལ་པོ།  ཁྲི་རྒ་སྟག་གཟིགས།  ཐན་ཚོ་ཟོ་འབྲང་ངོ།  མར་གྱི་གཅུང་གསུམ་ལ་ལྷེ་རྗེ་གུང་རྩན།  ལྷེ་རྗེ་ཐོག་རྩན།  ལྷེ་རྗེ་ཟིན་གདགས་སོ།  ཁྲི་བར་གྱི་བདུན་ཚིགས་དང་བདུན་ནོ།  སྲིང་མོ་ཐ་ང་ལྷ་མོ་དང་བརྒྱད་དོ།  ཞེས་དང་།   ལྷེ་རྗེ་ཟིན་བདགས་དང་གསལ་འཇོན་མ་བཤོས་པའི་སྲས།   ཞིང་ལྷ་ཚངས་པ།  ཆུ་ལྷ་བྱང་ཡུག   དོག་ལྷ་མོན་(མགོན)བུ།  ཀ་ཡ་རྩན་པོའི་ནང་ལྷ།  མུ་ཡ་བཙན་མོའི་ནང་ལྷ།   ཚེས་ལྷ་སྨང་པོའི་བུ་ལྷའོ།   དེ་ལྟར་དྲུག་གི་དཔོན་གྱི་སྐབས་ན་སྦལ་དྲུག་ཏུ་འདྲེན་ནོ།   ཞེས་དང་།  བར་གྱི་བདུན་ཚིགས་ཏེ་རྨུ་ཡུལ་[དུ]བཤུགས་ཏེ་སྲས་ནི་གཉའ་ཁྲི་གར་<བར>གྱི་བདུན་ཚིགས་ཏེ།   ཡར་ཡབ་དང་གཅེན་ལ་གནོད།  མར་ཡུམ་དང་གཅུང་ལ་གནོད་ནས།  ཞང་ཞུང་ཡུལ་དུ་སོང་ཞིག་བཀའ་སྒོ་སྟེ་འགྲོ་མ་ཉན་པ་ལ་དཀོར་གྱི་རྣམ་པ་མང་པོ་དང་།  སྐུ་སྲུང་ལྷེའུ་རིན་ཆེན་མཆེད་བདུན་དང་།  སྐུ་ལྷ་ཀ་ཡ་མུ་ཡ་དང་།  ལྷེ་གླང་རུ་དཀར་དང་།  དུང་འཕར་པོ་འཕར་ཆུང་དང་བཅས་བྱིན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་དམུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་སྟེ་བཞུགས་སོ།  ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལས།  ཕུ་མོ་དྲེ་རྨུ་དྲེ་བཙན་མོ་དང་ཁྲི་ན་གར(བར)གྱི་བདུན་ཚིག་བཤོས་པའི་སྲས་དེས་ཡུམ་གྱི་ལྷུམས་ནས་གསོལ་པ།  ཀྱེ་ཡུམ་གཅིག་ཡར་གཤེགས་ན་ནི་ཡུམ་གྲོངས་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་སྒལ་པའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས།   སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས།  མཚན་ཡང་གཉའ་ཁྲི་བཙན་པོར་བཏགས་སོ།   འབྲིང་མོ་དྲེ་བཙུན་མོ་དང་མི་བོན་ལྷ་བོན་དང་རྒྱ་འབྲོང་ཏམ་ཆེན་པོ་བཤོས་པའི་སྲས་འཆི་མེད་གཤེན་གྱི་རྨུ་རྒྱལ་ཚ་དང་།  ཅེའུ་གཤེན་གྱི་ཕྱག་དཀར་ཚ་གཉིས་སོ།   ཐ་ཆུང་དྲེ་རྨུ་དྲེ་དང་།  སྟངས་ས་བླ་མགོན་བུ་བཤོས་པའི་སྲས་ཀྱིས་ཀྱང་ཡུམ་གྱི་ལྷུམས་ནས་གསོལ་པ།  ཡར་འགྲོར་ཡུམ་འགྲོངས།  མར་འགྲོར་སྲས་གཙོགས་པས་རྩིབ་མའི་གོ་བར་དབྱེ་བར་གསོལ་བྱས་པས།   རྩིབ་མའི་གོ་བར་ནས་བལྟམས་པས་མཚན་ཡང་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེར་བཏགས་སོ།   ཞེས་དང་།    དུས་དེ་སྐབས་ཙམ་ན་བོད་ཁམས་ཕ་དགུ་ལ་རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་མ་ཐེག་སྟེ།  