སྤོས་ཁང་པའི་བརྡ་སྤྲོད་ལས་བརྡ་བཀྲོལ་ཚན་བཤུས།

སྤོས་ཁང་པའི་བརྡ་སྤྲོད་ལས་བརྡ་བཀྲོལ་ཚན་བཤུས།
 སྤོས་ཁང་པ་རིན་ཆེན་རྒྱལ་མཚན་༼༡༣༤༨-༡༤༣༠༽ཞབས་ནི་ཁང་དམར་རྫོང་མང་བཙན་རྒྱ་ར་གྲོང་དུ་རབ་བྱུང་དྲུག་པའི་ས་བྱིའི་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་ཁྱིམ་ཚང་འབྲིང་པ་ཞིག་ཏུ་སྐུ་འཁྲུངས། རུས་ཁྱུང་། ལྕགས་ཁྱི་ལོར་ཁང་དམར་ཁོངས་ཉང་སྟོད་གསེར་གླིང་དུ་དགོངས་པ་རྫོགས། དགུང་ལོ་གྱ་གསུམ་བཞུགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན། རྒྱལ་རྩེ་ཆོས་རྒྱལ་གྱི་དབུ་བླ་གནང་། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་དང་མྱང་སྟོད་སྤོས་ཁང་དགོན་༼དེང་པ་སྣམ་རྫོང་ཁོངས།༽ ཕྱག་བཏབ་དུས་འདིར་མཁས་གྲུབ་གྲགས་ཅན་ཞིག་ཡིན། ཕྱིས་སུ་རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་འཇམ་དཔལ་དབྱངས་དངོས་རིན་ཆེན་རྒྱལ་མཚན་ཞབས་ཞེས་བསྔགས་བརྗོད་གནང་ཡོད། མཚན་གྱི་རྣམ་གྲངས་ལ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན། ཁྱུང་གི་བནྡེ་རིན་ཆེན་རྒྱལ་མཚན། བན་རྒན་རིན་ཆེན་རྒྱལ་མཚན་སོགས། ཆོས་བརྒྱུད་རིན་རྒྱལ་ལུགས། སློབ་མ་ཀུན་མཁྱེན་དགའ་སྡོང་པ་དང་འཇམ་དབྱངས་དཀོན་མཆོག་བཟང་པོ་སོགས།བརྩམས་ཆོས་གྲགས་ཆེ་ཤོས་སྡོམ་འགྲེལ།  གསུང་འབུམ་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བའི་པོད་ཆེན་ལྔ་བཞུགས།

  ཁོང་གི་གསུང་འབུམ་དེབ་གཟུགས་པོད་དང་པོའམ་དཔེ་གཟུགས་པོད་ཀ་པར་བཞུགས་པའི་བརྡ་སྤྲོད་སྐོར་ལས་འདིར་བརྡ་བཀྲོལ་ཞིག་འཚམས་སྦྱོར་ཞུ་རྒྱུ་ལ། དེབ་གཟུགས་ཤོག་གྲངས་ ༢༢༠ ལས། ད་ནི་བརྡ་རྙིང་པ་གོ་དཀའ་བ་འགའ་ཞིག་གྲོལ་བར་བྱ་སྟེ།  བླ་མཐང་ནི་སྟོད་སྨད་དོ། །སྐྱོ་སྐྱོར་ནི་ཡང་ཡང་། སླ་བརྐྱལ་བ་ནི་མི་ཟད་པ། ཝན་པ་ནི་སོང་བ། གམ་ཡོ་ནི་ཉེ་འཁོར། རྨད་ཀ་ཆད་ནི་ཡང་དག །ཆང་ཁྱུ་ནི་ཚོགས་པ་དང་། ཆེད་ཀར། ཐ་རམ་ནི་ངན་པ། ཇེ་ནི་དང་པོ། སྨྲང་ཚིག་ནི་སྔོན་རབས་དང་གསང་ཚིག ། ཇི་ག་ནི་བརྟག་པ།  ལྡུམ་པ་ནི་ཁང་པ། བསྣམས་པ་ནི་ཐོགས་པ།  ཚམ་ངམ་ནི་འཇིགས་པ། ཕྱང་ཡར་ནི་འཕྲིན་ལན། སྦྲེལ་ཞི་ནི་ཐད་ཀ་དང་མཉམ་པ། ཉོས་པ་ནི་ཟས། རང་པ་ནི་གོས། རན་པ་ནི་ཙྭ། རམ་ཤག་ནི་འབྱོར་པ། མནབ་ཙལ་ནི་ཁ་ཟས། ཇེ་རོབ་ནི་ཅི་སླད། ཡུག་པ་ནི་རྐང་པ། སུག་པ་ནི་ལག་པ། རྒྱ་ཆངས་དང་།ཤུར་བུ་ནི་སྐ་རགས། གོར་བུ་ནི་སྟན་ཟླུམ་དང་གྲུ་བཞི། ཕྱིས་བུ་ནི་སྣོད། རྟད་པ་ནི་གློ་བུར། ལྷོག་མོ་ནི་ཁུད་པ། སླགས་པ་ནི་བཀོད་པ། བཞེར་པ་ནི་བརྟེན་པ། འཕྱར་གཡེང་ནི་རྣམ་གཡེང་། བནབས་ནི་གྱོན་པ། གཟས་པ་ནི་སྟ་གོན། འཆེལ་པ་ནི་ཞེན་པ། ཐ་རབས་ནི་གཏམས་པ། ཁ་ཀླལ་བ་ནི་གདངས་པ། ཀླུབས་ནི་ཕུབ་པ། རླིབས་ནི་རྒྱ་བྲེས་པ། ཕོལ་བ་ནི་རྟོགས་པ། ལ་བཟླས་ནི་ཐག་བཅད་པ། ཕྲུ་མ་ནི་ཕོ་བྲང་། སྒོ་གླེག་ནི་སྒོ་འཕར། སྤྱོས་པ་ནི་སྡིགས་པ། དབྱེ་ཚོང་ནི་ཚོང་ཁང་། བྱ་མ་རྟ་ནི་སོ་པའམ་ཉན་རྣ་བ། རླང་པོ་ནི་རྩུབ་པོ། རྨས་པ་ནི་དྲིས་པ། གཞོག་སྟེགས་ནི་ཟུར་མིག །མཛན་མོ་མཛན་པོ་ནི་བསྒྲོད་བྱ་བསྒྲོད་བྱེད། འཐབ་དཀྲོལ་ནི་གནོད་པའི་རྒྱུ། ཞྭ་སྦྲེ་ནི་སྣ་མེད། ཕྲུམ་ནི་དམག། རྣ་སྒྲ་ནི་མེའུ། ཧྭགས་ནི་བུ་རམ། སྨྲང་ནི་ལུང་། ཆང་ཐུབ་ནི་གང་ཟག ། རན་པ་ནི་ལྕུག་ཕྲན། ཉུག་རུམ་ནི་རླིག་ཕྱུང་། བོག་རོ་བི་དྲ་བ་དང་བ་གམ། ཁང་པའི་རྟེན་ནི་རྨང་། བན་ནོ་ནི་འཛིན་པ། དགོན་གདུང་ནི་ཚད་གདུང་། དགོན་པ་ནི་འཚེ་བ། ལུས་བོང་ནི་བ་ལང་། མཚུན་ནི་བསོད་ནམས། མཚུན་འཐོར་ནི་ཕ་མེས་མཆོད་པ། གཞའ་གསང་ནི་གཡུང་དྲུང་། དཔེན་པ་ནི་མཁོ་བ་དང་ཕན་པ། དཀོས་ཐག་ནི་ཉམས་ཐག་པ། ཁ་ཐན་ནི་ཁ་ཏོན། ཉིང་ཏོར་ནི་ངེས་པར། གཏུ་ལུམ་ནི་བཟི་བ། རྨེ་བ་ནི་སྨྲ་བ། འཕན་པ་ནི་ཆགས་པ་དང་དར་བ། ཡོན་ད་ནི་ཡང་དག ། འོར་དགའ་ནི་རེས་དགའ། བྱ་སྐོན་ནི་བྱ་རྒྱ། གོ་ཅོག་ནི་ཡོད་དོ་ཅོག ། གཞའ་ཏེ་ནི་མགུ་ཏེ། གྱིམ་ཤིང་ནི་རོལ་མོ། ཆོ་ལོ་ནི་རྒྱན་པོ།  འགྱོང་འགྲོང་བསྟན་ནི་མཚན་མའི་སྒོ། མ་གྲང་ནི་མ་དུལ་བ། ནན་ཏུར་ནི་ཆད་ལས། རྨེན་ངན་ནི་ལྟས་ངན། གཏི་བ་ནི་སྨྲ་བ། འདྲག་འཐིལ་ནི་ལག་འཐིལ། བྲུངས་ཀྱང་ནི་ཀུན་ཀྱང་། སར་ཏང་ནི་སྟན་གཟར། ཀོག་ཚེ་ནི་སྙི་ཐག །  