སྤོ་བོ་རྫོང་ངོ་སྤྲོད།

སྤོ་བོ་རྫོང་ངོ་སྤྲོད།

སྤོ་བོ་རྫོང་ནི་བོད་རང་སྐྱོང་ལྗོངས་་ཟེར་བའི་ཤར་ལྷོའི་མཚམས་དང་། ཉིང་ཁྲི་གྲོང་ཁྱེར་གྱི་བྱང་ཤར་མཚམས་སུ་གནས་ཡོད།ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག29°08′དང་། ཤར་གྱི་གཞུང་ཐིག95°70′མཚམས་ན་གནས་ཡོད། རྫོང་གྲོང་ཁྱེར་ཁྲབ་་རྨོག་གྲོང་རྡལ་གྱི་བྱང་ངོས་ཁྲོན་བོད་གཞུང་ལམ་མམ་རྒྱལ་ལམ318ཀྱི་འཁྲིས་སུ་ཆགས་ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱི་གནས་ཡུལ་བྲག་ཡིབ་ཆུས་དང་རྒྱང་ཐག་སྤྱི་ལེ234དང་། དབུས་ཀྱི་ལྷ་ས་དང་རྒྱང་ཐག་སྤྱི་ལེ640ཡོད། རྫོང་སྲིད་གཞུང་གནས་ཁུལ་གྱི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད2720ཡོད་པ་དང་ལོ་འཁོར་མོའི་གནམ་གཤིས་ཀྱི་ཆ་སྙོམས་དྲོད་ཚད་ནི7.8℃ཡིན།

སྤོ་བོ་ཞེས་པའི་ཡུལ་མིང་གི་བྱུང་ཚུལ་ཐད་ཤོད་ཚུལ་མི་འདྲ་བ་མང་པོ་ཡོད་ནའང་། འདིར་གཙོ་བོ་《སྤོ་བོ་ཆོས་འབྱུང་》དང་དེ་བཞིན་འབྲེལ་ཡོད་ལོ་རྒྱུས་དེབ་ཐེར་ཁག་ནང་འཁོད་པའི་ནང་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ན། གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་སྤོ་བོའི་ཡུལ་ནས་ཡིན་པ་དང་། བཙན་རྒོད་སྤུ་རི་སྤུ་བཙན་ནི་གཉའ་ཁྲིའི་མེས་པོ་ཡིན་པར་བརྗོད་པས། སྤོ་བོ་ཞེས་པ་ནི་མེས་པོའི་དོན་ཡིན། སྤོ་བོ་ཉི་ལོག་ཐེག་ཆེན་གླིང་ངམ་ཅོད་པན་ཆེན་པོ་དཀར་ཕྱོགས་དགོན་གྱི་ལོ་རྒྱུས་ནང་དུའང་ས་ཕ་བཙན་རྒོད་སྤུ་རི་སྤུ་བཙན་ལ།།བྱ་མོ་ཡུལ་ནས་ཁྲབ་ཆ་བཙུན་མོ་བཞེས། །དེ་ལས་མཆེད་པའི་བཙན་གྱི་འཕྲུལ་སྲས་དགུ །དགུ་པ་ཨུ་པེར་ཤེས་འཕྲུལ་སྟོབས་ཆེ་ཡང་།།ཆོས་ཁ་ལྟ་བ་མི་གཅིག་ཀུན་གྱིས་གདོན་འདྲེར་བརྩིས། །ལུང་མི་དེ་ནས་ཕུད་པས་བོད་ཡུལ་འཁྱར།།ཞེས་བྱུང་བ་དང་། 