འདུན་མ་བསྡུས་ན་ས་མཆིད་བསྒྲོས་པས།  འོ་སྐོལ་ལ་རྗེ་བདེན་པ་མཐུ་དང་རྫུ་འཕྲུལ་ཅན་གཅིག་བཙལ་དགོས་ན་ག་ན་ཡོད་བཅས་བསྒྲོས་པས།   བར་སྣང་ནས་ལྷས་སྒྲ་བསྒྲགས་པ།  ཀ་ཡེ་བོད་འབངས་ཕ་དགུ་སུས་ཀྱང་སྤྱན་འདྲོང་སྟེ།   ས་བླ་མགོན་བུའི་སྲས་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེ་ལ་ཞུས་དང་ཟེར་ནས།   དེ་ལ་ཞུས་པས།  རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེས་རྗེ་གཉའ་ཁྲི་བཙན་པོ་ལ་ཞུས་པ།   ཀྱེ་རྗེ་གཉའ་ཁྲི་བཙན་པོ་ལགས།  ཡུལ་ལ་ག་གླིང་དོག་ས་མ་གི་ན།  བོད་འབངས་ཕ་དགུ་ལ་ཡུལ་ན་ནི་རྗེ་མི་བཞུགས།  ཁ་ཐོགས་ཀུན་ནི་རྗེ།  གནམ་ལ་གཡག་གམ་མ་མཆིས་རུ་རིང་ཀུན་ཀྱང་གཡག   དོག་ལ་ཆབ་མ་མཆིས།  སྦུར་དང་ལོང་ངེ་ལོང་།  རྟ་ལ་རྐྱེན་མ་མཆིས་ངམ་གྲོག་ཆོད་དེ་ཆོད།  མི་རྗེ་མེད་ཀྱི་རྗེར་གཤེགས།  གཡག་བདག་མེད་ཀྱི་བདག་ཏུ་གཤེགས།  དུད་རྐྱེན་མེད་ཀྱི་རྐྱེན་དུ་གཤེགས་ཞུས་པས།   རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས།  ས་མ་གི་ན་རྐྱེན་སྣ་ཚོགས་ཡོད།  རྐུ་ཡོད།  དུག་ཡོད།  སྡང་ཡོད།  དགྲ་ཡོད།  གདོན་ཡོད།  རྫུན་ཡོད།  སྲི་ཡོད།  ཅན་ཡོད། བྱད་ལྟེམས་ཡོད།  གཡོ་ཡོད།  ང་མི་འགྲོ་གསུངས་མ་གནང་ངོ།  ཡང་བསྐྱར་ཏེ་ཞུས་པ།  རྐུ་ལ་ལན་མཆིས།  སྡང་ལ་བྱམས་མཆིས།  དུག་ལ་སྨན་མཆིས།  བྱད་ལྟེམས་ལ་བསྒྲལ་ཐབས་མཆིས།  གཡོ་ལ་དྲང་མཆིས།  གཡག་ལ་ནི་མཚོན་མཆིས།  འོ་སྐོལ་གཉིས་ཀྱང་མིའུ་ཉེ།  ཤིང་སེ་བ་བཞེན།  ཤ་རུས་ཐོགས་ཞིམ།  གོས་གཡང་བལ་དྲོ།  མི་རྗེ་མེད་ཀྱི་རྗེ་དང་གཡག་བདག་མེད་ཀྱི་བདག་ཏུ་ཅིས་ཀྱང་གཤེགས་འཚལ་ཞུས་པས།  གནང་ནས་ཡབ་ཀྱིས་དཀོར་བྱིན་པ།  སྐུ་ལ་རི་རྫི་མགོན་བུ།  ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ།  སྐུ་སྲུང་ལྷེའུ་རིན་ཆེན་བདུན།  ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ།  ཞེས་སོགས་གསུངས་པས་བཤད་སྲོལ་འདི་ཡི་རིགས་ནི་བསྒྲགས་པ་བོན་ལུགས་སམ་བོན་པོའི་ཤོད་སྲོལ་ཞེས་རྩི་བ་དང་།   སྲིད་པ་གྲོལ་ཁུངས་ནི་ཡི་གེ་ལྷ་གྱེས་ཅན་ནམ་སྟོད་ལྷ་རབས་ཀྱི་བཤད་སྲོལ་གྱི་རིགས་ཞེས་ཀྱང་ཟེར།     མདོར་ན་དེ་ལྟར་གོང་དུ་བཤད་པའི་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་བརྒྱུད་པ་ཡར་གྱི་གཅེན་གསུམ་ནི་རོང་རོང་རྩོལ་པོ་དང་།  