སྲིད་པ་འཁོར་ལོའི་རྣམ་གཞག

སྲིད་པ་འཁོར་ལོའི་རྣམ་གཞག

སྲིད་པ་འཁོར་ལོ་ཞེས་པ་ནི། ངན་འགྲོ་དང་བདེ་འགྲོ་གཉིས་སུ་འདུས་པའི་རིགས་དྲུག་གི་འགྲོ་ཀུན་སྲིད་པ་འཁོར་བར་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་སྟེ། སངས་རྒྱས་ཞལ་བཞུགས་དུས་ནས་བྱུང་བ་ཞིག་ཡིན་ལ། འདི་ནི་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དགོངས་བཞིན། མཐའ་ཁོབ་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་ལ་སྐྱེས་ལན་འབུལ་བྱེད་དུ་བྲིས་པར་བཤད་ཅིང༌། དེ་ཡང་རྒྱལ་པོ་ཨུ་ཊ་ཡ་ན་ལ་ཕྱག་རྟགས་འགངས་ཅན་ཞིག་མ་བརྙེད་ནས། བཅོམ་ལྡན་འདས་ལ་ཐབས་ཞུས་པས། སྟོན་པ་ཐུགས་རྗེ་ཅན་གྱིས་དཔེ་རིས་ཀྱི་སྒོ་ནས་ཉམས་སུ་བླང་བདེའི་སྲིད་པ་འཁོར་ལོ་འདི་བཞེངས་ནས་སྩལ་བ་ཞིག་ཡིན།

གཞན་ཡང་སིངྒ་ལའི་བུ་མོ་མུ་ཏིག་ཁྲི་ཤིང་གིས་ཞུས་པ་བཞིན་ཐུགས་དམ་གྱི་རྟེན་དུའང་སྲིད་པ་འཁོར་ལོ་འདི་ཉིད་སྩལ་བ་མདོ་རྒྱ་ཆེར་རོལ་པ་ལས་གསུངས། རྒྱལ་པོ་ཨུ་ཊ་ཡ་ན་དང་བུ་མོ་མུ་ཏིག་ཁྲི་ཤིང་གཉིས་བདེན་བཞིའི་དོན་ཚང་བའི་དཔེ་རིས་སྲིད་པ་འཁོར་ལོ་འདི་བསྒོམས་པས། མངོན་སུམ་དུ་དོན་རྟོགས་པ་ལ་བརྟེན་ནས་འཕགས་ལམ་ཐོབ་ཅིང༌། དེ་གཉིས་ཀྱི་རྗེས་འབྲངས་སྐྱེ་བོ་ཁྲི་ཕྲག་ཀྱང་འཕགས་ལམ་ཐོབ་པར་གསུངས་སོ། །

དུས་དེ་ནས་བཟུང་ད་ལྟའི་བར་དགེ་འདུན་གྱི་ཀུན་དགའ་རྭ་བ་དང༌། གཙུག་ལག་ཁང་གི་སྒོ་ཞོལ་གྱི་ལོགས་བྲིས་སུ་འབྲི་སྲོལ་དར་བ་དང༌། དེ་ལྟར་བྲིས་པའི་དགོས་པ་ནི། དགེ་འདུན་པ་རྣམས་འདུ་ཁང་དུ་འཚོགས་ཞོར་ལ་འཕགས་པའི་བདེན་བཞི་ཐུགས་ལ་ཤར་བའི་དོན་དུ་ཡིན་ཞིང༌། སྲིད་པ་འཁོར་ལོ་ནི་བསྟན་པ་འདིའི་རི་མོའི་ཐོག་མ་ཡིན་པར་གྲགས་སོ། །