《ལྡེའུ་ཆོས་འབྱུང་》ལས་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་གཤེགས་ཚུལ་གླེང་སྐབས། གཡུ་ཡུལ་གཡའ་ཁང་དུ་གཤེགས། །དེ་ནས་བླ་འབྲུམ་གྱང་ཏོར་(ལྷ་རི་གྱང་ཏོ་)གཤེགས། །དེ་ནས་དགས་གཡོན་མཁར་དུ་གཤེགས། །དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས།།དེ་ནས་དྭགས་ཡུལ་ཤིང་ནགས་ཏུ་གཤེགས། །དེ་ནས་ལྷ་ལུང་སྟག་པར་གཤེགས། །དེ་ནས་ཡར་ཁྱིམ་སོགས་དཀར་གཤེགས།།དེ་ནས་བཙན་ཐང་སྒོ་བཞིར་གཤེགས་ཞེས་བྱུང་བའི་ས་མིང་མང་པོ་ཞིག་ད་ལྟའང་ངོས་འཛིན་རྒྱུ་ཡོད་པ་མ་ཟད། གོ་རིམ་ཡང་སྤོ་ཡུལ་ནས་ཀོང་པོ་དང་དྭགས་པོ་བརྒྱུད་ཡུལ་ཡར་ལུང་དུ་ཕེབས་པ་གསལ་པོ་མཚོན། རྗེ་གཉའ་ཁྲི་བཙན་པོ་སྤོ་ཡུལ་ནས་ཡུལ་དབུས་སུ་ཕེབས་པའི་སྐབས་ཐོག་མར་ཡར་ལུང་ཤེས་ཅན་སྐལ་ལྡན་བཅུ་གཉིས་(བོན་གྱི་ཤེས་པ་ཅན་བཅུ་གཉིས་ཞེས་ཀྱང་བརྗོད།བོན་གྱི་ཤེས་པ་ཅན་བཅུ་གཉིས་ནི་བཙན་པོ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབ། གཉའ་སེ་དང་སྤོ་བཅས་ཡབ་འབངས་དྲུག་དང་། ལྷ་བོ་ལྷ་སྲས་དང་སེ་བོན། རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། མི་ཚེ་བོན་བཅས་ཡིན་)དང་མཇལ་ཏེ་བོན་པོ་རྣམས་ཀྱིས་གཉའ་བར་ཁྲི་བྱས་ནས་རྒྱལ་པོར་བསྐོས་པས། མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས། (གཉའ་ཁྲི་བཙན་པོ་ཁྲིར་མངའ་གསོལ་བའི་ལོ་ཚིགས་སྐོར་ལ་བན་བོན་གྱི་ལོ་རྒྱུས་ཡིག་རིགས་ཁག་ནང་གཅིག་མཐུན་མེད་དེ། སྤྱི་ལོའི་སྔོན་གྱི་ལོ1136ལ་ཡིན་ཞེས་དང་། སྤྱི་ལོའི་སྔོན་གྱི་ལོ126དང་ཡང་ན་ལོ414ལ་ཡིན་ཞེས་བརྗོད་པ་ལྟ་བུ་ཡིན་) གང་ལྟར་སྤོ་བོ་ཞེས་ཐོགས་དོན་ནི་བཙན་རྒོད་སྤུ་རི་སྤུ་བཙན་གྱི་ཡབ་མེས་རྣམས་གཉའ་ཁྲི་བཙན་པོའི་མེས་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞེས་བཤད། དེས་ན་རྒྱ་ཡིག་(波密)ཞེས་པ་ནི་སྤོ་སྨད་ཞེས་པ་ཐད་ཀར་སྒྲ་སྒྱུར་བྱས་པ་ཞིག་ཡིན་ཞིང་། དེ་ཡང་ཡུལ་ཕྱོགས་གཞན་གྱི་མིས་སྤོ་བོ་ལ་སྤོ་མི་དང་སྤུ་མི། སྤོ་པ་ཞེས་འབོད་ཀྱི་ཡོད་པ་དེ་དག་ཀྱང་སྤོ་བོའི་ཡུལ་གྱི་བདག་པོ་གང་ཟག་སྟེ། མི་ལ་གོ་བ་ལས་ཡུལ་མིང་མ་ཡིན་ནོ། །