ཁྲི་ཁ་སྟག་གཟིག  ཐན་ཚོ་ཟོ་འབྲང་ངོ།  མར་གྱི་གཅུང་གསུམ་ནི་ལྷེ་རྗེ་གུང་བཙན།  ལྷེ་རྗེ་ཐོག་བཙན།  ལྷེ་རྗེ་ཟིན་གདགས།   ཁྲི་བར་བདུན་ཚིགས་བཅས་བུ་སྤུན་བདུན་དང་སྲིང་མོ་ཐང་ང་ལྷ་མོ་བཅས་མིང་སྲིང་བརྒྱད་ཡོད་པར་དེ་ཚོ་ཐམས་ཅད་ནི་འཇིག་རྟེན་གྱི་བདག་པོ་ཤ་དག་ཡིན་ཞིང་།      སྲས་བདུན་གྱི་བར་པ་སྟེ་ཁྲི་བར་བདུན་ཚིགས་དང་ཞང་དམུ་ཡུལ་གྱི་ཐང་ཐང་ལ་སྲས་མོ་མཆེད་གསུམ་ཡོད་པར་ཕུ་མོའམ་གཅེན་མོ་དྲེ་དམུ་དྲེ་བཙན་མོ་དང་སྲས་སུ་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་པ་དང་།   སྲས་བདུན་གྱི་ཐ་ཆུང་ལྷེ་རྗེ་ཟིན་བདགས་དང་གསལ་མཇོན་མ་གཉིས་ཀྱིས་སྲས་དྲུག་ཡོད་པའི་ནང་ནས་དོག་ལྷ་མགོན་བུ་ནི་སྲས་གསུམ་པ་དེ་ཡིན་པ་དང་།   ཞང་དམུ་ཡུལ་གྱི་ཐང་ཐང་གི་སྲས་མོ་དམུ་ཟ་འབྲིང་མོ་དྲེ་བཙུན་རྨུག་མོ་དང་།  གོང་གི་ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་གི་ནུ་བོ་སྟེ་མི་བོན་ལྷ་བོན་རྒྱ་འབྲོང་ཏམ་ཆེན་པོ་གཉིས་ཀྱི་སྲས་སུ་མཚེ་མི་དམུ་རྒྱལ་ཚ་དང་།  གཅོའུ་ཕྱ་དཀར་གཉིས།  ཞང་དམུ་ཡུལ་གྱི་ཐང་ཐང་གི་སྲས་མོ་དམུ་ཟ་ཐ་ཆུང་དྲེ་དམུ་དྲེ་དང་སྟངས་ས་བླ་མགོན་བུའམ་དོག་ལྷ་མགོན་བུ་གཉིས་ཀྱི་སྲས་རྩིབ་ཀྱི་ལྷ་སྐར་མ་ཡོ་ལྡེར་ཡིན་པར་བཤད་པས།   ཁོ་ཚོ་ཚང་མ་སྤུན་ནམ་གཉེན་ཚན་ཤ་དག་ཡིན་པར་འདུག་ཅིང་།   མ་ཟད་གཉའ་ཁྲི་བཙན་པོ་ཞང་པོ་དམུ་ཡི་ཡུལ་ངམ་འབྲང་ལྕང་འབྲང་ངམ་དམུ་ཡི་རྗེ་རྒྱལ་གྱི་ཡུལ་སྟེ་ཞང་ཞུང་གི་ཡུལ་ནས།   བོད་ཁམས་གཡག་དྲུག་གམ་ལ་ག་གླིང་དོག་ས་མ་གི་ཞེས་བོད་དབུས་གཙང་རུ་བཞི་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྲིད་མ་ཐེག་པར།    སྤུ་རྒྱལ་གཉའ་ཁྲི་བཙན་པོ་སྤྱན་འདྲེན་པའི་སྐབས་སུ་ས་བླ་མགོན་བུའི་སྲས་རྩིབ་ཀྱི་སྐར་མ་ཡོལ་ལྡེ་ཡིས་དེར་ཕེབས་དགོས་པའི་ཚུལ་དང་།   མཚེ་མི་དམུ་རྒྱལ་ཚ་དང་།  གཅོའུ་ཕྱ་དཀར་གཉིས་ནི་གཉའ་ཁྲི་བཙན་པོའི་སྐུ་གཤེན་ཡིན་པས།  མདོར་ན་རྗེ་གཉའ་ཁྲི་བཙན་པོ་ནི་ཞང་དམུ་ཡི་ཡུལ་ཏེ་ཞང་ཞུང་གི་ཡུལ་ནས་མར་ཕེབས་སྐབས་སུ་ཁོང་གི་གཉེན་ཚན་གཙོ་བོ་བྱས་པའི་འཁོར་དང་བཅས་པ་མཉམ་དུ་དབུས་གཙང་གི་ཡུལ་དུ་མར་གཤེགས་པའི་ཚུལ་གསལ་བོར་བསྟན་པ་དང་།   ཡབ་ཀྱིས་སྐུ་བླ་རི་རྫི་དང་།  སྐུ་སྲུང་ལྷེའུ་རིན་ཆེན་བདུན།  