སྲིད་བློན་ཀླུ་ཁང་པའི་སྲས།

སྲིད་བློན་ཀླུ་ཁང་པའི་སྲས།
སྲིད་བློན་ཀླུ་ཁང་པའི་སྲས།
བཀའ་དྲུང་སྡེ་མཁར་བ་འཕྲིན་ལས་རྣམ་རྒྱལ་ནི། ཡབ་སྡེ་མཁར་ཚེ་དབང་རབ་བརྟན་ཡོངས་གྲགས་ཀྱི་མཚན་སྲིད་བློན་ཀླུ་ཁང་པ་མཆོག་དང་ཡུམ་རྡོ་ཁྲ་བཀྲས་གླིང་གི་སྲས་མོ་ཐུབ་བསྟན་དབང་མོ་རྣམ་གཉིས་ཀྱི་སྲས་སུ། ཕྱི་ལོ་ ༡༩༣༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། སྡེ་མཁར་བ་ནི་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲི་ཞུ་ལས་བྱེད་པ་ཞིག་ཡིན། ཕྱི་ལོ་ ༡༩༤༠ ལོར་ལྷ་ས་ཉག་རོང་ཤར་སློབ་གྲྭར་བསྐྱོད་དེ་གཞི་རིམ་སློབ་གཉེར་གནང་།

ཕྱི་ལོ་ ༡༩༤༤ ལོར་རྩིས་ཁང་ཕུན་ཚོགས་བཀོད་པའི་༼༡༽ནང་རྩིས་ཀྱི་སློབ་ཕྲུག་ཏུ་ཞུགས། ༡༩༤༧ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཤོད་སྐོར་༼༢༽ཞབས་སྡོད་ཞུས་ཏེ་ཐོག་མར་རྩིས་ཁང་ལས་ཁུངས་ཀྱི་ལས་བྱ་ཞུས། དེ་རྗེས་འདུ་འགོད་ལས་ཁུངས་༼༣༽ཀྱི་ལས་བྱ་བྱེད་མུར་འཕན་སྟག་ཁུལ་གྱི་རྫོང་གཞིས་ཁག་ལྔའི་ནང་གྲོང་དྲག་དམག་༼༤༽བསྐུལ་རྒྱག་པར་བསྐྱོད། ༡༩༤༨ ལོར་བཀའ་ཤག་ཤོད་པའི་༼༥༽ལས་འཁུར་ཞུས་ཤིང་། ༡༩༤༩ ལོར་མདོ་སྨད་ཞི་དྲག་སྤྱི་འདོམས་ཞབས་པད་ང་ཕོད་པ་ངག་དབང་འཇིགས་མེད་ཀྱི་ལས་བྱའི་ཁོངས་སུ་བསྐྱོད་དེ། ༡༩༥༡ ལོར་ལྷ་སར་ཕྱིར་འཁོར་གྱིས་བཀའ་ཤག་མགྲོན་གཉེར་༼༦༽ལོ་དྲུག་རིང་གནང་། ༡༩༥༧ ལོ་ནས་བཟུང་བཀའ་དྲུང་༼༧༽གི་ལས་འཁུར་ལོ་ཕྱེད་གཉིས་ཙམ་ཞུས་རྗེས། ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་དྲག་པོའི་བཙན་རྫུལ་བྱས་རྗེས་བཀའ་དྲུང་ཁོང་ཟིང་འཁྲུག་བྱེད་གཏེའི་ཉེས་མིང་བཀལ་ཏེ་རྒྱ་མིའི་བཙོན་རར་ལོ་ཉི་ཤུ་ལྷག་གི་རིང་གདུག་སྦྱོང་ཚ་མེད་མྱངས། རྒྱ་ཇག་གི་བཙོན་འཇུག་སྐབས་སུ་ཡབ་ཀླུ་ཁང་པ་དང་འབྲེལ་བ་གང་འདྲ་བྱུང་ཡོད་མིན་སྐོར་ལ་འདྲི་རྩད་སྣ་ཚོགས་ཀྱིས་དཀའ་སྡུག་བཟོད་ཀ་བ་མྱངས་དགོས་བྱུང་། ཁྱིམ་ཚང་གི་མཁར་དངོས་ཡོངས་རྫོགས་རྒྱ་ཇག་གིས་གཞུང་བཞེས་བཏང་སྟེ་ནང་མི་བུ་ཕྲུག་རྣམས་དབུལ་ཕོངས་སུ་གྱུར་གཤིས་བཟའ་ཟླ་སྒེར་རྨར་ལམ་པའི་སྲས་མོ་རྣམ་རྒྱལ་ཆོས་འཛོམས་ནས་དཀའ་ངལ་ཁྱད་བསད་ཀྱིས་རང་ཁ་རང་གསོའི་འཚོ་བ་སྤྱད། དེ་རྗེས་ལོ་དུས་གཙང་ནས་ ༡༩༧༩ ལོར་བཙོན་ཁོངས་ནས་གློད་བཀྲོལ་བྱུང་མཚམས་ནང་མི་དང་མཉམ་དུ་རང་ཁ་རང་གསོའི་འཚོ་བའི་ཐབས་འཚོལ་བྱེད་བཞིན་པའི་ཐོག་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཞེས་པའི་འཐུས་མིའི་ཁོངས་སུ་བདམས་ཐོན་བྱུང་། ༡༩༨༥ ཕྱི་ཟླ་ ༣ ཚེས་ ༤ ལ་གངས་རིའི་མགོན་པོ་༧གོང་ས་མཆོག་གི་གསེར་ཞལ་མཇལ་སླད་དུ་འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལར་འབྱོར། ཕྱི་ལོ་ ༡༩༨༦ ཕྱི་ཟླ་ ༤ ཚེས་༡ ནས་ ༡༩༨༧ ཕྱི་ཟླ་ ༤ ཚེས་ ༣༠ བར་བྱེས་འབྱོར་རང་གཞུང་ནང་སྲིད་བཀའ་ཟུར་དབང་འདུད་རྡོ་རྗེ་མཆོག་ནས་ལོ་རྒྱུས་སོགས་ཡིག་ཆ་ཕྱོགས་སྒྲིག་གནང་མུས་ཀྱི་ཁོངས་སུ་འཕྲལ་སེལ་གླ་ལས་ལྟ་བུའི་ངོ་བོར་ལས་འཁུར་ཞབས་ཞུ་གནང་མུར་ ༡༩༨༧ ལོར་འཕགས་ཡུལ་བཞུགས་སྒར་རྡ་ས་མེག་ལོར་གན་ཇིར་སྐུ་ཚེའི་འདུ་བྱེད་སྟོང་པ་བཅས།།
གཤམ་གྱི་འགྲེལ་བཤད་ཁག སློབ་དཔོན་དུང་དཀར་རིན་པོ་ཆེའི་ཚིག་མཛོད་ལས་བཤུས། ཚིག་རེ་ཟུང་སྣོན་འཕྲི་སྤོར་གཅོག་བྱས་ཡོད།
༼༡༽ གཙུག་ལག་ཁང་གི་ཕྱོགས་བཞིར་ཡོད་པའི་ཞི་རྒྱས་དབང་དྲག་བཞིའི་ལས་ཁུངས་ཀྱི་ཡ་གྱལ་ཤར་དུ་རྒྱས་པའི་ལས་ཁུངས་རྩིས་ཁང་སྲིད་ཞི་ཕུན་ཚོགས་བྱ་བ་དེ་ཡིན་ཞིང། ལས་ཁུངས་འདི་༧རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐབས་གསར་དུ་བཙུགས་པའི་བོད་གཞུང་གི་ནང་གི་ཀ་བ་ལྟ་བུའི་ལས་ཁུངས་ཤིག་ཡིན་ལ། ཤོད་སྐོར་སྤྱི་ཁྱབ་ལས་ཁུངས་ཤིག་ཀྱང་ཡིན། ལས་ཁུངས་འདིར་གོང་འོག་ལས་བྱེད་མི་སྣ་རྩིས་དཔོན་གསུམ(སྐབས་འགར་རྩིས་དཔོན་ལས་འཕར་གཅིག་དང་བཞི) (རིམ་པ་བཞི་པ)དང། རྩིས་པ(རིམ་པ་དྲུག་པའི་ལས་ཚན་ཆུང་ཁག)གསུམ། ཡིག་ཚགས(རིམ་པ་བདུན་པ)གཅིག