སྲིད་པ་འཁོར་ལོ་འདིས་འཁོར་བ་ལས་ཐར་ཏེ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ལམ་བདེན་བཞི་མཚོན་ཚུལ་ནི། བདེ་འགྲོ་ལྷ་དང༌། ལྷ་མ་ཡིན། མི་གསུམ་དང༌། ངན་འགྲོ་དམྱལ་བ་དང༌། ཡི་དྭགས། དུད་འགྲོ་གསུམ་བཅས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བདེན་པ་མཚོན་པ་ཡིན། དེ་ཡང་དབུས་ཀྱི་བྱ་ཕག་སྦྲུལ་གསུམ་པོས་ཉོན་མོངས་དུག་གསུམ་གྱིས་མཚོན་པའི་ཉོན་མོངས་པའི་ཀུན་འབྱུང་མཚོན་པ་དང༌། གཡས་གཡོན་གྱི་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན། ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ཀྱིས་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་གཉིས་ཀྱི་དབང་གིས་སེམས་ཅན་རྣམས་འཁོར་བར་རྒྱུན་མ་ཆད་པར་འཁོར་ཚུལ་མཚོན། སྡུག་ཀུན་གྱི་བདེན་པ་སྟོན་པའི་འཁོར་ལོ་འཆི་བདག་གཤིན་རྗེའི་པང་བར་གནས་ཤིང༌། མཆེ་བ་བཏབ་སྟེ་ཁ་དང་ལག་པས་དམ་པར་བཟུང་བ་ནི་སྡུག་ཀུན་བདེན་པ་གཉིས་ལས་མ་ཐར་ཚུན་ཆད། འཆི་བདག་གཤིན་རྗེའི་ཁ་དང་ལག་པ་ལས་མ་ཐར་བར་འཁོར་བའི་རྒྱ་མཚོར་གནས་ཏེ་ལྷ་ལ་འཕོ་ལྟུང་དང༌། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི། དུད་འགྲོ་ལ་གསོད་གཅོད་བཀོལ་རྡུང༌། ཡི་དྭགས་ལ་བཀྲེས་སྐོམ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་དགོས་པར་མཚོན་པ་ཡིན་ནོ། །

སྲིད་པ་འཁོར་ལོ་དེའི་བར་སྣང་གི་གཡས་ཕྱོགས་སུ་ཟླ་བ་ཉ་གང་བ་བྲིས་པ་དེ་ཐར་པ་དང་འགོག་པའི་བདེན་པར་མཚོན་ཞིང༌། སྟོན་པ་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱག་གི་བརྡས་སྟོན་པ་དེས་བསླབ་པ་གསུམ་དང་ལམ་བདེན་མཚོན་པ་ཡིན། འགོག་ལམ་གཉིས་ཀྱི་མཚོན་བྱེད་གཉིས་སྲིད་པ་དང་མ་འདྲེས་པར་ཟུར་དུ་ཕྱེས་ནས་བྲིས་པས་ཡིད་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པས་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་བསླབ་པ་གསུམ་མཚོན་པའི་ལམ་གྱི་རིམ་པ་ཉམས་སུ་བླངས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བསྟན་ཏོ། །

རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བཅས་པའི་མཚོན་དོན་རྒྱས་པར་བརྗོད་ན། དེ་ཡང༌། རི་མོའི་དབུས་སུ་བྱ་ཕག་སྦྲུལ་གསུམ་བྲིས་པ་ནི། བྱ་ཡིས་འདོད་ཆགས་དང༌། ཕག་པས་གཏི་མུགསྦྲུལ་གྱིས་ཞེ་སྡང་བཅས་ཉོན་མོངས་དུག་གསུམ་མཚོན་ལ། བྱ་དང་སྦྲུལ་གཉིས་ཀྱང་ཕག་གི་ཁ་ནས་ཐོན་པར་བྲིས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གཙོས་འཁོར་བའི་ཉེས་པ་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བྱུང་ཞིང༌། ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་བར་མཚོན་ནོ། །

དེའི་མཐར་ལམ་དཀར་ནག་གཉིས་བྲིས་པ་ནི། དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པ་མཚོན་པ་སྟེ། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེ་བ་ཞིག་ཡིན་ན། བར་སྲིད་སྐབས་མཚན་མོར་མགོ་བོ་ཐུར་དུ་བསྟན་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་གྱིས་ཐག་པས་བཀྱིག་ནས་དབང་མེད་དུ་འཁྲིད་འགྲོ་བ། དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང༌། ལམ་གྱེན་དུ་འགྲོ་བའམ་ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱིས་འཇིགས་སྣང་དང་སྡུག་བསྔལ་ལས་བྲལ་བའོ། །

ལས་མཁན་གྱིས་ཐག་པས་བཀྱིགས་ནས་འཁྲིད་པར་བྲིས་པ་ནི། ངན་སོང་དུ་འགྲོ་བའི་བར་སྲིད་པ་རྣམས་ནི་སྡིག་པའི་ལས་ཀྱིས་རང་དབང་མེད་པར་བདས་པས། ལས་མཁན་འཇིགས་སུ་རུང་བས་ཐག་པས་བསྡམས་ནས་འཐེན་པའི་འཇིགས་སྣང་དཔག་མེད་སྐྱེ་བ་མཚོན། བདེ་འགྲོའི་བར་སྲིད་ཡིན་ན་དེ་འདྲའི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བའོ། །