ལྷེའུ་གླང་རུ་དཀར་སོགས་ཁྲི་བར་བདུན་ཚིགས་སམ་ཕྱྭ་བརྒྱུད་དང་འབྲེལ་བའི་རིགས་སྐུ་སྐལ་གནང་བ་དང་།   ཞང་པོས་དམུ་ཁྲབ་ཤོལ་མོ་དང་། དམུ་རྨོག་དམུ་ལུགས།  དམུ་མདུང་ཟངས་ཡག   དམུ་ཞག་གམ་དམུ་འབྲེང་།    དམུ་སྐས་ཐེམ་དགུ་སོགས་དམུ་ཡི་ནོར་སྐལ་དང་ཡིག་ཚང་སོགས་གནང་བས་མུ་ཁྲི་བཙན་པོ་སོགས་མཚན་གྱི་ཐོག་མར་མ་བརྒྱུད་ཀྱི་ཁུངས་སྦྱར་ཡོད་པས་རྒྱུ་མཚན་འདི་དག་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས།   དེ་བཞིན་ཟླ་བའི་རིགས་ཀྱི་རྒྱལ་རབས་ཞེས་གུ་གེ་གནའ་ཤུལ་ལ་རྙེད་སོན་བྱུང་བའི་ཡིག་རྙིང་ལས།   དེ་ལྟར་རིགས་དང་བསྐོས་པའི་རྒྱལ་པོ་མཆིས་མོད྾྾།   མྱི་རྗེ་མྱིས་མཛད་པ་ལགས་པས་ངོ་མཚར་ཆེ་རྒྱུ་མ་མཆིས།   སྐོལ་བོད་ཀྱི་རྒྱལ་པོ་འདི་ནི།   མྱི་རྗེ་ལྷས་མཛད་དེ།   སྤུ་རྒྱལ་བཙན་པོ་ནི་བོད་ཀྱི་རྗེར་བཞུགས་པའི་ས་བཟང་སྟེ།   རྒུང་སྔོན་པོའི་སྟེང་ན་བཞུགས།   སྐུའི་ལྷ་བཟང་སྟེ།   ཁྲི་བར་ལ་བདུན་ཚིགས།   གཤེགས་པའི་ཤུལ་བཟང་སྟེ།   གནམ་གྱིས་མཐོངས་ཕྱེ།   སྤྲིན་གྱིས་གོ་བསལ་ཏེ།   ནམ་མཁའ་ཕྲུམ་ཙམ་ལས་གཤེགས།   རྐྱེན་བཟང་སྟེ་འཕྲུལ་ཆ་སྣ་དགུ་མངའ།   གཤེགས་པའི་གནས་བཟང་སྟེ།   ས་རིན་པོ་ཆེ་རྒྱ་མདུད་ཀྱི་སྟེང་།   གནམ་གྱི་དཀྱིལ།   སའི་སྒལད་པ།   གླིང་བཞིའི་སྙིང་པོ།  གངས་རི་འཁྱུད་འཁོར་གྱི་ར་བ།   ཆུ་བོ་ཆེན་པོ་བཞིའི་མགོའ།   རྩང་པོ་གཞུང་གསུམ་གྱི་གླད།   གངས་ཏི་སེ་ཤེལ་གྱི་མཆོད་རྟེན།   མཚོ་མ་པང་གཡུའི་མན་དལ།   རི་མཐོ་ས་གཙང་བའི་གནས་སུ།   འགྲེང་མྱིའི་རྗེ།   དུད་སྲོག་ཆགས་ཀྱི་རྒྱན་ཏུ།   ལྷ་ལས་མྱིའི་རྗེར་གཤེགས་སོ།   གཙུག་ལག་གི་ཝང་ཁྲིམས་ནི་ཆོས་ལུགས།   དགོངས་པ་འཕྲུལ་གྱི་རས་ཆགས་པས་ནི་གསང་གྲོས་གནམ་གསུམ་གྱིས་ནི་དམྱིགས་ཕྱེ།   མོལ་ཆད་རྣམ་གཉིས་དང་།   བཞེད་རྣམ་ལྔས་ནི་བོད་ཀྱི་སྲིད་བཙས།   ཡིག་གཙང་སྡེ་དགུ་དང་།   དཔའ་མཚན་སྣ་བརྒྱད་ཀྱིས་ནི་བཀའ་དྲིན་རིམ་པར་གནང་སྟེ།   འཛམ་བུ་གླིང་ན་མངའ་ཆེན་བཞི་ཡང་སྒྱུ་དང་དཔྱའ་འབུལ་བར་གྲགས་སོ།   གནམ་ལས་གྲགས་པ་ནི་བྲག་སྲིན་དང་སྤྲེའུ་འཚོས་པའི་བུ་མོ།   གནོད་སྦྱིན་འཛ་ཡ་ཞེས་བྱ་བའི་བུ་ལྡོ་པ་པོ་ཞིག    ཤ་ཟན་གྱི་རྒྱལ་ཁམས་སྲིན་པོ་གདོང་དམར་གྱི་རིགས།   