ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་གཙུག་ལག་ཁང་བཅུ་གཉིས།

ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་གཙུག་ལག་ཁང་བཅུ་གཉིས།

དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པས་ལྷ་ལྡན་ས་ར་འཁྲུལ་སྣང་གི་གཙུག་ལག་མ་བཞེངས་པའི་སྔོན་དུ་གཙུག་ལག་ཁང་བཅུ་གཉིས་བཞེངས་པ་རྣམས་ནི། མཐའ་འདུལ་གྱི་གཙུག་ལག་ཁང་བཞི་དང་། ཡང་འདུལ་གྱི་གཙུག་ལག་ཁང་བཞི། རུ་གནོན་གྱི་གཙུག་ལག་ཁང་བཞི་བཅས་ཡིན་ལ། གཙུག་ལག་ཁང་འདི་དག་བཞེངས་དགོས་པའི་རྒྱུ་རྐྱེན་ནི། བཀའ་ཆེམས་ལས། དེ་ནས་བལ་མོ་བཟའི་ལྷ་ཁང་བརྩིག་ཏུ་བཏུབ་པར་མཁྱེན་ནས། སྐྱེ་བོ་ཐ་མལ་པ་ཐམས་ཅད་ཀྱིས་མི་མཐོང་བར་བྱ་བའི་ཕྱིར། ཆར་ཟམ་ཟིམ་ཕབ་སྟེ་ན་བུན་དུ་གཏིབས་ནས། རྒྱལ་པོ་ལ་ཁྲི་བཙུན་གྱིས་ཞུས་པ། ཆད་བཙན་པར་བྱ་བའི་ཕྱིར་དང༌། བལ་རྗེ་ལ་ཆད་པའི་བཀའ་བཙན་པར་བྱ་བའི་དང༌། བོད་ཡུལ་ཁ་བ་ཅན་དུ་ཉེས་པ་ཐམས་ཅད་ནུབ་པར་བྱ་བ་དང༌། ལེགས་པ་ཐམས་ཅད་དར་ཞིང་རྒྱས་པར་འབྱུང་བ་དང༌། བོད་ཡུལ་ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་བསོག་པའི་ཕྱིར་དུ། དམ་པའི་ཆོས་ལ་སོགས་པ་དགེ་བ་བཅུའི་ལས་ཐམས་ཅད་འབྱུང་བར་བྱ་བའི་དོན་ཆེད་དུ་ལྷ་ཁང་རྩིག་པ་ལ། རྒྱལ་པོས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལ་ལས་ས་བསྐྱས། ལ་ལས་རྡོ་བསྐྱས། ལ་ལས་ཤིང་བཅད་དེ་བསྐྱས། ལ་ལས་སྤང་ལེབ་བཞོགས། ལ་ལས་རྡོ་བཏང༌། ལ་ལས་འདམ་པ་བཏང༌། ལ་ལས་རྩིག་པ་རྩིགས། ལ་ལས་གླུ་ལེན་གར་བྱེད་ཀྱི་གྱང་བཅགས་ནས། ལ་ལས་ཤར་རྩིགས། ལ་ལས་ལྷོ་རྩིགས། ལ་ལས་ནུབ་རྩིགས། ལ་ལས་བྱང་རྩིགས། སྤྲིན་དང་ན་བུན་འཁྲིགས་པ་དེའི་གསེབ་ན་ཀུ་དི་རི་ཅོ་དི་རི་རྩིགས་སོ། །