འཁོར་ལོའི་རྩིབས་བར་དྲུག་ཏུ་ལྷ་དང༌། མི་དང༌། ལྷ་མ་ཡིན་བཅས་བདེ་འགྲོ་གསུམ་དང༌། དམྱལ་བ་དང༌། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་རིམ་པར་བཀོད་དེ་བྲིས་པ་ནི། འགྲོ་ཀུན་གཏན་བདེའི་ཐར་པ་མ་ཐོབ་པར་འཁོར་བར་འཁོར་བའི་གནས་ལ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་མཚོན་པ་ཡིན།

འཁོར་ལོའི་མཐའ་འཁོར་གྱི་དྲ་མིག་བཅུ་གཉིས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ། གཡས་ཕྱོགས་ཀྱི་དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས་འགྲོ་བར་བྲིས་པ་ནི། མ་རིག་པའི་རྟེན་འབྲེལ་མཚོན་ཏེ༑དམུས་ལོང་བདེ་བའི་ལམ་དུ་འགྲོ་བ་ལ་རྨོངས་པ་ལྟར། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་བཟུང་སྟེ་དགེ་སྡིག་གི་ལས་ལ་གྱ་ཚོམ་དུ་འཇུག་པར་མཚོན་པ་ཡིན་ནོ། །

གཉིས་པར་རྫ་མཁན་བྲིས་པ་ནི། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན་པ་ཡིན་ཏེ། རྫ་མཁན་གྱིས་རྫ་མ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་བཟོ་ཐུབ་པ་ལྟར། ལས་ཀྱི་རྟེན་འབྲེལ་གྱིས་རྣམ་སྨིན་གྱི་ཕུང་པོ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་སྐྱེ་བར་བྱེད་པ་དེ་མཚོན་པ་ཡིན།

གསུམ་པ་སྤྲེའུ་ཤིང་རྩེར་གནས་པར་བྲིས་པ་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་ཏེ། སྤྲེའུས་ཤིང་གི་རྩེ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕོ་བསྐྱོད་བྱེད་པ་ལྟར། རྣམ་ཤེས་ཀྱིས་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་རྣམ་སྨིན་གྱི་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་འཆི་འདོར་ལེན་བྱེད་པ་དེ་མཚོན་པ་ཡིན།

བཞི་པ་གྲུ་གཟིངས་བྲིས་པ་ནི། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། གྲུ་གཟིངས་ཀྱིས་འགྲུལ་པ་ཚུར་རོལ་ནས་ཕ་རོལ་ལ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་བྱེད་པ་ལྟར། མིང་གཟུགས་ཅི་རིགས་པས་ཀྱང་སྐྱེ་བ་སྔ་མ་ནས་འདིར་འོངས་ཤིང༌། འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྟེན་ནམ་སྣོད་བྱེད་པའི་ཕྱིར་རོ། །

ལྔ་པ་ཁང་པ་སྟོང་པ་བྲིས་པ་ནི། སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་ཏེ༑ཁང་སྟོང་གནས་ཀྱི་ངོ་བོ་གྲུབ་ཀྱང་བརྟེན་པ་བདག་པོ་མེད་པ་ལྟར། སྐྱེ་མཆེད་ཀྱི་གནས་སྐབས་སུ་རྟེན་དབང་པོ་ལྔའི་ངོ་བོ་རྫོགས་པར་གྲུབ་པར་བརྟེན་རྣམ་ཤེས་ལྔ་འགྲུབ་རྒྱུ་ཡིན་པའི་ཕྱིར།

དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་རྣམ་འགྱུར་བྲིས་པ་ནི༑རེག་པའི་རྟེན་འབྲེལ་མཚོན་ཏེ། འཁྱུད་ཅིང་འོ་བྱེད་པས་རེག་པའི་དགའ་བ་ཙམ་ལས་འཁྲིག་པའི་བདེ་བ་མྱོང་མི་ཐུབ་པ་ལྟར། རེག་པའི་རྟེན་འབྲེལ་གྱི་ཚེ་ཚ་གྲང་འཇམ་རྩུབ་ལ་སོགས་པའི་རེག་བྱ་གང་དང་གང་འཕྲད་ཀྱང་ད་ལྟ་རེག་པའི་སྣང་བ་ཙམ་ལས་དེ་ལས་བྱུང་བའི་ཚོར་བ་བདེ་སྡུག་རྫོགས་པར་མྱོང་མི་ཐུབ་པའི་ཕྱིར།