ཐོར་ཁོང་ནི་གར་བུ། མདོ་མི་དམན་ནི་དཔངས་མཐོ་བ། དུགས་ཁང་ནི་མེས་དང་ཁྲུས་ཀྱི་ཁང་པ། བཞགས་པ་ནི་བརྒྱན་པ། གཡམ་ལ་ནི་ཞར་ལ། སྣམ་ཕྱི་ནི་ཕྱི་ས། ཡ་གད་ནི་རྐང་རྟེན།  རྒུ་གུ་ཅན་ནི་གཅེར་བུ་པ། གཟར་ཐག་ནི་དཔྱང་ཐག  ཆེམས་བཞག་ནི་འཕྲིན་བཟླས་པ། བཀད་པ་ནི་འདུག་པ། ཚིག་གུ་ནི་འབྲས་བུ། སྐྱོས་པ་ནི་ཉམས་པ། སྐྱོ་སྔོག་ནི་འཁྲུངས་པ།  ཚང་ཐུར་ནི་གོས་ཤུབས།  ཕོ་ལོང་ནི་གྲུ་གུ། ཕྱག་ལས་ཁོམ་ནི་ར་རོ་བ། གཙང་གནན་ནི་བཏུང་བ། བརླམས་པ་ནི་བསྐྱོད་པ།  བཙུམ་པ་ནི་འོ་བྱེད་པ། ཕྱུགས་ཆུང་ནི་གཞོན་ནུ་མ། བྱ་མོ་ལབ་ནི་ཉེར་མཁོའི་རྫས།  ལན་ཀན་ནི་སེང་མ།  མི་ངས་ནི་རིམས་ནད། འགྱུར་བྱེད་ནི་སྐྲ་ཆལ།  དོ་ཀེར་ནི་ཐོར་ཚུགས།  འཁོས་སུ་ཕབ་ནི་མངོན་དུ་བཀོད།  འཐོལ་བ་ནི་བརྗོད་པ།  སྤྲུན་པ་ནི་བསྲེས་པ།  ཐོག་ཐོག་ནི་དང་པོ།  རེག་ཟིན་ནི་བཀའ་སྤྱད།  བོན་པ་ནི་བཟླས་པ།  སྐྱིན་ཀོར་ནི་གང་སྦལ་དང་རྩངས་པ། གཡར་ཁྲལ་ནི་ཁ་ཁྲལ། སྲིལ་སྲོག་ཆགས་ཇེ་ནི་དེ། ཏི་ཚ་ནི་འོག་གདན། སྐྱུ་རུམ་ནི་ཚོད་མ།  ཤུན་སྤྲགས་ནི་ཤུན་པགས། ཇ་ཧོང་ནི་ལེབ་རྒན་དང་བཙོད་ཁ་དང་དམར་དམུག ། བང་བསངས་པ་ནི་བུ་སྐྱེས་པའི་ནད་དག་པ། ཞར་ཡང་ནི་ནམ་ཡང་།  བྲམ་འཛེ་ནི་བྲམ་ཟེ།  འཁོར་གྱི་སླས་ནི་བུད་མེད། ལྷས་མ་བླས་ནི་ལྷས་མ་གླས། བསྐྱེད་པ་ནི་ཕྲ་མ། གག་ནི་གང་། ཏེ་པོར་ནི་ལྷག་པར། འཁོར་མོ་འཇིག་ནི་གསལ་ལྡན། བཏང་བཟུང་ནི་གྲུ་འཛིན། ནད་ཐག་འཇུག་ནི་རྩད་ནས་འདོན་པ།  ཤིན་ཏེ་མ་ནི་ཆུད་གསན་པ། ཉམས་པ་སླ་ཚ་ནི་མི་གཙང་བ། ཇེང་ནི་རྒྱུད་མངས། འོག་དཔག་ནི་རྐེད་རྒྱན། བཟང་མཁན་ནི་གོས་བཟོ་བ།  བརྐྱད་པ་ནི་འགྲན་པ། འགྲན་ཏོར་ནི་འགྲན་ང་། ཧབ་ཤང་ཚེའུ་ནི་སྒོག་སྐྱ། མོལ་བ་ནི་གླེང་པའོ། །འདི་ལྟར་ཕུལ་དགོས་པ་ཡང་མཁས་དབང་དེའི་གསུང་ལ་ལྟ་ཀློག་བྱེད་པར་བསྐུལ་བ་དང་ལོ་རྒྱུས་རིག་པ་བ་དག་དང་བྱེ་བྲག་བརྡ་རྙིང་ཞིབ་འཇུག་པ་སྐད་བརྡ་རིག་པ་བ་རྣམ་ལ་ཕན་ཕྱིར་རབ་གནས་ལྕགས་བྱིའི་དབོ་ཟླའི་ཡར་ཚེས་ལ་སྤོས་ཁང་སྒྲོལ་བཟང་གིས་ཇོ་གདན་སྤོས་ཁང་དགོན་ནས་ཕུལ།། 2020/4/1/ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།