གནོད་སྦྱིན་གངས་བར་བ་འདུལ་དཀའ་ཞིང་གཙུག་ལག་གི་ཐང་ཁྲིམས་རབ་ཏུ་ཞན་པ་ཞིག་ཏུ་གྲགས་སྐད། ཅེས་གསལ་བས་ཏུང་ཧོང་ཡིག་རྙིང་གི་བཤད་སྲོལ་དང་ཕྱོགས་ཙམ་འདྲ་བའི་ཡིག་རྙིང་འདི་ལས་གཉའ་ཁྲི་བཙན་པོ་ཞང་ཞུང་གི་ཡུལ་དབུས་གངས་ཏི་སེ་དང་མཚོ་ནས་མར་གཤེགས་ཡོད་པའི་ཚུལ་གསལ་བར་བསྟན་པས་སོ།། དེ་བཞིན་མུ་ཁྲི་བཙན་པོའི་སྐུ་གཤེན་ནི་དམུ་གཤེན་སྣང་བ་མདོག་ཅན།   སྤུ་ལྡེ་གུང་རྒྱལ་གྱི་སྐུ་གཤེན་ནི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་སོགས་ས་ལ་ལེགས་དྲུག་གི་རིང་གི་སྐུ་གཤེན་ནམ་སྐུ་སྲུང་ནི་ཞང་ཞུང་མཁས་པ་ཉི་ཤུ་བྱུང་བ་དང་།   ཟ་ནམ་ཟིན་ལྡེ་ལ་ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་སྲུང་།  ལྡེ་འཕྲུལ་ནམ་ཞུང་བཙན་ལ་ཞང་ཞུང་མཚེ་མི་ཀུན་སྣང་གིས་སྐུ་སྲུང་།   སེ་སྣོལ་གནམ་ལྡེ་ལ་ཞང་ཞུང་དོན་རྟོགས་རྒྱལ་པོས་སྐུ་སྲུང་།  སེ་སྣོལ་པོ་ལྡེ་ལ་ཞང་ཞུང་ཨ་པོ་གཙུག་ཕུད་ཀྱིས་སྐུ་སྲུང་། ལྡེ་སྣོལ་ནམ་ལ་ཞང་ཞུང་ཨ་ལ་དན་ཅིས་སྐུ་སྲུང་། ལྡེ་སྣོལ་པོ་ལ་ཞང་ཞུང་ད་ར་མ་ཧ་ཏིས་སྐུ་སྲུང་།    ལྡེ་རྒྱལ་པོ་ལ་ཞང་ཞུང་ད་པ་ཧ་ཏིས་སྐུ་སྲུང་།  ལྡེ་སྤྲིན་བཙན་ལ་ཞང་ཞུང་མུ་ལ་མ་ཧོས་ཀྱིས་སྐུ་སྲུང་དེ་དག་ནི་ཆུ་ལ་ལྡེ་བརྒྱད་དང་།   རྒྱལ་ཏོ་རོ་ལོ་བཙན་ལ་ཞང་ཞུང་ཏ་ར་ལ་ཧ་ཏིས་སྐུ་སྲུང་།  ཁྲི་བཙན་ནམ། དེའི་སྲས་ཁྲི་སྒྲ་དཔུང་བཙན། དེའི་སྲས་ཁྲི་ཐོག་རྗེ་བཙན་བཅས་རྒྱལ་པོ་དེ་གསུམ་གྱི་སྐུ་སྲུང་ནི་ཞང་ཞུང་མུ་ལ་ཧ་རྒྱལ་སོགས་སྤུ་རྒྱལ་བཙན་པོའི་སྐུ་གཤེན་ནམ་སྐུ་སྲུང་ཕར་ཆེ་བ་དེ་ཞང་ཞུང་གི་ཡིན་འདུག་པ།  དེ་ལ་རྒྱུ་མཚན་གལ་ཆེན་ཞིག་ཏུ་ཡོད་ངེས་ཡིན་པས་ལོ་རྒྱུས་ཡོངས་གྲགས་སུ་ལྟས་ན་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ནི་ས་གནས་གང་ནས་ཡིན་པ་གསལ་པོར་གོ་ངེས་སུ་འདུག་པས།  །དེས་ན་ད་ལྟ་ཞང་ཞུང་ཞེས་པའི་ཐ་སྙད་དེ་ལ་གོ་བ་ལེན་ཕྱོགས་གཉིས་སུ་ཡོད་འདུག་པར་དེ་ནི།  ཞང་ཞེས་པ་ནི་ལུང་པ་ལ་གོ་བ་དང་།  ཞུང་ཞེས་པ་ཁྱུང་ལ་གོ་བས་དོན་དུ་ཁྱུང་པོ་ལུང་པ་ཞེས་འཁོད་ཡོད་པ་དང་།  ཡང་གཅིག་ནི་ཞང་ཞེས་པ་ནི་སྤུ་རྒྱལ་བཙན་པོའི་ཞང་པོ་དམུ་ཡི་ལུང་པ་ནས་ཡིན་པའི་ཆ་ནས་ཞང་ཞེས་ཞང་པོ་གོ་བ་སྟེ།   སྤུ་རྒྱལ་བཙན་པོ་ཁྲི་སྲོང་སྡེ་བཙན་ནས་རྒྱ་ནག་ལ་ཞང་པོ་རྒྱ་ཡི་ཡུལ་ཞེས་དང་དབོན་ཞང་ཞེས་འབོད་པ་ལྟ་བུ་དང་།  ཞུང་ནི་ཁྱུང་ལ་གོ་བ་ཡིན་པས་མདོར་ན་ཞང་ཞུང་ཞེས་པའི་མིང་བོད་བཙན་པོས་ཕར་བཏགས་པའི་མིང་ཞིག་མིན་པའི་ངེས་པ་མེད།  དེ་བཞིན་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གཤེགས་རབས་ཀྱི་སྐོར་ལ་དཔྱད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་མོད་འདིར་ཞིབ་ཕྲ་ཤོད་ཐབས་བྲལ་བས་གནས་སྐབས་སུ་འདིར་མཚམས་མི་འཇོག་ཐབས་མེད་བྱུང་ངོ་།།

 