དེ་ལྟར་བརྩིགས་པ་འདྲེ་སྲིན་རྣམས་ཀྱིས་བཤིག་སྟེ་ཞིག་པས་བརྩིག་ཏུ་མ་བཏུབ་པར། ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། རྒྱ་མོ་ཨོང་ཅོང་གཉིས་བཀའ་གྲོས་ནས་ས་དཔྱད་ཞིབ་མོར་མཛད་པས། བོད་ཡུལ་ཁ་བ་ཅན་གྱི་ས་གཞི་འདི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བའི་མགོ་དང༌། དཔུང་མགོ་གཉིས་གྲུ་མོ་གཉིས་དཔྱི་རུས་དང༌། པུས་མོ་གཉིས་དང༌། རྐང་མགོ་གཉིས་དང༌། ཡན་ལག་གི་ཚིགས་བཞིའི་མེ་བཙས་མནན་དགོས་པར་ཤེས་ནས། རུ་བཞིའི་གཙུག་ལག་ཁང་བཞེངས་དགོས་པར་མཁྱེན་ནས། ཞེས་གསུངས་པ་ལྟར་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་སྟོན་པའི་སྐུ་བརྙན་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་ས་ད་ལྟ་ཡོངས་གྲགས་ཇོ་ཁང་ཞེས་པའི་ལྷ་ཁང་འདི་བཞེངས་པའི་ཆེད་དུ། ལྷ་སའི་འོ་ཐང་གི་མཚོ་ཆུ་སྐྱིད་ཆུ་ནང་དུ་དྲངས། མཚོ་མལ་ས་རྡོས་མནན་ཏེ་བཞེངས་པར་བརྩམས་པའི་ཚེ། བོད་ཡུལ་གྱི་འདྲེ་སྲིན་རྣམས་ཀྱིས་བར་ཆད་བྱས་ཏེ་བཞེངས་སུ་མ་བཏུབ་པའི་སྐབས། རྒྱ་བཟའ་རྩིས་ལ་མཁས་པས་ས་དཔྱད་ཀྱི་རྩིས་བྱས་པ་ན་བོད་ཡུལ་འདི་སྲིན་མོ་གན་རྐྱལ་དུ་ཉར་བ་འདྲ་བའི་ས་དབྱིབས་ཡོད་ཅིང་། ཇོ་ཁང་བཞེངས་སའི་གནས་དེ་སྙིང་ཐད་ལ་ཁེར་ཡོད་པ་དང་། དེ་ལ་ཐོག་མར་ལུས་ཀྱི་ལྷུ་ཆེན་བཅུ་གཉིས་ཀྱི་ས་གནད་དེ་དག་གནོན་པའི་གཙུག་ལག་ཁང་བཞེངས་དགོས་པའི་ལམ་སྟོན་བྱས་པ་ལ་བསྟེན་ནས་བཞེངས་པ་རེད། བཞེངས་པའི་དུས་ནི་བལ་བཟའ་༦༣༩ལོར་བོད་དུ་བསུས་པ་དང་སྲོང་བཙན་༦༥༠ལོར་འདས་པར་ཆ་བཞག་ན་དེ་གཉིས་བར་གྱི་དུས་ཚོད་ནང་ཡིན་དགོས།