བདུན་པ་མིག་ལ་མདའ་ཟུག་པར་བྲིས་པ་ནི། ཚོར་བའི་རྟེན་འབྲེལ་མཚོན་ཏེ། མིག་ལ་མདའ་ཟུག་མ་ཐག་ཏུ་ཚོར་བ་སྡུག་བསྔལ་ངང་གིས་སྐྱེ་བ་ལྟར། རེག་པ་དེ་ཉིད་ནུས་པ་ཤས་ཆེར་གྱུར་ནས་ཚ་གྲང་དང་འཇམ་རྩུབ་ཇི་ལྟར་རེག་པ་ན་དེའི་ཚོར་བ་བདེ་སྡུག་ངང་གིས་སྐྱེ་བའི་ཕྱིར་རོ། །

བརྒྱད་པ་སྐྱེས་བུ་ཆང་འཐུང་བ་བྲིས་པ་ནི། སྲེད་པའི་རྟེན་འབྲེལ་མཚོན་ཏེ། ཆང་འཐུང་སྐྱེས་བུས་ཆང་གི་བྲོ་བ་མྱོང་བ་ན། དེ་ལ་ཆགས་ཞེན་རང་ཤུགས་ཀྱིས་འཕེལ་ཏེ་རང་སེམས་དེ་ལ་གཡེང་བ་ལྟར། སྲེད་པས་འཁྲུལ་སྣང་གི་དངོས་པོར་ཡིད་ཆགས་ཏེ། དེ་དང་དེ་ཐོབ་ན་སྙམ་པའམ་དེ་དང་མ་བྲལ་ན་སྙམ་པའི་སྲེད་ཞེན་གྱིས་ཡིད་གདུང་བར་བྱེད་པའི་ཕྱིར།

དགུ་པ་སྤྲེའུས་ཤིང་ཏོག་ལེན་པར་བྲིས་པ་ནི། ལེན་པའི་རྟེན་འབྲེལ་མཚོན་ཏེ། སྤྲེའུས་ཤིང་ཏོག་ལེན་པ་ལྟར། སྲེད་པ་དེ་ཉིད་ཤས་ཆེར་སོང་ན་འདོད་པའི་དངོས་པོ་དང་དུ་ལེན་པའི་སེམས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར་རོ། །

བཅུ་པ་བུད་མེད་སྦྲུམ་མ་བྲིས་པ་ནི། སྲིད་པའི་རྟེན་འབྲེལ་མཚོན་ཏེ༑སྦྲུམ་མས་ནང་གི་ཕྲུ་གུ་ཕྱིར་འབྱུང་བར་མངོན་དུ་ཕྱོགས་པ་ལྟར། རྣམ་ཤེས་ཀྱི་སྟེང་དུ་འདུ་བྱེད་ཀྱི་ལས་གང་ཡང་རུང་བའི་བག་ཆགས་འཇོག་པ་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ། ལས་ཀྱི་ནུས་པ་མཐུ་ཆེན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་པོ་གསར་དུ་གྲུབ་པ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །

བཅུ་གཅིག་པ་ཕྲུ་གུ་བཙའ་བར་བྲིས་པ་ནི། སྐྱེ་བའི་རྟེན་འབྲེལ་མཚོན་ཏེ༑ཕྲུ་གུ་མའི་མངལ་ནས་ཕྱི་རོལ་དུ་ཐོན་པའི་སྐབས་ལྟར། རྣམ་ཤེས་ཕུང་པོ་རྙིང་པ་ནས་སྐྱེ་སྲིད་དུ་འཕོ་བར་བྱེད་པའི་ཕྱིར་རོ། །

བཅུ་གཉིས་པ་མི་རོ་ཁུར་བར་བྲིས་པ་ནི། རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། རང་གི་ན་ཚོད་གཞོན་ནུར་འགྱུར་ཏེ་ཇེ་རྒུད་དུ་སོང་བ་ནས་བཟུང་རྒ་བའི་རྟེན་འབྲེལ་དང༌། འབྱུང་བཞི་རིམ་གྱིས་བསྡུས་ཚེ་འདིའི་ཕུང་པོ་དང་ཡིད་ཀྱི་རྣམ་ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པ་ཡིན་ནོ། །

དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་ནི། དེས་ལས་དང་ཉོན་མོངས་པའི་དབང་གིས་འཇིག་རྟེན་གྱི་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པ་ཡིན།

དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འགྲོ་ས་གང་ཡང་མེད་པར་འཁོར་བའི་གནས་འདིར་བསྡམས་ནས་བཞག་པ་ཡིན་ཞེས་བརྡར། བཀའ་གདམས་ཕ་ཆོས་ཀྱི་རྟེན་འབྲེལ་གྱི་ཚོམས་ལས།