བཞི་པ་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ཐེའུ་རང་མང་སྙ་ཨུ་བེ་ར་ལ་གཏུག་དགོས་པའི་རྒྱུ་མཚན།

 

དེ་ལྟར་གོང་དུ་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་ཀྱི་བཤད་ལུགས་བསྒྲགས་པ་བོན་ལུགས་དང་།  གསང་བ་ཆོས་ལུགས་སོགས་ཀྱི་ཕྱོགས་སྡོམ་ཙམ་དུ་གོང་དུ་བྲིས་ཟིན་དེ་ཙམ་ཡིན་ཆགས་ཡིན།   ད་ནི་མར་ལ་ཡང་གསང་མུ་སྟེགས་ཐེའུ་རང་ལུགས་ཀྱི་ཤོད་སྲོལ་ཞེས་བྱུང་འདུག་པས་དེ་ནི་བོད་ཀྱི་ལོ་རྒྱུས་མང་དག་ཅིག་གིས་ནང་དུ་སྤུ་རྒྱལ་བཙན་པོའི་གདུང་མཆེད་ཁུངས་ཀྱི་སྐོར་ལ་གླེང་ཡོང་བའི་སྐབས་སུ།  དེ་ནས་གཉའ་ཁྲི་བྱོན་པ་ལ།  གླེང་ལུགས་མ་མཐུན་གསང་བསྒྲགས་ཡང་གསང་ཟེར།  གང་ལྟར་ཐེན་ཡང་གཉའ་ཁྲིར་མཐུན་པ་སྟེ། ཡང་གསང་ཐེའུ་བྲང་ལ་ཆད་གཉའ་ཁྲི་མཐུན།  ཡུལ་སྤུ་བོའི་ཡུལ་ནས་མི་མོ་མོ་བཙུན་བྱ་བའི་རུས་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ལ་མ་སྙ་ཨུ་བེ་ར་བྱ་བ།  ཞེས་སོགས་ནས།  དེ་ནི་ཡང་གསང་མུ་སྟེགས་མུ་སྟེགས་ལུགས་ལུགས་ཀྱི་ཆད་ཚུལ་ལོ།  རྒྱལ་པོའི་ངན་ཚང་གསང་ཚིག་ཡིན་པར་གླེང་བར་མི་བྱ།  ཞེས་སོགས་དེའི་སྐོར་མང་པོར་འཁོད་ཡོད་པས་དེང་སྐབས་བོད་རིག་པའི་མཁས་ཅན་ཕར་ཆེ་བ་དེའི་རྗེས་སུ་འབྲེངས་ཏེ་གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་པའི་སྒྲུབ་བྱེད་མང་དག་ཅིག་སྒྲུབ་ཡོད་པ་དང་རྒྱུ་མཚན་ཡང་ངེས་ཅན་ཞིག་ཡོད་ངེས་མོད་འདིར་དེའི་སྐོར་ཡིག་ཚོགས་མང་བས་གླེང་བར་མི་བྱའོ། །  འདིར་ཁོ་བོའི་འདོད་ཚུལ་ལྟར་གྱི་ཐེའུ་རང་མང་སྙ་ཨུ་བེར་གྱི་སྐོར་ཅུང་ཙམ་གླེང་ན་སྙམ།  དེའང་སྒྲ་འགྲེལ་ལས།  དུས་དེ་ཙམ་ན་ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན་བཙན་པོ་ཁྲི་ལྡེ་ཡག་པ་དང་། བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ། སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་སྟེ༼ཏེ༽། ཟླ་དགུ་ངོ་བཅུ་ན་སྲས་ཤིག་སྐུ་འཁྲུངས་པ། དེ་ཡང་ཟླ་ལས་ལོ་གྲངས་སུ་སྐྱེད་ཙམ་ན། སྐྲ་རྩ་དམར་ལ་དམིག་ཟླུམ་པ། ལག་མཐིལ་གཡས་པ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་གསད་གཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་མོས་པ་ཞིག་བྱུང་སྟེ། དེ་མའི་ལུས(རུམ)ནས་དྲི་རྟགས་ལུས་ལ་ཚང་བ་ཞིག་འདུག་ནས།སྐུ་གཤེན་ཕ་པ་ཚེ་བཅོ་ཡིས། མཚན་ཡང་དྲི་རུམ་བཙན་པོར་བཏགས་སོ།  