རྩིས་ཕྲུག་པ་བཅོ་ལྔ་སྐོར་བཅས་ཡོད། ལས་ཁུངས་འདིའི་འགན་དབང་ནི། གཞུང་ཞབས་ཤོད་སྐོར་དྲུང་འཁོར་རྣམས་ཐོག་མར་རྩིས་ཕྲུག་པར་གསར་ཞུགས་བྱེད་སྐབས་དྲུང་རྒྱུད་བསྙོན་མེད་ཡིན་མིན་བརྟག་དཔྱད་དང། རིགས་རུས་ལ་ལབ་གླེང་མེད་པའི་སྤྱི་སྒྲིག་གན་རྒྱ(དྲུང་རྒྱུད་མིན་པས་ཞབས་སྡོད་ཞུས་མི་ཆོག་པའི་སྲོལ་ལམ་ལྟར)ལེན་རྒྱུ་དང། རྩིས་ཕྲུག་པར་ཞུགས་རྗེས་ཀྱི་མི་སྣ་རྣམས་ཀྱི་ཡིག་རྩིས་སྦྱོང་བརྡར་གྱིས་ཆུ་ཚད་ལོན་མཚམས་གཞུང་ཞབས་དངོས་སུ་ཞུ་རྒྱུའི་འོས་འཆར་གོང་འབུལ་ཞུ་རྒྱུ། ཕོ་རྩལ་གྱི་རྣམ་གྲངས་རྒྱུགས་ལེན་བྱེད་ཆེད་ལོ་གསུམ་མམ་བཞི་རེར་དྲུང་འཁོར་རྩལ་རྒྱུགས་ཞེས་རྩལ་རྩེད་ཀྱི་བྱེད་སྒོ་བཀོད་སྒྲིག་བྱེད་རྒྱུ། ལོ་ལྟར་སྨོན་ལམ་སྐབས་སྲས་རྣམ་པ་ཡན་གྱི་དྲུང་འཁོར་གསར་ཞུས་གཉིས་ཏེ་ཡ་སོར་སྤྱི་ཁྱབ་པར་འགྲོ་སྲོལ་ཡོད་པའི་མི་སྣ་བཀོད་སྒྲིག་བྱེད་པ། བཀའ་བློན་གྱི་ལས་འགན་འཁུར་མྱོང་བ་ཕུད་དེ་བྱིངས་དྲུང་འཁོར་སོ་སོའི་མིང་ཐོའི་གཤམ་དུ་རང་ལོ་དང། ཞབས་སྡོད་ཞུས་ལོ། ལས་ཚན་གང་འཁུར་བཅས་ཀྱི་མཆན་བཀོད་དེ་རྩེ་འགག་དང། ཤོད་འགག་བཀའ་ཤག་བཅས་ལ་ཤོད་སྐོར་མཚན་ཐོ་ཞེས་པ་འབྲི་འབུལ་ཞུ་རྒྱུ། རྣམ་ཀུན་ཤོད་སྐོར་དྲུང་འཁོར་རྣམས་ལ་སྒྲིག་ཁྲིམས་གནོན་སྡོམ་བྱེད་རྒྱུ། རྒྱ་ཁྱབ་རྫོང་གཞིས་ཁག་ལ་བཀར་རྒྱ་བ་དང། བཀར་འཇུག་པ། ཡོང་སྡུད་པ་ཞེས་པའི་ཁྲལ་བསྡུའི་མི་འགྲོ་འོས་སྒྲིག་གིས་བཀའ་ཤག་དང་མཉམ་ཚོགས་ཐོག་མི་འགྲོ་གཏན་འཁེལ་བྱེད་པ། འབབ་དེབ་གཞུང་ཁྲ་ནང་གསལ་རྫོང་གཞིས་ཁག་ནས་ལོ་རེའི་ཡོང་འབབ་ཇི་བྱུང་རྩིས་རྒྱག་གིས་ཐོན་སྐོར་གྲལ་སྒྲིག་ཅེས་བྱས་བྱུང་རྣམ་དབྱེའི་ཨང་རིམ་བཀོད་དེ་བྱ་དགའ་སྤྲོད་པ། བཀའ་ཤག་གི་བཀོད་དོན་ལྟར་ལས་དོན་གལ་ཆེའི་རིགས་ལ་དྲུང་རྩིས་མཉམ་ཚོགས་ཀྱིས་གྲོས་འཆར་འདོན་རྒྱུ་དང། ཚོགས་འདུ་རྒྱས་བསྡུས་ཀྱི་འགོ་ཁྲིད་བྱེད་རྒྱུ་བཅས་ཡིན། གོང་གསལ་ལས་བྱེད་དོ་དམ་མི་སྣ་སོ་སོའི་གོ་མིང་ལྟར་འགན་དབང་སྤྱོད་ཕྱོགས་ཐད་རྩིས་དཔོན་གྱིས་གོང་གསལ་རྩིས་ཁང་དང་འབྲེལ་བའི་འགན་དབང་ཁག་རྩིས་ཁང་ལ་བཀོད་འདོམས་ཀྱིས་ལག་བསྟར་བྱེད་པ་དང། རྩིས་པ་གསུམ་ནས་རྩིས་དཔོན་གྱི་བཀོད་དོན་འོག་རྒྱུན་དུ་རྩིས་ཕྲུག་པ་རྣམས་ལ་ཡིག་རྩིས་སྦྱོང་བརྡར་དང་ས་ཟླའི་མ་དངུལ་དང་དྲུང་སྤྱིའི་མ་དངུལ་ཞེས་པའི་དངུལ་འབབ་སྐྱེད་གཏོང་གིས་སྐྱེད་འབབ་ནས་ལོ་ལྟར་ས་ག་ཟླ་བའི་ཚེས༡༥ཉིན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཁག་ལ་མཆོད་སྤྲིན་བཏེག་འབུལ་གྱི་འགྲོ་གྲོན་གཏོང་རྒྱུ་བཀོད་སྒྲིག དྲུང་སྤྱིའི་མ་དངུལ་གྱི་སྐྱེད་འབབ་ནས་སྤྱི་རྫས་གསར་བཟོ་དང་དབྱར་སྐྱིད་ཀྱི་འགྲོ་སོང་ཁ་སྣོན་གཏོང་རྒྱུ་བཀོད་སྒྲིག་བཅས་བྱེད་ཅིང། གཞན་ཡང་ཡོང་སྡུད་ཁག་དང། འབབ་ཞིབ། འབྲུ་སྐྱེད་དོ་དམ་བཅས་ཀྱི་རྩིས་ཁྲ་དང། འབྱེད་ཁྲ་གསར་འགོད་བྱ་མིའི་མ་ཕྱི་ཞུས་དག་བཅས་བྱས་ཏེ་བཀའ་ཤག་ཏུ་དམ་ཞུར་འབུལ་རྒྱུ། རྒྱ་ཁྱབ་རྫོང་གཞིས་ཁག་ནས་ཁྲལ་བསྡུའི་མཁར་འབོ་དང། མཁར་བྲེ་གསར་བཟོའི་རིགས་རྩིས་ཁང་དུ་ཚད་བསྡུར་བྱ་སྲོལ་ཡོད་པ་ལྟར་གཏན་ཚིགས་མཁར་རུ་མ་དང་མཁར་བྲེའི་དཔེ་ཚད་རྩིས་ཁང་དུ་ཡོད་པ་ཚད་གཞལ་དང་འབྲེལ་རྩིས་ཁང་གི་རྟགས་ཐམ་ཕབ་རྒྱག་བྱ་རྒྱུ་བཅས་ནི་རྩིས་པའི་འགན་དབང་ཡིན། ཡིག་ཚགས་ལ། རྒྱ་ཁྱབ་རྫོང་གཞིས་ཁག་གི་ཁྲལ་རིགས་ཡོང་འབབ་ཀྱི་བསྡུ་གཞུང་ཁག་དང། ལྕགས་སྟག་ཞིབ་གཞུང་གིས་མཚོན་གཞུང་སྒེར་ཆོས་གསུམ་སོ་སོའི་ས་ཁང་མི་གསུམ་གྱི་བདག་ཐོབ་འབྱེད་ཁྲ་ཁག་གི་མ་ཕྱི་སོགས་རྩ་འཛིན་ཡིག་རིགས་རྣམས་ལ་བདག་གཉེར་ཉར་ཚགས་བྱ་རྒྱུའི་འགན་དབང་ཡོད།
༼༢༽ གཞུང་ས་དགའ་ལྡན་ཕོ་བྲང་པའི་དྲུང་འཁོར་སྐྱ་བོ།