མ་རིག་རྒན་མོ་ལོང་བ་འདྲ། །

འདུ་བྱེད་དག་ནི་རྫ་མཁན་བཞིན། །

རྣམ་ཤེས་སྤྲེའུ་ལྟ་བུ་དེ། །

མིང་དང་གཟུགས་ནི་གྲུར་བཞུགས་འདྲ། །

སྐྱེད་མཆེད་ཡུལ་འཁོར་སྟོང་པ་སྟེ། །

རེག་པ་འོ་བྱེད་འདྲ་ཞེས་གདའ། །

འཚོར་བ་མིག་ལ་མདའ་བརྒྱབ་སྟེ། །

སྲེད་པ་ཆང་འཐུང་འདྲ་ཞེས་གདའ། །

ལེན་པ་ཤིང་ཏོག་སྙན་འདྲ་སྟེ། །

སྲིད་པ་སྦྲུམ་མ་འདྲ་ཞེས་གདའ། །

སྐྱེ་བ་དེ་ལ་བུ་སྐྱེས་འདྲ། །

རྒ་ཤི་རོ་ཁུར་འདྲ་ཞེས་གདའ། ། ཞེས་གསུངས་སོ། །

སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་ཞི་བའི་ཞི་བ་མྱང་འདས་སམ་བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་རྣམ་མཁྱེན་གྱི་གོ་འཕང་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན་འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་འཇིངས་སུ་རྟག་ཏུ་འཁོར་ནས་དེ་ལས་ཐར་དུས་མེད་པས། འགྲོ་བ་རྣམས་ཀྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་སོ་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ། །

ཡང་བདེན་བཞིའི་བླང་དོར་མཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་བཀོད་པས་སྡུག་བསྔལ་བདེན་པ་མཚོན་ཞིང༌། དབུས་ཀྱི་བྱ་ཕག་སྦྲུལ་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་བདེན་པ་མཚོན། དེའི་མཐར་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རི་མོས་འཁོར་བར་འཁོར་ཚུལ་དང༌། ཐུབ་པའི་སྐུ་བརྙན་གྱིས་ལམ་བདེན། ཟླ་བ་ཤར་བ་དེས་ཞི་བ་འགོག་བདེན་མཚོན་ཞིང༌། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་པ་ནི་ལམ་བདེན་ལ་བརྟེན་ནས་ཞི་བ་མྱང་འདས་ཇི་ལྟར་ཐོབ་པའི་ཐབས་མཚོན་པ་ཡིན། གཞན་ཡང་སྲིད་པའི་འཁོར་ལོའི་འོག་ཏུ།

བརྩམ་པར་བྱ་ཞིང་དབྱུང་བར་བྱ། །

སངས་རྒྱས་བསྟན་ལ་འཇུག་པར་བྱ། །

འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །

འཆི་བདག་སྡེ་ནི་གཞོམ་པར་བྱ། །

ཞེས་བློ་རབ་ཏུ་བསྒྲིམས་ཏེ་བརྩོན་འགྲུས་བརྩམ་པར་བྱ་ཞེས་སྲིད་པ་འཁོར་བ་འདི་ལས་ཡིད་འབྱུང་བར་བྱ་ལ། སངས་རྒྱས་ཀྱི་བསྟན་པ་བསླབ་པ་གསུམ་ལ་འཇུག་སྟེ་འདམ་བུའི་ཁྱིམ་གླང་ཆེན་གཏུམ་པོས་འཇོམས་པ་ཇི་བཞིན་འཆི་བདག་གི་སྡེ་ལེགས་པར་འཇོམས་པར་བྱའོ་ཞེས་གདམས་པའི་ཚིགས་སུ་བཅད་པ་འདི་ལ་བརྟེན་ནས་བདེན་བཞིའི་གནས་ལུགས་དང་བདེན་བཞིའི་མཚོན་དོན་སྲིད་པ་འཁོར་ལོའི་དཔེ་རིས་ཁོང་དུ་ཆུད་ནས་ཉོན་མོངས་པའི་དགྲ་བཅོམ་སྟེ། ཕུང་པོ་ལྔའི་རྒྱུན་འགགས་ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ཏེ་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའང་དུ་མ་ཞིག་བྱུང་བ་ནི་གོང་དུ་བཤད་པ་ལྟར་རོ།།

བརྒྱུད་སྐུལ།

མཆན་སྤེལ།