ཞེས་སོགས་དེ་བཞིན་བསྒྲགས་པ་གླིང་བསྒྲགས་དང་།  གླེང་གཞི་བསྟན་པའི་འབྱུང་ཁུངས།  དར་རྒྱས་གསལ་སྒྲོན་སོགས་བོན་གྱི་བསྟན་འབྱུང་ཁག་ལས་གྲི་གུམ་བཙན་པོ་ནི་ཐེའུ་རང་མང་སྙ་ཨུ་བེར་གྱི་སྤྲུལ་པ་ཡིན་པ་དང་།  བཙན་པོ་ཁྲི་སྡེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་ལ་སྲས་མང་པོ་བྱུང་མོད་ཀྱང་སྲས་ཀུན་ཆུང་སྲིས་ཁྱེར་ཏེ་གྲོངས་བས་།  མཐར་ཐེའུ་རང་མང་སྙ་ཨུ་ཝེར་སྤྲུལ་པ་མ་ཤི་གསོན་པས་གྲི་གུམ་བཙན་པོ་ཡིན་པའི་སྐོར་མང་པོ་འཁོད་ཡོད་ཅིང་།  དེ་ནི་འདི་ལྟར་ཏེ་འདུར་རྒྱུད་ཕྱར་བ་ཐང་ཆེན་ལས།   དུས་དང་བསྐལ་པ་དེ་ཤར་ཚེ།  གནམ་གྱི་ཁྲི་བདུན་ཐ་མ་རུ།  ཁྲི་སྡེ་ཡགས་པ་ཁྲི་མ་ཡགས།  སྨྲང་ཟ་ལྷ་རྒྱན་ལྷ་མ་རྒྱན།  སྟང་དབྱལ་བར་དུ་དབྱེན་བཅུག་ཤར།  གཙུག་རྗེ་གནམ་ནས་ས་ལ་བྱོན།  བཙུན་མོ་སྦྲང་ཟ་ལུས་མ་ཐུབ།  གཙུག་རྗེ་རྒྱལ་པོ་དེ་དང་བཤོས།  བུ་བདུན་བཙས་པའི་བདུན་ཚིག་དུ།  ཐེའུ་རང་མང་སྙ་ཨུ་བེར་ཞུགས།  ངམས་རྗེ་ནག་པོའི་སྤྲུལ་པ་གཅིག  གཙུག་སྲས་བདུན་ཚིག་དེ་རུ་བརྫུས།  ཞེས་དང་།   དེ་ལ་རྒྱལ་པོ་དྲི་རུམ་ནི།  སྲིད་པ་གཙུག་གི་གདུང་ཡིན་ཀྱང་།  མང་སྙ་ཨུ་བེར་བདུད་ཞུགས་པའི།  ལན་གཅིག་བུ་ལ་ཁེངས་ལོག་བརྩམ།  བོན་བཀའ་བསྣུབས་ཅིང་བོན་གཤེན་སྤྱུག  དེ་ཚེ་བོན་གྱིས་དབུ་ཡོག་གིས།  རྒྱལ་པོ་འབངས་ཀྱི་དྲི་རུ་བཀུམ།  ཞེས་དང་།  དེ་རྗེས་དུས་ནི་རེ་ཤིག་ན།  རྒྱལ་སྲས་སྤུ་སྡེ་གོང་རྒྱལ་དེས།  ཡབ་ཀྱི་བོན་བསྣུབས་བཤགས་པ་ལ།  སྐུ་གཤེན་གཅོ་བོན་གཉེ་བཞེར་སྭོགས།  བོན་གཤེན་མང་པོ་བདན་ཀྱང་དྲངས།  གསས་མཁར་ཟོ་བོ་ཁྱུང་ལགས་བཞེངས།  གཡུང་དྲུང་བོན་སྤྱོད་ཁྲིམས་ཐོ་འཛུག  རྒྱལ་ཁམས་ལེགས་པའི་ལམ་ལ་བཀོད།  ཅེས་སོགས་གསུངས་ཤིང་འདུར་རྒྱུད་ཕྱར་བ་ཐང་ཆེན་ཞེས་པའི་དཔེ་ཆ་འདི་ནི་གྲི་བོན་ར་ལྗགས་སྐྱི་རྒྱལ་ལམ་ར་ལྗགས་གསས་རྨ་སོགས་ཀྱིས་གྲི་གུམ་བཙན་པོ་གྲི་འདུར་བྱས་པའི་སྐབས་སུ་མཛད་པར་གྲགས་ཤིང་ཡིག་ཆ་ཁུངས་བཙན་ཞིག་ཏུ་ངེས་པས།   འདི་ལྟར་ན་སྤུ་རྒྱལ་གནམ་གྱི་ཁྲི་བདུན་གྱི་གདུང་ནི་ཕྱྭའི་རིགས་སུ་ཡིན་པ་དང་།   སྤུ་རྒྱལ་གྲི་གུམ་བཙན་པོ་གཙུག་རྗེ་ཡིས་བྱི་ཕྲུག་ཡིན་པར་དེ་ནས་ཕྱིས་སུ་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ངོ་མ་ནི་གཙུག་ལ་ཐུག་ཡོད་ངེས་ཀྱང་།  དོན་དམ་པས་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ཕྱྭའི་རིགས་གཏུག་པ་མ་གཏོགས་གཙུག་གི་རིགས་སུ་ཡིན་པར་སྨྲ་ནས་ག་ལ་ཆོག་ཏེ་ཆོག་མི་སྲིད་པ་ནི་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ལ་ཐུག་ཡོད་པས།   དེས་ན་ཡང་གསང་མུ་སྟེགས་ཐེའུ་རང་གི་ལུགས་ཞེས་དང་ཧ་ཅང་གསང་བ་བྱེད་དགོས་པའི་རྒྱུ་མཚན་འདི་ལ་ཐུག་ཡོད་ངེས་ཤིང་གཙུག་རྗེ་རྒྱལ་པོས་ཀོང་པོའི་ཕྱོགས་ལ་དབང་བསྒྱུར་མྱོང་ལོ་རྒྱུས་ཡོད་པར་དེའང་རྒྱུ་མཚན་གཅིག་རེད།    མ་ཟད་གཉའ་ཁྲི་བཙན་པོ་ཐེའུ་རང་མང་སྙ་ཨུ་བེར་ཡིན་ཞེས་བཤད་ན་ལོ་རྒྱུས་མཐོང་མ་མྱོང་བའི་སྐད་ཆ་ཞིག་ཏུ་ངེས་ཏེ།   ལོ་རྒྱུས་དང་ཡིག་ཆ་ཁག་ལ་ལྟས་ནས་ཐེའུ་མང་སྙ་ཨུ་བེར་གྱི་སྐོར་འཁོད་པ་ཧ་ཀྱང་མང་བས།  ཐེའུ་རང་མང་སྙ་ཨུ་བེར་ནི་ཆེས་སྲིད་པ་ཐོག་མར་ཆགས་པའི་སྐབས་སུ་ངམས་རྗེ་སྟང་དབྱལ་ཞེས་ཡབ་ངམས་རྗེ་རྩོལ་པོ་དང་།   ཡུམ་སྟོང་ངམས་ནག་མོ་ཞེས་མིང་སྲིང་གཉིས་ཡོད་པས་དེའི་ནལ་ཕྲུག་ཏུ་མིའི་གོད་སྲིར་ཐེའུ་རང་སྤུན་དགུ་ཞེས་བྱ་བ་བྱུང་ཞིང་བུ་བརྒྱད་པ་དེ་ལ་ཐེའུ་རང་མང་སྙ་ཨུ་བེར་ཞེས་བྱ་ལ་དེ་ནི་འཕེལ་རྩ་གཅོད་པའི་གོད་འདྲེ་ཡིན་པ་སོགས་ཀྱི་སྐོར་མང་པོར་འཁོད་ཡོད།  དེའི་སྤྲུལ་པ་གྲི་གུམ་བཙན་པོ་ཡིན་པ་མ་གཏོགས་གཉའ་ཁྲི་བཙན་པོ་ནི་ཐེའུ་རང་མང་སྙ་ཨུ་བེར་ཡིན་ཐབས་མེད།   གལ་སྲིད་གཉའ་ཁྲི་བཙན་པོ་ནི་ཐེའུ་མང་སྙ་ཨུ་བེར་དང་གཅིག་པའི་ལོ་རྒྱུས་ཡོད་ན་།  བོད་པ་ཚོས་བོད་བཙན་པོའི་མགུར་ལྷ་ཡར་ཤམ་པོ་ལས་ཐེའུ་རང་མང་ཨུ་བེར་རྩ་ཆེན་རྩི་སྲོལ་བྱུང་དགོས་ངེས་རེད།  ཡིན་ནའང་དེ་ལས་ལྡོག་ཏེ་ཐེའུ་རང་ཞེས་སྡུག་པོ་ཞིག་རྩི་སྲོལ་བྱུང་འདུག་པས་འདི་ལྟར་རྩི་དགོས་པའི་རྒྱུ་མཚན་ནི་ངེས་ཅན་ཞིག་ཡོད་ངེས་པས་ཚོད་དཔག་རྐྱང་རྐྱང་མི་མཛད་དེ་རིས་མེད་ཀྱི་ལོ་རྒྱུས་ཁག་ལ་གཟིགས་དང་ཧ་གོ་ངེས་སུ་འདུག་གོ།  ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ད་ནངས་སྔ་དྲོ་ནས་རྩོམ་གྱི་འགོ་བཙུགས་ཏེ་ལས་ཀའི་བར་གསེང་དུ་བྲིས་ཤིང་ད་ལྟ་ཕྱོགས་ཙམ་འགྲུབ་པར་བྱས་ཏེ་སྤེལ་བའོ།།  ༢༠༡༨ ཟླ་བ་ ༩ ཚེས་ ༡༠ ཉིན།།

 

 

 

བརྒྱུད་སྐུལ།

མཆན་སྤེལ།