ལྷ་ཁང་དེ་དག་གང་ཡིན་པ་དང་གནས་གང་དུ་བཞེངས་ཡོད་པ་ནི། དེ་ལ་རུ་གནོན་གྱི་གཙུག་ལག་ཁང་བཞི་དང་། མཐའ་འདུལ་གྱི་གཙུག་ལག་ཁང་བཞི། ཡང་འདུལ་གྱི་གཙུག་ལག་ཁང་བཞི་ཞེས་གྲགས་པ་ལས་དང་པོ་རུ་གནོན་གྱི་གཙུག་ལག་བཞི་ནི་བཀའ་ཆེམས་ལས། དཔུང་མགོ་གཡས་པ་གནོན་པ་ལ་དབུ་རུ་ན་ཀ་ཚལ་ནི་དགེ་བསྙེན་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དུ་བཞེངས་སོ། །དཔུང་མགོ་གཡོན་པ་གནོན་པ་ལ། གཡུ་རུ་ན་ཁྲ་འབྲུག་ནི་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡས་གཡོན་པ་ལ་གཡས་རུ་ན་གཙང་འབྲང་ནི་རྒྱལ་ཆེན་རིགས་བཞིའི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡོན་གནོན་པ་ལ། གཡོན་རུ་ན་གྲུམ་པ་རྒྱལ་གྱི་ལྷ་ཁང་ནི། དགེས་རྡོར་དཔལ་འབར་དབྱངས་གྲུབ་པའི་དཀྱིལ་འཁོར་དུ་བཞེངས་སོ། །དེ་བཞི་ནི་རུ་བཞིའི་གཙུག་ལག་ཁང་ངོ༌། །ཞེས་འབྱུང་བ་ལྟར་དང་པོ་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་ནི་ད་ལྟ་མལ་གྲོ་གུང་དཀར་རྫོངས་ཁོངས་སུ་ཡོད་ཅིང་༡༥༥༣ལོར་འབྲི་གུང་གདན་རབས་ཉེར་གཅིག་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་ཉམས་གསོ་མཛད་དེ་བཏབ་པའི་འབྲི་གུང་ཀ་ཚལ་དགོན་པ་ཆགས་གནས་དེ་ཡིན། གཉིས་པ་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ད་ལྟ་ལྷོ་ཁ་སྣེ་གདོང་རྫོངས་ཁོངས་ཡར་ཀླུངས་ཀྱི་ཐང་དུ་ཆགས་ཤིང་མཁས་པའི་དགའ་སྟོན་ལས། བོད་ཀྱི་གཙུག་ལག་ཁང་ལ་སྔ་བ་ཡི། །ཁྲ་འབྲུག་གྲུབ་ཚེ་ཞེས་དང་། བཀའ་ཆེམས་ལས། ལྷ་ཁང་བཞེངས་པ་ལ་ཁྲ་འབྲུག་གི་གཙུག་ལག་ཁང་སྔ་བ་ཡིན་ནོ། །ཞེས་བོད་དུ་བཞེངས་པའི་སངས་རྒྱས་པའི་གཙུག་ལག་ཁང་གི་ཐོག་མ་ཡིན་པར་བཤད།

གསུམ་པ་གཡས་རུ་གཙང་འགྲམ་ལྷ་ཁང་ནི་ད་ལྟ་སྙེ་མོ་རྫོང་ཁོངས་སུ་ཡོད་པའི་དགོན་པ་རུ་དགོན་ཞེས་པའི་ཤུལ་ཡིན་པར་བཤད།  བཞི་པ་རུ་ལག་གྲུམ་པ་རྒྱལ་གྱི་ལྷ་ཁང་ནི་གཞིས་ཁ་རྩེའི་ཁོངས་ལྷ་རྩེ་རྫོང་གི་ལྷ་རྩེ་ཆོས་སྡེའི་ཤར་ངོས་སུ་ཆགས་པའི་གྲུམ་པ་གྱང་དགོན་པའི་གནས་དེ་ཡིན།  གནས་དེ་གཏེར་སྟོན་བཟང་པོ་གྲགས་པའི་ལེའུ་བདུན་མ་སོགས་ཀྱི་གཏེར་གནས་ཀྱང་ཡིན་པར་གསུངས།