༼༣༽ བོད་གཞུང་གི་ལས་ཁུངས་ཤིག་སྟེ། ལས་ཁུངས་དེའི་མིང་ཆ་ཚང་ལ་འདུ་འགོད་བདེ་སྐྱིད་འདོད་རྒུ་འཁྱིལ་ཞེས་ཟེར། ལས་ཁུངས་འདི་རབ་བྱུང་བཅུ་དྲུག་པའི་ས་བྱི(༡༩༤༨)ལོར་བཙུགས་པ་དང། དོ་དམ་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་དང། དྲུང་རྩིས་མགྲོན་ལས་སོགས་ལས་བྱ་མང་ཙམ་ཡོད་པ་དང། ལས་ཁུངས་དེའི་ལས་འགན་ནི་སྐབས་དེར་བོད་དམག་སྔོན་ཡོད་ཐོག།པ་དང་གྲོང་དྲག་དམག་སྒར། ཕ་དང་བཅུ་གཉིས་དྲུག་སྣའི་དམག་སྒར། བ་དང་ཀོང་དམག། མ་དང་གཙང་ཁུལ་གྲོང་དྲག་དམག་སྒར་བཅས་སྐོང་འགུགས་བྱས་པར་བརྟེན་དམག་ཕོགས་སོགས་གང་ཅིའི་ཆ་ནས་འདུ་འགོད་གཞི་རྒྱ་ཆེ་ཙམ་ཞིག་མ་བྱས་མཐུ་མེད་བྱུང་སྟེ་དབུས་གཙང། ལྷོ་དྭགས་རྫོང་གཞིས་ཁག་གི་གཞིས་འབྲུ་དང། འབབ་ཞིབ། འབྲུ་ཕོགས། སོ་ལས་བཅས་གཞུང་འབྲུ་གང་ཡོད་ཟླ་བསྒྲིལ་གྱིས་བསྡུ་གཏོང་བྱེད་སྒོ་ཁག་ལས་ཁུངས་དེ་ནས་བྱེད་དགོས་པ་དང། དེ་མཚུངས་གྲོན་དངུལ་གཏོང་དམིགས་སུ་རྒྱ་དངུལ་སྲང་བཅུའི་སྒོར་མོ་ཁ་རིས་སུ་འདུ་འགོད་ལས་ཁུངས་ཞེས་འཁོད་པ་པར་བརྒྱབ་སྟེ་དམག་ཕོགས་སོགས་ཀྱི་དགོས་དངུལ་དུ་གཏོང་དགོས།
༼༤༽ བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྟག ཕྱི་ལོ་ ༡༩༡༤ལོར་བཙུགས། དེའི་སྒྲིག་འཛུགས་བྱེད་སྟངས་ནི་བོད་དམག་སྔོན་མ་བཞིན་རྐང་འདོན་འཁྲི་སྒྲུབ་མ་ཡིན་པར་ཁྱིམ་ཚང་དྲག་རིགས་ཚང་མ་ནས་དམིགས་བསལ་འཕར་མའི་དམག་མི་སྐོང་འདེམས་བྱས་སྟབས་གྲོང་དྲག་ཅེས་མིང་ཐོགས།
༼༥༽ བཀའ་ཤག་གི་ཐད་ཀའི་ཁོངས་གཏོགས་ལས་དོན་ཙག་ཙིག་སྒྲུབ་མཁན་ཡིན། དེར་ཤོད་སྐོར་རིམ་པ་བདུན་པའི་ལས་ཚན་པ་དྲུང་ཡིག་ཆུང་བ་གསུམ་ཡོད། ཁོ་ཚོའི་ལས་འགན་ནི་རྟ་ཁལ་ལམ་ཡིག་ཐོང་འཛིན་སྒྱུར་རྒྱུ་དང་། རྫོང་གཞིས་སོ་སོར་ཡོད་པའི་གཞུང་དགོན་ཁག་ལ་ཉི་ལྡོག་ཞབས་བརྟན་སྒྲུབ་རྒྱུའི་དཔྱད་ཁྲ་འབྲི་གཏོང་། སྟོན་ཆེན་ཁག་གི་སྡེར་གཞུང་སྡེར་ཡིག