སྤོ་བོ་རྫོང་ནི་སྐད་གྲགས་ཆེ་བའི་རི་བོ་གནམ་ལྕགས་འབར་བའི་བྱང་རྒྱུད། གཉན་ཆེན་ཐང་ལྷ་དང་ཧེ་མ་ལ་ཡའི་རི་རྒྱུད་གཉིས་ཀྱི་འབྲེལ་མཚམས། བོད་ཀྱི་ཤར་ཕྱོགས་གཙང་པོ་གསུམ་གྱི་འབབ་རྒྱུད། རྔམས་བརྗིད་གྲོག་རོང་གི་ཁྲོད་དུ་ཆགས་ཡོད་དེ།《སྤོ་བོའི་ཆོས་འབྱུང་》ལས། མདོ་སྟོད་སྤོ་བོ་ལུང་པ་ནི་ཨོ་རྒྱན་གྱི་སྦས་གནས། གནས་མཆོག་པད་མ་བཀོད་གྱི་གླིང་ཕྱི་མ། ཞེས་སྤོ་བོ་ནི་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་གནས་མཆོག་པད་མ་བཀོད་ཀྱི་གླིང་ཕྱི་མ་དང་ཨོ་རྒྱན་པད་མའི་སྦས་གནས་ཡིན་པར་བསྟན་པ་དང་།ཡང་མདོ་སྟོད་སྤོ་བོ་ལུང་པ། སྤོ་མ་གཞི་སེང་ཆེན་གྱི་ཁོག་པ། ལུང་ཕྲན་ཤ་ཕོའི་རྭ་ལགས་དར་དཀར་གྱི་ལྟེབ་རྩེག གྲོང་མེ་ཏོག་གི་ཚོམ་བུ། ཡུལ་མི་སྡེ་ཁྲི་གདུགས་བདལ་འདྲ། དགོན་སྡེ་ཟླ་བ་ཚེས་འདྲ། བཙན་རྫོང་སྐར་ཕྲན་ཤར་འདྲ། ཆུ་བོ་ལོང་ཁྱོང་བཀུག་འདྲ། ཚང་དུད་སྦྲང་ཚང་རྒྱས་འདྲ། མི་ཚོགས་གྲོག་ཚང་འུར་འདྲ། འབྲུ་སྲན་སྣ་ལྔ་སྨིན་ས། ཞེས་སྤོ་བོའི་ཡུལ་འདི་བཞིན་ཕྱོགས་བཞིར་རི་བོ་མཐོན་པོས་བསྐོར་བས་སེང་གེ་ཆེན་པོའི་ཁོག་པ་དང་འདྲ་བ་དང་། རི་མཐོ་ཞིང་གཡང་གཟར་བ་དང་ལུང་ཕྲན་དང་ལུང་ཤུར་མང་བས་ཤ་ཕོའི་རྭ་ཅོ་དང་འདྲ་བ། སྒང་གཤོངས་རེས་མོས་སུ་ཆགས་པས་དར་དཀར་པོ་ལྟེབ་རྩེག་བརྒྱབ་པ་དང་འདྲ་བ། གྲོང་སྡེ་དང་དགོན་སྡེ་མང་བས་ཉི་ཟླ་སྐར་གསུམ་འཛོམས་པ་དང་འདྲ་བ།ཆུ་བོ་རྔམས་བརྗིད་དང་ལྡན་པ། མི་ཚོགས་ཆེ་ཞིང་འབྲུ་རིགས་འབེལ་བ། དེ་བཞིན་ 《དཔལ་ལྡན་བླ་མ་རྒྱལ་བའི་རྒྱལ་ཚབ་རྟ་ཚག་ནོ་མི་ཧན་ཆེན་པོ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་》ནང་དུའང་། དེ་ཡང་གངས་ཅན་ཡུལ་གླིང་ཐམས་ཅད་ལས། །བྱེ་བྲག་ཁོལ་དུ་ཆགས་པ་མདོ་ཁམས་སྟོད། །དགོས་ཀྱི་ཁྱད་འཕགས་སྐྱིད་ཚལ་འབྲས་ཀྱི་ལྗོངས། །ལྷ་ཡུལ་ས་སྟེང་འཕོས་འདྲའི་སྤོ་བོའི་ལུང་། །སློབ་དཔོན་པད་མས་བྱིན་གྱིས་བརླབས་པའི་ས། །ཡུལ་མིང་མདོ་སྟོད་སྤོ་བོ་ལུང་པ་འདི། །ཕྱི་ཡི་ལུང་དབྱིབས་ནང་གི་ཡོན་ཏན་ཏེ། །རྣམ་པ་གཉིས་ལས་དང་པོ་ཕྱི་དབྱིབས་ནི། །གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་མཐིང་གི་འོག །པད་མ་འདབ་བརྒྱད་དབང་ཆེན་ས་གཞིའི་སྟེང་། །ཡུལ་གྱི་ཆགས་ཚུལ་སེང་ཆེན་ཁོག་པ་འདྲ། །ལུང་ཕྲན་མཐར་རྒྱས་ལྗོན་པའི་ཡལ་འདབ་བཀྲ། །ཕུ་གསུམ་གངས་རི་གུར་དཀར་ཕུབ་ལྟར་ལ། །མདའ་རྣམས་རྫ་རི་རྒྱལ་ཆེན་ཆས་སུ་ཞུགས། །གསེར་ལྡན་ཆུ་བོ་རླབས་ཕྲེང་འཁྱིལ་བས་བསྐོར། །ནང་གི་ཡོན་ཏན་འདི་ལྟར་རབ་ལྡན་ཏེ། །འགྲོ་བའི་སྒྲིབ་སྦྱོངས་ཚོགས་གཉིས་བསགས་པའི་རྟེན། །རང་བྱུང་གནས་ཆེན་མཁའ་འགྲོ་འདུ་བའི་ས། །གནས་མཆོག་མ་ཡི་སྐུང་ལུང་ལ་སོགས་པའི། །ལུང་ ཕུ་རེ་ལ་གནས་ཆེན་ཁྱད་འཕགས་རེ། །ཐུན་མོང་འགྲོ་བའི་དགའ་བདེའི་དཔལ་འབྱོར་ཕྱིར། །རི་རྒྱལ་རྣམས་ལ་དངུལ་གྱི་གཏེར་ཁ་རེ། །གཙང་ཆབ་རྣམས་ལ་གསེར་ཁ་རེ་རེ་སྟེ། །དཔག་ཡས་འདོད་རྒུ་འབྱུང་བའི་ལུང་པ་འདི། །ཞེས་སྤོ་བོའི་ཡུལ་གྱི་བཀོད་པར་བསྔགས་པ་རྒྱ་ཆེར་མཛད་ཡོད་པ་སོགས། ཞིབ་པར་ཤེས་འདོད་ན་《སྤོ་བོའི་ཆོས་འབྱུང་》དང་《དཔལ་ལྡན་བླ་མ་རྒྱལ་བའི་རྒྱལ་ཚབ་རྟ་ཚག་ནོ་མི་ཧན་ཆེན་པོ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་》སོགས་ལ་གཟིགས་པར་འཚལ།

སྤོ་བོ་རྫོང་འདི་《སྤོ་བོ་ཆོས་འབྱུང་》ལས་མདོ་སྟོད་སྤོ་བོ་ལུང་པ་ཞེས་བྱུང་བ་ལྟར། ལོ་རྒྱུས་ཐོག་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་འབོད་པའི་སྨད་མདོ་ཁམས་སྒང་དྲུག་ལས་མདོ་སྟོད་ཀྱི་ཁོངས་སུ་གཏོགས་པ་ཡིན། རྫོང་འདིའི་ཤར་ངོས་སུ་དཔའ་ཤོད་རྫོང་དང་། ལྷོ་ངོས་སུ་མེ་ཏོག་རྫོང་། ནུབ་ངོས་སུ་རྒྱ་མདའ་རྫོང་དང་ནག་ཆུ་ས་ཁུལ་གྱི་ལྷ་རི་རྫོང་།ལྷོ་ནུབ་ཏུ་བྲག་ཡིབ་ཆུས། བྱང་ངོས་སུ་དཔལ་འབར་རྫོང་དང་ལྷོ་རོང་རྫོང་བཅས་དང་འབྲེལ་ནས་ཡོད། ལོ་རྒྱུས་ཐོག་སྤོ་བོའི་ཁུལ་འདིར་སྤོ་ཆུ་ལུང་དྲུག་དང་མོན་ཚོ་ཁག་ལྔ།ལྷོ་གྲ་དཀར་ནག སྤྱན་དྲུག་ཡུལ་ཚོ་གསུམ་ཞེས་ལྷོ་ངོས་ཀྱི་མེ་ཏོག་རྫོང་དང་ནུབ་ངོས་ཀྱི་སྙེ་བྲག་རོང་གསུམ་ཞེས་ལྷ་རི་རྫོང་གི་སྙེ་བོ་ཡན་དང་ཉིང་ཁྲིའི་གསེར་སྐྱེམས་ལ་ཚུན་ཆད། བྱང་ངོས་ཀྱི་དཔལ་འབར་རྫོང་གི་སྤོ་དར་ལ་དང་ལྷོ་རོང་རྫོང་གི་བྲག་མདའ་སྒྲོ་ཚུན་ཆད། ཤར་ལྷོའི་ར་འོག་ཚུན་ཆད་བཅས་ཚང་མ་སྤོ་བོའི་ས་ཁོངས་ཡིན་པའི་ཤོད་སྲོལ་ཡོད།