གཉིས་པ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ནི་ཡང་བཀའ་ཆེམས་ལས། བར་ཚིགས་གནོན་པར་བྱ་བའི་ཕྱིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞེངས་སུ་གསོལ་ཏེ། ཤར་ལྷོ་ན་གྲུ་མོ་གཡས་པ་ལ་སྒོང་བུ་བུར་ཆུད་ནི་མགོན་པོ་ནག་པོའི་དཀྱིལ་འཁོར་དུ་བཞེངས་སོ། །ལྷོ་ནུབ་ཏུ་གྲུ་མོ་གཡོན་པ་ལ་ལྷོ་བྲག་མཁོན་མཐིང་ནི། རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་བཞེངས་སུ་གསོལ། པུས་མོ་གཡས་པ་ལ་བྱང་ཚལ་ཕྱི་དབང་ཆེན་གྱི་ལྷ་ཁང་ནི་རིན་པོ་ཆེའི་དཀྱིལ་འཁོར་དུ་བཞེངས་སོ། །པུས་མོ་གཡོན་པ་ལ་ལྷོ་ནུབ་ཏུ་མོན་བུམ་ཐང་སྐྱེས་ཆུའི་ལྷ་ཁང་ནི་པདྨ་དབང་གི་དཀྱིལ་འཁོར་དུ་བཞེངས་སོ། །ཞེས་གསུངས་པ་ལྟར་ལས་དང་པོ་སྒོང་བུ་བུར་ཆུད་ཅེས་པ་ནི་ད་ལྟ་ཉིང་ཁྲི་རྫོང་ཁོངས་སུ་རྫོང་དང་བར་ཐག་དེ་ཙམ་མི་རིང་བའི་སར་ཡོད་པའི་བུ་ཆུ་གསེར་གྱི་ལྷ་ཁང་ཞེས་པ་དེ་ཡིན་ཞིང་སྲོང་བཙན་སྐབས་བཞེངས་པའི་རྡོའི་ཀོང་བུ་ད་ལྟ་ཡང་ལྷ་ཁང་དེར་ཡོད། གཉིས་པ་ལྷོ་བྲག་མཁོན་མཐིང་གསེར་གྱི་ལྷ་ཁང་ནི་ད་ལྟ་ལྷོ་བྲག་རྫོང་ཁོངས་སུ་གྲོང་ནང་ཞིག་ཏུ་ཡོད་ཅིང་། དེར་འུ་དུམ་གྱིས་བསྟན་པ་གཤིག་སྐབས་ལྷ་སྲས་གཙང་མ་ལྷོ་བྲག་ཏུ་རྒྱང་འཕུད་བཏང་སྐབས་གནས་འདིར་བཞུགས་པ་དང་།  དེ་བཞིན་མངའ་བདག་ཉང་གིས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡང་གནས་འདི་ནས་གཏེར་དུ་བཞེས།  གསུམ་པ་བྱང་ཚལ་ཕྱི་དབང་ཆེན་གྱི་ལྷ་ཁང་ཞེས་པ་འདི་རྒྱལ་རབས་གསལ་མེ་ལས་མཚལ་རིགས་ཤེས་རབ་སྒྲོན་མའི་ལྷ་ཁང་ཞེས་པ་དེ་ཡིན་ནམ་སྙམ་ཡང་དཔྱད་པར་བྱའོ། །བཞི་པ་མོན་བུམ་ཐང་སྐྱེས་ཆུའི་ལྷ་ཁང་ནི་ད་ལྟ་འབྲུག་རྒྱལ་ཁབ་ཁོངས་སུ་ཡོད་པར་བཤད།

གསུམ་པ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་ནི་བཀའ་ཆེམས་ལས། ཉིང་ལག་གནོན་པར་བྱ་བའི་ཕྱིར་ལག་མཐིལ་གཡས་པ་ལ་ཤར་མདོ་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ལྷ་ཁང་ནི་བདུད་འདུལ་བའི་དཀྱིལ་འཁོར་དུ་བཞེངས་སོ། །ལག་མཐིལ་གཡོན་པ་ལ་བར་ཆད་ཀ་བྲག་ནི་རྣམ་ཐོས་སྲས་ཀྱི་དཀྱིལ་འཁོར་དུ་བཞེངས་སོ། །ནུབ་བྱང་དུ་རྐང་བ་གཡས་པ་ལ་སྤྲ་དུན་རྩེ་ནི། གཙུག་ལག་དགུའི་དཀྱིལ་འཁོར་དུ་བཞེངས་སོ། །ལྷོ་ནུབ་ཏུ་བྱམས་པ་སྤྲིན་གྱི་ལྷ་ཁང་ནི་སའི་ལྷ་མོའི་དཀྱིལ་འཁོར་དུ་བཞེངས་སོ། །ཞེས་གསུངས་པ་ལྟར་ལས་དང་པོ་ཀློང་ཐང་སྒྲོལ་མའི་ལྷ་ཁང་ནི་ད་ལྟ་སི་ཁྲོན་དཀར་མཛེས་སེར་ཤུལ་རྫོང་ཁོངས་ལོ་ཕྱུག་ཡུལ་ཚོའི་ཐོག་ཏུ་ཡོད། དགོན་འདིར་ཁྲི་རལ་པ་ཅན་གྱི་སྐབས་ལ་འཆད་གྲྭ་དྲུག་གི་ཡ་གྱལ་བྱས་ནས་སྡེ་དང་བསྟན་པ་རྒྱ་ཆེར་བཙུགས་པས་ཕྱིས་རྒྱལ་པོ་གླང་དར་གྱི་དུས་སུ་ཡང་སྡེ་དང་བསྟན་པ་མ་ཉམས་པར་གྲགས།  བོད་སིལ་བུའི་སྐབས་སུ་པཎྜི་ཏ་སྨྲི་ཏིའི་ཞབས་ཀྱིས་བཅགས་ནས་གདན་ས་ཡུན་རིང་མཛད།  ཆོས་ཐམས་ཅད་ཀྱི་མ་མོར་གྱུར་པ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པས་གཡས་པ་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་གྱི་སློབ་མ་མང་དུ་འདུས།  གསང་བ་འདུས་པ་དང་།  ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་།  གཞན་ཡང་བླ་མ་སེ་བཙུན་པ་ཆེན་པོ་དང་།  ཁུ་རྔོག་འབྲོག་གསུམ་ལ་སོགས་བླ་མ་མང་པོས་ཞབས་ཀྱིས་བཅགས་ནས་གདན་སར་མཛད།

གཉིས་པ་ཀ་བྲག་ནི་ད་ལྟ་དཀར་མཛེས་རྫོང་དང་ཉེ་བར་ཏྲེའི་ཀཿབྲག་ཇོ་ཁང་ཞེས་རྒྱ་བཟས་བཞེངས་པར་གྲགས་པའི་ཇོ་བོ་ད་ལྟའང་མཇལ་རྒྱུ་ཡོད་པའི་གནས་དེ་ཡིན།  གནས་འདིར་བསྟན་པ་ཕྱི་དར་ཙམ་ལ་ཆོས་སྡེ་རྒྱ་ཆེར་དར་བར་མངོན་ཏེ།  ཀརྨ་པ་དུས་གསུམ་མཁྱེན་པ་དགུང་གྲངས་བཅུ་དྲུག་སྐབས་ཆོས་འཁོར་ཆེན་པོ་ཀ་བྲག་ཏུ་རྔོག་ལོའི་སློབ་མ་མཆོག་གི་བླ་མ་དང་།  ཆགས་སེང་གེ་གྲགས་གཉིས་ལས་རབ་ཏུ་བྱུང་བ་དང།  དེ་བཞིན་ཇོ་བོའི་སློབ་མ་འགའི་མདུན་ནས་ཀྱང་ཇོ་བོའི་ལུགས་ཀྱི་ཆོས་བཀའ་སྣ་ཚོགས་ཞུས་པར་གསུངས་པས་སོ།  །

གསུམ་པ་སྤྲ་དུན་རྩེ་ལྷ་ཁང་ནི་ད་ལྟ་གཞིས་རྩེའི་འབྲོང་པ་རྫོང་ཁོངས་ཀྱི་སྐྲ་བདུན་རྩེའི་དགོན་པའི་གནས་དེ་ཡིན་ལ། དགོན་འདི་སྔོན་བཀའ་བརྒྱུད་ཀྱི་ཕྱག་ལེན་ཡིན་པ་ལ་ཕྱིས་དགེ་ལུགས་སུ་འགྱུར་བར་བཤད། འདིའི་ཡིག་གཟུགས་ལ་སྤྲ་དུན་དང་པྲ་དུན་པྲ་དུམ་པྲ་དན་སྐྲ་བདུན་ཅི་རིགས་སྣང་ཡང་འདིར་གཞིས་རྩེའི་ལོ་རྒྱུས་དཔྱད་གཞི་ཡིག་ཆའི་ནང་བྲིས་པ་ལྟར་བཀོད་པ་ཡིན།

བཞི་པ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་ནི་བར་ཆད་ལམ་སེལ་ལས། མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང་༔ ཞེས་གསུངས་པར་བརྟགས་ན་མང་ཡུལ་དུ་ཡོད་པར་མངོན་ཞིང་མང་ཡུལ་ནི་ད་ལྟ་གཞིས་རྩེ་སྐྱིད་གྲོང་རྫོང་ཁོངས་ཡིན་ཞིང་། དེར་སྲོང་བཙན་གྱིས་གདན་དྲངས་པའི་ཇོ་བོ་ཝ་ཏི་བཟང་པོའི་བཞུགས་གནས་སུ་བལ་བཟས་བཞེངས་པར་བཤད་པའི་འཕགས་པ་དགོན་ཞེས་ཡོད་པ་དེ་ཡིན་ནམ་སྙམ་ཡང་དཔྱད་པར་བྱའོ། །