ཆིབས་བསྒྱུར་གྱི་ཆིབས་རགས་གྲལ་ཐོ། མཆོད་འབུལ་ལག་དེབ་སྒྱུར་རྒྱུ། རྫོང་གཞིས་གསར་རྙིང་འཕོ་ལེན་གྱི་སྤྲོད་རྒྱ་ལམ་ཡིག་ཁག་བཀའ་ཤག་བརྒྱུད་རྩེ་ཤོད་དུ་སྙན་ཞུར་གཏོང་རྒྱུ། བཀའ་ཤག་གི་ཚབ་བྱས་ཏེ་ལས་དོན་ཙག་ཙིག་དཔེར་ན། གཞུང་གི་དབུ་གུར་འདོན་འཇུག།འུ་ཤང་ལྷ་ཁང་གི་མཆོད་འབུལ། སད་སྲུང་དང་ཆར་འབེབས་ལ་ལྟ་རྟོག་སྐོར་གཡེང་སོགས་བྱེད་སྒོའི་ཐོ་ཡིག་ནང་འཁོད་པ་ལྟར་ལས་འགན་སྒྲུབ་མཁན་ཡིན།
༼༦༽ བཀའ་ཤག་མགྲོན་གཉེར་ཞེས་པའི་བོད་གཞུང་གི་བཀའ་ཤག་ནང་བཀའ་མགྲོན་གསུམ་ཡོད། དེའི་ལས་འགན་ནི་ལས་ཚན་པ་ཡན་གྱི་དཔོན་རིགས་ཕྱོགས་འགྲོའི་སྐབས་ཐོན་ཕྱག་དང་། ཕྱིར་ལོག་རྗེས་འབྱོར་ཕྱག་གི་སྙན་སེང་ཞུ་རྒྱུ་དང་། མགྲོན་དེབ་ཐོག་གནངས་བརྡ་གཏོང་རྒྱུའི་ཐོ་འགོད་བྱ་དགོས་པ་དང་། རྫོང་དང་། གཞིས་སྡོད་ཀྱི་མི་འགྲོ་ཤོད་དྲུང་དཀྱུས་མ་འབྱོར་ཐོན་སྐབས་བཀའ་བློན་གྱི་བཀོད་མངགས་ལྟར་བཀའ་ཤག་འགག་ཏུ་བྱེད་སྒོའི་བཀའ་བསྒྱུར་གཏོང་རྒྱུ། བཀའ་ཤག་ནང་ཡིག་ཐོག་དང་ངག་ལོག་གང་རུང་གིས་སྙན་ཞུ་ཕུལ་འབྱོར་བྱུང་སྐབས་འགག་ནས་བླངས་ཏེ་ཨང་ཉན་གྱིས་བཀའ་བློན་རྣམ་པར་སྙན་གསེང་ཞུ་རྒྱུ། བཀའ་བློན་རྣམས་ཀྱིས་ཉིན་རེ་ལས་དོན་གང་དང་གང་གནང་མགྲོན་དེབ་ཐོག་ཐོ་འགོད་བྱ་རྒྱུ། བཀའ་ཤག་ནས་ཏཱ་ལའི་བླ་མར་ཡིག་ཐོག་གི་སྙན་ཞུ་འབུལ་དགོས་རིགས་དཀར་ཆག་བཀོད་དེ་རྩེ་འགག་ཏུ་མགྲོན་ཆེར་འབུལ་རྒྱུ་བཅས་ཀྱི་འགན་ཁུར་དགོས་པ་ཡིན།
༼༧༽ བཀའ་ཤག་དྲུང་ཡིག་ཅེས་པའི་བསྡུས་མིང་སྟེ། དེ་སྔའི་བོད་གཞུང་གི་སྲིད་འཛིན་ལས་ཁུངས་མཐོ་ཤོས་བཀའ་ཤག་ནང་གི་ལས་དོན་ཆེ་ཆུང་ཇི་ཡོད་ཀྱི་ཡིག་འབྲིའི་བྱེད་སྒོ་ཁག་བཀའ་བློན་གྱིས་བཀོད་མངགས་གང་བྱས་པ་རྣམས་འབྲི་དགོས་པ་དང་། བཀའ་ཤག་གི་བཀའ་རྒྱ་སོགས་ལ་རྟགས་ཐམ་ཕབ་རྒྱུ། ཐམ་ཀ་བདག་གཉེར་བྱ་རྒྱུ་བཅས་ཀྱི་འགན་ཁུར་མཁན་ཡིན།
ཡོང་ཁུངས། ངས་པོ་རྒྱལ་མཚན་གྱི་ངོ་དེབ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།