སྤོ་བོ་རྫོང་ནི་སྤྱི་ལོ1180ཙམ་ནས་སྤྱི་ལོ1931ལོའི་བར་བོད་ཀྱི་རྒྱལ་རབས་དགུ་པ་བྱ་ཁྲི་བཙན་པོའམ་སྤུ་དེ་གུང་རྒྱལ་གྱི་རྒྱུད་པ་ཡིན་པར་གྲགས་པའི་སྤོ་བོ་ཀཿགནམ་སྡེ་པས་དབང་དུ་བསྒྱུར་ཏེ་ཁྱོན་རྒྱལ་རབས་ཉི་ཤུ་ལྷག་ཙམ་བྱུང་ཡོད། སྤོ་བོ་ཀཿགནམ་པའི་རྒྱལ་རབས་སམ་སྡེ་པ་རིམ་བྱོན་རྣམས་ཀྱི་ལོ་རྒྱུས་ཞིབ་ཕྲ་《སྤོ་བོའི་ལོ་རྒྱུས་》ནང་འདུག་པས། འདིར་ཡིག་ཚོགས་མང་དོགས་ཀྱིས་བཀོད་མེད།
ཕྱིས་སུ་ས་ཁོངས་བཅད་བཟུང་ལ་འགྱུར་ལྡོག་བྱུང་ཡོད་ངེས་ཀྱང་། སྤོ་ཆུ་ལུང་དྲུག་དང་། ལྷོ་གྲ་དཀར་ནག་དང་། མོན་ཚོ་ཁག་ལྔ། སྤྱན་དྲུག་ཡུལ་ཚོ་གསུམ། རོང་སྟོང་མཇུག་བཅས་ནི་སྤོ་བོ་ཀཿགནམ་སྡེ་པར་ཉམས་ཉེས་མ་བྱུང་བར་སྔར་བཞིན་སྤོ་བོའི་ཁོངས་གཏོགས་ཡིན་པའི་སྐོར་《སྤོ་བོའི་ལོ་རྒྱུས་》ནང་འཁོད་ཡོད་ལ། རྒན་པོའི་ངག་རྒྱུན་དུའང་དེའི་དུས་སུ་སྤོ་སྟོད་ཆུ་མདོ་རྫོང་ནས་མེ་ཏོག་ལ་ལོ་ལྟར་ལྡིང་དཔོན་རེ་མངགས་གཏོང་བྱེད་སྲོལ་ཡོད་ཅེས་ཟེར། 1928ལོར་བོད་སྡེ་པ་གཞུང་གིས་བོད་དམག་མདའ་ཤོག་ལྔ་དང་། ཡུལ་དམག་བཏང་སྟེ།ཀཿགནམ་སྡེ་པ་དབང་དུ་བསྡུས་རྗེས་མདོ་སྤྱི་གསར་པ་སྨན་སྟོད་པ་སྤོ་བོར་འབྱོར་ཏེ་སྤོ་བོ་ཡི་དེ་སྔའི་སྒྲིག་གཞི་ཁག་ལ་སྒྱུར་བཅོས་དང་སྦྲགས་སྤོ་སྟོད་རྫོང་(ཆུ་མདོ་རྫོང་)དང་།ཆོས་རྫོང་།(ཕར་ལུང་) ཡིད་འོང་རྫོང་བཅས་སྲིད་འཛིན་ས་ཁུལ་གསུམ་དུ་གཏན་འབེབས་བྱས། སྤོ་བོའི་རྫོང་ཁག་གསུམ་ནི་མདོ་སྨད་སྤྱི་ཁྱབ་མངའ་ཁོངས་སུ་གཏོགས་པ་དང་། རྫོང་དཔོན་རྣམས་བོད་གཞུང་ནས་ཐད་ཀར་མངགས་གཏོང་བྱེད་ཅིང་། སྤྱིར་བཏང་ལོ་གསུམ་རེའི་མཚམས་སུ་ཐེངས་རེ་བརྗེ་སྲོལ་ཡོད།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།