མཁས་པའི་དགའ་སྟོན་ལས། མཚལ་རིགས་སྒྲོན་མའི་ལྷ་ཁང་འདི་རྐང་གཡས་གནོན་པའི་ཆེད་བཞེངས་པར་གསུངས་པ་དང་། ལ་ལས་འདི་ད་ལྟ་བལ་པོའི་ཁོངས་སུ་ཡོད་པར་བཤད་པ་དང་། མ་ཎི་བཀའ་འབུམ་ལས་སྐྲ་བདུན་རྩེ་པུས་གཡས་གནོན་པའི་ཆེད་བཞེངས་པར་གསུངས་པ་ལྟར་བྱས་ན་བདེ་འདུག །ཡང་ན་བྱང་ཚལ་ཕྱི་དབང་ཆེན་གྱི་ལྷ་ཁང་ཞེས་པ་དེ་འབྲོང་པ་དང་སྙེ་མོའི་བར་དུ་ཡོད་དགོས་པ་འདྲ། མཁས་པའི་དགའ་སྟོན་དང་རྒྱལ་རབས་གསལ་མེ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་རྣམས་སུ་ཐ་མ་བཞི་ལ་རུ་གནོན་གཙུག་ལག་ཁང་གསུངས་ཀྱང་། མ་ཎི་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ། ལྡེའུ་ཆོས་འབྱུང་། ཀློང་ཆེན་ཆོས་འབྱུང་བཅས་ལས་འབྱུང་བ་བཞིན་དང་པོ་བཞི་ལ་བརྗོད་ན་དེ་དག་བོད་ཀྱི་རུ་ཆེན་བཞི་ལས་སུམ་པའི་རུ་ལས་གཞན་བཞིའི་གནས་སུ་བཞེངས་པའི་གསལ་ཁས་རུ་གནོན་ཞེས་པ་ལ་རྒྱུ་མཚན་ཆེ་བར་སྙམ། གཞུང་དག་ལས་ཇི་ལྟར་ངོས་འཛིན་གནང་བ་དང་སའི་དབྱིངས་གཉིས་བསྡུར་ཏེ་བལྟས་ན་སྲིན་མོ་གན་རྐྱལ་གྱི་གཟུགས་ལ་ལས་ཡང་མགོ་དང་ལ་ལས་མར་མགོ་ལྟར་དུ་དང་། ཡང་རི་མོ་བ་རྣམས་ཀྱིས་ཀྱང་རྐང་ལག་གུག་སྟངས་འདྲ་མིན་བྲིས་འདུག་ཀྱང། མི་ཞིག་གི་ལུས་ཚུགས་དང་སྦྱར་ན་སུ་ལའང་ཇི་བཞིན་འབྱོར་བ་མི་སྣང་ཡང་འདི་ནི་བཀའ་ཆེམས་ཀྱི་ཁུངས་དང་། ས་དབྱིབས་ཀྱི་འགྲོས། ཐ་སྙད་ཀྱི་དོན་གསུམ་ཆར་ནས་ཤར་ལྷོ་ནུབ་བྱང་ཙམ་དུ་ཐོད་ཐུག་ཤོས་སུ་འདུག་པར་སེམས་ཏེ་ཡིག་རྙིང་གི་ལོ་རྒྱུས་དག་ལ་འདྲིས་ཕྱིར་དུ་རཏྣ་རྣམ་སྲས་ཀྱིས་བོད་རབ་རྒྱན་ས་ཕག་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་སྒོམ་སྡེ་ནང་ཆེན་དུ་ཟིན་བྲིས་ཤིག་གི་ཚུལ་དུ་བྲིས་པ་དགེ། །།

བརྒྱུད་སྐུལ།

མཆན་སྤེལ།